དབུ་ཞྭ་བྱ་རོག་གདོང་ཅན་

རྒྱལ་བརྒྱུད་རིམ་བྱོན་གྱི་གཙུག་རྒྱན། བསྔམས་ཤིང་བརྗིད་ལ་བྱིན་རླབས་ཀྱི་གཟི་བྱིན་འབར་བའི་དབུ་ཞྭ་བྱ་རོག་གདོང་ཅན་བཅས་ཨིན།

དབུ་ཞྭ་བྱ་རོག་གདོང་ཅན་གྱི་བརྡ་དོན་འགྲེལ་བཤད་མདོར་ཙམ་ཞུ་ན། ༡༽ སྤྱིར་བཏང་བྱ་རོག་འདི་གི་ སྤུ་མདོག་ནགཔོ་ཨིན་རུང་ དབུ་ཞྭ་འདི་གི་མདོག་མཐིང་ནག་གམ་ ལྗང་ནག་ཡོད་མི་འདི་ རང་བཞིན་གྱི་ལྗོན་ཤིང་དང་ སྔོ་ཚལ་མཛེས་པའི་ནོར་གྱིས་ཕྱུག་པའི་ འབྲུག་རྒྱལ་ཁབ་འདི་ དཔལ་ཡེ་ཤེས་མགོན་པོའི་གདུལ་ཞིང་ཐུན་མོང་མ་ཡིན་པ་འདི་ བྱང་ཆུབ་སེམས་དཔའི་སྤྲུལ་པ་ ཆོས་རྒྱལ་རིམ་བྱོན་གྱིས་ སྐྱོང་བའི་བརྡ་ཨིན།

༢༽ དབུ་ཞྭ་ལུ་སྤྱན་གསུམ་ཡོད་མི་དེ་ དད་པ་དང་དམ་ཚིག་ལྡན་པའི་མི་དེ་ཚུ་ལུ་ ཡེ་ཤེས་པའི་ལྷ་ཚུ་གིས་ ཉིན་མཚན་དུས་དྲུག་ཡོལ་བ་མེད་པར་གཟིགས་ཏེ་ སྲུང་སྐྱོབས་མཛད་གནངམ་བཞིན་དུ་ འབྲུག་བརྒྱུད་འཛིན་རྒྱལ་པོ་ཚུ་གིས་ཡང་ དད་འབངས་ཚུ་ལུ་ ཐུགས་བརྩེ་བ་ཆེན་པོ་གིས་ དུས་རྒྱུན་དུ་གཟིགས་པའི་བརྡ་ཨིན།

༣༽ དབུ་ཞྭ་ལུ་ བྱ་ཁྱུང་གི་གཟུགས་བརྙན་གྱི་རི་མོ་ཡོད་མི་འདི་ སངས་རྒྱས་ཀྱི་ཐུགས་ཀྱི་སྤྲུལ་པ་ བྱ་ཁྱུང་འདི་གིས་ ཀླུ་གདུག་པ་ཅན་དེ་ཚུ་བཏུལ་ཏེ་ འཇིག་རྟེན་གྱི་ཁམས་ བདེ་བར་བཀོད་གནངམ་བཞིན་དུ་ འབྲུག་རྒྱལ་པོ་རིམ་བྱོན་ཚུ་གིས་ཡང་ འབངས་མི་སེར་ཚུ་ ཞི་རྒྱས་དབང་དྲག་གི་ ཕྲིན་ལས་བཞིའི་སྒོ་ནས་ བདེ་བར་སྐྱོང་བའི་བརྡ་ཨིན།

༤༽ བྱ་རོག་གི་མགུ་ཏོག་ལུ་ གཙུག་ཕུད་མེད་དེ་འབད་རུང་ ཉི་མ་དང་ཟླཝ་གསེར་གྱི་ཏོག་བཅས་ གཙུག་ཕུད་ཡོད་མི་དེ་ འབྲུག་རྒྱལ་པོ་རིམ་བྱོན་གྱིས་ ཆོས་སྲིད་ལུགས་གཉིས་ཀྱི་ དཔལ་བཟང་པོ་ ཉི་ཟླའི་སྣང་བ་བཞིན་དུ་ ཕྱོགས་མཐར་སྤེལ་བའི་བརྡ་དང་ཡང་ན་ འབྲུག་རྒྱལ་ཁབ་ནང་ལུ་ ཆོས་སྲིད་ལུགས་གཉིས་ཟུང་འབྲེལ་སྐྱོང་བའི་བརྡ་ཨིན། གསེར་གྱི་ཏོག་ཡོད་མི་དེ་ སྲིད་ཞི་ལེགས་ཚོགས་ཀྱི་ དཔལ་ཕུན་སུམ་ཚོགསཔ་ག་ར་འབྱུང་སའི་གཞི་ སངས་རྒྱས་ཀྱི་བསྟན་པ་གཅིག་ལུ་ རག་ལསཔ་བཞིན་དུ་ འབྲུག་རྒྱལ་ཁབ་འདི་ནང་གི་ འབངས་མི་སེར་ཚུ་གི་སྐྱིད་སྡུག་ཞུ་སར་ འབྲུག་རྒྱལ་པོའི་གཅིག་ལུ་ གཏད་པའི་བརྡ་དང་ འབྲུག་རྒྱལ་བརྒྱུད་འཛིན་པའི་རིང་ལུགས་འདི་ གོང་དུ་བཀུར་ཏེ་ འགྱུར་བ་མེད་པར་བསྟེན་པའི་བརྡ་ཨིན།

