རྨ་ཆེན་རྫོང་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་ངོས་དང་། མཚོ་ལྷོ་ཁུལ་གྱི་ལྷོ་ངོས། རྨ་ཆུ་རྫོང་གི་ནུབ་ཕྱོགས་སུ་ཆགས་ཤིང་། མངའ་ཁོངས་སུ་རྭ་རྒྱ་གྲོང་བརྡལ་དང་། རྟ་བོ་གོང་མ་ཡུལ་ཚོ། རྟ་བོ་ཞོལ་མ། སྡོམ་ཁོག གངས་རི། དབྱིག་གཞུང་། དང་ལག དང་གཞུང་། ཁྲ་མ་ཧོ། གོང་མ་ཚང་བཅས་གྲོང་བརྡལ་གཅིག་དང་། ཡུལ་ཚོ་བཅུ་ཡོད་ཅིང་། དགེ་ལུགས་པའི་དགོན་པ་གྲགས་ཅན་རྭ་རྒྱ་བཀྲ་ཤིས་འབྱུང་གནས་ཀྱང་རྫོང་འདིའི་མངའ་ཁོངས་སུ་ཡོད་པ་དང་། གངས་རིའི་དབང་པོ་རྨ་རྒྱལ་སྦོམ་ར་དང་། སེང་ཆེན་གནམ་དུ་འཕྱོ་འདྲའི་ཨ་མྱེས་ཁྱུང་མགོན། རྨ་ཀླུང་དལ་འབབ་རིང་མོ་སོགས་མདོ་སྨད་ཀྱི་ངོ་མཚར་མཛེས་ལྗོངས་མང་པོ་ཞིག་གནས་འདིར་ཡོད་ལ། རྫོང་ཁོངས་ཧྲིལ་བོར་རྩྭ་ཆུ་འཛོམས་ཤིང་། ཕྱུགས་ལས་དར་བ། འབྲོག་དམངས་བརྩོན་སེམས་རྒྱས་པ་སོགས་ཐུན་མིན་གྱི་ཁྱད་ཆོས་མང་ལ། སྔོན་གྱི་དུས་ན་ཨ་རིག་གི་རུ་སྡེ་འཚོ་མྱོང་བའི་ཡུལ་གྲུ་དང་། ལྡོ་ཤུལ་ཆེན་བཅོ་བརྒྱད་དུ་གྲགས་པ་དག་གི་ཐོག་མའི་མཆེད་ཁོངས་དང་རྩ་བ་རྒྱས་སའང་གནས་འདི་ཡིན། ཡུལ་འདིའི་མི་རྣམས་གཞུང་རྒྱུད་དྲང་ཞིང་དམ་ཚིག་བརྟན་པའི་ལོ་རྒྱུས་ངག་རྒྱུན་ནི་གངས་ལྗོངས་ཁྱོན་ཡོངས་སུ་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད་པ་དང་། ལོ་ངོ་བརྒྱ་ཕྲག་མང་པོའི་རིང་རང་ས་རང་ཡུལ་ནི་ཚེ་སྲོག་གི་རྒྱུན་བསྲིང་བའི་ལོ་རྒྱུས་ཚར་དུ་དངར་ལ། དེང་སྐབས་སྐད་གྲགས་ལྡན་པའི་ཤེས་རིག་ནོར་བུ་གླིང་དང་། རྭ་རྒྱ་བུ་མོའི་སློབ་གྲྭ། གྲོང་བརྡལ་ཤེས་ཡོན་ར་བ་སོགས་སློབ་གྲྭ་ཆེ་ཆུང་སྣ་ཚོགས་དང་། བོད་རང་གི་རྒྱུ་ཟོག་ཐོན་སྐྱེད་བྱེད་པའི་བཟོ་གྲྭའང་སྣ་ཚོགས་གསར་བསྐྲུན་བྱས་ཡོད།

ཨ་མྱེས་རྨ་ཆེན།

མིང་བྱུང་ཚུལ། རྩོམ་སྒྲིག

ཡུལ་འདིར་བོད་སྲིད་པ་ཆགས་པའི་ལྷ་དགུའི་ནང་ཚན་ཡུལ་ལྷ་རྨ་རྒྱལ་སྦོམ་ར་ཡོད་སྟབས། རྫོང་གི་མིང་ལ་རྨ་ཆེན་ཞེས་བཏགས། གངས་རི་དེ་ལ་རྨ་རྒྱལ་སྦོམ་ར་དང་རྨ་རྒྱལ་གངས་རིའང་ཟེར། རྒྱ་མཚོའི་ངོས་ལས་རྨིད་དྲུག་སྟོང་ཉིས་བརྒྱ་གྱ་གཉིས་ཀྱིས་མཐོ་ཞིང་། འདི་ནི་མདོ་ཁམས་ཀྱི་བདག་པོ་ས་བཅུ་པ་ཐོབ་པར་གྲགས་ཤིང་། ཁོང་ལ་སྲས་དང་སྲས་མོ་མང་བ་ལས། དེ་དང་དེའི་གནས་རི་ནི་བོད་ཁམས་ཀུན་ལ་ཁྱབ་ཡོད་དོ། །སྤྱི་རྨ་ཆེན་ཞེས་པའི་མིང་དེ་ཇི་ལྟར་བྱུང་ཚུལ་ལ་བཤད་ཚུལ་འདི་འདྲ་ཞིག་ཡོད་དེ། སྔོན་ཆོས་རྒྱལ་ཁྲི་སྲུང་ལྡེ་བཙུན་སྐབས་རྒྱ་གར་ནས་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས་གཉིས་གདན་དྲངས་ཏེ་བོད་ཡུལ་ཁྱོན་ཡོངས་སུ་ནང་ཆོས་རྒྱ་ཁྱབ་ཏུ་སྤེལ་སྐབས་བོད་ཀྱི་ལྷ་འདྲེ་རྣམས་ཀྱིས་བར་ཆད་མང་དུ་བསྟན་པ་རྣམས་སློབ་དཔོན་རིན་པོ་ཆེས་བཀའ་བསྒོས་དམ་ལ་བཞག་པ་དང་། ལྷག་པར་ཇོ་བོ་ཞལ་དཀར་བ་འདི་མཐུ་རྩལ་ཤིན་ཏུ་ཆེ་བས་གཏན་ནས་བཀའ་འོག་ཏུ་མ་འདུས་སྟབས། སློབ་དཔོན་རིན་པོ་ཆེས་མངོན་སྤྱོད་དྲག་པོའི་སྒོ་ནས་ཕྱག་གི་ཕུར་བུས་ཇོ་བོ་ཞལ་དཀར་བར་བཏབ་པས་ཕྲག་གོང་ལ་རྨ་ཆེན་པོ་ཞིག་བཟོས་ཤིང་དམ་ལ་བཏགས་པས་རྨ་ཆེན་ཞེས་ཐོགས་པར་བཤད་ཚུལ་ཞིག་འདུག་མོད་ཡང་དག་མིན་བཤད་དཀའ་ལ་ལྷག་པར་དུ་ལྷ་སྒྲུང་གི་རྣམ་པ་ཤུགས་ཆེ་བས་དངོས་ཡོད་ལོ་རྒྱུས་ཀྱི་ཁུངས་སུ་མི་རུང་བར་སེམས། འོན་ཏེ། རྨ་ཞེས་པ་ཆེས་གནའ་བོའི་དུས་ནས་ཡོད་པའི་བོད་ཀྱི་རུས་རྐྱུད་ཅིག་ཡིན་པ་དང་། རུས་རྒྱུད་འདི་ལས་མཁས་པ་དང་དཔའ་བོ་མང་དུ་བྱུང་བའི་ལོ་རྒྱུས་ཀྱི་བྱུང་རབས་ཡོད་པ་རེད། ད་ལྟའི་རྨ་ཡུལ་འདི་སྔར་གྱི་རྨ་ཞེས་པའི་རུས་རྒྱུད་ཀྱི་ཕ་ཡུལ་དང་ཇོ་བོ་ཞལ་དཀར་བའང་རུས་རྒྱུད་དེའི་མཆོག་ཏུ་བཀུར་སའི་སྐྱེས་བུ་ཞིག་ཡིན་པར་མངོན་ནོ། །

ལོ་རྒྱུས། རྩོམ་སྒྲིག

རྨ་ཆེན་རྫོང་གི་མངའ་ཁོངས་སུ་མགོ་ལོག་ཁག་གསུམ་གྱི་ནང་ཚན་ཨ་སྐྱོང་གོང་མ་ཚང་དང་། རྟ་བོ་དམེ་ཚང་། རྒུ་རུ་ཚོ་དྲུག ཙང་གུ་ཚོ་བཞི། ཆུ་བ་རྒྱ་བཟའ། གཡོན་གཞི་བཅས་ཡོད་ལ། མགོ་ལོག་གོང་མ་ཚང་ནི་ཐོག་མར་ཁམས་ཀྱི་ལྕགས་མོ་མགོ་ལོག་ནས་ཆད་ཅིང་། རུས་རྒྱུད་འབྲུ་ལ་གཏོགས་པ་དང་། ཡུལ་འདིར་གཞི་ཆགས་ནས་ལོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ཡོད། གཞན་རྣམས་ནི་ད་ལྟའི་བཤད་སྲོལ་ལ་སྦྲ་ནག་ཏུ་གཏོགས་ཤིང་། སྔར་གྱི་རུས་རྒྱུད་ལྡོང་དང་ལྷག་པར་དུ་ཨ་རིག་གི་རྒྱུད་ལས་ཆད་པ་དང་། སྡེ་འཐོར་གྱི་ཤུལ་ལུས་རྣམས་ཡིན། མགོ་ལོག་པ་རྣམས་ཁམས་ཕྱོགས་ནས་ཡུལ་འདིར་སྤོས་ཡོངས་སྐབས། གནས་འདིར་གདོད་ནས་ཡོད་པ་ནི་ཨ་རིག་པ་རྣམས་ཡིན་ཞིང་། དུས་རིམ་མང་པོར་མགོ་ལོག་དང་ཨ་རིག་གིས་གནས་འདིར་འཕྲོག་རྩོད་ཀྱི་དམག་འཁྲིགས་རྒྱུན་རིང་བརྒྱབ་ཅིང་། རེས་རྒྱལ་རེས་ཕམ་གྱི་ངང་ནས་ལོ་ངོ་བཞི་བརྒྱ་ཙམ་འགོར་རྗེས་ཨ་རིག་དཔོན་པོ་རྡོ་དམར་མགོ་ལོག་གིས་བསད་པ་དང་། ཨ་རིག་གི་དཔོན་ཁག་སོ་སོ་ནང་མ་འཆམ་པ་དང་། སྐབས་དེར་ཨ་རིག་ལ་རྒྱབ་རྩ་བྱེད་པའི་སོག་སྡེ་ཁག་ཀྱང་ཕམ་ཉེས་འགྲོ་བཞིན་པའི་སྐབས་ལ་ཁེལ་སྟབས་ཨ་རིག་ལ་རུ་འཐོར་བྱུང་ཞིང་། སྔར་སོག་དམག་གིས་ཡུལ་ཕུད་པའི་སྦྲ་ནག་གི་སྡེ་ཚོ་སྐོར་ཞིག་ཨ་རིག་གི་ས་ཐོག་ཏུ་གཞིས་ཆགས་པ་བཅས་གནས་འདིར་ལོ་རྒྱུས་ཀྱི་བྱུང་འཕེལ་ཤིན་ཏུ་རྙོག་འཛིང་ཅན་མང་པོ་བྱུང་ཡོད་པ་རེད།

དཔོན་རབས། རྩོམ་སྒྲིག

ཪྭ་རྒྱ་ཇ་སག་གི་གདུང་རབས རྩོམ་སྒྲིག

དང་པོ། གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ། རྩོམ་སྒྲིག

གཉིས་པ། ཚེ་རིང་ཨེལ་དུ་ཆི། རྩོམ་སྒྲིག

གསུམ་པ། དར་རྒྱལ་བོ་ཤོག་ཐུ། རྩོམ་སྒྲིག

བཞི་བ། མེར་གན་ནོ་ཡོན་བསྟན་འཛིན་ཚེ་བརྟན། རྩོམ་སྒྲིག

ལྔ་པ། ལྷ་སྐྱབས་མེར་གན་ཏའི་ཆིང་། རྩོམ་སྒྲིག

དྲུག་པ། དབང་ཕྱུག་རབ་བརྟན། རྩོམ་སྒྲིག

བདུན་པ། བློ་བཟང་བསྟན་འཛིན། རྩོམ་སྒྲིག

བརྒྱད་པ། ཤེས་རབ་འཕྲིན་ལས། རྩོམ་སྒྲིག

དགུ་བ། མགོན་པོ་རྡོ་རྗེ། རྩོམ་སྒྲིག

དེའི་རྗེས་མ་རྣམས་མ་གསལ། འདི་ནི་མདོ་སྨད་ཆོས་འབྱུང་ནང་ལྟར་དང་། ཨ་རིག་དཔོན་རབས་ལོགས་སུ་ཡོད།

ཪྭ་རྒྱ་ཇ་སག་གི་གདུང་རབས། རྩོམ་སྒྲིག

དང་པོ། གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ། (1582-1654) རྩོམ་སྒྲིག

གཉིས་པ། ཚེ་རིང་ཨེལ་དུ་ཆི། རྩོམ་སྒྲིག

གསུམ་པ། དར་རྒྱལ་བོ་ཤོག་ཐུ། རྩོམ་སྒྲིག

བཞི་བ། མེར་གན་ནོ་ཡོན་བསྟན་འཛིན་ཚེ་བརྟན། རྩོམ་སྒྲིག

ལྔ་པ། ལྷ་སྐྱབས་མེར་གན་ཏའི་ཆིང་། རྩོམ་སྒྲིག

དྲུག་པ། དབང་ཕྱུག་རབ་བརྟན། རྩོམ་སྒྲིག

བདུན་པ། བློ་བཟང་བསྟན་འཛིན། རྩོམ་སྒྲིག

བརྒྱད་པ། ཤེས་རབ་འཕྲིན་ལས། རྩོམ་སྒྲིག

དགུ་བ། མགོན་པོ་རྡོ་རྗེ། རྩོམ་སྒྲིག

དེའི་རྗེས་མ་རྣམས་མ་གསལ། འདི་ནི་མདོ་སྨད་ཆོས་འབྱུང་ནང་ལྟར་དང་། ཨ་རིག་དཔོན་རབས་ལོགས་སུ་ཡོད།

ས་ཁམས། རྩོམ་སྒྲིག

སྐྱེལ་འདྲེན། རྩོམ་སྒྲིག

དཔལ་འབྱོར། རྩོམ་སྒྲིག

མི་འབོར། རྩོམ་སྒྲིག

ཆོས་ལུགས། རྩོམ་སྒྲིག

བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་དང་། རྙིང་མ་གཉིས་ཀ་དར་ཞིང་། དགེ་ལུགས་གཙོ་ཆེ། རྨ་ཆེན་རྫོང་ཧྲིལ་བོར་རྭ་རྒྱ་དགོན་པའི་ལྷ་འབངས་སུ་མ་གཏོགས་པ་ཕལ་ཆེར་མེད་ཚོད་ཡིན་ལ། ལྷག་པར་དུ་རྟ་བོ་དམེ་ཚང་དང་། རྒུ་རུ་ཚོ་དྲུག ཙང་ཀི་ཚོ་བཞི། ཆུ་བ། རྒྱ་བཟའ། ཇ་སག་གི་མདའ་ཚན་དང་བཅས་པ་ནི་རྭ་རྒྱ་དགོན་པའི་ལྷ་སྡེ་ནང་མའི་གྲས་ཡིན། ད་ལྟའི་ཆར་རྭ་རྒྱ་དགོན་པ་དང་། རྒུ་རུ་དགོན་པ། གྱང་རིང་དགོན་པ། རྨ་ཆེན་རྫོང་མཁར་དུ་བྱ་བྲལ་ཆོས་དབྱིངས་རིན་པོ་ཆེའི་དགོན་པ་སོགས་ཡོད།

དགོན་སྡེ། རྩོམ་སྒྲིག

ཨ་མྱེས་རྨ་ཆེན། རྩོམ་སྒྲིག

ཨ་མྱེ་རྨ་ཆེན་སྦོམ་རའམ་རྨ་ཆེན་གངས་ཀྱི་རི་བོ་ནི་། ཁུ་ནུ་རི་རྒྱུད་ཀྱི་རྨ་ཆེན་གངས་ཀྱི་རི་བོའི་དབུ་རྩེ་ལ་བྱ་ཞིང། མཚོ་འཕགས་རྨིད༦༢༨༢ཡིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་ནུབ་བྱང་དུ་ཆགས་ཡོད། རྟ་བོ་གྲོང་རྡལ་ནས་སྤྱི་ལེ༨༦ཡོད་ལ་སྟབས་བདེའི་གཞུང་ལམ་ཞིག་རི་ཞོལ་ནས་འཐེན་ཡོད། བོད་ཡུལ་སྲིད་པ་ཆགས་པའི་ལྷ་དགུའི་གྲས་ཀྱི་གཅིག་ཏུ་བརྩི་ཞིང་། བོད་ཀྱི་རྩ་བའི་རུས་ཆེན་བཞི་ལས་ལྡོང་རིགས་ཀྱི་དགྲ་ལྷ་དང་མདོ་ཁམས་ཀྱི་བདག་པོ་ཡིན་པར་བཤད། ཨ་མྱེ་རྨ་ཆེན་གངས་རིའི་དབུ་རྩེ་ནི་དུང་སེང་མཁའ་ལ་མཆོངས་འདྲའི་བརྗིད་ཉམས་ཀྱིས་དངུལ་དཀར་གྱི་རང་མདངས་གཏན་ཏུ་འཚེར་ཞིང༌། རི་སྐེད་སྤང་རི་ཡིད་དུ་འོང་བར་དབྱར་རྩྭ་དགུན་འབུ་དང་ལྕུམ། གངས་རྒྱན་མེ་ཏོག་སོགས་མིང་གྲགས་ཅན་གྱི་སྨན་ལྡུམ་མང་པོས་ཡོངས་སུ་ཕྱུག་ཅིང༌། རི་འདབས་སུ་ཚང་ཚིང་གཡུ་ལོ་རྒྱས་པའི་ནགས་ཚལ་གྱི་ཀློང་དག་ཏུ་ཤ་སྐྱ་དང༌། གསའ་གཟིགས། གོང་མོ། དྲེད་མོང༌། ཁྲུང་ཁྲུང༌། རྣ་བ་སོགས་རི་སྐྱེས་སྲོག་ཆགས་བག་ཡངས་སུ་རྒྱུ་ཞིང༌། གནམ་གཤིས་འགྱུར་བག་རྐྱེན་པས་མི་སེམས་ལ་སྤྲོ་མཚར་བསྐྱེད་པ་ཞིག་ལགས། རྨ་ཆེན་གངས་ཀྱི་རི་བོར་རྒྱང་གཟིགས་མཛད་ཚེ་དེ་ཉིད་ཁ་བའི་གོས་བཟང་སྤྲས་ཏེ་རི་ཚོགས་ཀྱི་དབུས་སུ་རྩེ་མོ་རབ་དཀར་འོད་དུ་འཚེར་ཞིང་ནམ་མཁའི་དབྱིངས་ན་དར་དཀར་གྱི་ཤམ་བུ་རླུང་གིས་བསྐྱོད་པ་དང་གཉིས་སུ་མ་མཆིས་སོ།།

