གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ།

༄༅།། བོད་ཀྱི་སྨན་དཔྱད་མཁན་ཆེན་པོ་གཡུ་ཐོག་ཡོན་ཏན་མགོན་པོ།


མི་ཚེ། རྩོམ་སྒྲིག

ཁོང་ནི་སྤྱི་ལོ་༧༠༨པར་སྟོད་ལུང་སྐྱིད་སྣ་རུ་ཡབ་ཁྱུང་བོ་རྡོ་རྗེ་དང་ཡུམ་རྒྱ་ས་ཆོས་ཀྱི་སྒྲོན་མེ་གཉིས་ཀྱི་སྲས་སུ་སྤེལ་ཟླའི་ཚེས་བཅོ་ལྔའི་ཉིན་འཁྲུངས། དགུང་ལོ་གསུམ་པར་རང་གི་ཡབ་ལས་ཡི་གེ་འབྲི་ཀློག་དང་གསོ་དཔྱད་ཀྱི་གཞུང་ལུགས་གསན་པས་ཚེས་མེད་དུ་མཁྱེན། དགུང་ལོ་ལྔ་བར་ཡབ་ལས་བདུད་རྩི་སྨན་སྒྲུབ་དང། སྨན་བླའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ཞུས། དགུང་ལོ་བཅུ་བ་ཆོས་རྒྱལ་མེས་ཨག་ཚོམ་གྱིས་སྤྱན་དྲངས་ནས་བསམ་ཡས་སུ་ཕེབས། རྒྱལ་བོས་ཉམས་ལེན་ཕྱེར་ཕོ་བྲང་དུ་རྒྱལ་གཉེར་མཁར་ཕུག་སོགས་བོད་ཀྱི་མཁས་པ་རྣམས་དང་རྩོད་དུ་བཅུག་པར་ཀུན་ལས་རྣམ་པར་རྒྱལ་ཏེ་བོད་སྨན་གྱི་མཁས་པ་མི་དགུའི་གཙོ་བོར་གྱུར། རྒྱ་གར་གྱི་སྨན་པ་དང་རྒྱ་ནག་གི་སྨན་པ་སྟོང་གསུམ་གང་བ་སོགས་ཡུལ་གཞན་ནས་གདན་དྲངས་བླ་སྨན་མཁས་པ་མི་དགུས་དྲི་བ་མི་འདྲ་བ་བཏོན་པར་ཁོང་གིས་སྒྲ་ཚད་རིགས་ལམ་གྱི་ལན་དོན་མཐུན་བཏབ་སྟེ་རྒྱ་དཀར་ནག་བོད་ཀྱི་མཁས་པ་ཡོངས་ཀྱི་གཙུག་ཏུ་བཀུར་ཞིང་སངས་རྒྱས་སྨན་བླར་དངོས་སུ་འཛིན། ཆོས་རྒྱལ་མེས་ཨག་ཚོམ་དང་ཁྲི་སྲོང་ལྡེ་བཙན་གྱི་བླ་སྨན་མཛད། དགུང་ལོ་ཉེར་ལྔ་བར་རྒྱ་གར་དུ་ཐེངས་མང་པོར་ཕེབས་ཏེ་པཎ་ཆེན་ཙན་དྲ་དང་མཁས་པ་མེད་འདྲ་བ་བཏོན་པར་ཁོང་གིས་སྒྲ་ཚད་རིགས་ལམ་གྱི་ལན་དོན་མཐུན་བཏབ་སྟེ་རྒྱ་གར་ནག་བོད་ཀྱི་མཁས་ཡོངས་ཀྱིས་གཙུག་ཏུ་བཀུར་ཞིང་སངས་རྒྱས་སྨན་བླར་དངོས་སུ་འཛིན། ཆོས་རྒྱལ་མེས་ཨག་ཚོམ་དང་ཁྲི་སྲོང་ལྡེ་བཙན་གྱི་བླ་སྨན་མཛད། དགུང་ལོ་ཉེར་ལྔ་བར་རྒྱ་གར་དུ་ཐེངས་མང་པོར་ཕེབས་ཏེ་པཎཆེན་ཙན་དྲ་དང་མཁས་པ་མེད་དབང་སོགས་བསྟེན་ནས་དཔལ་ལྡན་རྒྱུད་བཞིའི་ཁ་སྐོང་མུ་ཏིག་ཕྲེང་བ་དང། ཐུར་དཔྱད་གནད་ཀྱི་ལྡེ་མིག་སོགས་གདམས་ངག་མང་པོ་གསན། རྒྱ་ནག་རི་བོ་རྩེ་ལྔར་ཐེངས་གཅིག་ཕེབས་ཏེ་འཕགས་པ་འཇམ་དཔལ་ལས་སྦྱོར་བའི་ཕྲེང་བ་དང་བྱང་ཁོག་དོན་འགྲེལ་སོགས་གསན། སྐུ་ཚེ་གང་བོར་བོད་ཡུལ་ཐམས་ཅད་དུ་འགྲོ་བ་ནད་པའི་སྡུག་བསྔལ་སེལ་བ་དང་གསོ་དཔྱད་སྨན་རྒྱུད་སྤེལ་བའི་སློབ་མའི་ཚོགས་བསྐྱངས། སྐྱེས་དངོས་སྨན་གྱི་ངོས་འཛིན་སྤྱོར་བསྡེབས་ཀྱི་ཆེད་དུ་ཞབས་ཀྱིས་བཅགས། བལ་བོར་ཕེབས་ཏེ་བལ་བོའི་རྒྱལ་བོ་ཧ་རྡ་རུ་གྲང་བ་ཐུར་འབབ་ཀྱི་ནད་བཅོས་མཛད་དེ་གསོས། ཁོང་གིས་གསོ་བ་རིག་པའི་གཞུང་ཆེན་དཔལ་ལྡན་རྒྱུད་བཞི་ཞེས་པ་དང་རྒྱུད་བཞི་ཐེམ་ཡིག་ཅེས་པ། རྒྱུད་ཀྱི་ཁ་སྐོང་ཞེས་པ་སོགས་པོ་ཏི་སུམ་ཅུ་ལྷག་གི་གསུང་རྩོམ་ཡང་མཛད།སྨན་པའི་ཆེད་ལས་ཀྱི་རིམ་པ་སྨན་པ་རབ་འབྱམས་པ་དང་དཀའ་བཅུ་བ། བསྡུས་ར་བའི་མཚན་རྟགས་ཀྱི་སྲོལ་ཡང་བཏོན། སྐུ་ཚེ་གང་བོར་གསོ་རིག་བསྟན་དོན་ཁོ་ན་མཛད་དེ་དགུང་ལོ་བརྒྱ་དང་ཉེར་ལྔ་བ་སྤྱི་ལོ་༨༣༣ལོར་གཤེགས། ཁོང་ལ་གདུང་རྒྱུད་བཙུན་པའི་སྲས་འབུམ་སེང་དང་དཔལ་འབུལ། དགའ་དགའ་གསུམ་འཁྲུངས། ཀོང་བ་བདེ་རྒྱལ་སོགས་སློབ་མའི་ཚོགས་ཀྱིས་བོད་ཡུལ་གང་བར་བསྐྲུན་ཏོ། བོད་ཀྱི་བྱིས་པའི་རིགས་གནས་བསླབ་དེབ་བློ་གསལ་འཇུག་ངོགས་ཞེས་བྱ་བ་ལས་བཏུས།

འཁྲུངས་ལོ། རྩོམ་སྒྲིག

མེས་ཨག་ཚོམ་དང་ཁྲི་སྲོང་ལྡེ་བཙན་ཡབ་སྲས་གཉིས་ཀྱི་བླ་སྨན། འདི་ཉིད་བོད་ས་སྤྲེལ༼སྤྱི་ལོ་༧༠༨༽ལོར་ཡབ་བཙན་པོ་འདུས་སྲོང་མང་པོ་རྗེའི་བླ་སྨན་གཡུ་ཐོག་ཁྱུང་པོ་རྡོ་རྗེ་དང༌། ཡུམ་རྒྱ་བ་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྟོད་ལུང་སྐྱིད་སྣར་སྐུ་འཁྲུངས་ཞེས་དང༌། བོད་ས་སྤྲེལ༼སྤྱི་ལོ་༧༦༨༽ལོར་སྐུ་འཁྲུངས་སོགས་གསུང་ཚུལ་མི་འདྲ་བ་ཡོད།

སློབ་གཉེར་མཛད་ཚུལ། རྩོམ་སྒྲིག

དགུང་ལོ་གསུམ་གྱི་ཐོག་རང་གི་ཡབ་ལས་ཡི་གེ་འབྲི་ཀློག་སློབ་འགོ་ཚུགས། དེ་ནས་རིམ་བཞིན་རིག་གནས་སྤྱི་དང༌། ཁྱད་པར་གསོ་དཔྱད་སྨན་གྱི་རིག་པའི་གདམས་ངག་སློབ་སྦྱོང་མཛད། སྐུ་ན་ཧ་ཅང་ཕྲ་ཡང་མཁྱེན་རབ་དང་བརྩོན་འགྲུས་ཤིན་ཏུ་ཆེ་བས་རིང་པོར་མ་ཐོགས་པར་གསོ་བ་རིག་པའི་གཞུང་ལུགས་ལ་སྦྱངས་པའི་རྩལ་རྫོགས་ཏེ་མཁས་པའི་གོ་སར་ཕེབས། ཡབ་ཀྱི་བཀའ་བཞིན་གསོ་དཔྱད་ཀྱི་ལག་ལེན་དངོས་ནང་ཞུགས་ཏེ་སྐད་ཅིག་ཙམ་ཡང་མི་གཡེལ་བར་ནད་པ་མང་པོ་བསྐྱངས་པས་སྐྱེ་བོ་རྣམས་ཀྱི་དད་མོས་ཆེན་པོ་ཐོབ་ནས་སྨན་བླ་གཉིས་པ་ཡོན་ཏན་མགོན་པོ་ཞེས་ཆེད་བསྟོད་ཀྱི་མཚན་གསོལ་བར་གྲགས།

རྒྱལ་པོའི་བླ་སྨན་དུ་གྱུར་བ། རྩོམ་སྒྲིག

དེ་སྐབས་གཡུ་ཐོག་ཆེན་པོའི་མཁྱེན་སྤྱོད་ཀྱི་མཚན་སྙན་དེ་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་སྙན་དུ་གསན་པས་གདན་དྲངས། ཐོག་མར་ཉམས་སད་པའི་ཕྱིར་རྒྱལ་པོ་ཉིད་ཀྱི་བླ་སྨན་བྲང་ཏི་རྒྱལ་གཉེར་མཁར་ཕུག་སོགས་སྨན་པ་མཁས་པ་རྣམས་དང་རྩོད་དུ་བཅུག་པས་ཀུན་ལས་རྣམ་པར་རྒྱལ་ཏེ་བོད་སྨན་མཁས་པ་མི་དགུའི་གཙོ་བོར་གྱུར།

