དུང་དཀར་བློ་བཟང་འཕྲིན་ལས།

རྩོམ་རིག་གི་ལོ་རྒྱུས་རགས་བཤད།

བེ་རི་འཇིགས་མེད། རྩོམ་རིག་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཁོར་ཡུག་དང་ཚོར་བའི་རླབས་རིས་ལ་ལྟོས་གྲུབ་ཀྱི་འབྲེལ་བ་ཆེས་ཆེར་ལྡན་པའི་ངག་གི་འདུ་བྱེད་དམ། སྒྱུ་རྩལ་རང་བཞིན་ལྡན་པའི་ངག་གི་རྣམ་པ་དམིགས་བསལ་ལ་ཞིག་ལ་ཟེར། རྩོམ་རིག་དང་འབྲེལ་བའི་ལོ་རྒྱུས་ནི་རྒྱུན་རིང་ལ་གཏིང་ཟབ་པའི་རྒྱ་མཚོ་དང་། དཔང་མཐོ་ལ་ཁོར་ལག་ཡངས་པའི་རི་བོ་ལྟ་བུ་ཞིག་ཀྱང་ཡིན། སྤྱིར་ལོ་རྒྱུས་ཞེས་པ་ནི་འདས་པའི་ལོ་ཟླ་དང་འགྲོགས་པའི་བྱུང་བ་དངོས་ཀྱི་ཆ་རྒྱུས་གང་ཡོད་བང་རིམ་ལྟར་ཆགས་སུ་སྒྲིག་པ་ཞིག་ལ་གོ་དགོས། དེ་ཡང་འཇིག་རྟེན་ཧྲིལ་པོ་འདིའི་སྒང་སྣོད་བཅུད་ཆ་ལག་གིས་བསྡུས་པའི་གནམས་ས་རྒྱ་མཚོ་ལྟ་བུ་ཆེན་པོ་དང་། འབུ་སྲིན་གྲོག་མ་ལྟ་བུའི་ཆུང་ཆུང་ཡན། ཐ་ན་ཤིག་གི་མཆེ་བ་དང་གྲོག་མའི་རྐང་པ་ཚུན་ཆད་ལའང་། གང་ལས་བྱུང་བ་དང་། ཇི་ལྟར་བྱུང་བ། ནམ་ཞིག་བྱུང་བས་མཚོན་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ངེས་ཅན་རེ་ལྡན་པས། དེས་ན་ལོ་རྒྱུས་ཞེས་པའི་ཐ་ཚིག་འདིའི་ཁོ་ལག་གི་ཁྱབ་ཚད་ནི་ཆུང་ཆུང་མིན་ལ་ཉུང་ཉུང་དེ་བས་མིན། བྱ་དངོས་གང་ཞིག་ལ་དཔྱད་བརྗོད་བྱེད་དགོས་ན་དེའི་ཆ་ལག་དང་པོ། བྱ་དངོས་དེའི་ལོ་རྒྱུས་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་རྒྱངས་བལྟས་ཐེངས་གཅིག་བཟོ་དགོས་པ་ནི་ཆོས་ཉིད་ཀྱི་རང་བཞིནལྡན་པ་ཡིན་ཟེར་ན་ཆོག དེས་ན་རྩོམ་རིག་ཤེས་བྱའི་གནད་དོན་ཞིག་ངོ་སྤྲོད་ཞུ་དགོས་ན། ཐོག་མ་དེའི་ལོ་རྒྱུས་ཀྱི་བྱུང་བ་ངོ་སྤྲོད་དགོས་པ་ཡང་བཤད་མ་དགོས་པ་རེད། རྩོམ་རིག་གི་ལོ་རྒྱུས་དངོས་བཤད་པ། མི་ཡུལ་གྱི་འཇིག་རྟེན་འདིར་རྩོམ་རིག་ཅེས་པའི་ཐ་སྙད་དང་ཐ་སྙད་དེ་དང་འབྲེལ་བའི་རིག་པའི་གཞུང་ལུགས་ཆེས་ཐོག་མར་བྱུང་ས་ནི་གྷི་རི་སིར་༼༽ཡིན། ལོ་རབས་ཀྱི་དབང་དུ་བྱས་ནས