ཆོས་ཀྱི་ཆེད་དུ་ཁྱིམ་སྤངས་པ་

ཡབ་རྒྱལ་པོ་ཟས་གཙང་མས་རང་གི་ཚ་བོ་སྒྲ་གཅན་འཛིན་འཁྲུངས་པའི་རྟེན་འབྲེལ་དུ་དགོང་མོའི་གསོལ་ཚིགས་ཀྱི་དགའ་སྟོན་གཟབ་ཅིང་རྒྱས་པ་ཞིག་གོ་སྒྲིག་ཞུས་ཤིང་། རྒྱལ་ཕྲན་དེའི་གཞས་པ་གཞས་མ་དང་གླུ་བ་གླུ་མ་གྲགས་ཅན་རྣམས་བོས་ཏེ་སྤྲོ་ཚོགས་དེར་ཁོང་རྣམས་ཀྱིས་དགའ་བའི་བྲོ་དང་སྙན་པའི་གླུ་གཞས་ཀྱིས་དུས་འདའ་བར་བྱས། ཡབ་རྒྱལ་པོ་ཟས་གཙང་མས་དེ་ལྟའི་གོ་སྒྲིག་གནང་དགོས་པའི་དམིགས་ཡུལ་ནི། རྒྱལ་སྲས་གཞོན་ནུ་དོན་གྲུབ་ལ་སྲས་ཤིག་འཁྲུངས་ནའང་ད་དུང་ཁོང་གིས་ཐུགས་སེམས་མ་སྐྱིད་པ་གནང་སྟེ། ཉིན་གཅིག་ཕོ་བྲང་འདི་ཡང་བཞག་ནས་ཕེབས་འགྲོ་བ་མཁྱེན་གྱི་ཡོད་པའི་རྒྱུ་མཚན་གྱིས་ཡིན། དེར་བརྟེན་ཡབ་རྒྱལ་པོ་ཟས་གཙང་མས་རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱི་དེ་ལྟའི་དགོངས་ཚུལ་འདོར་ཐབས་ལ་དམིགས་ནས། ཆེས་མཐའ་མཇུག་གི་ཐབས་ལམ་སྟེ་སྤྲོ་ཚོགས་འདི་འདྲ་ཞིག་གྲ་སྒྲིག་ཞུས་པ་རེད། སྤྲོ་ཚོགས་དེའི་ཐོག་ཡབ་རྒྱལ་པོ་ཟས་གཙང་མས་ཟས་གང་ཞིམ་དང་བཏུང་བ་གང་ལེགས་རྣམས་གྲ་སྒྲིག་ཞུས་ཤིང་། མཛེས་སྡུག་ཡིད་དུ་འོང་བའི་གཞས་མ་རྣམས་ཀྱིས་རྒྱལ་སྲས་ཀྱི་སྐུ་མདུན་ནས་གཞས་དང་ཞབས་བྲོ་འཁྲབ་ནའང་། རྒྱལ་སྲས་ནི་རང་གི་ཡབ་ཆེན་གྱི་ཐུགས་བློ་བདེ་ཕྱིར་མཚན་ཚོགས་དེར་ཞུགས་པ་ཙམ་ལས། དོན་དངོས་སུ་ཁོང་གིས་ན་རྒ་འཆི་བའི་སྡུག་བསྔལ་གྱི་སྐོར་ལ་བསམ་གཞིག་བྱེད་བཞིན་ཡི་མུག་སྟེ་བཞུགས་པའི་མུར་སྐུ་ཐང་ཆད་ནས་གཉིད་དུ་ཤོར། དེ་ལྟར་རྒྱལ་སྲས་གཉིད་དུ་ཤོར་བ་གཞས་མ་དང་གླུ་མ་དག་གིས་མཐོང་ནས་ཁོང་ཚོས་ཀྱང་ངལ་བསོས་པ་ན་དཀའ་ལས་ཁག་སྟེ་གཉིད་དུ་ཤོར་རོ། ། དེའི་མཚན་མོ་སྟེ་དུས་ཡུན་ཅུང་ཙམ་ཕྱིན་རྗེས། རྒྱལ་སྲས་གཞོན་ནུ་དོན་གྲུབ་མནལ་ལས་སད་པ་ན་གཉིད་དུ་ཡུར་བའི་གཞས་མ་དག་མཐོང་བས། ཨོ། ངའི་མིག་ལམ་དུ་ཤར་བ་དག་ཅི་ཞིག་རེད། ཆུ་ཚོད་ཁ་ཤས་ཀྱི་ཡར་སྔོན་དུ་རྒྱལ་སྲས་ལའང་སྤྲོ་སྣང་སྟེར་མཁན། རྒྱལ་ཕྲན་འདིའི་རྣམ་པ་མཛེས་ཤིང་སྙིང་རྗེ་ཤོས་ཀྱི་གཞས་མ་དང་གླུ་མ་དག་ནི་དུས་ད་ལྟའི་སྐབས་ཐང་ལ་འགྱེལ་ཞིང་། རྐུབ་སྟེགས་དང་མལ་ཁྲི་སོགས་ཀྱི་སྟེང་ཁྲེལ་དང་ངོ་ཚ་ཡེ་ནས་བྲལ་ཏེ་སྐྱུགས་བྲོ་བའི་གནས་སུ་གྱུར་པ་ནི་ཅི་འདྲའི་མཐོང་མི་འདོད་པ་ཞིག་རེད་ཨང་སྙམ། ད་དུང་བུ་མོ་ཁ་ཤས་ཀྱིས་ཁ་ཆེན་པོར་གདངས་ཏེ་ཕག་པ་ཇི་བཞིན་རྔུར་བ་འཐེན་པ། ཁ་ཤས་ནི་བཀྲེས་པས་ཉེན་པའི་ཡི་དྭགས་ཤིག་དང་མཚུངས་པར་སོ་འཆའ་ཞིང་ལྡད་མུར་བྱེད་པ་སོགས་ཆེས་མི་སྡུག་པའི་རྣམ་པ་དེ་དག་མཐོང་བས། རྒྱལ་སྲས་ནི་སྔར་བས་ཀྱང་ཐུགས་སེམས་ཆེས་ཆེར་སྐྱོ་ཞིང་ཡི་མུག་པར་གྱུར། དེ་ནས་ཁོང་གིས་གཞས་མ་དང་གླུ་མ་རྣམས་ཀྱི་གཉིད་མ་དཀྲོག་པར་ག་ལེར་བཞུགས་ཁྲི་ལས་ཡར་བཞེངས་ཏེ། རང་ཉིད་དང་ལས་འཕྲོ་ཟབ་ཅིང་དམ་ཚིག་མཐུན་པའི་ཁ་ལོ་སྒྱུར་བ་འདུན་པ་ལ་བརྡ་ལན་གནང་སྟེ་སྨྲས་པ། ཁྱོད་ཀྱིས་ཆིབས་རྟ་བསྔགས་ལྡན (KANTHAKA) ལ་སྒ་རྒྱོབས་ཤིག ང་གནས་འདི་དང་ཁ་བྲལ་ཏེ་ས་ཐག་རིང་བའི་ཡུལ་ཕྱོགས་གཞན་ཞིག་ཏུ་འགྲོ་རྒྱུ་ཡིན་གསུངས། འདུན་པས་ཆིབས་པ་གྲ་སྒྲིག་བྱེད་པའི་སྐབས་དང་བསྟུན་ནས། རྒྱལ་སྲས་གཞོན་ནུ་དོན་གྲུབ་རང་གི་སྲས་སྒྲ་གཅན་འཛིན་ལ་ཆེས་ཐོག་མའི་གཟིགས་སྐོར་དུ་ཕེབས། སྐབས་དེར་བཙུན་མོ་གྲགས་འཛིན་མ་གཉིད་དུ་ཡུར་ཞིང་མོའི་ཕྱག་གིས་སྲས་ཀྱི་ཞལ་རས་བཀབ་འདུག་སྟབས། རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱིས་ཐ་ན་རང་གི་སྲས་ཀྱི་ཞལ་རས་ཀྱང་མཇལ་མ་ཐུབ། གལ་སྲིད་རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱིས་རང་གི་སྲས་ཀྱི་ཞལ་རས་མཇལ་ཕྱིར་བཙུན་མོ་གྲགས་འཛིན་མའི་ཕྱག་ཚུར་བླངས་ན་བཙུན་མོ་གཉིད་ལས་སད་པར་ངེས་ཤིང་། དེ་ལྟར་གྱུར་ཚེ་རྒྱལ་སྲས་ཁོང་གིས་ཕོ་བྲང་བཞག་ནས་ཕྱོགས་ཐོན་གནང་རྒྱུར་བཙུན་མོས་མོས་མཐུན་མི་བྱེད་པ་ཡང་མཁྱེན་གྱིན་ཡོད་སྟབས་སྨྲས་པ། ད་ལྟ་ངས་སྲས་ཀྱི་ཞལ་རས་མཇལ་ཆེད་བཙུན་མོའི་ཕྱག་ཚུར་བླངས་ན་མོ་རང་གཉིད་ལས་སད་པར་ངེས། ཨོ། དེ་ནི་ཇི་འདྲའི་ཉེན་ཁ་ཞིག དེས་ན་ད་ལན་ངས་རང་གི་སྲས་ཀྱི་ཞལ་རས་མཇལ་མ་ཐུབ་ཀྱང་ངེས་པར་དུ་འགྲོ་ཐུབ་དགོས། དུས་ནམ་ཞིག་གི་ཚེ་ངས་རང་ཉིད་ཀྱིས་གང་དོན་དུ་གཉེར་བའི་གྲུབ་དོན་རྙེད་པ་ན་རང་གི་སྲས་དང་བཙུན་མོ་སོགས་ལ་བལྟ་བའི་ཕྱིར་ཚུར་ཕོ་བྲང་དུ་ཡོང་ཆོགཅེས་ཆིག་ལབ་ཅིག་བྱས། མཚན་དཀྱིལ་ཙམ་ལ་ཁོང་གིས་རྐང་འཇབ་ལག་འཇབ་ཀྱིས་རྟ་མཆོག་དཀར་པོ་བསྔགས་ལྡན་ལ་ཆིབས་ཤིང་། དམ་ཚིག་མཐུན་པའི་གྲོགས་འདུན་པས་རྟ་མཆོག་གི་མཇུག་མ་ལ་འཇུས་ཏེ་ཁོང་རྣམ་གཉིས་ཕོ་བྲང་གི་ཕྱི་ལ་བུད་ནས་བྲོས་སོ། ། དེ་ནས་རྒྱལ་སྲས་གཞོན་ནུ་དོན་གྲུབ་ཕོ་བྲང་གི་རྒྱལ་སྒོའི་ཕྱི་ལ་ཕེབས་ཐུབ་པ་ནས་བཟུང་ཁོང་ལ་བཀག་འགོག་བྱེད་མི་གཅིག་ཀྱང་མེད་པར་མ་ཟད། ཁོང་ཞལ་ཚོར་མཁན་རྣམས་ཀྱིས་ཀྱང་ཁོང་ལ་གུས་བརྩི་དང་དགའ་མོས་ཚད་མེད་ཞུས། སྐྱེ་བོ་ཚང་མ་གཉིད་དུ་ཡུར་ཏེ་ཆེས་ཁུ་སིམ་པའི་བཅོ་ལྔའི་མཚན་དཀྱིལ་དེ་ནས་རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱིས་སེར་སྐྱའི་གཞི་ལ་ཆེས་མཐའ་མཇུག་གི་སྤྱན་རས་ཀྱིས་ལན་གཅིག་གཟིགས་ཏེ། ན་རྒ་འཆི་བའི་སྡུག་བསྔལ་རྩད་ནས་གཅོད་པའི་ཐབས་ལམ་འཚོལ་ཕྱིར་ཕྱོགས་ཕེབས་གནང་ངོ་། ། རྒྱལ་སྲས་ཀྱིས་རྟ་མཆོག་བསྔགས་ལྡན་ལ་ཆིབས་ཏེ་བྱོན་མཐར་ཆུ་ཀླུང་ཡིད་འོང་ལྡན (ANOMA) གྱི་འགྲམ་དུ་སླེབས་པ་ན་ཆིབས་ལས་བབས་ཏེ། རིན་པོ་ཆེའི་རྒྱན་ཆ་དང་རྒྱལ་སྲས་ཀྱི་ཆས་གོས་རྣམས་གཅིག་ཀྱང་མ་ལུས་པར་བཀྲོལ་ཏེ་གྲོགས་འདུན་པ་ལ་གཏད་ནས་སྨྲས་པ། ཁྱེད་ཀྱིས་ཅ་དངོས་འདི་དག་ཡབ་རྒྱལ་པོ་ལ་ཕུལ་ཅིག་གསུངས་ཏེ་རལ་གྲི་བཏོན་ནས་རང་ཉིད་ཀྱི་དབུ་སྐྲ་རང་གིས་བཅད་ཅིང་ངུར་སྨྲིག་གི་ན་བཟའ་བཞེས་ཏེ་ཕྱག་ཏུ་ལྷུང་བཟེད་ཐོགས་ནས་སླར་ཡང་འདུན་པ་ལ་སྨྲས་པ། ད་ཁྱེད་ཕྱིར་ཕོ་བྲང་དུ་ལོག་ཅིག ཅེས་གསུངས་པར། འདུན་པས་ཡིད་སེམས་སྐྱོ་བའི་ངང་རྒྱལ་སྲས་ལ་ཞུས་པ། རྒྱལ་སྲས་རིན་པོ་ཆེ། ཁྱེད་ཉིད་མེད་ན་ཅ་དངོས་འདི་དག་ཕོ་བྲང་དུ་ཁྱེར་བས་ཅི་ཞིག་བྱ། དེས་ན་ཁོ་བོའང་རྒྱལ་སྲས་ཁྱེད་ཀྱི་རྗེས་སུ་འབྲངས་ཏེ་ཡོང་རྒྱུ་ཡིན། ཞེས་ཞུས་པར་རྒྱལ་སྲས་ཀྱིས། འདུན་པ། ད་ཁྱོད་ཀྱིས་དེ་ལྟར་མི་བྱེད་པར་རིན་པོ་ཆེའི་རྒྱན་ཆ་དང་ཆས་གོས་འདི་དག་ཁྱེར་ནས་ཡབ་རྒྱལ་པོ་ལ་ཕུལ་ཏེ་འདི་ལྟར་ཞུས། ཁྱེད་ཡབ་ཡུམ་བཙུན་མོ་དང་བཅས་པས་ང་ལ་ཐུགས་ཁྲལ་གནང་མི་དགོས། ང་ནི་ན་རྒ་འཆི་བའི་སྡུག་བསྔལ་འགོག་པའི་ཐབས་ལམ་འཚོལ་བར་ཕྱིན་པ་ཡིན་པས། ནམ་ཞིག་ཐབས་ལམ་དེ་རྙེད་པ་ན་ཕྱིར་ཕོ་བྲང་དུ་ཡོང་ནས་ཁྱེད་ཡབ་ཡུམ་གཉིས་དང་རང་གི་ཆུང་གྲོགས། དེ་བཞིན་སྲས་སྒྲ་གཅན་དང་བཅས་འཛམ་གླིང་འདིའི་སྐྱེ་དགུ་ཡོངས་ལ་གསུང་གི་བདུད་རྩི་འབུལ་རྒྱུ་ལགས་ན། སྐྱེ་བོ་ཚང་མས་དགའ་བདེའི་དཔལ་ལ་རོལ་ཐུབ་པ་ཡིན། ཞེས་ངག་འཕྲིན་འདི་ཕུལ། འདུན་པ་ཕྱིར་ཕོ་བྲང་དུ་ལོག་རྒྱུའི་གྲབས་བྱས་ནའང་རྟ་མཆོག་བསྔགས་ལྡན་གྱིས་ཕྱིར་ལོག་འདོད་མ་བྱས་པས། རྒྱལ་སྲས་ཀྱིས་རྟ་མཆོག་ལ་ཕྱག་གིས་བྱིལ་བྱིལ་བྱེད་བཞིན་ཐུགས་བརྩེ་བའི་སྒོ་ནས་སྨྲས་པ། རྟ་མཆོག་བསྔགས་ལྡན། ད་ཁྱོད་ཀྱིས་དེ་ལྟར་མི་བྱེད་པར་ངའི་གྲོགས་པོ་འདུན་པ་དང་ལྷན་དུ་ཕྱིར་ཕོ་བྲང་ལ་ལོག་ཅིག