༥༽ དབུ་ཞྭའི་བྱ་རོག་གི་ཁ་བརྒྱངས་ཏེ་ཡོད་མི་དེ་ དཔལ་ཡེ་ཤེས་མགོན་པོའི་སྡོང་གྲོགས་ལུ་བརྟེན་ཏེ་     རང་དབང་རང་བཙན་གྱི་འབྲུག་རྒྱལ་ཁབ་ཀྱི་ གཏམ་སྙན་གྲགས་དང་ རྒྱལ་ཁབ་འདི་གི་    འབངས་མི་སེར་གྱི་ བདེ་ཐབས་ཁོ་ན་ལུ་བརྩོན་མི་ ཐུགས་བསྐྱེད་དང་མཛད་བྱ་བཀྲ་བའི་    འབྲུག་བརྒྱུད་འཛིན་གྱི་རྒྱལ་པོ་རིམ་བྱོན་ཚུ་གི་ མཚན་བཟང་པོའི་སྙན་གྲགས་དེ་ འཛམ་གླིང་རྒྱལ་ཡོངས་ནང་ཁྱབ་ནིའི་བརྡ་མཚན་ཨིན།

དབུ་ཞྭ་བྱ་རོག་གདོང་ཅན་གྱི་ འབྱུང་ཁུངས་དེ་ ཀྲོང་གསར་དཔོན་སློབ་འཇིགས་མེད་རྣམ་རྒྱལ་གྱིས་ དཔོན་སློབ་ཟུར་པ་ ཨྱོན་ཕུན་ཚོགས་ཀྱི་སྲསམོ་པདྨ་ཆོས་སྐྱིད་དེ་ ལྕམ་སྦེ་བཞེས་ཏེ་བཞུགས་ཡོད་རུང་ ཆོས་རྩེ་དཔོན་སློབ་དེ་ འབྲུག་ཤར་ཕྱོགས་ཀྱི་ འབངས་མི་སེར་ཡོངས་ཀྱི་ སྤྱི་བླ་ཨིནམ་ལས་ སྔོན་མ་ཆོས་རྒྱལ་མི་འགྱུར་བརྟན་པ་ལ་སོགས་པ་ཚུ་ ག་ར་རྟེན་རབ་འབྱུང་ཨིནམ་ལས་ འཇིགས་མེད་རྣམ་རྒྱལ་གྱིས་ ཁོ་ཡང་ཨམ་སྲུ་དེ་བཀོ་བཞག་སྟེ་ རབ་བྱུང་འབད་བཞུགས་པ་ཅིན་ གང་འཚམས་ཟེར་ཞུཝ་ད། སྐྱབས་རྗེ་བྱང་ཆུབ་བརྩོན་འགྲུས་ཀྱིས་ ཨམ་སྲུ་འདི་ ལས་སྨོན་མཐུན་པའི་གྲོགས་ཨིནམ་ལས་ བཀོ་མ་བཞག་ སྲས་ལེགས་ཤོམ་ཅིག་ འཁྲུངས་ཞིནམ་ལས་ འབྲུག་རྒྱལ་ཁབ་ལུ་ཕན་ཐོགས་འོང་ཟེར་ གསུངས་པའི་ཁར་ མ་གཞི་ཞབས་བརྟན་འདི་ སློབ་མ་གིས་བླམ་ལུ་ཕུལཝ་ཨིན་རུང་ ད་རེས་མཆོད་གནས་ཀྱིས་ སྦྱིན་བདག་ལུ་ཕུལ་དགོས་ཟེར་གསུངས་ཏེ་ འཇིགས་བྱེད་ལུ་བརྟེན་པའི་བྱད་གྲོལ་དང་ བརྟན་བཞུགས་ཕུལ་གནངམ་མ་ཚད་ མགོན་པོ་བྱང་བདུད་དང་ ལས་མགོན་བྱ་རོག་གདོང་ཅན་ དབྱེ་བ་མེད་པའི་དགྲ་ལྷའི་རྟེན་འཛུགས་བཙུགས་སྦེ་ བྱ་རོག་གི་དབུ་ཞྭ་དེ་ བྱིན་གྱིས་བརླབས་གནང་ནུག ཤུལ་ལས་ཕྱོགས་གཞན་གྱི་མི་གཅིག་ ཞབས་སར་ལྷོད་འོང་ དེ་བདག་འཛིན་འབད་དེ་བཞག་པ་ཅིན་ ཁྱོད་ར་ལུ་ཕན་སྦོམ་ཐོགས་ཟེར་ མ་འོངས་ལུང་བསྟན་ཡང་གསུངས་གནང་ནུག