ཨ་མྱེས་ཁྱུང་མགོན། རྩོམ་སྒྲིག

ཨ་མྱེས་ཀེ་ཐོ། རྩོམ་སྒྲིག

རྭ་རྒྱ་བཀྲ་ཤིས་འབྱུང་གནས། རྩོམ་སྒྲིག

                 རྭ་རྒྱ་བློ་དབང་།

དགོན་སྡེ་འདི་ནི་མདོ་ཁམས་སྒང་དྲུག་ལས་འབྲི་ཟླ་ཟལ་མོ་སྒང་དང་ཆུ་བཞི་ལས་རྨ་ཆུའི་འགྲམ་རྒྱུད་དེ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་ཇོ་བོ་ཡབ་སྲས་ཀྱི་ལུང་གི་དངོས་སུ་ཟིན་པའི་རྨ་གཉན་ཧེད་པོ་་ཁྱུང་མགོན་གྱི་རི་འདབས་རྭ་རྒྱ་བཀྲ་ཤིས་ལྗོངས་ཞེས་པར་རབ་བྱུང་བཅུ་གསུམ་པའི་ས་མོ་གླང་སྤྱི་ལོ་༡༧༦༩ ལོར་ཨ་རིག་དགེ་བཤེས་ཆེན་མོ་རྗེ་བྱམས་པ་དགེ་ལེགས་རྒྱལ་མཚན་གྱིས་ཕྱག་བཏབ་ཅིང༌། དགོན་མགོ་ྋཔཎ་ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་ཡེ་ཤེས་ལ་ཕུལ་བས་ཇི་སྲིད་བར་བླ་བྲང་རྒྱལ་མཚན་མཐོན་པོས་འཛིན་བདག་མཛད་པ་ཡིན། ྋཔཎ་ཆེན་ཐམས་ཅད་མཁྱེན་པའི་བཀའ་དགོངས་བཞིན་སེར་བྱེས་མཁས་སྙན་གྲྭ་ཚང་གི་སྒྲིག་ལམ་ལྟར་དུས་བཞིའི་ཆོས་ཐོག་ཆེ་ཆུང་དང༌། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་ཡིག་ཆ་གཞིར་བཟུང་བཀའ་པོད་ལྔའི་འཆད་ཉན་འཛིན་གྲྭ་བཅུ་གསུམ་དང༌། ལམ་སྔགས་གཉིས་ལ་འཛིན་གྲྭ་ཟུར་འཛུགས་ཀྱི་མདོ་སྔགས་ཀྱི་འཆད་ཉན་རྨད་དུ་བྱུང་བ་དཀར་འབྱམས་སུ་བརྡལ་ཞིང༌། ཁོང་གིས་ལོ་ངོ་ཉེར་བཞིའི་རིང་བདག་སྐྱོང་གིས་རབ་བྱུང་བཅུ་གསུམ་པའི་ཆུ་བྱི་སྤྱི་ལོ་༡༧༩༢ ལོར་ྋཔཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་ལ་བཀའ་བགྲོས་གནང་བས། གཙང་ནས་ྋཔཎ་ཆེན་སྐུ་ཚབ་ཚོགས་གསོག་པ་བློ་བཟང་དགེ་འདུན་སྐུ་འཁོར་བཅས་མངགས་འབྱོར་བྱུང་བ་ལྟར་ཐུགས་སྲས་ཆེན་པོ་ཤིང་བཟའ་པཎྜི་ཏ་བློ་བཟང་དར་རྒྱས་རྒྱ་མཚོར་གདན་ས་གཏད་ནས་རི་ཁྲོད་ལ་ཕེབས། ཐུགས་སྲས་པཎྜི་ཏ་ཆེན་པོ་མཆོག་ནས་ཀྱང་བླ་མའི་བཀའ་བཞིན་སྔར་ཡོད་མཚན་ཉིད་གྲྭ་ཚང་གི་སྟེང་དུ། དབུས་རྒྱུད་སྨད་གྲྭ་ཚང་གི་རྒྱུད་གྲྭ་བ་རྣམས་དང་མཉམ་དུ་བཙུགས་པའི་རྒྱུད་པ་ལ་གྲྭ་གྲངས་ཁ་སྣོན་གྱིས་རྒྱུད་སྨད་གྲྭ་ཚང་གསང་སྔགས་བདེ་ཆེན་གླིང་དང༌། དུས་འཁོར་གྲྭ་ཚང་རིགས་ལྡན་བློ་གསལ་གླིང༌། སྨན་པ་གྲྭ་ཚང་གསོ་རིག་གཞན་ཕན་གླིང་བཅས་གྲྭ་ཚང་ཆེན་པོ་གསུམ་དང༌། རྟ་མགྲིན་གྲྭ་ཚང་བཅས་རིམ་བཞིན་བཙུགས་ཤིང༌། དེ་དག་གི་འཆད་ཉན་གྱི་རིམ་པའང་ཡུལ་མདོ་སྨད་དུ་སུས་ཀྱང་འགྲན་པའི་ཟླ་དང་བྲལ་བའི་ཕྱག་ལེན་ངོས་གཙང་ཞིང་རྨད་དུ་བྱུང་བ་འཛུགས་པར་མཛད། ཆོས་སྡེ་འདིར་མདོ་སྔགས་བསྟན་པའི་སྒྲོན་མེ་སྐྱབས་རྗེ་ཤིང་བཟའ་སྐུ་ཕྲེང་རིམ་བྱོན་དང༌། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་ཡབ་རྗེ་གསེར་ཁང་བ་ཆེན་པོ། རྒྱ་ལུ་ཧུ་ཐོག་ཐུ་སྐུ་ཕྲེང་རིམ་བྱོན་དང༌། ཨ་ལགས་རྒྱལ་བ་སྐུ་ཕྲེང་རིམ་བྱོན། ཨ་རིག་དགེ་བཤེས་ཆེན་མོའི་ཡང་སྤྲུལ་དུ་ལྷ་དང་བླ་མའི་ལུང་གིས་ཟིན་པ་སྐུ་ཕྱོགས་ཨ་ཀ་སྐུ་ཕྲེང་རིམ་བྱོན་སོགས་ཆོས་ཚུལ་རྒྱ་མཚོའི་ཤིང་རྟ་འདྲེན་པའི་སྤྲུལ་བའི་སྐུ་བཞི་བཅུ་ལྷག་དང༌། གདན་ས་ཆེན་པོ་རྣམས་སུ་ལུང་རིགས་སྨྲ་བའི་དབང་ཕྱུག་ཏུ་གྱུར་བ་ཇེ་སང་དགེ་བཤེས་དགེ་ལེགས་བཟང་པོ་དང༌། མ་ཁྱེ་ལྷ་རམས་པ་དགེ་ལེགས་དཔལ་བཟང༌། སྦྲ་ནག་དགེ་བཤེས་བློ་བཟང་བསྟན་པ། ཕྱག་ཤུལ་དགེ་བཤེས་དགེ་འདུན་རྣམ་རྒྱལ། ཀླུ་རྩེ་དགེ་བཤེས། དགོན་རུང་དགེ་བཤེས་ངག་དབང་བསྟན་དར། བཀའ་བཅུ་དགེ་འདུན་ཤེས་རབ། ཨ་སྐྱོང་དགེ་བཤེས་སོགས་ལོ་ངོ་ཉིས་བརྒྱ་ལྷག་གི་རིང་ལ་དབུས་ཀྱི་གདན་སར་མིང་བཏགས་ཆེ་ཁག་བླངས་པའི་དགེ་བཤེས་བརྒྱ་ཕྲག་བརྒལ་བ་ལྷག་བྱུང་ལ། ཆོས་སྡེ་རང་གི་གྲྭ་ཁྲོད་ནས་ཀྱང་ཡབ་རྗེ་གསེར་ཁང་བ་ཆེན་པོ་བློ་བཟང་བསྟན་འཛིན་རྒྱ་མཚོ། སྨན་ཤུལ་ཨེར་ཏི་ནི་བློ་བཟང་ཡེ་ཤེས་བསྟན་འཛིན། ཤར་འོད་ཆོས་མཛད་གྲགས་པ་བཟང་པོ། སྐུ་མཆེད་བསྟན་པ་རྒྱ་མཚོ། གཡུ་རྔོག་པཎྜི་ཏ་བློ་བཟང་རྡོ་རྗེ། ཕྱག་མཛོད་བྱམས་པ་གསུང་རབ་སོགས་འཇམ་མགོན་སངས་རྒྱས་གཉིས་པའི་བསྟན་པ་རིན་པོ་ཆེ་འཛིན་པར་སྨོན་ལམ་གྱི་མཐུ་གྲུབ་པ་མང་པོ་བྱོན། དར་རྒྱས་ཀྱི་སྐབས་སུ་རྒྱུན་སྡོད་དགེ་འདུན་པ་ཉིས་སྟོང་ལྔ་བརྒྱ་ལྷག་དང་སྒར་ཁག་ཆེ་བ་ཉེར་ལྔ༌། གཙུག་ལག་ཁང་ཉི་ཤུ་རྩ་བདུན། རྒྱལ་བའི་བཀའ་འགྱུར་ཆེན་པོ་དང་རྒྱལ་བ་ཙོང་ཁ་བ་ཆེན་པོའི་བཀའ་འབུམ། རྗེ་བཙུན་ཆོས་རྒྱལ་མཚན་གྱི་གསུང་འབུམ་ཡོངས་སུ་རྫོགས་པའི་པར་ཤིང་སོགས་རྟེན་གསུམ་སྲིད་ན་རྙེད་པར་དཀའ་བ་ཕྱུར་བུར་སྤུངས་ཤིང༌། སྔར་རྒྱ་ནག་གོང་མ་ཆན་ལུང་གིས་ཀྱང་མཚན་ལེགས་གླིང་ཞེས་པའི་ཙི་བན་སྤྲད་མྱོང༌། དགོན་ལག་ཀྱང་གསེར་ལེགས་དགའ་ལྡན་ཕུན་ཚོགས་བསྟན་རྒྱས་གླིང༌། ལུང་དཀར་དགའ་ལྡན་ཆོས་འཕེལ་གླིང༌། སྙན་མོ་དགོན་དགེ་ལྡན་རྣམ་རྒྱལ་གླིང༌། ཤར་འོད་དགོན་མི་འགྱུར་བདེ་ཆེན་གླིང༌། སྟོང་སྐྱབས་དགོན་བསྟན་གཉིས་དར་རྒྱས་གླིང༌། ཐར་ཤུལ་དགོན་བཤད་སྒྲུབ་རབ་བརྟན་གླིང༌། ཀླུ་ཚང་དགོན་དགེ་འཕེལ་བྱང་ཆུབ་གླིང༌། བོང་སྟག་དགོན་ཨེ་ཝམ་ཏཱ་རེའི་གླིང༌། བེ་ཧུ་དགོན་དགའ་ལྡན་ཐོས་བསམ་གླིང༌། བེ་ཇོ་དགོན༌། བེ་ཅིང་དགོན། བཀྲ་ཤིས་ཆོས་རྫོང་དགེ་འཕེལ་བྱང་ཆུབ་གླིང༌། བ་རོད་དགོན་སོགས་བཤད་སྒྲུབ་ཀྱི་ཆོས་སྡེ་སུམ་ཅུ་ལྷག་ཡོད། རྗེ་གསེར་ཁང་བ་ཆེན་པོ་ཡབ་སྲས་དང་བཅས་པའི་བཀའ་དྲིན་ལས་མདོ་སྨད་སྤྱི་དང་ཁྱད་པར་དུ་རྨ་ལྷོ་བྱང་གི་ཡུལ་གྲུ་དག་ལ་ཀུན་སྤངས་རི་ཁྲོད་པའི་རྣལ་འབྱོར་བ་སྟོང་ཕྲག་དུ་མས་རི་བྲག་རྫ་གསེང་རྣམས་སུ་ཐོས་དོན་སྒྲུབ་པར་བརྩོན་པའི་སྲོལ་བཟང་ཆེས་ཆེར་འཕེལ་བ་བྱུང༌། མ་ཧ་པཎྜི་ཏ་ཤིང་བཟའ་བློ་བཟང་དར་རྒྱས་རྒྱ་མཚོ་དཔལ་བཟང་པོ་མཆོག་གི་དངོས་སློབ་ཡང་སློབ་དག་གི་བཀའ་དྲིན་ལས་མདོ་སྨད་ལྷོ་བྱང་དུ་མདོ་སྔགས་ཆོས་ཚུལ་གྱི་མུ་རྒྱུད་མཐའ་མེད་དུ་འཕེལ་ཞིང༌། ཐ་ན་ད་ལྟ་ཡུལ་དེ་དག་ཏུ་ཐུན་མོང་རིག་གནས་ཀྱི་བཤད་ཁྲིད་ཆེས་ཆེར་འཕེལ་བའང་རྗེ་འདི་ཉིད་ཀྱི་དངོས་སློབ་པཎྜི་ཏ་ཆེན་པོ་བིས་པ་ངག་དབང་མི་ཕམ་ཟླ་བ་དང༌། ཨ་ཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས། བཀའ་བཅུ་དགེ་འདུན་ཤེས་རབ་སོགས་ཀྱི་བཀའ་དྲིན་དང་དམ་པ་དེ་དག་གི་སློབ་རྒྱུན་དུ་མ་གཏོགས་པ་ད་དུང་ཡང་མེད་པའི་ཚོད་དུ་གནས། མཆོད་གཞིས་སུ་གཏོགས་པའི་ལྷ་སྡེའང་སྔར་ཨ་རིག་ཚོ་དགུའི་སྤྱི་དགོན་ཡིན་པས་ཡོངས་གྲགས་སུ་ཨ་རིག་རྭ་རྒྱ་རུ་གྲགས་ལ། དེ་དུས་ཇ་སག་མགོན་པོ་རྡོ་རྗེའི་མངའ་འབངས་སུ་དགོན་སྡེ་འདིའི་མཆོད་གཞིས་ལ་བོད་སོག་གི་རུ་སྡེ་ནམ་མཁའི་རྒྱུ་སྐར་ས་ལ་འཕོས་པའི་ཟོལ་དུ་མང་འབལ་བྱ་གསུམ་དང༌། གཡས་རུ་གཡོན་རུ། རྨ་རྒྱལ་གངས་རིའི་རྒྱབ་མདུན་བཅས་སུ་གཞིས་ཆགས་པའི་ཨ་རིག་པ་དང༌། ཇ་སག་སྡེ་བཞི་སོགས་ཡིན། དུས་ཟིང་དང་ལོ་རྒྱུས་ཀྱི་འགྱུར་ལྡོག་ལས་སོག་པོ་དང༌། ཨ་རིག་པ་རྣམས་རིམ་གྱིས་རུ་འཐོར་ཏེ་ཕྱོགས་ཕྱོགས་སུ་ས་བུད་པ་ནས་ཤུལ་ལས་ཚོ་བ་སྐོར་ཞིག་དང༌། སྦྲ་ནག་ཁག་གསུམ། མགར་རྩེ་ཚོ་བཅྭོ་བརྒྱད། སེ་བན་ཅང་གསུམ། མཐའ་འདུག་ཚོ་བཞི། རྟ་བོ་དམེ་ཚང་སོགས་རུ་སྡེ་བགྲང་ལས་འདས་པ་གནས། སྤྱི་ལོ་༡༩༥༨ ལོར་བླ་མ་རྣམས་དང་དགེ་བའི་བཤེས་གཉེན་དྲག་རིམ་ཡོད་ཚད། དགེ་འདུན་པ་སྟོང་ཕྲག་ལྷག་འཛིན་བཟུང་གིས་བཙོན་དུ་ཁྱེར་བ་རེ་གཉིས་ལས་ཕྱིར་འོང་མ་བྱུང༌། སྤྱི་ལོ་༡༩༦༤ ལོར་ཆོས་ལུགས་སླར་གསོའི་ཁ་གཡང་གིས་བསླུས་ཏེ་སྔར་སྦས་སྐུང་བྱས་པའི་རྟེན་གསུམ་དང་སྡོམ་ལྡན་རྣམས་ཀྱིས་སླར་དགོན་གཞི་བཟུང་ཙམ་ལ་སླར་དམ་དྲག་གི་དགོན་ཤུལ་གྱང་ཆག་སྐྱ་ཉུལ་དུ་བཏང་ཞིང༌། རྩ་ཆེན་རྟེན་སྣ་གཅིག་ཙམ་ཡང་མ་ལྷག ཕྱིས་སྤྱི་ལོ་༡༩༨༡ ལོར་སྐུ་ཕྱོགས་རྒྱལ་བ་སྤྲུལ་བའི་སྐུ་རིན་པོ་ཆེ་བློ་བཟང་དབང་མཁྱེན་རབ་རྒྱ་མཚོ་དང༌། སྐུ་ཕྱོགས་རྒྱ་ལི་སྤྲུལ་བའི་སྐུ་རིན་པོ་ཆེ། ཨ་ལགས་ཙང་གུ། ཨ་ལགས་སྨན་ཤུལ། ཨ་ལགས་གཙོ་རི་སོགས་བླ་སྤྲུལ་འགའ་ཞིག་གི་སྟེང་དགེ་འདུན་པ་བཞི་བཅུ་ཙམ་ལྷག་ལུས་བྱུང་བ་དག་གིས་གཞི་བཟུང་ཞིང༌། དགེ་བའི་བཤེས་གཉེན་ཆེན་པོ་འོད་ཟེར་བཟང་པོ་དང༌། བརྩི་བཞག་བཟོད་པ་བཟང་པོ། བརྩི་བཞག་བློ་བཟང་བསྟན་པ། རྒན་བློ་གྲོས་བཟང་པོ། སློབ་དཔོན་བསྟན་སྐྱོངས་སོགས་ཀྱིས་བཀའ་དྲིན་ལ་བརྟེན་སྔར་གྱི་འཆད་ཉན་གྱི་རིམ་པ་དང་སྒྲིག་ལམ་མཐའ་དག་ཟུར་ཙམ་ཡང་མ་ཉམས་པར་གྲྭ་ཚང་ཆེན་པོ་བཞི་དང་བཅས་པ་སླར་ཡང་བཙུགས་ཤིང༌། ད་ལྟ་དགེ་འདུན་པ་བདུན་བརྒྱ་ལྷག་ཏུ་འཕེལ་ཏེ་བཤད་སྒྲུབ་ཀྱི་བྱ་བ་ཡར་ཟླའི་དཔལ་ལ་འགྲན་བཞིན་པའི་སྐབས་ཡིན། སྤྱི་ལོ་༡༩༩༥ ལོར་དགོན་པ་འདིར་སེར་བྱེས་ཧ་གདོང་རྒན་ཟླ་གྲགས་རིན་པོ་ཆེ་གདན་འདྲེན་གྱིས་གཙང་དགོན་དོན་གྲུབ་རབ་བརྟན་གླིང་དང༌། རོང་པོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་བཅས་དགོན་པ་གསུམ་གཙོར་མཛད་དེ་ཡུལ་མདོ་ཁམས་སུ་དབུས་གཙང་ལྟར་འཇང་དགུན་ཆོས་ཐོག་ཆེན་མོ་འཚོགས་པའི་སྲོལ་ཐོག་མར་བཙུགས་པ་ནས་བགྲང་བྱ་བཅུ་ཕྲག་ལྷག་འདིའི་རིང་མདོ་སྨད་ལྷོ་བྱང་གི་ཆོས་སྡེ་ཆེ་ཆུང་སྣ་ཚོགས་མཉམ་འདུས་ཀྱིས་རྒྱལ་བའི་གསུང་རབ་ལ་ཐོས་བརྩོན་བརྡར་ཤ་གཅོད་པའི་སྲོལ་བཟང་ཆེས་ཆེར་དར་བཞིན་པ་ལགས།

