ཀ་མདའི་གནའ་ཤུལ་གྱི་ལོ་རྒྱུས་མདོར་བསྡུས།

ནང་ཆེན་སྡོམ་པ་ཀ་སྨད་ཀྱི་ཀ་མདའ་སྣར་ཡོད་པའི་ཀ་མདའི་གནའ་ཤུལ་ནི།    དེང་སང་སྡོམ་པ་ཡུལ་ཤོག་སྲིད་གཞུང་ཡོད་ས་ནས་ལྷོ་ཕྱོགས་སུ་སྤྱི་ལེ་15མཚམས།  ཀ་ཆུ་དང་ལྕི་ཆུ་གཉིས་འདུས་པའི་མདོ་སྟེ་ཀ་མདའ་སྣ་རུ་ཆགས་ཡོད། གནས་དེར་མཚོ་ངོས་ཀྱི་མཐོ་ཚད་སྨི4000ཡས་མས་ཡིན།  གནའ་ཤུལ་འདིར་ཀ་མདའ་ཞེས་འབོད་པའི་རྒྱུ་མཚན་ནི།  ངག་རྒྱུན་ལས།  “ཀ་ནས་ཡོང་སྟེ་མདའ་ལ་ཆགས། །ཀ་མདའ་ཐོག་དོན་དེ་ནས་བྱུང་། །”ཞེས་པ་ལྟར།  ཐོག་མར་ལུང་པ་དེའི་ཕུ་རུ་ཀ་ཡི་རང་བྱུང་ཡོད་པའི་རྒྱུ་མཚན་གྱིས་སྟོད་ལ་ཀ་སྟོད་དང་།  སྨད་ལ་ཀ་སྨད། བར་ལ་ཀ་གཞུང་། མདའ་ལ་ཀ་མདའ་ཞེས་འབོད་པ་དང་།  ཀ་མདའ་དགོན་འདི་ཐོག་མར་ཀ་གནམ་ལྗིག་གསུམ་གྱི་བྱེ་བྲག་གནམ་གཞུང་ཀ་ཡག་ཐང་ལ་ཆགས་ནས།  དེ་རྗེས་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རིམ་བཞིན་ཀ་མདའ་སྣ་རུ་སྤོས་ནས་དེར་ཆགས་རྗེས།  ཀ་ནས་ཡོང་སྟེ་མདའ་ལ་ཆགས་ཅེས་ཟེར་སྲོལ་བྱུང་བ་ལྟར་ཀ་མདའ་དགོན་ཞེས་གྲགས་པར་གྱུར།  ཀ་ཡག་ཐང་དུ་སྔོན་དུས་དགོན་དེ་ཉིད་ཆགས་རྗེས་གནའ་ཤུལ་ཡང་ཡོད་འདུག  

 དགོན་འདི་ཐོག་མར་ཕྱག་འདེབས་པ་པོ་ནི།  རྗེ་རིན་པོ་ཆེའི་དངོས་སློབ་གཅིག་གི་སློབ་མ་ཞིག་ཡིན་པར་གྲགས་ཤིང་། དུས་སྐབས་དེའི་ནང་ཆེན་རྒྱལ་པོས་  (ནང་ཆེན་རྒྱལ་རྒན་བཀྲ་ཤིས་བཟང་པོ་དང་། སེང་གེ་རྒྱལ་མཚན་གཉིས་གང་རུང་ཡིན་པར་སྣང་། )དང་།  ཆབ་མདོ་འཕགས་པ་ལྷ།  ལྕགས་ར་ཧུ་ཐོག་སོགས་ཀྱི་རྒྱབ་བསྐྱོར་ལ་བརྟེན་ནས།  དུས་རབས་བཅོ་ལྔ་པར་ཕྱག་བཏབ་པར་གྲགས།  ཁོང་གི་ཞིབ་གསལ་གྱི་ལོ་རྒྱུས་མ་མཐོང་།  དེ་རྗེས་བསམ་གྲུབ་རྒྱ་མཚོ་ཞུས་བ་ཞིག་དང་། ལྕགས་རའི་བླ་ཚབ་སོགས་ཀྱིས་གདན་ས་དེ་ཉིད་བསྐྱངས་ནས།  དར་རྒྱས་བྱུང་བར་བཤད། 

 དེ་རྗེས་ལོ་གང་མཚམས་ཤིག་ཕྱིན་རྗེས། ནང་ཆེན་རྒྱལ་པོ་ཞིག་དང་། ཨ་དྲག་རྫ་དམར་གཉིས་མཐུན་པར་འཁྲུག་རྩོད་བྱུང་བས། དགོན་འདིས་ནང་ཆེན་རྒྱལ་པོའི་སྐུ་རྐྱེན་ཐབས་དང་ནུས་པས་བསལ་ཞིང་མགོན་སྐྱབས་མཛད་པས།  དེར་ཨ་དྲག་རྫ་དམར་མ་དགའ་བར་དམག་དྲངས་ནས་དགོན་འདི་ཀ་མདའ་སྣ་ནས་ཕུད་པར་གྲགས་ལ།   ངག་རྒྱུན་དུ།  བན་རྒན་དྲུག་བཅུའི་མདོ་རྒན་དྲུག་བཅུ་ཁུར་ཞེས་པ་ལྟར་ད་ལྟའི་རི་རྫོང་མདར་བྲོས་ནས་གནས་དེར།  ནང་ཆེན་ཨ་ཉོག་རྒྱལ་པོའམ་མི་དབང་རིན་ཆེན་རྣམ་རྒྱལ་མཆོག་གི་བརྩེ་གཟིགས་དང་རྒྱབ་སྐྱོར་འོག  སྤྱི་ལོ༡༦༥༦ལོར་རྟེན་ཆགས་པ་ད་ལྟའི་ཀ་མདའ་དགོན་ཐེག་ཆེན་གླིང་འདི་ཡིན།  ད་བར་གནའ་ཤུལ་འདིར་མི་ལོ500ནས600ཡས་མས་ཀྱི་ལོ་རྒྱུས་ཡོད་དོ།  །