ཆིང་སང་གི་རྒྱལ་བརྒྱུད་

ཆིང་སང་གི་རྒྱལ་བརྒྱུད།Edit

དེ་ནི་ཀྲུང་གོའི་གནའ་རབས་ཀྱི་ལོ་རྒྱུས་ནང་གསེས་རྒྱལ་ཁབ་བཅུ་དྲུག་ནང་གི་ཆིན་རྗེས་མའི་རྒྱལ་རབས་ལ་ཟེར། རྒྱལ་རབས་དེར་རྒྱལ་པོ་མི་རབས་གསུམ་བྱུང་ཞིང་། ༡.ཀྲའོ་ཨུ་རྟིས་ཡའོ་ཁྲང་། ༢.ཝེན་ཐེན་རྟིས་ཡའོ་ཤིན། ༣.ཐའི་ཧོའུ་ཀྲུ་ཧོང་བཅས་ཀྱིས་སྤྱི་ལོ༣༨༤ནས༤༡༧བར་ལོ་ངོ་སུམ་བཅུ་སོ་བཞིའི་རིང་སྲིད་དབང་བཟུང་མཐར་ཏུང་ཅིན(ཅིན་ཤར་མ)རྒྱལ་རབས་ཀྱི་དམག་དཔོན་ལིའུ་ལུས་ཀྱིས་བྱང་འདུལ་དམག་འཁྲུག་སྐབས་གཏོར་ཕམ་བཏང་ནས་རྩ་མེད་སོང་ཞིང་། ཆང་མི་རིགས་འགོ་གཙོ་བྱས་པའི་ཧོའུ་ཆིན(ཆིན་རྗེས་མ)རྒྱལ་རབས་ཀྱི་རྒྱལ་བརྒྱུད་མེད་པར་གྱུར། དེ་རྗེས་ཏུང་ཅིན་དུ་རྒྱལ་རབས་རྫོགས་ནས་སུས་རྒྱལ་རབས་མ་ཚུགས་བར་གྱི་སྤྱི་ལོ༤༢༠ནས༥༨༡ལོ་བར་ལོ་གྲངས༡༦༠རིང་དེར་ལྷོ་རྒྱུད་ནན་ཅིན་དུ་སྔ་རྗེས་སུ་བྱུང་བའི་ལྷོ་ཕྱོགས་རྒྱལ་རབས་དང་། བྱང་ཕྱོགས་སུ་ཁུལ་ཁག་གསུམ་ལ་སྔ་རྗེས་སུ་རྒྱལ་རབས་ལྔ་བྱུང་བའི་སྐོར་མདོར་བསྡུས་ཙམ་དུ་བཀོད་ན། ལྷོ་ཕྱོགས་རྒྱལ་རབས་བཞིའི་ནང་གསེས། ༡.སུང་རྒྱལ་ཁབ། སྤྱི་ལོ༤༢༠ལོར་བློན་པོ་ལིའུ་ཡུས་ཀྱིས་ཅིན་ཨན་རྟིས་རྒྱལ་པོའི་གོ་གནས་བསྐྱར་གསོ་བྱས་པའི་མིང་འཁྱེར་ནས་རང་ཉིད་ལ་སྙན་གྲགས་ཡོང་བ་བྱས་ཏེ། ཅིན་རྒྱལ་རབས་ཀྱི་རྒྱལ་པོ་བྱས་པའི་རྒྱལ་རབས་ཀྱི་མིང་ལ་སུང་ཟེར་ཞིང་། རྒྱལ་ས་ནི་ཅན་ཁང(དེང་སང་གི་ནན་ཅིན)ཡིན། རྒྱལ་རབས་འདིར་གོང་མ་མི་རབས་བརྒྱད་བྱུང་བ་དང་རུས་མིང་ནི་ལིའུ་ཡིན་ཅིང་། སྤྱི་ལོ༤༢༠ནས༤༧༩བར་ལོ་དྲུག་ཅུའི་རིང་སྲིད་དབང་བཟུང་། ༢.