རྒུ་རུ་དགོན་པ། རྩོམ་སྒྲིག

      མཁན་བཀྲ་དོན།

དང་པོ་ཆད་ཁུངས་ནི། འདི་ནས་ཡར་ལ་བགྲང་བའི་ལོ་ངོ་བརྒྱ་ཕྲག་འགའི་གོང་རོལ་དུ་རོང་ཆེན་ཨ་མྱེ་ལྷ་རྗེ་སྟོད་འདམ་གཞུང་ནས་སྨད་རེ་སྐོང་དུ་བྱོན་དུས་འཁོར་དུ་བླ་མ་རྣམ་པ་གསུམ་བཞུགས་པའི་གཅིག་ནི་ཚོ་སྡེ་འདིའི་མེས་པོ་སྔགས་འཆང་ཆེན་པོ་རྒུ་རུ་བླ་མ་ཞེས་པ་དེ་རེད། ཁོང་གི་རུས་འཁོན་དང་གྲུབ་མཐའ་ས་སྐྱ་པ། ཡི་དམ་ཕུར་བ། སྲུང་མ་རྒྱལ་ལྷ་གུར་གསུམ་ཡིན་ལ། འདས་ཆོག་ལ་ཀུན་རིག་དང་སྨན་ལྷ་གསུང་ཞིང་། མངོན་སྤྱོད་ཀྱི་གཞུང་མ་འབུམ་དང་ཐུན་ཆེན་ཡིན་སྐད། དེ་ཡང་བློན་ཆོས་བན་སྔགས་བརྒྱད་ཅུའི་ནང་དུ་རྒུ་རུ་བླ་མ། སྒར་བ་བླ་མ། སྐྱ་ར་བླ་མ་ཞེས་སྔགས་འཆང་ནུས་ལྡན་གསུམ་བཞུགས་པའི་གཅིག་ནི་འདི་ཚང་ཡིན་ལ། རྒུ་རུའི་གཏམ་དཔེ་ལ། གཏམ་མཁས་ནོ་ས་སྐྱ་འཁོན་ནས་ཆད་རྟགས།། བུ་དཔའ་ནོ་རེ་སྐོངས་རོང་ནས་ཆད་རྟགས་།། ཞེས་པ་འདིས་ཀྱང་ཆད་ཁུངས་གསལ་བོ་ཞིག་སྟོན་གི་འདུག དེ་ནས་རྒུ་རུའི་སྡེ་མིང་ཡིག་འབྲུ་གཉིས་པོ་འདི་ཡང་རྒུ་རུ་དང་། དགུ་རུ། སྒུར་རུ། རྒུ་རི་ཞེས་འབྲི་ཚུལ་འགའ་སྣང་ཞིང་། ལ་ལས་རྒྱུ་མཚན་རེ་ཡང་བཀོད་འདུག་ཀྱང་དོན་ལ་གནས་པའི་དགོས་པ་མ་མཐོང་བས། མཚོ་སྔོན་ཞིང་ཆེན་ནས་ཆོག་མཆན་ཐོབ་པའི་སྲིད་གཞུང་གི་སྒོ་རྟགས་ཀྱི་ཡི་གེ་རྒུ་རུ་ཞེས་་པ་འདི་བཀོད་སྤྱོད་བྱས་ན་དགག་བྱ་ལས་དགོས་པ་དབང་བཙན་པར་སྣང་། གཉིས་པ་རྒུ་རུ་སྤྱི་བའམ་དགོན་པ་བྱུང་ཚུལ་ནི། གོང་དུ་སྨྲས་པའི་རྒུ་རུ་བླ་མའི་གདུང་སྲས་སྔགས་འཆང་བསྟན་པ་རྒྱལ་མཚན་གྱི་སྐུ་དུས་སུ་རྒུ་རུ་ཚོ་སྐོར་དེ་རོང་བོ་རེ་སྐོངས་ནས་སྐྱེས་བཏེགས་ཏེ་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་དང་རྨ་ཆེན་གངས་རིའི་གཡས་གཡོན་དུ་བསྡད། དེ་དུས་བསྟན་པ་རྒྱལ་མཚན་གྱིས་སྔགས་པ་མང་པོ་བསྡུས་ཏེ་རྒུ་རུ་སྤྱི་བ་གསར་འཛུགས་བྱས་ནས་ཁོང་གིས་གཙོ་འགན་བཞེས་ཤིང་། ཡབ་ཀྱིས་གནང་བའི་སྒྲུབ་ཐབས་མན་ངག་ཕྱག་ལེན་རྣམས་ཁོང་གིས་ཉམས་ལེན་བྱས་ཤིང་གཞན་ལ་རྒྱ་ཆེར་སྤེལ་བས་སྔགས་པ་ནུས་ལྡན་མང་པོ་བྱུང་ཞིང་། ཁོང་ཉིད་གྲུབ་པ་ཐོབ་སྟེ་རྡོ་དཀར་གྱིས་གཏོར་མ་བཟོ་བ་དང་། ལྕགས་ལ་མདུད་པ་རྒྱག་པ་སོགས་ཀྱི་རྫུ་འཕྲུལ་སྣ་ཚོགས་བསྟན། ཕྲིན་ལས་སྤྱི་དང་ཁྱད་པར་དྲག་ལས་གྱི་མཐུ་ཁ་ཤིན་ཏུ་གཉན་པས་ཆེ་བཙན་ཀུན་གྱིས་བརྩི་བཀུར་བྱེད་པའི་ཡུལ་དུ་གྱུར་བས་བླ་དཔོན་གཅིག་གཅོག་གནང་། གསུམ་པ་སྔ་འགྱུར་རྙིང་མར་བསྒྱུར་རྗེས་ཀྱི་བསྟན་བདག་ཁྲི་རབས་དང་མཁན་རབས་ངོ་སྤྲོད་བྱེད་པ་ལ། དེ་ཡང་ཁྲི་རབས་དང་པོ་ནི། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་སྐུ་སྲས། ལྷ་ལུང་དཔལ་གྱི་རྡོ་རྗེའི་རྣམ་སྤྲུལ་འཇིགས་མེད་ངོ་མཚར་དཔལ་གྱི་རྡོ་རྗེ་ མཆོག་ཡིན་ལ། ཁོང་ནི་མཁས་བཙུན་བཟང་གསུམ་གྱི་རྒྱན་བཟང་འཆང་ཞིང་འཆད་རྩོད་རྩོམ་གསུམ་ལ་མངའ་དབང་འབྱོར་བ་ཞིག་སྟེ། མཁས་གྲུབ་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་རྡོ་གྲུབ་ཆེན་འཇིགས་མེད་འཕྲིན་ལས་འོད་ཟེར་དང་། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། མི་འགྱུར་ནམ་མཁའི་རྡོ་རྗེ། དབང་ཆེན་དགྱེས་རབ་རྡོ་རྗེ། རྒྱལ་སྲས་གཞན་ཕན་མཐའ་ཡས། སྨྱོ་ཤུལ་མཁན་པོ་ལུང་རྟོགས་སོགས་ལས་མདོ་སྔགས་རིག་གནས་དང་བཅས་པ་གསན་སྦྱང་མཐར་ཕྱིན་སྐབས་རྡོ་གྲུབ་རྒན་གྱིས་ལུང་བསྟན་ནས་རྨ་ཆེན་གངས་ཁྲོད་ལ་ཕེབས་ནས་སྒེའུ་ཐུང་བྲག་ཁུང་དུ་སྐུ་མཚམས་ལ་བཞུགས་དུས་རྒུ་རུ་རྒྱལ་མཚན་གྱིས་མཇལ་བས་དད་པ་ཐོབ་སྟེ་རྩ་བའི་བླ་མར་བཀུར་ཞིང་རྒུ་རུ་སྤྱི་བ་ཡང་ཁོང་ལ་ཕུལ་བས་ཁོང་གིས་སྔ་འགྱུར་རྙིང་མ་བའི་ལུགས་སུ་བསྒྱུར་ཞིང་སྙིང་ཐིག་གོང་འོག་དང་ཀར་གླིང་ཞི་ཁྲོ། བདུད་འདུལ་ཕུར་བ། ཀློང་གསལ་ཆོས་སྐོར་སོགས་ཀྱི་དབང་ལུང་མང་པོ་སྤེལ་བར་གྲགས་མོད་བདུད་ཕུར་དང་ཀློང་གསལ་ཆོས་སྐོར་གྱི་བརྒྱུད་པ་ད་ལྟ་མི་སྣང་། སྔགས་པ་དང་བཙུན་པ་གང་བྱེད་རང་མོས་ཡིན་པའི་སྲོལ་བཏོད། ཁོང་ལ་གསུང་འབུམ་པོ་ཏི་བཅུ་གཉིས་བཞུགས་པ་སྤྱི་ལོ་༡༩༥༨་ལོར་གཏོར་སོང་བས་ད་ལྟ་ཐོར་བུ་ལས་མི་བཞུགས། དགུང་ལོ་བདུན་ཅུ་ལྷག་ནས་སྐུ་གཤེགས། དགོན་བདག་ཁྲི་རབས་གཉིས་པ་ལྷ་ལུང་དཔལ་རྡོར་སྐུ་ཕྲེང་གསུམ་པ་པདྨ་གར་དབང་རོལ་བའི་རྡོ་རྗེ་ནི་བོང་སྟག་ཏུ་འཁྲུངས་པ་རྒུ་རུས་བླུས་ནས་གསེར་ཁྲིར་མངའ་གསོལ་བྱས། རྟེན་སྔགས་འཆང་སྟེ་རྒུ་རུ་བླ་མ་ཐུབ་ཚེ་མཆོག་གི་སྐྱེད་ཡབ་ཡིན་ལ་དགོངས་གྲངས་ཉེར་གསུམ་སྐབས་དགོངས་པ་ཆོས་དབྱིངས་སུ་གཤེགས། དེའི་ཁྲི་ཚབས་པ་མ་ཅིག་ལབ་སྒྲོན་གྱི་སྲས་མོའི་སྤྲུལ་སྐུ་རྒུ་རུ་བླ་མ་ཆོས་མཛད་གྱིས་འཇིགས་མེད་ངོ་མཚར་དཔལ་གྱི་རྡོ་རྗེ་དང་། ཉག་བླ་བསོ་རྒྱལ་རིན་པོ་ཆེ་ལས་རྫོགས་པ་ཆེན་པོའི་ཕྱི་ནང་གསང་གསུམ་གྱི་མན་ངག་ཞུས་ནས་ཉམས་སུ་བླངས་བས་རྟོགས་པ་མཆོག་ལྡན་དུ་གྱུར། སྒེའུ་གཏེར་རིན་པོ་ཆེས་ལུང་བསྟན་ཏེ། རྒྱ་ནག་རི་བོ་རྩེ་ལྔར་སོང་ནས་ཉམས་ལེན་བྱས་ན་འཇའ་ལུས་འོད་སྐུ་རུ་གྲོལ་བར་གསུངས་བས་དེར་འགྲོ་བར་རྩོམ་པ་ན། རྫོགས་སྤྲུལ་ལྔ་བ་ཆེན་པོས་བཀག་ནས་ཁྱོད་མི་གཅིག་འཇའ་སྐུར་གྲོལ་བ་ལ་ངོ་མཚར་རྒྱུ་མི་འདུག དེ་བས་དགོན་པ་འདིར་བདག་པོ་རྒྱོབ་དང་དེ་ལ་ངོ་མཚར་ཆེ་གསུངས་ནས། དགོན་པ་ལ་ཨོ་རྒྱན་བསམ་གཏན་ཆོས་གླིང་ཞེས་དགོན་མིང་གསོལ་ནས་གཏད་པས་བླ་མ་དཔལ་ རྡོར་གྱི་སྐུ་ཕྲེང་བཞི་བ་ཁྲི་སར་མ་འཁོད་བར་དུ་ཁྲི་ཚབས་མཛད་ཅིང་། ཕྱི་ལོ་༡༩༥༨ ལོ་དགོངས་གྲངས་༩༧ སྟེང་ཐུགས་ཞིང་ཁམས་སུ་གཏད་དོ། དགོན་བདག་ཁྲི་རབས་གསུམ་པ་ལྷ་ལུང་དཔལ་རྡོར་སྐུ་ཕྲེང་བཞི་བ་ངག་དབང་དབྱངས་ཅན་མཆོག་ནི་རྫོགས་སྤྲུལ་ལྔ་པས་ངོས་བཟུང་ཐུགས་ཐག་བཅད། དར་མདོའི་ཟིལ་གནོན་དགྱེས་པ་རྡོ་རྗེ་དང་། རྒུ་རུ་ཨ་ཁུ་ཆོས་མཛད་བླ་མར་བསྟེན་ནས་ཀློང་སྙིང་ཆོས་སྐོར་ལ་ཉམས་ལེན་བྱས་པས་ རྟོགས་དགོངས་མཐོན་པོར་སླེབས་ནས་བསྟན་འགྲོར་སྨན་པའི་སྒང་དེར་སྤྱི་ལོ་༡༩༥༨ དང་འཕྲད་པས་ཁྲིམས་ཁང་དུ་བྱོན་ཞིང་༡༩༦༢ ལོར་ཟི་ལིང་ནས་སྐུ་གཤེགས་སོ།། དེའི་ཁྲི་ཚབས་པ་རྒུ་རུ་བླ་མ་དཀོན་མཆོག་ཆོས་འཕེལ་ནི། ཆུང་དུས་ནས་རྟོགས་ལྡན་ཆོས་མཛད་དང་། མཁས་གྲུབ་གསང་ཆེན་དབང་ཕྱུག་བླ་མར་བསྟེན་ནས་ཀློང་སྙིང་དང་འཛིན་གྲོལ་ཆོས་སྐོར་ལ་ཉམས་ལེན་བྱས་པས་འགྲུབ་རྟགས་དུ་མ་བྱུང་། ༡༩༥༨ ལོར་བཙོན་དུ་བཟུང་ཀྱང་ཟླ་བ་བརྒྱད་ཀྱིས་བཙོན་གྲོལ་ཐོབ། ཕྱིར་ཕེབས་ནས་ཕྱུག་འཚོ་ཞོར་དུ་ལྐོག་ནས་ཉམས་ལེན་འཆད་མེད་དུ་བྱས། ༡༩༨༢ ལོར་དགོན་པ་ཆོས་སྒོ་ཕྱེས་དུས་ཁོང་གིས་དགོན་པའི་ཁྲི་ཚབས་དང་འགན་གཙོ་གཅིག་གཅོག་གནང་། འདུས་པ་རྣམས་ལ་ཀློང་སྙིང་ཆོས་སྐོར་གྱི་དབང་ལུང་ཁྲིད་གསུམ་སྤེལ། རྒུ་རུ་དགོན་པའི་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་གནང་། མེ་ཡོས་ལོའི་བོད་ཟླ་༡༢ པའི་ཚེས་༡༥ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་བར་ཞབས་དཀྱིལ་དྲུང་དང་བཅས་དགོངས་པ་རྫོགས། ཚེས་༡༨ ཉིན་གྱི་མཚན་མོའི་ཆུ་ཚོད་༡༡ ཙམ་ན་ཤངས་ནས་ཐིག་ལེ་དཀར་དམར་བབས་ཅིང་ཐུགས་དམ་ཡོངས་སུ་གྲོལ། ཉིན་དེ་དག་ལ་འཇའ་དང་། འོད། སྒྲ་བཅས་ངོ་མཚར་བའི་རྟགས་དུ་མ་ཐུན་མོང་གི་སྣང་ངོར་བསྟན་ལ། གདུང་བཞུས་དུས་རིང་བསྲེལ་འབུམ་ཕྲག་དུ་མ་དང་ཐུགས་ལྗགས་སྤྱན་གསུམ་ངོ་མཚར་ཅན་བབས། དགོན་བདག་ཁྲི་རབས་བཞི་བ་ལྷ་ལུང་དཔལ་རྡོར་སྐུ་ཕྲེང་ལྔ་བ་ཐུབ་བསྟན་གར་དབང་མཆོག་ནི་དིལ་མཁྱེན་རིན་པོ་ཆེ་དང་རྒུ་རུ་བླ་མ་ཐུབ་ཚེ་མཆོག་གིས་ངོས་བཟུང་ཐུགས་ཐག་བཅད་ཅིང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་ནས་ཆོག་མཆན་ཐོབ་སྟེ་དགོངས་ལོ་བཅོ་བརྒྱད་སྟེངཁྲི་ལ་་བཀོད་རྗེས། པེ་ཅིང་དུ་ཡོད་པའི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་དུ་གྲུབ་མཐའ་རིས་མེད་ཀྱི་དགེ་བའི་བཤེས་གཉེན་རྣམས་ལས་མདོ་སྔགས་རིག་གནས་སོགས་ལ་གསན་སྦྱང་ལོ་གཉིས་བྱས་པ་དང་། དེ་ནས་སློབ་མཐར་ཕྱིན་རྗེས་རྫོགས་ཆེན་ཤྲི་སེང་ཆོས་གྲར་གསན་སྦྱང་ལོ་ཕྱེད་རིང་གཉིས་ཙམ་ལ་བྱས། ཁྱད་པར་དུ་བླ་མ་དཀོན་མཆོག་ཆོས་འཕེལ་དང་། རྡོ་སྤྲུལ་ཤེས་རབ་ཉི་མ། རྟོགས་ལྟན་བློ་གྲོས་རྒྱ་མཚོ། ཆོས་རྗེ་བསྟན་པའི་དབང་ཕྱུག་སོགས་ལས་ཐོབ་པའི་རྫོགས་པ་ཆེན་པོའི་ཕྱི་ནང་གསང་གསུམ་གྱི་ཆོས་སྐོར་རྣམས་ཉམས་བཞེས་གནང་བཞིན་བཞུགས་སོ།། གཞན་ཡང་གསར་བསྐོས་ལས་ཐོག་ཁྲི་བ་གསུམ་སྟེ། དང་པོ་སྤྲུལ་རིན་ཆེན་ནོར་བུ་དབང་རྒྱལ་ལགས་ནི་རྒུ་རུ་བླ་མ་ཐུབ་ཚེ་དང་། དིལ་མགོའི་མཁྱེན་བརྩེ་རིན་པོ་ཆེ་སོགས་དམ་པ་དུ་མས་དབྱངས་གཅིག་གིས་རྒུ་རུའི་ཨ་ཁུ་ཆོས་མཛད་ཀྱི་སྤྲུལ་སྐུར་ངོས་འཛིན་གནང་། གཉིས་པ་དིལ་མཁྱེན་རིན་པོ་ཆེས་ཀ་ཐོག་མཁན་པོ་ངག་ཆུང་གི་སྤྲུལ་སྐུ་འཇིགས་མེད་རྡོ་རྗེ་ཞེས་པའི་མཚན་ཅན་དང་། གསུམ་པ་སྤྲུལ་པདྨ་རྡོ་རྗེ་ལགས་ནི་རྫོགས་ཆེན་ཀུན་བཟང་སྤྲུལ་སྐུས་གླིང་བླ་སྐུ་ཆུང་གི་སྤྲུལ་སྐུར་ངོས་འཛིན་གནང་བའོ། །ཁོང་རྣམ་པ་གསུམ་གྱིས་རེས་བསྐོར་ནས་ལོ་རེ་བཞིན་ལས་ཐོག་ཁྲི་བའི་འགན་འཁུར་བཞིན་བཞུགས། དགོན་འདིའི་མཁན་རབས་ཐོགས་མ་མཁན་ཆེན་པདྨ་ཚེ་རིང་དང་། གཉིས་པ་མཁན་པོ་དབང་ཕྱུག གསུམ་པ་མཁན་པོ་འཇམ་དབྱངས་ཆོས་འཕེལ། བཞི་བ་མཁན་པོ་ཐུབ་བསྟན་བློ་གྲོས་དང་མཁན་པོ་ཡེ་ཤེས་རྒྱ་མཚོ་རྣམ་གཉིས་སོ།། གསུམ་པ་རྟེན་གསུམ་བཞུགས་བྱང་ལ། རྡོ་གྲུབ་རྒན་གྱི་མ་འོངས་ལུང་བསྟན་ལས། སྨད་ཉིན་བྱེད་ཀྱི་ཟེར་ནུབ་མཐའ་འཁོབ་ཏུ།། དཔལ་ཨོ་རྒྱན་གྱི་སྒྱུ་འཕྲུལ་ཟླ་དཀར་གཟུགས།། ཚུལ་དེ་མཐུ་ཡིས་ཡུལ་དུས་ལྷ་མིའི་སྡེའི།། ཁྱུ་ཀུ་མུ་དའི་ཚལ་ཆེན་རྒྱས་བཞིན་དགོད། ཞེས་ལུང་གིས་ཟིན་པའི་ཨོ་རྒྱན་སྒྱུ་འཕྲུལ་ལྷ་ཁང་ཟླ་བ་དཀར་པོའི་གཟུགས་ཅན་དང་། གཞན་འདུ་ཁང་ཉིས་ཐོག་ཅན་གཅིག། བླ་སྒར་བཞི། གྲ་ཁང་ལྔ་བཅུ། བཤད་གྲ་དང་སྒྲུབ་གྲ། མ་ཎི་དུང་འཁོར་སུམ་ཅུ། ཕུར་བསྙེན་དུང་འཁོར་བཅུ་གསུམ། ཡིག་བརྒྱ་དུང་འཁོར་གཉིས། ཙཀྲ་དུང་འཁོར་སོགས་བཞུགས། བཞི་པ་རྒྱུན་ལྡན་དུས་མཆོད་ལ། བོད་ཟླ་དང་པོའི་ཚེས་༡༠ ནས་ཟླ་༤ བའི་ཚེས་༢༥ བར་མ་ཎི་ཞག་བརྒྱ་ཞོར་ལ་ཆོས་ཁྲིད་སྣ་ཚོགས་བཞུགས། བོད་ཟླ་༤བའི་ཚེས་༧ ནས་ཚེས་༡༥ བར་སེམས་བསྐྱེད་དུས་མཆོད། ཟླ་༦ པའིཚེས་༧ ནས་༡༥ བར་ཞི་ཁྲོའི་དུས་མཆོད། ཟླ་༧ པའི་ཚེས་༧ ནས་༡༥ བར་རྩ་གསུམ་ཚོགས་མཆོད། ཟླ་༨ པའི་ཚེས་༡༣ ནས་༡༦ བར་སྨྱུང་གནས། ཟླ་༡༢ པའི་ཚེས་༡༥ ནས་༡༨བར་བཟང་སྤྱོད་དུས་མཆོད་དང་། ཚེས་༡༩ ནས་༢༩ བར་སྲུང་མའི་གསོལ་མཆོད་དང་ཕུར་སེང་ཁ་སྤྲོད་ཟློག་སྟོང་བཅས་སོ། རེ་ཞིག་དེ་ཙམ་གྱིས་རྫོགས་པར་བྱས།