སྨན་གཞུང་ཚད་ལྡན་དུ་བཏང་ཚུལ། རྩོམ་སྒྲིག

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་རྒྱ་དཀར་ནག་དང༌། བལ་པོ། ཏ་ཟིག ཁ་ཆེ་ལ་སོགས་པ་ནས་སྨན་པ་མཁས་པ་མི་དགུ་གདན་དྲངས། རྒྱ་གར་དང་རྒྱ་ནག་སོགས་མཐའ་བཞིའི་སྨན་པ་རྣམས་ཀྱིས་གཡུ་ཐོག་ཆེན་པོར་གསོ་རིག་གི་ལོ་རྒྱུས་དང་དར་རྒྱས་སྐོར་ལ་དྲི་བ་མང་པོ་བཏོན་པར་གནད་དུ་འཁེལ་བའི་ལན་འདེབས་གནང་མཛད་པས་གཡུ་ཐོག་པའི་མཁྱེན་ཡོན་ལ་ཀུན་ཧ་ལས་ཏེ་བོད་ན་སྐྱེས་མཆོག་དམ་པ་འདི་ལྟ་བུ་ཐོན་པ་ངོ་མཚར་ཆེ་ཞེས་ཀུན་གྱིས་ཕྱག་མཛད་ནས་རྒྱ་བོད་མཁས་པ་རྣམས་ཀྱི་གཙུག་ཏུ་བཀུར་བས་མི་ཡུལ་དུ་བྱོན་པའི་སངས་རྒྱས་སྨན་བླ་ཞེས་གྲགས། དེ་ནས་གཡུ་ཐོག་ཆེན་པོས་ངལ་བ་དུ་མ་ཁྱད་བསད་ཀྱིས་རྒྱ་གར་དུ་སྔ་ཕྱིར་ཐེངས་གསུམ་ཕེབས་ཏེ་ཁྱོན་ལོ་དགུ་དང་ཟླ་བ་བརྒྱད་ལྷག་ཙམ་བཞུགས་ཤིང༌། དེའི་རིང་པཎ་ཆེན་ཙན་དྲ་དེ་བ་དང༌། མཁས་པ་མེ་དབང༌། སྨན་པ་མཁས་པ་བཧ་ན་ཤཱི་ལ་ཧ་སོགས་སློབ་དཔོན་བརྒྱ་དང་རྩ་གཅིག་ཙམ་བསྟེན་ནས་རྒྱུད་ཀྱི་ཁ་སྐོང་མུ་ཏིག་ཕྲེང་བ་དང༌། གབ་པ་གསལ་བྱེད་ཐོ་བྱང༌། མན་ངག་ཚད་པ་སྒོ་བཅོས་སོགས་གསོ་རིག་གིས་མཚོན་པའི་གདམས་ངག་མང་པོ་གསན་བསམ་མཛད། དེ་རྗེས་རྒྱ་ནག་རི་བོ་རྩེ་ལྔར་ཐེངས་གཅིག་ཕེབས་ཏེ་འཕགས་པ་འཇམས་དཔལ་གྱི་མདུན་ནས་སྦྱོར་བའི་ཕྲེང་བ་དང༌། བྱང་ཁོག་དོན་འགྲེམས་སོགས་གདམས་ངག་དུ་མ་ཞུས་ནས་བོད་དུ་ཕེབས་རྗེས་བོད་གངས་ཅན་པ་རང་ཉིད་ཀྱི་གསོ་རིག་གིས་གཞི་བྱས། དེའི་སྟེང་རྒྱ་དཀར་ནག་གི་སློབ་དཔོན་རྣམས་ཀྱི་གདམས་ངག་དང༌། ལོ་པཎ་རྣམས་ཀྱིས་བོད་དུ་སྔ་ཕྱིར་བསྒྱུར་ཅིང་དར་བར་མཛད་པའི་གསོ་དཔྱད་ཀྱི་གཞུང་མན་ངག་དང་བཅས་པ་རྣམས་ལ་སྒོ་ཀུན་ནས་དཔྱད་ཞིབ་ཀྱིས་སྙིང་པོ་ཕྱུང་ཐོག་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཡོད་ལ། བོད་མི་རིགས་རང་ཉིད་ཀྱི་ཡུལ་དུས་དབང་པོའི་སྒོ་དང་ཉེ་བར་འཚམས་ཤིང༌། དམིཊ་གསལ་གྱི་ཁྱད་ཆོས་ལྡན་པའི་གསོ་བ་རིག་པའི་གཞུང་ལུགས་ཆེན་མོ་བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་བརྩམས་གནང་མཛད་པ་དང༌། ད་དུང་ཉམས་ཡིག་མཐོང་དོན་ལྡན་གསོ་དཔྱད་མུ་ཏིག་ཕྲེང་བ་ཁྱད་པར་ཟབ་པ་རྣམ་གསུམ་སོཊ་རྒྱུད་ཀྱི་ཆ་ལག་དང་གསོ་དཔྱད་ཀྱི་དཔེ་མང་པོ་བརྩམས་གནང་མཛད་ནས་བོད་ཀྱི་གསོ་རིག་གོང་འཕེལ་གཏོང་བའི་བྱ་གཞག་ལ་གཞལ་བར་མི་ནུས་པའི་མཛད་རྗེས་རླབས་པོ་ཆེ་འཇོག་གནང་མཛད་པར་བཙན་པོས་དྭགས་ཀོང་ཁྱུང་གསུམ་གྱི་འབངས་རིས་བྱ་དགར་བསྩལ་བར་གྲགས།

