ཀིརྟི་སྐུ་ཕྲེང་བརྒྱང་པ་བློ་བཟང་འཕྲིན་ལས་བསྟན་པ་རྒྱ་མཚོ་

རབ་བྱུང་བཅུ་བཞི་པའི་ལྕགས་ཁྱི(༡༨༥༠)ལོར་ཡབ་ཇོ་མོ་ཐར་དང་ཡུམ་བདེ་ཆེན་གཉིས་ཀྱི་སྲས་སུ་འཁྲུངས། དེང་སྐབས་གསར་ཐོན《སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་ལོ་རྒྱུས》ནང་འཁྲུངས་ལོ་རབ་བྱུང་བཅུ་བཞི་པའི་ལྕཀས་འབྲུག་ཡིན་པར་བཤད། དགུང་ལོ་བའི་ལཕེབས་སྐབས་འཇམ་དབྱངས་བཞད་པ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་རིན་པོ་ཆེ་ནས་བཀྲ་ཤིས་འཁྱིལ་གྱི་བཙན་ཁང་དུ་གསེར་ཁྲི་རྣམ་གཉིས་སོགས་གདན་སའི་བླ་སྤྲུལ་གྲྭདམངས་ཚང་མ་འཛོམས་སར་ཀིརྟི་སྐུ་ཕྲེང་བདུན་པའི་ཡང་སྲིད་ཡིན་པར་ངོས་འཛིན་ཐག་གཅོད་དང་མཚན་གསོལགནང་སྟེ་ཀིརྟི་དགོན་པའི་གདན་ཁྲིར་མངའ་གསོལ། དགེ་བའི་བཤེས་གཉེན་དཀོན་མཆོག་སྨོན་ལམ་དང་ཐུབ་བསྟན་མཐའ་ཡས་སོགས་བླ་མ་མང་དུ་བསྟེན་ནས་གཞུང་ཆེན་པོལྔ་དང་། རིག་གནས་སྐོར། གསང་སྔགས་ཀྱི་དབང་ལུང་ཁྲིད་གསུམ་སོགས་གསན་བསམ་སློབ་གཉེར་མཐར་ཕྱིན་པ་མཛད། དགོན་པ་རང་དུ་རྒྱུན་བཞུགས་གནང་ཡུལ་གཙོ་བོར་མཛད་ཐོགམཛོད་དགེརྔ་བ་སྟོད་སྨད། སྐུ་འབུམ། བཀྲ་ཤིས་འཁྱིལ་སོགས་དགོན་སྡེ་མང་པོར་ཕེབས་ནས་མདོ་སྔགས་ཀྱི་འཆད་ཉན་དང་། རྟེན་གསུམ་གསར་བཞེངས། སྒྲིག་ཁྲིམས་ཉམས་གསོ་སོགས་གང་ལ་གང་འོས་པའི་མཛད་བཟང་ཡུན་རིང་པོར་བསྐྱངས་པས་བསྟན་འགྲོའི་དོན་ཆེན་སྐྱོང་ཐུབ་པའི་སློབ་མ་གྲངས་ལས་འདས་པ་བྱུང་། དགུང་ལོ་ང་དྲུག་པ་རབ་བྱུང་བཅོ་ལྔ་པའི་ཤིང་སྦྲུལ(༡༩༠༥)ལོར་དགོངས་པ་མྱ་ངན་ལས་འདས། (དེང་དུས་གསར་རྩོམ་《སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་ལོ་རྒྱུས》ནང་སྐུ་གཤེགས་ལོ་ལྕགས་བྱི་ཡིན་པར་བཤད། སྐུའི་དམར་གདུང་དེ་སྔོན་ཀིརྟི་དགོན་གྱི་གདུང་རྟེན་ལྷ་ཁང་ནང་གི་དངུལ་གདུང་ནངབཞུགས་ཡོད་ཅིང་། གསུང་རྩོམ་པོད་གྲངས་བཅུ་གཉིས་ཀྱི་དཔར་ཤིང་ཡང་དགོན་པར་བཞུགས་ཡོད་ཚུལ་གསལ)རྣམ་ཐར་ལོ་རྒྱུས་སྐོར་གསུང་འབུམ་ནང་དང་མདོར་བསྡུས་ཙམ《མདོ་སྨད་ཆོས་འབྱུང》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་ལྕགས་དཔར་མའི་ཤོག་གྲངས༧༢༠པར་གསལ།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།