ཁྲ་གླིང་དགོན་པ། རྩོམ་སྒྲིག

མགར་དགོན་པ། རྩོམ་སྒྲིག

གྱང་རིང་དགོན་པ། རྩོམ་སྒྲིག

དམངས་སྲོལ། རྩོམ་སྒྲིག

ལོ་རྒྱུས་མི་སྣ་གྲགས་ཅན། རྩོམ་སྒྲིག

ཨ་རིག་དགེ་བཤེས་ཆེན་མོ། རྩོམ་སྒྲིག

༧ཨ་རིག་དགེ་བཤེས་ཆེན་མོ་བྱམས་པ་དགེ་ལེགས་རྒྱལ་མཚན་གྱི་རྣམ་ཐར་མདོར་བསྡུས།

སྐུ་འབུམ་སངས་རྒྱས་རྒྱ་མཚོ།

ངེས་པ་དོན་གྱི་མཁས་བཙུན་བཟང་གསུམ་འཛོམས་པའི་ཨ་རིག་དགེ་བཤེས་ཆེན་མོ་བྱམས་པ་དགེ་ལེགས་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི། མདོ་སྨད་ཨ་རིག་ཁྱེབ་ཀྱི་སར་ཡབ་མ་ཁྱེ་འཕགས་པ་སྐྱབས་དང་། ཡུམ་ཨ་སྐྱིད་བཟང་བོ་ཅོག་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་མེ་རྟ༼ ཕྱི་ལོ༡༧༢༦ ༽ལོར་སྐུ་འཁྲུངས། ཆུང་ངུའི་དུས་ནས་མི་གཤིས་དང་ཤེས་རབ་བཟང་པོས་མཁས་གྲུབ་ཆེན་པོ་རྒྱ་ལི་སྤྲུལ་སྐུ་བློ་བཟང་བསྟན་དར་གྱིས་ཡབ་ཡུམ་གཉིས་ལས་བསླངས་ཏེ་རྒྱ་ལི་ཚང་གིས་བུ་ཆུང་འདི་སྤྱན་གྱི་འབྲས་བུ་བཞིན་དུ་ཡུན་རིང་བསྐྱངས། དགེ་བཤེས་ཁོང་ཉིད་དགུང་ལོ་ཆུང་ངུའི་སྐབས་སུ་རྣམ་གཡེང་རྩེད་འཇོ་སོགས་རིང་དུ་དོར་ནས་ཆོ་ག་ཆོས་སྤྱོད་ཀྱི་རིགས་མཐའ་དག་ལ་འཛིན་སྐྱོར་རྒྱུན་དུ་གནང་བས་ན་མཉམ་ཆོས་གྲོགས་ཀུན་ལས་ཁྱད་དུ་འཕགས་པར་གྱུར། དགེ་བཤེས་ཁོང་ཉིད་དགུང་ལོ་བཅུ་བདུན་པ་ཆུ་ཁྱི༼ ཕྱི་ལོ༡༧༤༢ ༽ལོར་མཁས་གྲུབ་ཆེན་པོ་རྒྱ་ལི་ཚང་གིས་མཐུན་རྐྱེན་དང་བཀས་བསྐུལ་ཏེ་བོད་དབུས་གཙང་དུ་སློབ་གཉེར་བྱེད་པར་མངགས། སེ་ར་ཐེག་ཆེན་གླིང་གི་བྱེས་གྲྭ་ཚང་དུ་ཚོགས་ཞུགས་གནང་། མཁས་མང་སེར་བྱེས་གྲྭ་ཚང་དུ་ལོ་བཅུ་གསུམ་རིང་ལ་སློབ་གཉེར་རྡོ་རུས་ཐུག་པ་ལྟ་བུ་གནང་ཞིང་དཀའ་སྤྱད་ཤུགས་དྲག་གིས་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན།

སློབ་གཉེར་གནང་སྐབས་རྣམ་བཤད་སྙིང་བོའི་རྒྱན་དང་མཛོད་ཊཱིཀ་ཐར་ལམ་གསལ་བྱེད་དང་། རྗེ་བཙུན་པའི་སྤྱི་དོན། མཐའ་དཔྱོད་སོགས་ཕལ་ཆེར་ཐུགས་འཛིན་མཛད། མཁས་པ་དུ་མའི་སྤྱན་སྔར་བྱམས་ཆོས་ལྔ་དང་དབུ་མ་རིགས་ཚོགས་དྲུག ཚད་མ་སྡེ་བདུན། འདུལ་བ། མངོན་པ་སོགས་རྒྱ་བོད་ཀྱི་གཞུང་ཆེན་དུ་མའི་ཚིག་དོན་ལ་ཕྲ་ཞིབ་བློ་གྲོས་ཀྱིས་འབད་པས་ཡུན་རིང་སྦྱངས། དགེ་བཤེས་གྲགས་ཅན་དུ་མས་ཀྱང་གཞུང་གི་དཀའ་གནད་འགའ་ཞིག་འཆད་དཀའ་བ་དང་། ཆོས་གྲྭར་རྩོད་དཀའ་བ་འགར་དགེ་བཤེས་ཁོང་གིས་མཁྱེན་རབ་རལ་གྲི་རྣོན་པོ་མཁའ་ལ་གདེངས་པ་ཙམ་གྱིས་དཀའ་གནད་ཀྱི་མདུད་པ་མཐའ་དག་ཅིག་ཅར་གྲོལ་བར་མཛད། སྐབས་དེར་དགེ་བཤེས་ཁོང་གི་མཚན་སྙན་འབྲུག་སྒྲའི་སྒྲ་དབྱངས་དབུས་གཙང་ཡུལ་དུ་ཁྱབ་པས་མཁས་པ་དང་དགེ་བཤེས་གཞན་གྱི་སྙན་གྲགས་ཀྱི་གོ་འགོག་པར་བྱས་ཡོད་ཀྱང་། དགེ་བཤེས་ཁོང་གིས་རྟག་ཏུ་དམན་ས་དང་ཞི་དུལ་གྱི་སྤྱོད་པ་ལྷུར་བླངས་པས་མཆོག་དམན་ཀུན་གྱི་བསྟོད་བསྔགས་དང་ཕྱག་བྱ་བའི་འོས་སུ་གྱུར། གྲྭ་ཚང་རང་གི་ཡིག་ཆ་ཙམ་གྱིས་ཡིད་མ་ཚིམ་པར་མངོན་རྟོགས་རྒྱན་གྱི་དར་ཊཱིཀ་དང་། མངོན་པ་མཛོད་ཀྱི་དགེ་ཊཱིཀ་གཉིས་ཐུགས་ལ་བྱང་བར་བཟུང་སྟེ་སྐྱོར་སྦྱངས་རྒྱུན་དུ་མཛད། བཀའ་པོད་ལྔའི་སྦྱངས་པ་མཐར་ཕྱིན་ཏེ་ལྷ་རམས་དམ་བཅའི་མཚན་བཏགས་གཏད། ལྷ་རམས་དམ་བཅའི་ཉིན་དང་པོར་ཀླུ་འབུམ་དགེ་བཤེས་བློ་བཟང་དར་རྒྱས་ཀྱིས་བགྲོ་གླེང་བཏང་བས་གྲངས་ཅན་པའི་ལུགས་ལ་ཨ་རིག་ལུང་བར་རྩ་མི་སྐྱེ་ཞེས་ཁས་བླངས་ཀྱང་ཚིག་འཁྲིར་བརྩིས་ཏེ་འགང་ཆུང་བར་བྱེད། འོན་ཀྱང་བདག་སྐྱེས་འགོག་ཚུལ་ལས་བརྩམས་པའི་རྟེན་འབྲེལ་གྱི་འཇོག་མཚམས་ཡིན་པས་དཔྱད་བྱ་སྣང་། ཉིན་གཉིས་པར་གཞུང་བརྒྱ་སྨྲ་བའི་ཁྱུ་མཆོག་ཐང་རིང་བ་རྒྱ་སེང་གེ་སོགས་མཛོད་འདུལ་གྱི་དགེ་བཤེས་གཞོན་པ་མང་པོ་ལངས་པས་མཛོད་ནས་འཛིན་མཚམས་ལ་ནང་འགལ་འགའ་ཞིག་བྱུང་ཡང་སྤྱིར་སློབ་གཉེར་བ་གྲགས་ཅན་ཡིན་པས་ཤོར་གྲས་སུ་མེད་པར་དམ་བཅའ་ཨང་དང་པོ་བྱུང་། དེ་ནས་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་ཞུགས་ནས་སྔགས་ལ་སྦྱངས། དགེ་བཤེས་ཁོང་གིས་སེར་བྱེས་གྲྭ་ཚང་དང་རྒྱུད་སྨད་གྲྭ་ཚང་སོགས་སུ་ཟླ་མེད་བཤེས་གཉེན་དམ་པ་བདུན་ཙམ་བསྟེན་ནས་ཟབ་རྒྱས་ཆོས་ཀྱི་བདུད་རྩི་ངོམས་མེད་བཞེས། སྐབས་དེར་རྒྱལ་བ་གཉིས་པའི་གདུང་འཚོབ་དམ་པ་ཕུར་བུ་ལྕོག་ངག་དབང་བྱམས་པ་རིན་པོ་ཆེའི་ཞབས་པད་བསྟེན་ནས་ཕུར་ལྕོག་རི་ཁྲོད་དུ་ལོ་དྲུག་གི་རིང་ལ་ཟབ་ཆོས་གསན་པ་དང་། སྒོམ་སྒྲུབ་ཀྱི་ཞོར་དུ་རྗེ་ཙོང་ཁ་པའི་མདོ་སྔགས་ཀྱི་ལམ་རིམ་གཉིས་ཐུགས་འཛིན་གནང་སྟེ་སྐུ་འདའ་ཁའི་བར་དུ་ཞལ་འདོན་མཛད། ཕུར་ལྕོག་བྱམས་པ་རིན་པོ་ཆེའི་མདུན་ནས་ཁོང་གིས་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་དང་། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་། ཀུན་རིག་གི་དབང་། རྡོ་རྗེ་སེམས་དཔའ་ལྷ་བཅུ་བདུན་གྱི་དབང་། འཇམ་དབྱངས་དཀར་པོ་ལྷ་ལྔའི་དབང་། གདུགས་དཀར་ལྷ་མང་གི་དབང་སོགས་གསན། དགེ་བཤེས་ཁོང་གིས་ཕུར་ལྕོག་བླ་མ་བྱམས་པ་རིན་པོ་ཆེར་རྟག་ཏུ་ངུ་ཡིས་འཕགས་པ་ཆོས་འཕགས་བསྟེན་པ་ལྟར་བླ་མ་བྱམས་པ་རིན་པོ་ཆེ་མཆོག་མཉེས་པ་གསུམ་གྱི་སྒོ་ནས་མཉེས་པར་མཛད་པས་དགེ་བཤེས་ཁོང་ཉིད་ཕུར་ལྕོག་བླ་མའི་སྲས་ཀྱི་ཐུ་བོར་གྱུར། རི་ཁྲོད་དེར་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བས་རྒྱལ་བའི་དགོངས་པ་ལྟར་ཉམས་མྱོང་གི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་འཁྲུངས། སྐབས་དེར་བླ་མ་བྱམས་པ་རིན་པོ་ཆེས་འཁོར་སློབ་རྒྱུ་སྐར་དབུས་ན་དགེ་བཤེས་ཁོང་ཉིད་སྐྱེས་མཆོག་ཟླ་བ་ལྟ་བུར་དགོངས་ནས་རང་གི་རྒྱལ་ཚབ་ཏུ་དབང་བསྐུར། རྒྱལ་སྲས་རྡོ་རྗེ་འཆང་བསྙེན་རྫོགས་སྒྲུབ་སྐབས་དགེ་བཤེས་ཁོང་གིས་ལས་སློབ་ཀྱང་གནང་། དགེ་བཤེས་ཁོང་གིས་ལོ་དྲུག་གི་རིང་ལ་བླ་མའི་རྒྱལ་ཚབ་མཛད་དེ་ཡོངས་འཛིན་ངག་དབང་ཆོས་གྲགས་སོགས་ལ་བཀའ་འགྱུར་གྱི་ལུང་ཕུལ་བ་སོགས་འཆད་སྤེལ་རྒྱ་ཆེར་གནང་།