ང་སྒུག་དགོས་དོན་མེད། ཅེས་གསུངས། ཐ་མ་དེར་འདུན་པ་དང་རྟ་མཆོག་བསྔགས་ལྡན་གཉིས་ཕྱིར་ལོག་སྟེ་རྒྱལ་སྲས་དང་བར་ཐག་རིང་ཙམ་སླེབས་སྐབས་རྟ་མཆོག་གིས་ཁ་ཕྱིར་ལ་འཁོར་ནས་རྒྱལ་སྲས་ལ་ཆེས་མཐའ་མའི་རྒྱང་ལྟ་ཞིག་ཀྱང་བྱས། དེ་དུས་འདུན་པས་རྟ་མཆོག་བསྔགས་ལྡན་གྱི་སེམས་པ་ཤེས་ཏེ་སྨྲས་པ། གྲོགས་པོ། འུ་ཅག་གི་སྦྱིན་བདག་ནི་རང་རེའི་བདེ་སྐྱིད་ཀྱི་ཆེད་ཕྱོགས་ཐོན་གནང་བ་ཡིན་པས་སེམས་པ་སྐྱོ་སྐྱོ་མ་གནང་། ཁོང་མགྱོགས་མྱུར་ངང་ཕྱིར་ཕོ་བྲང་དུ་ཕེབས་ཀྱི་རེད། ད་ངེད་གཉིས་འགྲོ། ཞེས་བཤད། ཕར་བལྟས་ཚོད་ལ་རྟ་མཆོག་བསྔགས་ལྡན་ནི་ཧ་ཅང་གི་སེམས་པ་སྡུག་ཅིང་མིག་ཀོང་ནས་མཆི་མ་བཞུར་བཞིན། ཡུད་ཙམ་རིང་རྒྱལ་སྲས་ཀྱི་ཕྱོགས་སུ་མིག་གིས་འབུར་ཚུགས་སུ་བལྟས། ཕྱིས་སུ་རྟ་མཆོག་བསྔགས་ལྡན་སེམས་ཁྲལ་གྱི་ངང་ནས་ཚེ་འཕོས་སོ། །

གསལ་འདེབས། སྤྱིར་བོད་རང་གིས་བརྩམས་པ་དང་བསྒྱུར་བའི་སྟོན་པའི་མཛད་རྣམ། སྐྱེས་རབས་སོ་བཞི་དཔག་བསམ་འཁྲི་ཤིང་སོགས་སྔ་ཕྱི་མི་ཉུང་བ་ཞིག་བཞུགས། ཡིན་ནའང་འདི་ནི་དེ་དག་དང་མི་འདྲ་བར་ཚིག་གི་སྡེབ་སྦྱོར་གོ་སླ་ཞིང་། དོན་དུ་རྒྱལ་སྲས་གཞོན་ནུ་དོན་གྲུབ་འགྲོ་བ་ཐུན་མོང་གི་མཐོང་སྣང་ལྟར་དངོས་ཡོད་མི་ཞིག་གི་བྱུང་རབས་ལྟར་བརྗོད་ཡོད། མ་ཟད་ལྷ་སྒྲུང་དང་དག་སྣང་རྐྱང་བས་གྱ་ཚོམ་དུ་མ་འཇུག་པར། ཞིབ་འཚོལ་རྩད་གཅོད་ཀྱི་དངོས་བྱུང་ལོ་རྒྱུས་ལ་གཞི་རྐང་བཙུགས། ཁོང་གིས་བྲན་གཡོག་ལམ་ལུགས་ལ་འགོག་རྒོལ་དང་དམངས་གཙོའི་ལམ་ལུགས་བསླངས་པ། རིགས་རུས་མཆོག་དམན་གྱི་ལྟ་བ་དགག་པ། བུད་མེད་ལ་འདྲ་མཉམ་གྱི་ཐོབ་ཐང་ཡོད་པ། ཕྱི་རོལ་བའི་སྟོན་པ་དང་ཆོས་ལུགས་སོགས་ལ་གུ་ཡངས་དང་གུས་ཞབས་བྱེད་སྟངས། ཁོང་གི་རྗེས་འཇུག་པ་ཚོས་རྫུ་འཕྲུལ་སྟོན་པ་ནི་ངོ་ཚ་དགོས་པའི་གནས་ཤིག་ཡིན་པ་སོགས་གདམས་པ་ཁྱད་པར་ཅན་དུ་མ་ཞིག་ཀྱང་མཛད་རྣམ་འདིའི་ཟུར་དུ་མངོན་ཡོད།