༡༠༽ཁོ་ནའི་ཚིག་ཕྲད་བཤད་པ།

༡༠༽ཁོ་ནའི་ཚིག་ཕྲད་བཤད་པ།


རྩ་བར། ངེས་པར་བཟུང་བའི་ཚིག་གི་དོན། ། གཞན་མི་ལྡན་དང་གཞན་ལ་མིན། ། ལྡན་པ་ཙམ་དུ་འཛིན་པ་དང་། ། མ་ངེས་པ་ནི་རྣམ་པ་གཉིས། ། བདེན་ཉིད་མི་བསླུ་བ་ཉིད་དང་། ། ཁོ་ན་དག་ནི་རྣམ་པ་དྲུག ། ཁོ་ན་ཞེས་པའི་ཕྲད་འདི་གང་ལ་འཇུག་པའི་ཡུལ་ནི་ ༡ མི་ལྡན་པར་ངེས་པར་གཟུང་བ་དང་། ༢ གཞན་ལ་མི་ལྡན་པར་ངེས་པར་གཟུང་བ། ༣ གཞན་མི་ལྡན་པ་ངེས་པར་གཟུང་བ། ༤ གཞན་ལ་མི་ལྡན་པ་མ་ངེས་པ། ༥ ལྡན་པ་ཙམ་དུ་ངེས་པར་གཟུང་བ། ༦ བདེན་ཞིང་མི་བསླུ་བའི་དོན་དང་དྲུག་ལ་འཇུག་གོ ། དེ་དག་གི་གོ་དོན་དང་དཔེར་བརྗོད་རིམ་པ་བཞིན་འགོད་ན། དང་པོ། གཞན་མི་ལྡན་པ་ངེས་པར་གཟུང་བ་ནི། མི་ལྡན་རྣམ་གཅོད་ཀྱི་སྒྲ་སྟེ། དཔེར་ན། སངས་རྒྱས་ནི་ཡོན་ཏན་ཁོ་ན་དང་ལྡན་ནོ་ལྟ་བུ། ཤེས་བྱ་ནི་བློ་ཡི་ཡུལ་ཁོ་ནར་གསུངས། དངོས་པོ་ཀུན་འདུས་བྱས་ཁོ་ནར་གྲུབ་ལྟ་བུ། གཉིས་པ་གཞན་མི་ལྡན་པ་ནི། གཞན་ལྡན་རྣམ་གཅོད་དེ། དཔེར་ན། སངས་རྒྱས་ཁོ་ན་ལ་ཡོངས་སུ་རྫོགས་པའི་ཡོན་ཏན་མང་། རྒྱུ་ཁོ་ན་ལ་འབྲས་བུ་སྐྱེ་བའི་ནུས་པ་ལྡན། འབྲས་བུ་ཁོ་ན་ལ་རྒྱུ་ལས་བྱུང་བའི་ཁྱད་ཆོས་ལྡན། གསུམ་པ་གཞན་མི་ལྡན་པ་ངེས་པར་གཟུང་བ་ནི། གཞན་མི་ལྡན་རྣམ་གཅོད་དེ། དཔེར་ན། སྲིད་སྒྲུབ་འཕོང་ཁོ་ན་སྐྱེན། བློ་བཟང་རྒྱ་སྐད་ཁོ་ན་ལ་མཁས། བཞི་པ་གཞན་ལ་མི་ལྡན་པ་མ་ངེས་པ་ནི། གཞན་ལ་མི་ལྡན་རྣམ་གཅོད་ཀྱི་སྒྲ་སྟེ། དཔེར་ན། སྲིད་སྒྲུབ་ཁོ་ན་རྩིས་ལ་མཁས། འཛིན་གྲྭའི་ནང་བློ་བཟང་ཁོ་ན་རྒྱ་སྐད་ལ་མཁས། ལྔ་པ་ལྡན་པ་ཙམ་དུ་ངེས་པར་གཟུང་བ་ནི། ལྡན་པ་རྣམ་གཅོད་ཀྱི་སྒྲ་སྟེ། དཔེར་ན། སྲིད་སྒྲུབ་རྩིས་མཁས་པ་ཁོ་ནའོ། ། བློ་བཟང་རྒྱ་སྐད་མཁས་པ་ཁོ་ནའོ། ། དྲུག་པ་བདེན་ཞིང་མི་བསླུ་བའི་དོན་ནི། བདེན་པ་རྣམ་གཅོད་ཀྱི་སྒྲ་སྟེ། དཔེར་ན། ཀུན་རྫོབ་དང་དོན་དམ་པའི་དེ་ཁོ་ན་ཉིད། དངོས་ཀུན་རང་བཞིན་མེད་པ་ཁོ་ནའོ། ། ལྟ་བུ། རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ། བམ་པོ་ཉི་ཤུ་རྩ་གཅིག་པ་ལས། དེ་ལ་དེ་ཁོ་ནའི་དོན་ནི་མདོར་བསྡུ་ན་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ། འཇིག་རྟེན་གྱི་གྲགས་པ་དང་། རིགས་པའི་གྲགས་པ་དང་། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང་། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང་། རྣམ་པར་བཞག་པ་དང་། རྣམ་པར་མ་བཞག་པའོ། ། དེ་ལ་དེ་ཁོ་ན་རྣམ་པ་བཞིའི་རབ་ཏུ་དབྱེ་བ་ནིའདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སར་སྔར་བསྟན་པ་བཞིན་དུ་རིག་པར་བྱའོ། ། རྣམ་པར་གཞག་པའི་དེ་ཁོ་ན་གང་ཞེ་ན། སྨྲས་པ། འཕགས་པའི་བདེན་པ་བཞི་སྟེ། སྡུག་བསྔལ་ནི་སྡུག་བསྔལ་དུ་རྣམ་པར་གཞག་པ་དང་། ལམ་གྱི་བར་དུ་ལམ་དུ་རྣམ་པར་གཞག་པའོ། ། ཞེས་ཀྱང་གསུངས་སྣང་ངོ། །