པཎ་ཆེན་རིན་པོ་ཆེ་བླ་མའི་གཙོ་བོ་ཡིན་པ་ལ་དུས་འཁོར་གྱི་དབང་གསན་སྐབས་ལུས་ངག་ཡིད་གསུམ་ལོངས་སྤྱོད་དང་བཅས་པ་འབུལ་བའི་དམ་བཅའ་མཛད་པ་བཞིན་ཕྱིས་སུ་རྭ་རྒྱ་དགོན་པ་ཡང་ཕུལ། དགེ་སློང་གི་སྡོམ་པ་ཡང་པཎ་ཆེན་ཐམས་ཅད་མཁྱེན་པར་ཞུས་སམ་སྙམ། རྒྱལ་དབང་བསྐལ་བཟང་རྒྱ་མཚོར་ཆོས་འབྲེལ་གསན། ཁྲི་ཆེན་ངག་དབང་མཆོག་ལྡན་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་ཀྱིས་མཇལ་ཁ་ལན་གཅིག་ཞུས། ལྕང་སྐྱ་རོལ་བའི་རྡོ་རྗེ་ལས་བཀའ་ཆོས་མང་པོ་གསན། དབང་གནང་ན་དགེ་བཤེས་འདྲ་མང་དུས་དབང་བརྡ་སྤྲོད་ཙམ་མཛད། གཞན་པའི་དུས་ཆ་གསུམ་གཅིག་གི་ཐུགས་བྲེལ་ལས་མི་སྣང་། སངས་རྒྱས་དངོས་ཀྱི་འདུ་ཤེས་ཡོད་ཅེས་གསུངས། གཞན་སྔགས་ཆེན་འཇམ་དབྱངས་ཆོས་འཕེལ་ཚང་གི་མདུན་ནས་རྡོ་རྗེ་སེམས་དཔའི་དབང་སོགས་གསན་བཞེས་གནང་ཞིང་། ལྕང་ར་ངག་དབང་འཕྲིན་ལས་ཀྱི་མདུན་ནས་དགེ་བཤེས་ཁོང་གིས་མགོན་པོ་སྙིང་ཞུགས་ཀྱི་ཁྲིད་གསན། པཎ་ཆེན་རིན་པོ་ཆེའི་བཀས་རང་ཡུལ་དུ་དགོན་པ་འདེབས་པར་བསྐུལ་བ་བཞིན་མདོ་སྨད་དུ་འབྱོན་ཁར་སྒོ་ལའི་ནང་དུ་ཀློང་བརྡོལ་བླ་མ་ཕེབས་ཏེ་ཕན་ཚུན་ཕྱག་ནས་བཟུང་སྟེ་ཐུགས་སྨོན་གནང་། ཕ་ཡུལ་གྱི་གཉེན་ཉེ་ཡུལ་མི་རྣམས་ཀྱིས་མདོ་སྨད་དུ་སྤྱན་འདྲེན་པའི་ཕོ་ཉ་བཏང་བར་བརྟེན་མདོ་སྨད་དུ་ཕེབས།

རང་ཡུལ་དུ་བྱོན་ནས་མཚོ་སྔོན་བོད་སོག་གི་བླ་དཔོན་སེར་སྐྱ་ཆེ་ཕྲ་མང་པོས་དགེ་བཤེས་ཁོང་ཉིད་བླ་མར་བསྟེན་ཞིང་སྤྱི་བོར་བཀུར། བླ་དཔོན་སེར་སྐྱ་མང་པོས་ཇི་ལྟར་གསོལ་བ་བཏབ་པ་བཞིན་དུ་འགྲོ་དོན་རྒྱ་ཆེར་མཛད། ཨ་རིག་དགེ་བཤེས་ཁོང་ཉིད་འབལ་མདོ་ན་བཞུགས་སྐབས་སུ་ཤིང་བཟའ་སྤྲུལ་སྐུ་ཚང་ཐོག་མར་མཇལ་བར་ཕེབས་ཏེ། ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་ཞིང་འཇིགས་བྱེད་དང་ཀུན་རིག གསང་འདུས་སོགས་ཀྱི་དབང་ཆེན་དེར་བཞུགས་སེར་སྐྱ་ཡོངས་ལ་བསྩལ། དགུང་ལོ་ཞེ་བཞི་བ་ས་གླང༼ ཕྱི་ལོ༡༧༦༩ ༽ལོར་རྭ་རྒྱ་དགོན་བཀྲ་ཤིས་འབྱུང་གནས་བཏབ། དགེ་བཤེས་ཁོང་གིས་རྭ་རྒྱ་དགོན་པ་པཎ་ཆེན་རིན་པོ་ཆེར་ཕུལ་བར་ཨེར་ཏི་ནི་མེར་གན་མཁན་པོའི་ཆོ་ལོ་དང་། མཚན་ཉིད་ཚུགས་དགོས་ཀྱི་བཀའ་ཕེབས་བཞིན་སེར་བྱེས་ལྟར་གྱི་འཆད་ཉན་བཙུགས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་ཁྲི་རྒན་དུས་ཀྱི་གྲྭ་རྒྱུན་ཡི་ངོགས་བླ་མ་ཀུན་བཟང་ཁྲིར་བསྐོས་ཏེ་བརྩི་བཞག་གཏོང་དུ་བཅུག ལོ་ཤས་ནས་ས་གནོད་ཆེ་བ་ལ་སྟོང་ཆེའི་མཁར་ནག་བོན་པོས་ས་འདུལ་བྱས། དང་པོར་གྲྭ་ཚོགས་བཞི་བརྒྱ་ཙམ་འདུས་པ་ཨ་རིག་དང་སོག་པོའི་རུ་འཐོར་བས་བརྒྱ་མ་ལོངས་ཙམ་ལ་བབས།

རྗེ་ཉིད་འབྲོག་ཁྲོད་ཕེབས་བཞུད་ཀྱི་སར་ཐུད་གང་བྱུང་མཉམ་བརྫི་བྱས་པའི་ཐུད་གདར་གཉིས་རེ་མཛོ་ཁལ་བྱས་ཏེ་གྲྭ་མང་ལ་བགོས། ཇ་མར་ནས་གསུམ་གྱི་ཕོག་བུད། ཕྱིང་བ་དང་རས་ཁ་གང་རྙེད་ཀྱིས་གྲྭ་བ་རང་རང་གི་ལུས་ཚད་དང་བསྟུན་ཕྱིང་འགག་བཟོས། གཟན་ཤམ། ཞྭ་ཟླམ། ཐ་ན་འཚེམ་སྐུད་ཡན་ཆད་དགེ་བཤེས་ཉིད་ནས་གནང་། རྐང་བྲོ་ཙམ་གྱི་གྲྭ་བ་གཞན་དུ་འགྲོ་ན་ངས་བཙེམས་པའི་གྱོན་པ་ཞོག་ལ་སོང་། གཉོམ་ཆུང་སྡོད་མཁན་རེ་བྱུང་ན་དགོས་གསུངས། འདི་ལས་དགའ་བྱས་ན་ངས་ཐུབ་ཀྱང་ཧ་ཅང་བརྒྱག་ན་གྲྭ་བ་འདི་ལ་དྲན་རྒྱུ་མང་། རན་ཙམ་ཡིན། གླ་བ་མི་ཚོ་རི་རྫད་ཙམ་གྱི་དཔེ་ལྟར་ངས་གསོ། མཚན་ཉིད་ཟེར་རྒྱུ་དེ་མི་མང་པོས་རྩོད་དགོས་པ་ཞིག་རེད། རྩོད་པ་དཀའ། རྗེའི་བསྟན་པ་དང་མཇལ་བ་ལ་བག་ཆགས་ཅི་ཐེབས་གྱིས། སྐྱོར་སྦྱངས་ལ་རེམ་གསུངས་པས་ལོ་གཅིག་ལ་རྣམ་བཤད་སྙིང་བོའི་རྒྱན་སྐྱོར་མཁན་ཉེར་ལྔ་དང་། གཞན་ལེགས་བཤད་སྙིང་བོ། རྗེ་བཙུན་པའི་ཕར་ཕྱིན་སོགས་སྐྱོར་མཁན་མང་ཞེས་ཨ་རིག་གསུང་རབ་ཚང་གིས་གསུངས་ཟེར། དགེ་བཤེས་ཁོང་གིས་ཐུགས་བཀོད་གནང་སྟེ་གཙང་ཁང་དང་འདུ་ཁང་། ཆོས་གྲྭ་སོགས་གསར་བཞེངས་མཛད། གྲྭ་མང་ལ་རྒྱུན་དུ་ཐུགས་མཐུན་ཁྲིམས་གཙང་དང་བསླབ་གསུམ་ཉམས་ལེན་ལ་གཞོལ་བའི་ངོས་ནས་གཞུང་ཆེན་རྣམ་བཞི་ལ་ཐོས་བསམ་བྱེད་དགོས་པའི་བསླབ་སྟོན་གནང་ནས་མཚན་ཉིད་ཀྱི་བཤད་གྲྭ་འཕེལ་རྒྱས་སུ་བཏང་།

རྒྱུད་པ་དང་དུས་འཁོར་སོགས་འཛུགས་པའི་སྟ་གོན་ཡང་མཛད། ལྷ་ཁང་དང་སྐུ་གསུང་ཐུགས་རྟེན་སོགས་མང་དུ་བཞེངས་ནས་དགོན་པ་ལོ་ཉེར་བཞི་འམ་ཉེར་ལྔའི་བར་དུ་བསྐྱངས། མཁས་དབང་གཙང་བ་སྤྲུལ་སྐུ་བསྟན་པ་རྒྱ་མཚོ་མཆོག་གིས་གཙོ་མཛད་དེ་གཞིས་བྱེས་ཀྱི་གསན་མཁན་མང་པོར་དབང་ལུང་མན་ངག་རིགས་མང་དུ་བསྩལ་ཅིང་གཙང་བ་སྤྲུལ་སྐུའི་གདན་ས་གཙང་དགོན་དོན་གྲུབ་རབ་བརྟན་གླིང་དུ་ཞབས་སོར་བཀོད་ནས་དགོན་པའི་འཛིན་སྐྱོང་མཐའ་དག་ཁུར་དུ་བཞེས། དགེ་བཤེས་ཁོང་གིས་རྒྱུན་དུ་དཔལ་གསང་བ་འདུས་པའི་རིམ་གཉིས་གཙོར་བཏོན་ནས་ཐུགས་དམ་ཟབ་མོའི་ཉིན་མཚན་འདའ་བར་མཛད་ཅིང་འཚོ་བའི་ཞལ་ཏ་ཙམ་ཡང་རང་གིས་བསྒྲུབས། སྔར་ཐུགས་ལ་བཟུང་བའི་མདོ་སྔགས་ལམ་རིམ་གཉིས་ཀྱི་སྟེང་བྱང་ཆུབ་གཞུང་ལམ་དང་། དངོས་གྲུབ་སྙེ་མ་གཉིས་ཐུགས་ལ་བཟུང་ནས་མཛད་པ་ཐ་མའི་བར་དུ་ཞལ་འདོན་ཆགས་མེད་མཛད།

དགུང་ལོ་ལྔ་བཅུ་བ་ཤིང་ལུག༼ ཕྱི་ལོ༡༧༧༥ ༽ལོར་རྭ་རྒྱ་དགོན་དུ་གཡེར་གཤོང་དགེ་འདུན་ཟླ་གྲགས་སོགས་གཞིས་བྱེས་ཀྱི་ཆོས་ཉན་མཁན་མང་པོར་ལམ་གཙོ་རྣམ་གསུམ་གྱི་མཆན་འགྲེལ་དང་དགོངས་འགྲེལ་ལུང་རིགས་གཏེར་མཛོད། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་མཛད་པའི་འགྲེལ་བ་ལེགས་བཤད་སྙིང་བོ། ལམ་རིམ་དམར་ཁྲིད་མྱུར་ལམ། བཀའ་གདམས་ཕ་ཆོས་བུ་ཆོས། བེའུ་བུམ་སྔོན་པོའི་འགྲེལ་བ། ཐོག་མའི་བློ་སྦྱོང་ཆོས་ཀྱི་སྒོ་འབྱེད། དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ཡིག རྟོགས་བརྗོད་མདུན་ལེགས་མའི་འགྲེལ་བ་སོགས་གསུང་ཆོས་མང་དུ་བསྩལ། དགུང་ལོ་ང་ལྔ་བ་ལྕགས་བྱི༼ ཕྱི་ལོ༡༧༨༠ ༽ལོར་སྐལ་ལྡན་གདུལ་བྱ་མང་པོའི་ཆེད་དུ་སོག་ཕྱོགས་སུ་ཕེབས། དེ་ནས་ཕྱིར་ཕེབས་ནས་གཡེར་གཤོང་དགེ་འདུན་ཟླ་གྲགས་སོགས་ལ་བླ་མ་མཆོད་པའི་ཁྲིད་དང་སྨན་ཆོག་ཡིད་བཞིན་དབང་རྒྱལ་སོགས་ཀྱི་ལུང་གནང་། སྐབས་ཤིག་རོང་བོ་ཤར་སྤྲུལ་བའི་སྐུ་དགེ་འདུན་འཕྲིན་ལས་རབ་རྒྱས་པས་རེབ་གོང་རོང་བོར་གདན་དྲངས་ཏེ་རིགས་ཀྱི་ཅོད་པན་དུ་བཀུར། ཤར་སྤྲུལ་སྐུས་གཙོས་བླ་གྲྭ་མང་པོར་དབང་ལུང་རྗེས་གནང་སོགས་ཆོས་བཀའ་མང་དུ་གནང་། རེབ་གོང་ཕྱོགས་ཀྱི་དད་ལྡན་མང་པོའི་འགྲོ་དོན་རྒྱ་ཆེར་མཛད།

དགུང་ལོ་ང་བདུན་པ་ཆུ་སྟག༼ ཕྱི་ལོ༡༧༨༢ ༽ལོའི་དབོ་ཟླ་བའི་ཚེས་བཅུ་གཅིག་ཉིན་རྭ་རྒྱ་དགོན་དུ་གཞིས་བྱེས་ཀྱི་གསན་མཁན་ཆེས་མང་པོར་རྗེ་ཙོང་ཁ་པའི་གསུང་འབུམ་གྱི་ལུང་ཡོད་དོ་ཅོག་དང་། པོ་ཏོ་བ་ཆེན་པོའི་གདམས་ངག་གནམ་ཐིག་དང་། དཔེ་ཆོས་རིན་ཆེན་སྤུངས་པའི་རྩ་འགྲེལ། བློ་སྦྱོང་དོན་བདུན་མའི་རྩ་འགྲེལ། བློ་སྦྱོང་རྨ་བྱ་དུག་འཇོམས་སོགས་བློ་སྦྱོང་གི་སྐོར་དང་། གོང་ས་ལྔ་བའི་ཡི་དམ་སྒྲུབ་སྐོར། དགེ་བཤེས་ཁོང་ཉིད་ཉིད་ཀྱིས་བརྩམས་པའི་ཀུན་རིག་གི་བསྙེན་ཡིག་སོགས་ཟབ་རྒྱས་ཀྱི་འཁོར་ལོ་ཟླ་བ་གསུམ་ལྷག་གི་བར་དུ་རྒྱ་ཆེར་བསྐོར་བར་མཛད། དགུང་ལོ་དྲུག་ཅུ་བ་ཤིང་སྦྲུལ༼ ཕྱི་ལོ༡༧༨༥ ༽ལོར་རྭ་རྒྱ་དགོན་དུ་གཞིས་བྱེས་ཀྱི་ཆོས་གསན་མཁན་མང་པོར་མདོ་སྡེ་མཛངས་བླུན་དང་། བྱམས་པའི་ཞུས་པའི་མདོ། བྱམས་པས་ལུང་བསྟན་པའི་མདོ། ཀུན་ཏུ་རྒྱུ་སེན་རིང་གི་ཞུས་པའི་མདོ། མི་ལའི་རྣམ་ཐར། བསྐལ་བཟང་རྒྱན་འཕྲེང་། བསྟོད་སྤྲིན་རྒྱ་མཚོའི་འགྲེལ་བ། རྟེན་འབྲེལ་བསྟོད་པའི་འགྲེལ་བ་སོགས་ཀྱི་ལུང་། མཁས་གྲུབ་ཆིག་བརྒྱུད་ཀྱི་བླ་མའི་རྣལ་འབྱོར་གྱི་བཤད་ཁྲིད་སོགས་གནང་། དགུང་ལོ་རེ་གཉིས་པ་མེ་ལུག༼ ཕྱི་ལོ༡༧༨༧ ༽ལོའི་དཔྱིད་ཀར་གཡེར་གཤོང་དགོན་པར་ཕྱག་ཕེབས། གཡེར་གཤོང་དགེ་འདུན་ཟླ་གྲགས་ཀྱིས་གཙོས་གསན་མཁན་མང་པོར་རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་གསུང་འབུམ་གྱི་ལུང་དང་། རྗེ་ཕུར་ལྕོག་ངག་དབང་བྱམས་པའི་གསུང་འབུམ་གྱི་ལུང་། ལམ་རིམ་བདེ་ལམ་གྱི་ཁྲིད་ཆོས་ཐུན་བདུན་མ། བདེ་མཆོག་ལཱུ་ཨི་བའི་དབང་ཆེན། རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་ཆེན། སྙིང་བོ་དོན་གསུམ་གྱི་ཁྲིད། བློ་སྦྱོང་དོན་བདུན་མའི་བཤད་ལུང་བཅས་ཟླ་བ་གཉིས་ལྷག་གི་རིང་ལ་མདོ་སྔགས་ཆོས་ཀྱི་ཆར་ཆེན་དགུང་ནས་ཕབས། སྐབས་དེར་དགེ་བཤེས་ཉིད་ཀྱིས་སེར་སྐྱ་ཕོ་མོ་ཁྲི་ཕྲག་བརྒལ་བ་ཚོགས་པའི་ཁྱིམ་པ་རྣམས་ལ་སྡིག་སྤོང་དགེ་སྒྲུབ་ལས་བརྩམས་པའི་གསུང་བཤད་དང་བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་ཁྲིམས་འབོགས་པ་སོགས་གནང་། རྭ་རྒྱ་དགོན་དུ་དགེ་བཤེས་ཁོང་གིས་མདོ་སྡེ་བསྐལ་བཟང་དང་དཔང་སྐོང་ཕྱག་རྒྱ་བ། གཟའ་ཡུམ། རྡོ་རྗེ་གཅོད་པ། བློ་སྦྱོང་ཆིག་ལབ་རིང་མོ། བརྒྱ་རྩའི་ལུང་སོགས་གནང་། རྗེ་གསེར་ཁང་པ་དགུང་ལོ་བཅུ་གསུམ་ཡས་མས་སུ་རྭ་རྒྱ་དགོན་དུ་དགེ་བཤེས་ཁོང་གི་མདུན་ནས་རྣམ་བཤད་སྙིང་བོའི་རྒྱན་དང་། བྱང་ཆུབ་ལམ་རིམ་ཆེན་མོ། མདོ་ཏིང་ངེ་འཛིན་གྱི་རྒྱལ་བོ་རྣམས་ཀྱི་ལུང་དང་། རྡོ་རྗེ་འཇིགས་བྱེད་ཀྱི་དབང་སོགས་གསན་བཞེས་གནང་།

དགེ་བཤེས་ཁོང་ཉིད་རི་ཁྲོད་དུ་ཕེབས་ཁར་གྲྭ་མང་ལ་རྣམ་རྒྱལ་མ་དང་སྒྲོལ་མའི་ལུང་གནང་སྐབས། སྒྲོལ་མ་འདི་ང་ལ་ཨ་མས་བསླབས་པ་ཡིན་དག་རྒྱུ་མེད། འོན་ཀྱང་། ངེད་ཀྱི་ངག་སྒྲོས་མ་བྱས་ཁྱེད་ཚོའི་འདི་བཞིན་འདོན་མི་དགོས་གསུངས། དེའི་མཇུག་ཏུ་ངེད་ཀྱི་དགོན་པ་འདིར་གྲྭ་བ་མང་པོ་མི་དགོས། སོ་སོ་སྐྱེ་བོ་མང་ན་མི་བཟང་། འདུ་ཁང་འདིར་སངས་རྒྱས་སྟོང་སྐུ་ཡང་བྲིས་ཡོད། སངས་རྒྱས་སྟོང་བོ་དེ་དག་མང་ཇ་བཟང་ན་ཡང་འཛུམ་མེ་རེ་ངན་ན་ཡང་འཛུམ་མེ་བཞུགས་ཡོད་གསུངས། གཞན་ཡང་སྐུ་སྐྱེ་ཟེར་བ་འདི་སྲོལ་བཟང་པོ་མིན་ཚུལ་དང་། མཁས་བཙུན་བཟང་གསུམ་གྱི་ནང་ནས་ང་ལ་གཅིག་གདམ་དུ་བཅུག་ན་བཙུན་པ་འདེམས་ཞེས་གྲྭ་མང་ལ་ཚོགས་གཏམ་མང་དུ་གནང་བ་མ་ཟད། ཕྱི་སྐོར་ཞིག་ལ་བྱོན་དུས། དགོན་པའི་མཐའ་ན་ཡོད་པའི་རུས་པ་ཐམས་ཅད་བཏུས། ཐུ་བ་གང་ཁྱེར་ཡོང་ནས་འདུ་ཁང་གི་སྒོར་སྤུངས་ཏེ། གྲྭ་བ་རྣམས་བོས་ཏེ་འདི་ལ་ལྟོས་ཨང་ལས་ངན་པོ་ངས་དགོན་པ་འདི་ཅི་ལ་བཏབ་བཞག་པ་རེད། མ་བཏབ་ན་ཨང་། དེང་ཕྱིན་ཆད་ཁྱེད་ཚོས་བན་རྒན་བླ་མ་ཞིག་ལ་བརྩི་ན་འདི་འདྲ་མ་བྱེད་གསུངས་པས། དེ་ནས་བཟུང་དགོན་པའི་མཐའ་ཚོ་གཙང་སིང་ངེར་གནས་སྐད། སྐབས་ཤིག་ལ་ཨ་རིག་དགེ་བཤེས་ཆེན་མོས་ཤིང་བཟའ་སྤྲུལ་སྐུ་ཚང་ཕྱག་ཕྱིར་ཁྲིད་ནས་ཁྲི་ཀ་དང་། ཨ་ཆུང་གནམ་རྫོང་། བྲག་བྱ་ཁྱུང་། སྐུ་འབུམ། ཟི་ལིང་སོགས་སུ་ཕེབས། ཟི་ལིང་དུ་མཁས་པ་མི་གསུམ་གྱི་བཞུགས་གནས་མཁར་ནང་གི་གྲྭ་ཚང་བཞི་སོ་སོའི་རྟེན་སོགས་མཇལ་ནས་ཟི་ལིང་མཁར་ལ་སྐོར་བ་ལན་མང་མཛད། དེ་ནས་རིམ་གྱིས་བྱམས་པ་འབུམ་གླིང་དང་། རི་བོ་དན་ཏིག ཡང་ཏིག མཛོ་མོ་མཁར། ཀ་ཅུའི་མཆོད་རྟེན་དཀར་པོ། ཨ་འགང་རྟ་མགྲིན་རང་བྱོན། ལོ་ཀྱྰ་ཏུན་སོགས་ལ་མཇལ་སྐོར་དུ་ཕེབས། ཕྱིར་ལམ་ཙོང་ཉིན་ཕྱོགས་ཀྱི་དགོན་སྡེ་གསེར་ཁོག་བཙན་པོ་དགོན། དགོན་ལུང་། ཆུ་བཟང་། དམར་གཙང་བྲག བ་ཝོན་ཐུགས་རྗེ་ཆེན་པོ། ཤ་བར་འོད་དཔག་མེད། བྲ་སྟི་སྒྲོལ་མ་རང་བྱོན། སྟོང་སྐོར་དགོན་པ། སྒོ་མེ་བར་ཝོན་སོགས་བརྒྱུད་ནས་རྭ་རྒྱ་བཀྲ་ཤིས་འབྱུང་གནས་སུ་ཕེབས། ཐེངས་ཤིག ཁོང་རེབ་གོང་རྫོང་དཀར་དགོན་དུ་ཕེབས་ནས་རྗེ་མ་ཎི་བ་བློ་བཟང་མཁས་མཆོག་ཚང་དང་ལྷན་དུ་ཆོས་ཀྱི་གསུང་གླེང་མང་དུ་མཛད། རྣམ་པ་གཉིས་སྔར་ནས་ཐུགས་ཡིད་གཅིག་འདྲེས་དང་འབྲེལ་འདྲིས་ཤིན་ཏུ་ཟབ་པའི་ཁར་ཕན་ཚུན་ཡོན་ཏན་མཛད་སྤྱོད་ལ་དད་གུས་བླ་ལྷག་ཏུ་འཕེལ། ཨ་རིག་དགེ་བཤེས་ཆེན་མོ་ཚང་གིས་རྗེ་མ་ཎི་བ་བློ་བཟང་མཁས་མཆོག་ཚང་གི་ཡོན་ཏན་རང་བཞིན་བརྗོད་པ།

ཕུན་ཚོགས་ཚེ་དང་ཡེ་ཤེས་མཆོག་སྩོལ་བའི། ཞེས་པའི་ཞབས་བརྟན་གསོལ་འདེབས་ཚིག་སྦྱོར་ཕུན་སུམ་ཚོགས་པ་ཞིག་ཀྱང་བརྩམས། རྗེ་མ་ཎི་བ་བློ་བཟང་མཁས་མཆོག་ཚང་གིས་ཨ་རིག་དགེ་བཤེས་ཆེན་མོ་ཚང་ལ་ན་བཟའ་སྤུས་ལེགས་ཆ་ཚང་ཞིག་ཕུལ་ཏེ། ཕྱིང་སེར་དང་སྣམ་སྦྱར་གྱོན་ནས་འཚང་རྒྱ་ན་ངེད་ཅག་སངས་རྒྱས་དགོས། ད་རེབ་ན་བཟའ་འདི་རྣམས་བཞེས་དགོས་ཞུས་པར། ཨ་རིག་དགེ་བཤེས་ཚང་གིས་ན་བཟའ་རྣམས་སྐུ་ལ་མནའ་ནས་རྫོང་དཀར་དགོན་པའི་རྟེན་རྣམས་ལ་ཞིབ་མཇལ་གནང་སྐབས་འབྱུང་འགྱུར་གྱི་ལུང་བསྟན་ཡང་གསུངས། དགུང་ལོ་རེ་བདུན་པ་ཆུ་བྱི༼ ཕྱི་ལོ༡༧༩༢ ༽ལོར་ལ་མོ་བདེ་ཆེན་ཆོས་གླིང་གི་མཁན་ཁྲིར་བཞུགས་བཞིན་པའི་སྐབས། དགེ་བཤེས་ཁོང་གིས་བསྟན་འགྲོའི་ཕན་བདེ་འབའ་ཞིག་ཐུགས་ལ་དགོངས་ནས་སྦྲ་ནག་ཁག་གསུམ་གྱིས་གཙོས་ཕྱོགས་ཀྱི་ཇག་རྐུན་རྣམས་ཀྱི་བྱ་སྤྱོད་ངན་པ་ཇེ་ལོད་དུ་སོང་ན་ཡུལ་ཕྱོགས་ཀུན་ལ་གནོད་ཚབས་ཆེ་བར་དགོངས་ནས། དགེ་བཤེས་ཁོང་དང་ཕྱོགས་ཀྱི་བླ་མ་མང་པོས་དགོངས་པ་གཅིག་དྲིལ་གྱིས་རྐུན་ཁྲིམས་སྡོམ་ཞེས་གསུང་བསྐུལ་མཛད་པ་བཞིན།

ལ་མོ་བློ་བཟང་ཕན་བདེའི་དབང་ཕྱུག་མཁས་བཙུན་རྒྱ་མཚོ་དང་ཤར་སྤྲུལ་སྐུ་དགེ་འདུན་འཕྲིན་ལས་རབ་རྒྱས་སོགས་ཀྱིས་གཙོས་ཕྱོགས་ཀྱི་བླ་མ་མང་པོ་ལྷན་ཅིག་ཏུ་འཛོམས་ཏེ་ཇག་མི་ཆེ་ཆུང་ཀུན་ལ། ཁྱེད་ཚོས་བྱ་ངན་སྤྱོད་ངན་འདི་དག་གི་འཕྲོ་བཅད་ན་ལེགས་ཚུལ་གྱི་བསླབ་བྱ་ནན་ཏན་དུ་བསྩལ་བས་ཡུལ་གྲུ་དུ་མ་བདེ་འཇགས་ལ་བཀོད། དེའི་སྐབས་སུ་དགེ་བཤེས་ཁོང་གིས་དེར་འདུས་ཚོགས་ཡོངས་ལ་མདོ་སྡུད་པ་དང་། སྐྱབས་འགྲོའི་ཁྲིད་སོགས་བསྩལ། དགེ་བཤེས་ཁོང་ཉིད་དགུང་ལོ་རེ་བརྒྱད་པ་ཆུ་གླང༼ ཕྱི་ལོ༡༧༩༣ ༽ལོར་གཡེར་གཤོང་དགེ་འདུན་ཟླ་གྲགས་མཆོག་གིས་གཡེར་གཤོང་དགོན་པར་གདན་དྲངས། བླ་གྲྭ་འདུས་ཚོགས་ཡོངས་ལ་ལམ་སྒྲོན་གྱི་རྣམ་བཤད་ཕུལ་བྱུང་བཞད་པའི་དགའ་སྟོན། དགེ་བཤེས་ཁོང་གི་གསུང་རྒྱུན་ལམ་རིམ་ཟིན་བྲིས། འཇམ་དཔལ་ཞིང་བཀོད་ཀྱི་མདོ། ལམ་རིམ་བསྡུས་དོན། གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་མེད་ཀྱི་རྗེས་གནང་སོགས་གནང་། དགོན་གནས་དེར་ཆུ་སྟོད་ཟླ་བའི་ཆོས་འཁོར་བསྐོར་བའི་དུས་ཆེན་ཉིན་འཇམ་དབྱངས་ཀྱི་སྐུ་བརྙན་གསེར་ཟངས་ཀྱིས་བཞེངས་ཡོད་པ་ལ་རབ་གནས་གནང་།

དགུང་ལོ་དོན་གཉིས་པ་མེ་སྦྲུལ༼ ཕྱི་ལོ༡༧༩༧ ༽ལོར་སྟོང་སྐོར་དགོན་དུ་བཞུགས་སྐབས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དབལ་མང་པནྚི་ཏ་དཀོན་མཆོག་རྒྱལ་མཚན་པ་དང་མཇལ་འཛོམས་གནང་། ཉིན་དུ་མར་ལམ་རིམ་གཙོ་བོར་གྱུར་བའི་མདོ་སྔགས་དང་། སྔོན་བྱུང་གི་ལོ་རྒྱུས། ཆོས་སྲིད་ཀྱི་གསུང་གླེང་སོགས་ཕན་ཚུན་བྲག་ཐོག་ནས་ཆུ་འཇོ་བ་ལྟ་བུ་གནང་རེས་མཛད་པས་ཁོང་རྣམ་གཉིས་ཐུགས་བློ་ཁེངས་པ་བྱུང་། ཞེས་དང་། དགུང་ལོ་དོན་གསུམ་པ་ས་རྟ༼ ཕྱི་ལོ༡༧༩༨ ༽ལོར་ཡང་དབལ་མང་པནྚི་ཏ་དཀོན་མཆོག་རྒྱལ་མཚན་པ་དབུས་ནས་ཕྱིར་ཕེབས་སྐབས་སྟོང་སྐོར་དགོན་དུ་ཨ་རིག་དགེ་བཤེས་ཆེན་མོ་དང་མཇལ་འཛོམས་མཛད། སྔར་བཞིན་གང་ཅིའི་གསུང་གླེང་འཕེལ་ཞིང་། ཕེབས་ཁར་མཐེ་བོང་གེར་ཏེ། ཁྱོད་ཀྱི་ཐུགས་རིག་ལ་ང་མགུ་བ་ཡིན། ཆོས་ཤིག་བྱ་ཨེ་དགོངས། དགོངས་ན་བཀྲ་ཤིས་འཁྱིལ་ནས་མ་བཞུགས། ཕ་ཡུལ་བློས་མ་བཏང་བའི་ཆོས་པ་མེད། རྨ་ཆུའི་ཚུར་ཁ་འདིར་ཕེབས། ལམ་རིམ་ཆེན་མོ་དང་སྔགས་རིམ་ཆེན་མོ་གཉིས་ཐུགས་འཛིན་མཛོད། འདིའི་ཚིག་རེ་རེ་དང་གཞན་པོ་ཏི་རེའི་ནུས་པ་མི་འདྲ། དུས་ཕྱིས་ངས་གང་བཤད་གཞན་གྱིས་བློ་ལ་འབབ་ཀི་མེད། འཇིག་རྟེན་ཅིག་བྱེད་ཨེ་དགོངས། དགོངས་ན། ཁྱེད་བཀྲ་ཤིས་འཁྱིལ་བ་ཚང་གི་རྐང་ལག་གི་རྡིག་སྒྲ་ལ་འགྲན་ཟླ་མེད། དེའི་སྟེང་དུ་དགོས་པ་ཅིག་ཡོད། གང་ཡིན་ཟེར་ན་ལས་རྒྱུ་འབྲས་ཡིན། ལྷ་སྡེ་ཁག་གསུམ་ལ་ཇག་ཁྲིམས་རྐུས་ཁྲིམས་ཤིག་དང་། དགོན་པ་ལ་ནག་ཆང་རྐུས་གསུམ་གྱི་འགྲིག་ལམ་དམ་པོ་ཞིག་འོང་ན་དེས་མི་ཆོག་རྒྱུ་མེད། ང་ཨ་རིག་དགེ་བཤེས་ཕྱིང་སེར་ཅན་གྱི་གདམས་ངག་གི་སྙིང་བོ་ཡིན་ནོ་གསུངས་བ་ཐུགས་ལ་འཇགས་ཞེས་དབལ་མང་ཚང་གི་རྣམ་ཐར་དུ་གསུང་འདུག དགུང་ལོ་དོན་གསུམ་པ་ས་རྟ༼ ཕྱི་ལོ༡༧༩༨ ༽ལོར་གཅན་ཚའི་ཐང་དུ་ཕེབས། ཕྱོགས་ཀྱི་ཆོས་ཉན་མཁན་མང་པོར་དགའ་ལྡན་ལྷ་བརྒྱ་མ་དང་། ལམ་གཙོ། ཡོན་ཏན་གཞིར་གྱུར་མ། རྒྱལ་བ་དགེ་འདུན་རྒྱ་མཚོས་མཛད་པའི་ཐུགས་རྗེ་ཆེན་པོ་ཕྱག་བཞི་བའི་སྒྲུབ་ཐབས་ཀྱི་ལུང་། ཚེ་དཔག་མེད་ཀྱི་རྗེས་གནང་། རྣམ་འཇོམས་བྱབས་ཁྲུས་སོགས་གནང་། ད་དུང་ལོ་འདིར་དགེ་བཤེས་ཁོང་ཉིད་སྐུ་འབུམ་དུ་ཕེབས། བླ་གྲྭ་འདུས་ཚོགས་ཡོངས་ལ་ལམ་རིམ་ཆེན་མོའི་བཤད་ལུང་སོགས་ཆོས་རྒྱུན་མང་པོ་གནང་། དགོན་པར་ཆུ་ཅུང་ཟད་དཀོན་པས་ལུང་བསྟན་ཞུས་པར་བྲེལ་བ་མི་དགོས། སྡོང་རའི་རྔ་མ་ན་རང་འཐག་བསྐོར་དུས་ཡོང་གསུངས། ནན་ཞུས་བྱས་པས་མདུན་རིའི་རྐེད་པའི་རྩེར་ས་བརྟག་གནང་བ་བཞིན་ཀླུ་དབང་རྒྱལ་བོ་སྟེ་ཀླུ་མ་དྲོས་པའི་ལྷ་ཁང་བཞེངས། དགེ་བཤེས་ཁོང་བྱ་ཁྱུང་བྲག་ཏུ་ཕེབས་ནས་གསན་མཁན་མང་པོར་ལམ་རིམ་ཆེན་མོའི་བཤད་ལུང་དང་། གསང་འདུས་སོགས་ཆོས་བཀའ་ཅི་རིགས་བསྩལ།

དགེ་བཤེས་ཚང་དགུང་ལོ་དོན་ལྔ་བ་ལྕགས་སྤྲེལ༼ ཕྱི་ལོ༡༨༠༠ ༽ལོར་གཡེར་གཤོང་དགེ་འདུན་ཟླ་གྲགས་ཀྱིས་གཡེར་གཤོང་བསམ་གཏན་གླིང་དུ་གདན་དྲངས། གཡེར་གཤོང་དགེ་འདུན་ཟླ་གྲགས་ཀྱིས་གཙོས། མཁན་ཆེན་སྤྲུལ་སྐུ་ཚང་། སྟག་གེ་སྤྲུལ་སྐུ། བྲག་དཀར་ཞབས་དྲུང་སོགས་ཕྱོགས་ནས་བྱོན་པ་དང་། གཞིས་ཀྱི་དགེ་འདུན་པ་མང་པོར། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་དང་། ཐིག་ལེ་བཅུ་དྲུག་གི་དབང་ཆོག་དངུལ་དཀར་མེ་ལོང་ཟླ་བ་སྒྲོན་མེའི་དབུ་ནས་ཆོས་ཐུན་གཅིག ཇོ་བོའི་བསྟོད་པ་སུམ་ཅུ་བ་སོགས་ཀྱི་ལུང་། དགོན་པའི་རིམ་གྲོར་དྲུག་ཅུ་བའི་གཏོར་བཟློག་དང་། ཚོམས་ཆེན་གྱི་རྟེན་གསར་རྙིང་རྣམས་ལ་རབ་གནས་མདོར་བསྡུས་ཀྱི་སྤྱན་དམིགས་ཀྱང་གནང་། དགེ་བཤེས་ཁོང་ཉིད་ལྕང་སྐྱ་སྤྲུལ་སྐུ་མཆོག་གིས་སྤྱན་དྲངས་ཏེ་ཡོངས་འཛིན་དུ་བཀུར། དབང་ལུང་རྗེས་གནང་སོགས་ཟབ་ཆོས་མང་པོ་ཡང་ཡང་གསན་ཏེ་དཔོན་སློབ་གཉིས་ཀ་ཐུགས་ཡིད་གཅིག་ཏུ་འདྲེས་པར་གྱུར། དགུང་ལོ་དོན་དྲུག་པ་ལྕགས་བྱ༼ ཕྱི་ལོ༡༨༠༡ ༽ལོར་རྡོ་སྦིས་དགོ་རིའི་གྲྭ་ཚང་དུ་བཞུགས་སྐབས་ཞབས་དཀར་ཚོགས་དྲུག་རང་གྲོལ་ཚང་དང་། ལ་ཁ་སྤྲུལ་སྐུ་སོགས་ལ་བསྙེན་རྫོགས་ཀྱི་སྡོམ་པ་གནང་། དགོན་དེ་གའི་བླ་གྲྭ་ཡོངས་ལ་ཀུན་རིག་གི་དབང་དང་ཏིང་ངེ་འཛིན་རྒྱལ་བོའི་མདོ། ལེགས་བཤད་གསེར་ཕྲེང་གི་དབུ་ནས་ཆོས་ཐུན་གཅིག གདུགས་དཀར་མཆོག་གྲུབ་མ། རྣམ་རྒྱལ་གཟུངས་རིང་གི་ལུང་བཅས་བསྩལ།

དགེ་བཤེས་ཁོང་ཉིད་ཀྱིས་སྔར་ཆུ་བྱི༼ ཕྱི་ལོ༡༧༩༢ ༽ལོར་ཤིང་བཟའ་སྤྲུལ་སྐུ་ཚང་ལ་རྭ་རྒྱ་དགོན་པའི་གདན་ས་གཏད་དེ་ཁོང་ཉིད་བྱ་བཏང་གི་ཚུལ་གྱིས་མདོ་སྨད་ལྷོ་བྱང་གི་དགོན་སྒྲུབ་སྡེ་ཕལ་ཆེར་དང་། མ་ཧཱ་ཙི་ནའི་ཡུལ་གྲུ་སོགས་ཞབས་ཀྱིས་བཅག་སྟེ་དད་ལྡན་བོད་སོག་གི་གདུལ་བྱ་བགྲང་ལས་འདས་པའི་བློ་ཁ་དམ་པའི་ཆོས་ལ་བསྒྱུར། ཡང་ཁོང་ཉིད་ཐེངས་ཤིག་དགོན་པའི་སྒྲིག་ལམ་དག་ཐེར་སོགས་ཀྱི་ཆེད་དུ་ཕྱིར་དགོན་པར་གདན་དྲངས་ནས་དགུན་གཅིག་ལ་བཞུགས། ཤིང་བཟའ་དཔོན་སློབ་ཀྱིས་ཁ་ཤོམ་ལག་ཤོམ་མ་བྱས་ན་མཚན་ཉིད་གྲྭ་ཚང་གི་ཐ་སྙད་མེད་ཅེས་རྣམ་འགྱུར་སོགས་བསླབ་སྟེ་རྩོད་གྲྭ་ཤོག་ཆེན་པོ་བྱུང་འདུག་པར། ཁོང་གིས། འདང་རྒྱོབས། བསམ་བློ་ལེགས་པོ་ཞིག་མ་བཏང་ན་ཀི་བཏབ་པའི་ཉེས་བྱས་གཅིག ཐལ་མོ་བརྡབ་པའི་གཅིག ཧབ་ཆ་བརྒྱབ་པའི་གཅིག་སོགས་འབྱུང་གསུངས། འགྲིག་འགལ་མང་པོ་བྱུང་བར་ཐུགས་སྐྱོ་སྟེ། ངས་འདིར་དགོན་པ་ཞིག་བཏབ་པ་གྲྭ་བ་གཉོམ་ཆུང་དཔེ་ཆ་རེ་ལྟ་མཁན་ཨེ་ཡོང་བསམ་པ་ཡིན་པ་ལས་ཚོང་དང་ཁེ་ཕོག་གི་ཆེད་དུ་མིན། ཁྱོད་རང་ཚོས་ཚོང་ཁེ་ཕོག་དང་རྒྱུ་ནོར་གསོག་གི་བསྡད་ན་གྲྭ་བ་ཡ་རབས་ཚོའི་མིག་ལྟོས་ལ་གནོད་པའི་ཤུགས་རྐྱེན་ངན་པ་ཐེབས་ངེས། ཉི་མ་དེ་རིང་ནས་སྐུ་ཁམས་བདེ་མོ་གྱིས་ཞེས་གསུངས་ནས་སྔོན་བྱོན་དམ་པའི་རྣམ་ཐར་བདག་གིར་མཛད་དེ་དབེན་གནས་གང་འགོལ་རྣམས་སུ་གྲོགས་མེད་གཅིག་པུས་ཐུགས་དམ་ཉམས་བཞེས་ཀྱི་སྒྲུབ་པ་ཡུན་རིང་མཛད་པས་ཉམས་རྟོགས་ཡོན་ཏན་གྱི་གཏེར་ཁ་ཀློང་དུ་བརྡོལ་བ་བྱུང་། ཀ་མདོ་བཀྲ་ཤིས་ཆོས་རྫོང་དང་ཨ་རིག་ཆུ་སྔོན་ཁའི་ཙོ་མོ་ངོ་། ཨ་རིག་ཞོ་མ་ཕུག འདམ་བུའི་བྲག་དཀར། ཏེ་ཐུང་བྲག་དགོན་སོགས་སུ་ཡུན་རིང་བཞུགས། ཉན་ཐོས་འགོག་སྙོམས་པ་བཞུགས་པར་གྲགས་པའི་གནས་ལྷ་ཁང་ལུང་བའི་བྲག་ཕུག་དང་། སྟོང་སྐོར་མཁར་ནང་གཉིས་སུ་དབྱར་དགུན་རེས་མོས་ཀྱིས་བཞུགས་སའི་མཐིལ་མཛད། སྟོང་སྐོར་དགོན་ནས་རྭ་རྒྱ་དགོན་པར་སྣམ་ཕྲུགས། རྩེ་ཞྭ་སོགས་ཀྱི་འགྱེད་ཡང་ཡང་བསྐུར། དགེ་བཤེས་ཁོང་གི་ཕྱག་ཏུ་གསེར་གང་བྱུང་དབུས་གཙང་དུ་མང་འགྱེད་དང་། རྒྱལ་བ་ཡབ་སྲས་ལ་དངོས་འབུལ་གྱི་ཆེད་དུ་བསྐུར་གནང་མཛད། ལྷག་མ་གང་ཡོད་ཀྱིས་གསུང་རབ་དང་ཐང་ག་མང་དུ་བཞེངས། ཆོས་བྲིས་པ་ཨ་མཆོད་གསེར་ཞག་གི་བསམ་པ་ཡིན་གསུངས། སྦྲ་ནག་ཁག་གསུམ་གྱི་རྐུས་ཁྲིམས་གཅོད་རྒྱུར་ཤར་སྤྲུལ་བའི་སྐུ་ལ་རྒྱུ་མཚན་ཞུས། དོང་ཙེ་གང་རྙེད་བསགས་ནས་ཐེ་གུ་གང་འཚམས་ལ་བརྒྱུས་ཏེ་སྤྲང་བོ་ལྔ་བརྒྱ་དྲུག་བརྒྱ་ཙམ་ལ་སྤྲང་འགྱེད་གཏོང་། ཐེ་གུ་ཕྱིར་བླངས་ཏེ་ཡང་བསྐྱར་སྐྱོང་གསོག་བྱེད་པ་སོགས་ཁོང་གི་ཕྱག་གི་དངོས་རྫས་གང་ཡོད་རྣམས་གསེར་དང་དོང་ཙེར་བསྒྲིལ་ནས་བྱ་བཏང་གི་ཚུལ་དུ་གནས་སྐོར་མཛད་དེ་མདོ་སྨད་ཀྱི་དགོན་སྡེ་ཆེ་ཆུང་ཀུན་ལ་མང་འགྱེད་སྤྱི་འཇོག་སོགས་བབ་བསྟུན་གྱིས་བསྙེན་བཀུར་མཛད་དེ་ཟང་ཟིང་གི་དངོས་བོ་རྣམས་རྫོགས་བྱང་གི་གཏེར་དུ་སྦས།

དགེ་བཤེས་ཁོང་ཉིད་ཀྱིས་མདོ་སྨད་ཀྱི་དགོན་ཆེན་རྗེ་སྐུ་འབུམ་དང་བཙན་པོ་དགོན། བྱ་ཁྱུང་བྲག ཆུ་བཟང་དགོན། ཟན་གྲོན། སྟོང་སྐོར་དགོན། དགོན་ལུང་སོགས་དགོན་སྒྲུབ་སྡེ་ཕལ་ཆེ་བར་ཞབས་ཀྱིས་བཅགས་ཏེ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཞིང་ཐུབ་པའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད། ཁོང་གི་དངོས་སློབ་དུ་གྱུར་བ་ཡང་། བོད་སོག་གི་བླ་དཔོན་ཆེ་ཕྲ་དུ་མ་དང་། ལྕང་སྐྱ་སྤྲུལ་སྐུ་ཚང་། ཤར་སྤྲུལ་སྐུ། སྨིན་གྲོལ་སྤྲུལ་སྐུ། ལ་མོ་སྤྲུལ་སྐུ། སྟོང་སྐོར་སྤྲུལ་སྐུ། བྱ་ཁྱུང་མཁན་པོ་ཇུ་ནང་ངག་དབང་སྙན་གྲགས་། ཆེ་ཤོས་བཤད་སྒྲུབ་བསྟན་པའི་ཉི་མ། ལ་མོ་བདེ་ཆེན་གྱི་མར་ཁུའི་སྤྲུལ་སྐུ་ངག་དབང་བསྟན་འཛིན། ལ་མོ་གཡོན་རུ་བློ་བཟང་སྙན་གྲགས། ཤིང་བཟའ་པནྚི་ཏ་བློ་བཟང་དར་རྒྱས། རྐ་ཕུག་པནྚི་ཏ་བློ་བཟང་དོན་གྲུབ། གཡེར་གཤོང་དགེ་འདུན་ཟླ་གྲགས། དགེ་བཤེས་བྱམས་པ་ཟླ་འོད། ཉི་ཟུར་ངག་དབང་དོན་གྲུབ་སོགས་མདོ་སྨད་ལྷོ་བྱང་གི་བླ་ཆེན་མཁས་ཆེན་མང་པོ་ཞིག་དགེ་བཤེས་ཁོང་གི་སློབ་མར་གྱུར་ཏོ།། དགེ་བཤེས་ཁོང་ཉིད་སྐུ་ན་མཐོན་པོའི་དུས་སྟོང་སྐོར་ལྷ་ཁང་ལུང་དུ་སྒྲུབ་པའི་རྒྱལ་མཚན་རྩེ་གཅིག་ཏུ་བསྒྲེངས་པའི་མཐར། དགུང་ལོ་དོན་བརྒྱད་བཞེས་པ་རབ་བྱུང་བཅུ་གསུམ་པའི་ཆུ་ཕག༼ ཕྱི་ལོ༡༨༠༣ ༽ལོའི་སྟོན་དུས་སྐུ་ཁམས་ཅུང་ཟད་ལྟེམས་པའི་ཚུལ་མཛད་པ་ན། སྒོ་མེ་ཕྱོགས་སུ་འབྱོན་བཞེད་ཀྱིས་དད་ལྡན་དུ་མའི་རེ་བ་སྐོང་བཞིན་ཤུག་ཆུའི་རི་ཁྲོད་དུ་དེ་གའི་སྒོམ་སྒྲུབ་པ་རྣམས་ལ་བདེ་མཆོག་ལཱུ་ཨི་བའི་དབང་སོགས་ཆོས་བཀའ་འགའ་ཞིག་བསྩལ་ཅིང་། རིམ་གྱིས་བར་ཝོན་ཏིང་ཀྱྰ་དགོན་པའི་ལྟག་གི་རི་ལྡིངས་སུ་ཕེབས། སྒོ་མེ་ཏིང་ཀྱྰ་དཔོན་སློབ་ཀུན་བཟང་སྙན་གྲགས་རྒྱ་མཚོ་ལ་ང་རང་ཤི་སོང་ན་སྤུར་འདི་ཀར་བཞག་ཨེ་ཆོག་གསུངས་པར། དཔོན་སློབ་བས་ཕྱག་ཕུལ་ཏེ། ང་སྒོ་མེ་ཚང་ལ་དེ་འདྲའི་བསོད་ནམས་ཞིག་ཡོད་ན་ཅི་མ་རུང་། ཐུགས་བཞེད་ལྟར་གནས་འདི་ཀར་བཞུགས་ན་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་ཚིག་ཕུལ། རྭ་རྒྱ་ནས་ཤིང་བཟའ་པནྚི་ཏ་བློ་བཟང་དར་རྒྱས་དགོན་པའི་གྲྭ་མང་བཅས་ཕེབས་ཏེ་བརྟན་བཞུགས་ཕུལ་བར། ང་ལ་རང་དབང་མེད། ཡོད་ཀྱང་ཤ་ཁྲག་གི་ལུས་འདི་སོས་ཐབས་མེད།

གལ་སྲིད་རང་དབང་ཞིག་ཡོད་ན་སྟེང་ཡ་གིར་ལྷ་ཡུལ་ནས་རྩེད་མོ་རྩེ་གི་བསྡད་ན་སྙམ་གསུངས། ཡང་སྲིད་འཁྲུལ་མེད་འབྱོན་རྒྱུའི་སྙན་སྒྲོན་ཞུས་པར། རང་དབང་མེད་པས་སྤྲུལ་སྐུ་མི་ཡོང་། ཡོད་ན་ལྷག་པར་མི་ཡོང་། འཐབ་རྩོད་འཁྲུགས་ལོང་འདིའི་ནང་དུ་ཡོང་ནས་ཅི་བྱེད། ལམ་རིམ་ཆེན་མོ་དང་སྔགས་རིམ་ཆེན་མོ་གཉིས་ཁྱི་གཏུམ་པོས་དེད་ཀྱང་ཁ་ནས་མི་འཆོར་བ་འདི་ངའི་ཡོན་ཏན་ཡིན་པས། ལམ་རིམ་ཆེན་མོ་བློ་ནས་ཤར་ཤར་འདོན་མཁན་གྱི་བྱིས་པ་ཞིག་རྙེད་ན་ཁྱེད་ཚོས་བླུས་ཆོག་ཚུལ་དང་། གསོན་པའི་ཚེ་འཇིག་རྟེན་ཆོས་བརྒྱད་བྱས་པས་མི་ཆོག་པར་ཤི་དུས་ཀྱི་རོ་ལའང་ཆོས་བརྒྱད་བྱེད་བཅུག་པར་དགོས་པ་ཅི་ཡང་མེད་སྟབས། ང་ཤི་རྗེས་ངའི་ཕུང་བོ་འདི་ཙོག་ཙོག་བྱས་ནས་མ་འཇོག འཆི་དུས་ཀྱི་འདུག་སྟངས་ལྟར་ཞོག་ལ་རྒྱབ་ཀྱི་གད་པ་འདི་ཐོག་ཏུ་ཁོབས་ཞེས་ཞལ་ཆེམས་གནང་། ལོ་དེའི་ཧོར་ཟླ་དགུ་བའི་ཚེས་གཉིས་ཀྱི་ཉིན་དགོངས་པ་ཆོས་ཀྱི་དབྱིངས་སུ་གཤེགས་སོ། གསན་ཡིག་འགར་ཁོང་གི་མཚན་གཞན་ལ། བྱམས་པ་དགེ་ལེགས་དང་། བྱམས་པ་རྒྱལ་མཚན་འོད་ཟེར། རྒྱལ་མཚན་འོད་ཟེར་སོགས་ཀྱང་ཟེར། དགེ་བཤེས་ཁོང་གི་གསུང་རྩོམ་སྐོར་ལ་ཀུན་རིག་གི་བསྙེན་ཡིག་དང་ལམ་རིམ་ཟིན་བྲིས། གསང་འདུས་བསྙེན་ཡིག རྭ་རྒྱ་བཀྲ་ཤིས་འབྱུང་གནས་ཀྱི་བཅའ་ཡིག གོང་མའི་བརྟན་གསོལ། ཨ་རིག་དགེ་བཤེས་རིན་པོ་ཆེའི་བླ་མའི་གསུང་ཟིན་བྲིས་སུ་མཛད་པ་ལ་ཤོག་གྲངས་དགུ་སོགས་ཡོད་དོ།།