ཆིས་རྒྱལ་ཁབ། སུང་རྒྱལ་རབས་ཀྱི་བློན་པོ་ཤའོ་ཏའོ་ཁྲང་ཟེར་བས་སུང་རྒྱལ་རབས་ཀྱི་གོང་མ་མིན་རྟིས་ནས་བཟུང་དཔོན་པོ་དང་བློན་རིགས་རྣམས་ཕྲན་བུ་འགྲིག་མིན་བྱུང་མ་ཐག་གསོད་པ་སོགས་བཙན་ཤེད་ཤིན་ཏུ་ཆེ་ཞིང་། གོ་སྐབས་དེ་ལ་བརྟེན་ནས་རང་ཉིད་ཀྱི་རིགས་བརྒྱུད་རྣམས་ཀྱི་གོ་གནས་སྲུང་སྐྱོབ་བྱེད་པ་དེར་གཏིང་ནས་མི་དགའ་ཞིང་། སུང་རྒྱལ་རབས་ཀྱི་སྲིད་དབང་ཉམས་རྒུད་འགྲོ་བའི་དུས་ཚོད་མགྱོགས་ཙམ་ཡོད་པ་ཤེས་ཏེ་གནས་སྐབས་བཟོད་སྒོམ་ཐོག་སུང་རྒྱལ་རབས་འཐོར་བའི་གོ་སྐབས་དང་བསྟུན་ནས་རང་ཉིད་རྒྱལ་པོ་བྱས་པའི་མིང་ལ་ཆིས་ཀའོ་རྟིས་ཞེས་ཟེར་ཞིང་། རྒྱལ་ས་ནི་ནན་ཅིན་ཡིན། རྒྱལ་རབས་འདིར་གོང་མ་མི་རབས་བདུན་བྱུང་ཞིང(རུས་མིང་ནི་ཤའོ)སྤྱི་ལོ༤༧༩ནས༥༠༢བར་ལོ་ངོ་ཉི་ཤུ་རྩ་གསུམ་སྲིད་དབང་བཟུང་། ༣.ལེའང་རྒྱལ་ཁབ། ཆིས་རྒྱལ་ཁབ་ཀྱི་གནས་དཔོན་རིགས་ཤའོ་ཡན་ཟེར་བས་ཆིས་རྒྱལ་ཁབ་ཏུ་ནང་འཁྲུག་བྱུང་བ་དང་བསྟུན་ནས་ས་གནས་གཞན་དག་གི་གྱེན་ལོག་ཕྱོགས་ཁག་དང་མཉམ་འབྲེལ་བྱས་ཏེ་ཆིས་རྒྱལ་ཁབ་གཏོར་ནས་རང་ཉིད་རྒྱལ་པོ་བྱས་པའི་མིང་ལ་ལེའང་ཨུ་རྟིས་ཟེར་ཞིང་། རྒྱལ་ཁབ་ཀྱི་མིང་ནི་ལེའང་། རྒྱལ་ས་ནི་ནན་ཅིན་ཡིན། རྒྱལ་རབས་འདིར་རྒྱལ་པོ་མི་རབས་བཞི་བྱུང་ཞིང་། རུས་མིང་ནི་ཤའོ་ཡིན། རྒྱལ་རབས་འདིས་སྤྱི་ལོ༥༠༣ནས༥༥༦བར་ལོ་ང་གསུམ་བར་སྲིད་དབང་བཟུང་། ༤.ཁྲེན་རྒྱལ་ཁབ། ཐོག་མར་ལེའང་རྒྱལ་ཁབ་ཀྱི་དཔོན་ཆུང་དང་། རྗེས་སུ་དམག་དཔོན་ཆུང་བར་བསྐོས་པ་ཁྲེན་པའོ་ཤན་ཟེར་བས་ལེའང་རྒྱལ་ཁབ་ནང་གི་ནང་འཁྲུག་མང་པོ་ཞི་འཇགས་བཏང་རྗེས། སྤྱི་ལོ༥༥༧ལོར་ལེའང་རྒྱལ་ཁབ་གཏོར་ནས་རང་ཉིད་རྒྱལ་པོ་བྱས་པའི་མིང་ལ་ཁྲེན་ཨུ་རྟིས་ཟེར་ཞིང་། རྒྱལ་ཁབ་ཀྱི་མིང་ནི་ཁྲེན། རྒྱལ་ས་ནི་ནན་ཅིན་ཡིན། རྒྱལ་རབས་འདིར་རྒྱལ་པོ་མི་རབས་ལྔ་བྱུང་ཞིང་། རུས་མིང་ནི་ཁྲེན་ཡིན། སྤྱི་ལོ༥༥༧ནས༥༨༩བར་ལོ་ངོ་སུམ་ཅུ་སོ་གསུམ་སྲིད་དབང་བཟུང་། གོང་གསལ་རྒྱལ་ཁབ་ཁག་བཞི་པོ་དེར་ལོ་རྒྱུས་ཐོག་ལྷོ་རྒྱུད་རྒྱལ་རབས་ཟེར། བྱང་རྒྱུད་རྒྱལ་རབས་ནི་སྤྱི་ལོ༤༣༩ལོར་ཞན་པེ་མི་རིགས་ཀྱི་ཐ་པ་པུ་མི་དྲག་གིས་འབྲོག་པ་མང་པོ་མངའ་འོག་ཏུ་བསྡུས་ནས་དམག་དོན་སྲིད་འཛིན་སྒྲིག་གཞི་བཙུགས་ཏེ་བྱང་ཕྱོགས་ཏ་ཐུང་ས་ཁུང་དུ་རྒྱལ་པོ་བྱས་པའི་མིང་ལ་ཏོའོ་ཝུ་རྟ་ཟེར་ཞིང་རྒྱལ་ཁབ་ཀྱི་མིང་ལ་ཝེད་བྱང་མ་ཟེར། རྒྱལ་ས་ནི་ཧྲན་ཤིས་ཞིང་ཆེན་གྱི་ཏ་ཐུང་ཡིན། རྒྱལ་རབས་འདིར་སྔ་རྗེས་སུ་རྒྱལ་པོ་བཅུ་གཅིག་བྱུང་ཞིང(རུས་མིང་ཐ་པ)སྤྱི་ལོ༣༨༦ནས༥༣༤བར་ལོ་ངོ་བརྒྱ་དང་ཞེ་དགུ་བར་སྲིད་དབང་བཟུང་། དུས་རབས་དྲུག་པའི་དཀྱིལ་དུ་ཞིང་པའི་གྱེན་ལངས་བྱུང་སྟེ་ཤུགས་དྲག་ཆེ་བའི་རྡུང་རྡེག་བཏང་བའི་འོག་རྒྱལ་ཁབ་གཉིས་སུ་ཁ་བྲལ་ཏེ་ཝེད་ནུབ་མ་དང་ཤར་མ་གཉིས་སུ་གྱེས། ཝེད་ཤར་མའི་རྒྱལ་རབས་ཀྱི་རྒྱལ་ས་ནི་ཧོ་པེ་ཞིང་ཆེན་གྱི་ལིན་ཀྲང་ཡིན་ལ་རྒྱལ་རབས་འདིར་རྒྱལ་པོ་གཅིག་ལས་མི་བྱུང་བ་དེས་སྤྱི་ལོ༥༣༤ནས༥༥༠བར་ལོ་བཅུ་བདུན་རིང་སྲིད་དབང་བཟུང་། ཝེད་ནུབ་མའི་རྒྱལ་རབས་ཀྱི་རྒྱལ་ས་ནི་ཧྲན་ཤིས་ཞིང་ཆེན་ཤིས་ཨན་ཡིན་ཅིང་། རྒྱལ་རབས་འདིར་རྒྱལ་པོ་སྔ་རྗེས་གསུམ་བྱུང་བས་སྤྱི་ལོ༥༣༥ནས༥༥༧བར་ལོ་ངོ་ཉེར་གསུམ་རིང་སྲིད་དབང་བཟུང་། ཡུན་རིང་མ་སོང་བར། ཆིས་བྱང་མའི་རྒྱལ་ཁབ་བྱུང་ནས་ཝེད་ཤར་མའི་ཚབ་བྱས་ཏེ་རྒྱལ་ས་རང་འཇགས་ཐོག་རྒྱལ་ཁབ་ཀྱི་མིང་ལ་ཆིས་བྱང་མ་ཟེར་ཞིང་། རྒྱལ་རབས་འདིར་རྒྱལ་པོ་སྔ་རྗེས་དྲུག་བྱུང་བའི་རུས་མིང་ནི་ཀའོ་ཡིན། སྤྱི་ལོ༥༥༠ནས༥༧༧བར་ལོ་ངོ་ཉེར་བརྒྱད་རིང་སྲིད་དབང་བཟུང་། དེ་དང་ཕྱོགས་མཚུངས་ཀྲའོ་བྱང་མའི་རྒྱལ་རབས་བྱུང་ནས་ཝེད་ནུབ་མའི་ཚབ་བྱས་ཏེ་རྒྱལ་ས་ཡང་རང་འཇགས་ཐོག་རྒྱལ་ཁབ་ཀྱི་མིང་ལ་ཀྲའོ་བྱང་མ་ཟེར་ཞིང་། རྒྱལ་རབས་འདིར་རྒྱལ་པོ་མི་རབས་ལྔ་བྱུང་བའི་རུས་མིང་ནི་ཡུའི་ཝེན་ཡིན། སྤྱི་ལོ༥༥༧ནས༥༨༡བར་ལོ་ངོ་ཉི་ཤུ་རྩ་ལྔའི་རིང་སྲིད་དབང་བཟུང་ནས་བྱང་ཕྱོགས་ས་ཁུལ་གཅིག་གྱུར་བྱས། རྗེས་སུ་བློན་པོ་ཡང་ཅན་གྱིས་གཏོར་ནས་སྤྱི་ལོ༥༨༡ལོའི་སུས་རྒྱལ་རབས་བཙུགས་པ་ཡིན་ནོ། །