ཤུལ་ལས་ ཤར་ཕྱོགས་གདུང་བསམ་ཕྱོགས་ལུ་ ཆོས་རྩེའི་དཔོན་སློབ་འཇིགས་མེད་རྣམ་རྒྱལ་དང་ བྱ་དཀར་དཔོན་སློབ་བརྩོན་འགྲུས་རྒྱལ་མཚན་ བླ་མའི་གཟིམ་དཔོན་ བསོད་ནམས་དོན་གྲུབ་གསུམ་གྱིས་ དམག་ཁྱིད་དེ་བྱོན་པའི་བསྒང་ དཔོན་སློབ་འཇིགས་མེད་རྣམ་རྒྱལ་གྱིས་ དབུ་ཞྭ་བྱ་རོག་གདོང་ཅན་དེ་བཞེས་ཏེ་ ཆོས་རྩེ་ཟེར་ཀྲོང་གསར་རྫོང་ནང་གི་ ལྷ་ཁང་དང་མགོན་ཁང་ཡོད་ཚད་ཅིགཔ་ལུ་ གསོལ་ཁ་དང་སྙན་དར་ཕུལ་སྦེ་བྱོན་པའི་སྐབས་ འཇིགས་མེད་རྣམ་རྒྱལ་གྱིས་ རྩིས་པའི་སློབ་དཔོན་དང་འབྲེལ་ སྲུང་འཁོར་པ་འཁྱིད་དེ་བྱོནམ་ད་ ལམ་བར་ན་ཡང་ལྷ་ཁང་ཡོད་ཚད་ཅིགཔོ་ལུ་ ཕྱག་དང་མཆོད་པ་སྙན་དར་ཕུལ་སྦེ་ ལས་མགོན་བྱ་རོག་གདོང་ཅན་དང་ མགོན་པོ་བྱང་བདུད་ཀྱི་གསོལ་ཁ་ མ་ཆད་པར་ཕུལ་ཏེ་ གདུང་བསམ་ཁ་ལུ་འཕེབས་ནུག

བླམ་བྱང་ཆུབ་བརྩོན་འགྲུས་ཀྱིས་ ལུང་བསྟན་གནང་མི་ པ་ཆ་ར་ཛཱ་ཟེར་མི་དེ་ ཕྱི་གླིང་པའི་དམག་མིའི་ཁྲིམས་འོག་ལས་བྱོག་ཐལ་ཏེ་ རྐང་འཁྱམས་འོང་མི་དེ་ཡང་ ཕྱག་ཞུ་སྟེ་ཡོད་མི་དེ་གིས་ ཕྱི་གླིང་པའི་དམག་དཔོན་ སྦོམ་ཤོས་དེ་ ངོ་སྦྲགས་བྱིནམ་བཞིན་དུ་ སྲུང་འཁོར་པ་གིས་སྐྱབས་རྗེ་བྱང་ཆུབ་བརྩོན་འགྲུས་ཀྱིས་གནང་མི་ དགྲ་ལྷ་མགོན་པོ་བྱང་བདུད་དང་ ལས་མགོན་བྱ་རོག་གདོང་ཅན་གྱི་གསོལ་ཁ་གནང་བའི་ བསྐུལ་ཚིག་དང་བསྟུན་ཏེ་ ཆོས་རྩེ་དཔོན་སློབ་ འཇིགས་མེད་རྣམ་རྒྱལ་གྱིས་བསྟན་པ་དང་འགྲོ་བ་སེམས་ཅན་གྱི་དོན་ལུ་ ཐུགས་སྨོན་གང་ཟབ་ཀྱི་དམིགས་པ་རྩེ་གཅིག་ཁར་བསྐྱེད་ཐོག་ མེ་མདའ་རྐྱབ་པའི་བསྒང་ ལྷ་སྲུང་གི་བདེན་པའི་མཐུ་ལས་ དམག་དཔོན་དེ་བསད་དེ་ འཇིགས་མེད་རྣམ་རྒྱལ་གྱིས་རྒྱལ་ཁ་ཐོབ་ནུག

རྟེན་འབྲེལ་འདི་གིས་འབད་ ད་རེས་འབྲུག་བརྒྱུད་འཛིན་གྱི་རྒྱལ་པོ་རིམ་བྱོན་ཚུ་གིས་ བྱ་རོག་གདོང་ཅན་གྱི་དབུ་ཞྭ་དེ་ བཞེས་དགོས་པའི་ཁུངས་འདི་ལས་བརྟེན་ཨིན་པས།

རྒྱབ་བརྟེན་འབྲུག་གི་རྒྱལ་རབས།