རྒྱལ་ལུ་ལྷ་རམས་པ། རྩོམ་སྒྲིག

ཤིང་བཟའ་པཎྜི་ཏ། རྩོམ་སྒྲིག

ཤིང་བཟའ་པཎྚི་ཏ་བློ་བཟང་དར་རྒྱས་རྒྱ་མཚོ་མཆོག་ནི་དུས་རབས་བཅོ་བརྒྱད་པའི་སྨད་ཀྱི་ཆ་རུ་བོད་གངས་ཅན་གྱི་ལྗོངས་སུ་བྱོན་པའི་ངེས་པ་དོན་གྱི་པཎྚི་ཏ་ཆེན་པོ་ཞིག་ཡིན་འདུག་པ་སྟེ། དེ་ཡང་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བདུན་པ་མཆོག་གི་ཞལ་ནས། གངས་རི་ར་བས་སྐོར་བའི་ཞིང་ཁམས་ཀུན། །གསལ་བྱེད་སྨྲ་བའི་ཉི་མ་ཁྱོད་ཤར་ཚེ། །རིས་མེད་སྐལ་བཟང་གདུལ་བྱའི་ཕན་བདེ་དཔྱིད། །ཐུབ་བསྟན་འདབ་བརྒྱ་རབ་བཞད་གཉེན་དུ་གྱུར། །ཞེས་གསུང་བ་ལྟར། ཤིང་བཟའ་པཎྚི་ཏ་བློ་བཟང་དར་རྒྱས་རྒྱ་མཚོ་མཆོག་ནི་རབ་བྱུང་བཅུ་གསུམ་པའི་ས་ཡོས་ཕྱི་ལོ་ ༡༧༥༢ ལོར་མདོ་སྨད་ཨ་རིག་ཅེས་པའི་ས་ཆར་ཡབ་མགོན་ཤུལ་ཕྱག་རྡོར་སྐྱབས་དང་ཡུམ་ཨ་རིག་བཟའ་ཚེ་དབང་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། མཚན་ལ་བཀྲ་ཤིས་ཕུན་ཚོགས་ཞེས་བཏགས། དགུང་ལོ་བརྒྱད་བཞེས་པའི་ཚེ་མཁན་པོ་བླ་མ་གཙང་བ་རིན་པོ་ཆེ་བློ་བཟང་ཆོས་འཕེལ་ལས་རབ་དུ་བྱུང་། དགུང་ལོ་བཅུ་ལོན་པའི་ཚེ་ཨ་རིག་དགེ་བཤེས་ཆེན་མོ་རྒྱལ་མཚན་འོད་ཟེར་མཆོག་གིས་བདག་གིར་མཛད་ཅིང་། དགུང་ལོ་བཅུ་གསུམ་པར་ཨ་རིག་དགེ་བཤེས་ཀྱིས་ཤིང་བཟའ་སྒོམ་ཆེན་པའི་སྤྲུལ་སྐུར་ངོས་འཛིན་མཛད། དགུང་ལོ་བཅུ་བདུན་པར་ཨ་རིག་དགེ་བཤེས་ཆེན་མོའི་ཐུགས་བཀོད་ལྟར་དབུས་སུ་སློབ་གཉེར་ལ་ཕེབས། སེར་བྱེས་བྱ་བྲལ་ཁམས་ཚན་དུ་འཆད་རྩོད་རྩོམ་གསུམ་གྱི་བྱ་བར་ཐུགས་ཀྱི་བརྩོན་པ་ཤུགས་དྲག་མཛད་དེ། དབུ་སེམས་ཀྱི་རང་གཞུང་གཙོ་བོར་གྱུར་པའི་ཤོག་ཆེན་སྟོང་ཕྲག་ལྷག་ཐུགས་ལ་བཟུང་སྟེ་རྒྱུགས་སུ་འབུལ་བའང་གནང་། པཎ་ཆེན་ཐམས་ཅན་མཁྱེན་པ་བློ་བཟང་དཔལ་ལྡན་ཡེ་ཤེས་དང་། ཀློང་རྡོལ་བླ་མ་རིན་པོ་ཆེ། རྒྱལ་སྲས་མཆོག་སྤྲུལ་རིན་པོ་ཆེ། ལྕགས་ར་སྤྲུལ་སྐུ་སོགས་དམ་པ་དུ་མའི་ཞབས་རྡུལ་སྤྱི་བོར་བླངས་ནས་དབང་བཤད་ཁྲིད་དང་ལུང་མན་ངག་གི་བདུད་རྩི་མ་ལུས་པར་གསན་སྦྱངས་མཐར་ཕྱིན་པ་གནང་ནས། རབ་བྱུང་བཅུ་གསུམ་པའི་མེ་མོ་ལུག་གི་ལོར། ལྷ་སའི་སྨོན་ལམ་གྱི་གྲྭ་སྐོར་མཛད་ནས་དགེ་བཤེས་ལྷ་རམས་པ་ཨང་དང་པོར་ཐོན་པས། སྐབས་དེའི་བོད་གཞུང་ནས་པཎྚི་ཏའི་བཀའ་ཤོག་དང་ན་བཟའ་ཆ་ཚང་། ལྷ་དར་ནང་མཛོད་སོགས་མཁོ་དངོས་གྱ་ནོམ་པ་ཕུལ། དེ་ནས་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་འགྲིམས་ཏེ་སྔགས་ཀྱི་དམ་བཅའ་ཆེན་མོ་སོགས་མཛད་ནས། བཀའ་དང་མདོ་སྔགས་ཀྱི་གདམས་ངག་མ་ལུས་པས་ཐུགས་རྒྱུད་ཕྱུག་སྟེ། དུས་རབས་བཅོ་བརྒྱད་པའི་སྨད་ཀྱི་ཆ་དང་དུས་རབས་བཅུ་དགུའི་སྟོད་ཀྱི་ཆ་ལ་མཚོན་ན། པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ་མཆོག་གིས་མཛད་པའི་རྭ་རྒྱ་དགོན་པའི་བཀའ་འགྱུར་དཀར་ཆག་མདོ་རྒྱུད་ཆོས་ཀྱི་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ལས། མདོ་སྔགས་ལེགས་བཤད་ཆོས་ཀྱི་དགའ་སྟོན་གྱི༎ དཔལ་ལ་འདོད་དགུར་སྤྱོད་པའི་སློབ་བུའི་ཚོགས༎ དབུས་གཙང་རྒྱ་སོག་མདོ་སྨད་ཁམས་སོགས་ཀྱི༎ འཛིན་མའི་ཁྱོན་ཀུན་མ་ལུས་ཡོངས་སུ་བཀང་༎ ཞེས་གསུངས་པ་ལྟར་ཏུ། སྐབས་དེར་མདོ་དབུས་ཁམས་གསུམ་གྱིས་མཚོན་པའི་བོད་གངས་ཅན་གྱི་ལྗོངས་ཙམ་མ་ཡིན་པར། རྒྱ་ནག་དང་སོག་པོའི་ཡུལ་ཁམས་སུ་ཡང་སྙན་པའི་གྲགས་པ་ཡོངས་སུ་ཁྱབ་པ་བྱུང་། སྐབས་དེའི་མཁས་ཐོབ་ཀྱི་ཆོ་ལོ་དེ་དག་ནི་ད་ལྟའི་རིན་པོ་ཆེ་དང་མཁས་དབང་སོགས་གང་འདོད་དུ་བཏགས་ཆོག་ཆོག་ལྟ་བུ་ཞིག་མིན་ལ། ལྷག་པར་དུ་བོད་ཀྱི་ཉི་ཟླ་ཟུང་དུ་གྲགས་པའི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བདུན་པ་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་བོ་མཆོག་གི་ཞལ་ནས། ཐུབ་བསྟན་ཡོངས་རྫོགས་ཀྱི་གསལ་བཤད་དམ་པར་གྱུར་པ་ཨེར་ཏི་ནི་པཎྚི་ཏ་ཤིང་བཟའ་ཧོ་ཐོག་ཐུ་བློ་བཟང་དར་རྒྱས་རྒྱ་མཚོ་ཞེས་ཀྱང་གསལ་ཡོད། རབ་བྱུང་བཅུ་གསུམ་པའི་ཁྱི་བྱི་ལོར། དམ་པ་ཁོང་ཆུང་དུས་སུ་བྱམས་བརྩེའི་ཐུགས་ཀྱིས་བསྐྱངས་པའི་ཨ་རིག་དགེ་བཤེས་ཆེན་མོ་མཆོག་གིས་དབུས་ཕྱོགས་སུ་ཁོང་གི་དབུ་སྐྲ་བསྐུར་ནས་དགེ་བཤེས་མཆོག་དགུང་ལོ་བགྲེས་བོར་ཕེབས་ཟིན་པས། ཤིང་བཟའ་པཎྚི་ཏ་མཆོག་ཕྱིར་མདོ་སྨད་དུ་ཞབས་སོར་འཁོད་དགོས་པའི་ནན་སྐུལ་གནང་བ་ལྟར། པཎྚི་ཏ་མཆོག་དབུས་ཕྱོགས་ཀྱི་དགེ་བཤེས་ཉི་ཤུ་ལྷག་དང་མཉམ་དུ་ཁམས་ཕྱོགས་བརྒྱུད་མདོ་སྨད་རྭ་རྒྱ་རུ་ཕེབས། སྔར་ཡོད་ཀྱི་མཚན་ཉིད་གྲྭ་ཚང་གི་སྟེང་དུ་རྒྱུད་པ་གྲྭ་ཚང་དང་དུས་འཁོར་གྲྭ་ཚང་། སྨན་པ་གྲྭ་ཚང་དང་རྟ་མགྲིན་གྲྭ་ཚང་སོགས་མང་བོ་ཞིག་གསར་འཛུགས་གནང་བ་དང་། སྒྲུབ་མཆོད་ཀྱི་ཆོ་ག་ཕྱག་ལེན་སོགས་མང་པོ་གསར་འཛུགས་མཛད། རབ་བྱུང་བཅུ་བཞི་པའི་ཆུ་མོ་བྱ་ལོ་སྟེ་ཕྱི་ལོ་ ༡༨༡༣ ལོར་སྐུ་འབུམ་དགོན་པའི་གདན་སའི་ཁྲི་ལ་ཕེབས་ཤིང་ལོ་ངོ་གསུམ་གྱི་རིང་དུ་གདན་ས་བསྐྱངས། རབ་བྱུང་བཅུ་བཞི་པའི་ས་ཕོ་སྟག་གི་ལོ་སྟེ་ཕྱི་ལོ་ ༡༨༡༨ ལོར་རོང་བོ་ཐོས་བསམ་གླིང་གི་གདན་སའི་ཁྲི་ལ་ཕེབས་ཏེ་འགྲིག་ལམ་ཀུན་སྤྱོད་དང་སློབ་གཉེར་བཅས་ལ་དོ་དམ་ནན་དུ་མཛད་ནས་ལོ་ལྔའི་རིང་དུ་ལུང་རྟོགས་ཀྱི་བསྟན་པ་གོང་ནས་གོང་དུ་འཕེལ་བར་མཛད། གཞན་ཡང་དུས་རབས་བཅུ་དགུའི་སྟོད་དུ་ཤིང་བཟའ་པཎྚི་ཏ་མཆོག་གིས་རྭ་རྒྱ་འཀའ་འགྱུར་པར་ཤིང་ཆེན་མོ་་གསར་བཞེངས་མཛད་པ་དང་། དམ་པ་འདིའི་གསུང་རྩོམ་ལ། འཕྲིན་ཡིག་ངང་བའི་རྒྱལ་བོ། <<དྲང་ངེས་རྣམ་འབྱེད་ཀྱི་ཟིན་བྲིས་དཀའ་གནས་གསལ་བར་བྱེད་པའི་སྒྲོན་མེ།>> <<རྗེ་བཙུན་མ་སེང་ལྡེང་ནགས་ཀྱི་སྒྲོལ་མ་ལ་བསྟོད་པ་གདོང་ལྔའི་སྒྲ་དབྱངས། >><<ཨ་རིག་དགེ་བཤེས་ཆེན་མོའི་རྣམ་ཐར། སྲིད་ཞིའི་དགེ་མཚན་མ། >><<ཤིང་བཟའ་པཎྚི་ཏའི་བསླབ་བྱ། >><<བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་བཞི། >><<ཤིང་བཟའི་དྲིས་ལན། >><<མཐུ་སྟོབས་མངའ་བདག་མ།>><< བསྔོ་བ་ཕན་བདེའི་དཔལ་སྟེར།>><< སྒྲོལ་མའི་རླུང་རྟ།>>སོགས་ཆོས་ཚན་སྐོར་འགའ་རེ་བཞུགས། རབ་བྱུང་བཅུ་བཞི་ལོའི་ཤིང་སྤྲེལ་ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན།

གཞོན་སྐྱེས་མི་སྣ། རྩོམ་སྒྲིག

ཤིང་བཟའ་སྤྲུལ་སྐུ་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན། རྩོམ་སྒྲིག

མདོ་སྨད་བོང་སྟག་ཏུ་སྤྱི་ལོ་༡༩༨༠ ལོར་འཁྲུངས། སེ་ར་དགོན་པར་སློབ་གཉེར་མཐར་སོན། དགེ་བཤེས་ཀྱིས་མིང་བཏགས་བཞེས། དེང་སྐབས་ཨ་རིར་བཞུགས།

ཨ་ཀ་སྤྲུལ་སྐུ་བཀྲ་ཤིས་བཟང་པོ། རྩོམ་སྒྲིག

ཙང་ཀི་སྡེ་བར་སྤྱི་ལོ་ལོ་༡༩༦༣ ལོར་འཁྲུངས། སེ་ར་དགོན་པར་སློབ་གཉེར་མཐར་སོན། ༸གོང་ས་མཆོག་གིས་ཨ་ཀ་སྤྲུལ་སྐུར་ངོས་འཛིན་གནང་། དེང་སྐབས་ཐའེ་ཝན་དུ་བཞུགས།

མཁན་ཟུར་འཇམ་དཔལ་རྒྱ་མཚོ། རྩོམ་སྒྲིག

ཙང་ཀི་སྡེ་བར་འཁྲུངས། རྭ་རྒྱ་དགོན་པར་སློབ་གཉེར་མཐར་སོན་ཏེ། མཁན་པོ་མཛད་འགན་ལོ་མིང་རིང་བཞེས། དེང་སྐབས་འཆད་ཉན་དང་སྒོམ་སྒྲུབ་གཞོལ་བཞིན་རང་དགོན་དུ་བཞུགས།

མཁན་ཟུར་བློ་གྲོས་བཟང་པོ། རྩོམ་སྒྲིག

རྭ་རྒྱ་དང་རྡི་ཚ་གཉིས་ཀར་སློབ་གཉེར་གནང་སྟེ་བཀའ་པོད་ལྔ་རྒྱུད་སྡེ་དང་བཅས་པར་མཐར་སོན། ཪྭ་རྒྱའི་མཁན་པོའི་མཛད་འགན་ལོ་མིང་རིང་བཞེས། དགེ་ཕྲུག་མང་དུ་བསྐྱངས། ད་ལྟ་སྤོང་བ་བསམ་གཏན་དང་འཆད་ཉན་ངང་རང་དགོན་དུ་བཞུགས།

རྭ་རྒྱ་འཇིགས་མེད་རྒྱལ་མཚན། རྩོམ་སྒྲིག

རྭ་རྒྱ་དང་། སྐུ་འབུམ། བླ་བྲང་སོགས་སུ་སློབ་གཉེར་གནང་། གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གསར་འཛུགས་མཛད། རྭ་རྒྱ་རུ་དགེ་ཕྲུག་མང་དུ་བསྐྱངས། རྭ་རྒྱ་དགོན་པའི་དོ་དམ་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་ཡང་ལོ་མང་རིང་བཞེས། ད་ལྟ་ཤེས་རིག་ནོར་གླིང་འཛིན་སྐྱོང་ངང་བཞུགས་པ་ལགས།

མཁན་ཟུར་བློ་བཟང་བཟོད་པ། རྩོམ་སྒྲིག

མཁན་པོ་དགེ་འདུན་དར་རྒྱས། རྩོམ་སྒྲིག

ལྷ་རམས་པ་བཀྲ་ཤིས་བཟང་པོ། རྩོམ་སྒྲིག

དགེ་བཤེས་བློ་བཟང་དཔལ་ལྡན། རྩོམ་སྒྲིག

རབ་འབྱམས་པ་དགེ་འདུན་ཉི་མ། རྩོམ་སྒྲིག

ལྷ་རམས་པ་བློ་བཟང་དགེ་འདུན། རྩོམ་སྒྲིག

རྨ་དུག་ལྕེ། རྩོམ་སྒྲིག

སྒྲོལ་མ། རྩོམ་སྒྲིག

དེ་སྔོན་མཚོ་སྔོན་བརྙན་འཕྲིན་ཁང་གི་མདོ་འཛིན་པ་དང་། བོད་རྒྱ་དབྱིན་གསུམ་ཆེད་ལས་ལོ་ཙཱ་བ། ད་ལྟ་རང་དབང་གི་ཡིག་སྒྱུར་གྱི་ལས་ལ་འབད་ཀྱི་ཡོད།

གླུ་མ་རྒྱ་མོ་སྐྱིད། རྩོམ་སྒྲིག

གླུ་བ་ཙི་ལོ། རྩོམ་སྒྲིག

གླུ་མ་ཕྱུག་མོ། རྩོམ་སྒྲིག

མགར་བསམ་གྲུབ་ཚེ་རིང་། རྩོམ་སྒྲིག

https://www.youtube.com/watch?v=86FuIPTyjQc

རྨ་ཀླུང་གླུ་བ་ལྷུན་གྲུབ། རྩོམ་སྒྲིག

<iframe width="560" height="315" src="https://www.youtube.com/embed/OBnz_hMfAFw" frameborder="0" allowfullscreen></iframe>

ཁ་བའི་མེ་ཏོག་ཚན་སྡེབ། རྩོམ་སྒྲིག

ཕྱི་སྡོད་མི་སྣ། རྩོམ་སྒྲིག

པར་རིས་བར་འཁྱམས། རྩོམ་སྒྲིག

ཟིན་ཐོ་འམ་དཔྱད་གཞི། རྩོམ་སྒྲིག

དཔྱད་གཞིའི་དཀར་ཆག རྩོམ་སྒྲིག

ད་དུང་གཟིགས། རྩོམ་སྒྲིག

ཕྱི་ཕྱོགས་དྲ་མཐུད། རྩོམ་སྒྲིག