སློབ་མ་བསྐྱངས་ཚུལ། རྩོམ་སྒྲིག

གཡུ་ཐོག་ཆེན་པོ་དགུང་ལོ་ལྔ་བཅུ་ང་ལྔ་ཙམ་བཞེས་པའི་སྐབས་སུ་སློབ་མ་བདེ་བ་དཔལ་སོགས་དཔོན་འཁོར་བུ་སློབ་དང་བཅས་པ་ཕྱག་ཕྱིར་ཁྲིད་དེ་ཀོང་པོ་སྨན་ལུང་བྱ་བར་བྱོན་ནས་དེར་སྨན་སློབ་ཀྱི་དགོན་པ་ལྟ་ན་སྡུག་ཅེས་བྱ་བ་ཕྱག་བཏབ་ཐོག་སློབ་མ་མི་གྲངས་སུམ་བརྒྱ་ལྷག་ཙམ་བསྡུ་སྐོང་གནང་ནས་གསོ་རིག་གི་གཞུང་ལུཊ་བཤད་ཁྲིད་མཛད། སློབ་མ་སོ་སོའི་ཞིབ་ཕྲའི་སྦྱངས་འབྲས་དང་ཡོན་ཚད་ལ་གཞིགས་ཏེ་སྨན་པ་འབུམ་རམས་པ་དང༌། རབ་འབྱམས་པ། དཀའ་བཅུ་བ། བསྡུས་ར་བ་བཅས་རིམ་པ་བཞིར་དབྱེ་ནས་སོ་སོར་མཚན་གནས་གནང་རྒྱུའི་གཏན་འབེབས་མཛད། སྐབས་དེར་སྨན་པ་འབུམ་རམས་པའི་མཚན་གནས་ཐོབ་མཁན་མི་གྲངས་ལྔ་བཅུ་ཙམ། སྨན་པ་དཀའ་བཅུ་པའི་མཚན་གནས་ཐོབ་མཁན་མི་གྲངས་བརྒྱ་ཙམ། ད་དུང་སྨན་པ་བསྡུས་ར་བའི་མཚན་གནས་ཐོབ་མཁན་དེ་བས་མང་བ་བཅས་བྱུང་བར་གྲགས། དེ་ནས་གཡུ་ཐོག་ཆེན་པོ་དགུང་གྲངས་བརྒྱད་ཅུར་ཉེ་བར་ཕེབས་སྐབས་དཔོན་གཡོག་བུ་སློབ་དང་བཅས་པ་ཕྱག་ཕྱིར་ཁྲིད་ནས་སྔ་ཕྱིར་ཙ་རི་དང༌། མདོ་ཁམས་དར་མདོ། སྟོད་གངས་དཀར་ཏི་སེ། བལ་ཡུལ་བཅས་སུ་ཕེབས་ནས་བལ་པོའི་རྒྱལ་པོའི་གྲང་བ་ཐུར་འབབ་ཀྱི་ནད་བཅོས་པ་སོགས་ཉིན་མཚན་དབྱེར་མེད་དུ་གསོ་རིག་གི་བསྟན་པ་སྤྱི་དང་འགྲོ་བ་ནད་པའི་དོན་ཁོ་ནས་དུས་འདའ་བར་མཛད། གདུང་རྒྱུད་འཛིན་པའི་སྲས་འབུམ་སེང་དང༌། དཔལ་འབུམ། དགའ་དགའ་གསུམ་འཁྲུངས། སློབ་མི་ཚོགས་ཀྱིས་ཀོང་པོ་བདེ་རྒྱལ་སོགས་བོད་ཡུལ་གྱི་ས་ཆེན་པོ་འདི་གང་བསྐྲུན། མཐར་དགུང་གྲངས་བརྒྱ་དང་ཉེར་ལྔའི་ཐོག་སྐུ་གཤེགས་པར་གྲགས།

མཐའ་མར་ དགུང་ལོ་ བརྒྱ་དང་ཉེར་ལྔ་བཞེས་པའི་དུས་སུ་ འཇའ་ལུས་འཕོ་བ་ཆེན་པོའི་ཐོག་ཏུ་ གནམ་ཁར་སྐུ་གཟུགས་རང་འབྱུང་འཕུར་བྱོན་པའི་ལོ་རྒྱུས་འདུག།