་བཤད་ན་འགྲོ་བ་མིའི་བརྗོད་པ་ངག་གི་རང་བཞིན་རང་མཚན་གྲུབ་པ་ནས་རྩོམ་རིག་གི་ཆ་ལག་ཇི་ལྟར་ཚང་མིན་ལ་མ་ལྟོས་པར་རྩོམ་རིག་གི་ཤེས་བྱ་འཇིག་རྟེན་འདིར་སྐྱེ་བ་ལེན་ཟིན་པ་ཞིག་ཡིན། ཡིན་ནའང་དེ་དང་འབྲེལ་བའི་ཐ་སྙད་དང་། ཐ་སྙད་དེའི་ལྟོས་གཞིར་གྱུར་པའི་རིག་པའི་གཞུང་ལུགས་ནི་ད་དུང་གྲུབ་མེད། དེས་ན་རྩོམ་རིག་ཅེས་པའི་ཐ་སྙད་དང་། ཐ་སྙད་དེ་འབྲེལ་གྱི་རིག་པའི་གཞུང་ལུགས་ནི་འདི་ནས་མི་ལོ་སུམ་སྟོང་ཡན་མན་གྱི་སྔོན་དེ་སྤྱི་ལོ་སྔོན་གྱི་དུས་རབས་བཅུ་གཉིས་ཡན་མན་ནས་གྲུབ་པར་བཤད། གྷི་རིག་སིར་སྐད་ཡིག་ཐོག་རྩོམ་རིག་ཅེས་པ་འདིར་༼༽ཞེས་ཟེར། ཁོར་ཡུག་དེ་དང་དུས་རབས་དེར་རྩོམ་རིག་གི་ཐ་སྙད་དང་འབྲེལ་པའི་རྩོམ་ལུས་དང་པོ་ནི། ནམ་མཁའི་ལྷ་དང་ཉི་ཟླ་སོགས་ཡིན། དེ་དག་གི་འགྲོ་ཆག་ཉལ་འདུག་དང་འབྲེལ་བའི་ཡ་མཚན་ཆེ་བའི་ལྷ་སྒྲུང་དུ་མ་ཁ་ནས་རྣ་བར་བརྒྱུད་པས། སྐབས་དེའི་སྤྱི་ཚོགས་ཚོར་བ་དང་མིའི་སེམས་ཁམས་མཚོན་ཐབས་བརྒྱུད་བསྒྲགས་བྱས་ཡོད། དུས་ཕྱིས་ངག་རྒྱུན་དེ་དག་ཡིག་ཐོག་ཏུ་ཕབ་པ་ལས་འཇིག་རྟེན་འདིར་རྩོམ་རིག་དང་རྩོམ་ཆོས་ཀྱི་ཁྱད་ནོར་གསར་པ་ཞིག་བྱུང་བའི་མགོ་འཛུགས་བྱས་པ་ཡིན། སྤྱི་ལོ་སྔོན་གྱི་དུས་རབས་བརྒྱད་པ་ཡན་མན་ནས་སྔོན་གྱི་ལྷ་སྒྲུང་དེ་དག་ལ་གླུ་གཞས་དང་གཏམ་རྒྱུད་གཉིས་སུ་ཕྱིས་ནས་སྔ་མ་ལ་སྙན་ངག་དང་ཕྱི་མ་ལ་ཟློས་གར་གྱི་ཐ་སྙད་སྦྱར་བའི་མགོ་འཛུགས་བྱས། དུས་རབས་དེ་དག་གི་ནང་ནུབ་ཕྱོགས་སུ་ད་ལྟའི་བར་དུ་སྙན་གྲགས་ཟུབ་མྱོང་མེད་པའི་བུད་མེད་སྙན་ངག་པ་ས་ཧྥོའུ་ལགས་ཀྱིས་གླུ་གཞས་དང་འབྲེལ་བའི་སྙན་ངག་ལེ་ཚན་དགུ་བརྩམས་པ་དེ་དག་ནི་ནུབ་ཕྱོགས་སུ་སྙན་ངག་གི་དབུ་ཁྱུད་དང་པོ་དེ་ཡིན་པར་བཤད། དུས་རབས་དེའི་ནང་དབྱི་སོ་ཞུ་བས། སྐྱོ་གར་དང་འབྲེལ་བའི་གཏམ་རྒྱུད་ཁྲབ་གཞུང་ཞིག་གསར་དུ་བརྩམས་པ་དེ་ནི་དུས་རབས་གོང་མའི་སྐབས་ཀྱི་ལྷ་སྒྲུང་ལས་བརྒལ་བའི་རང་དབང་དང་དྲང་བདེན་ལ་རིན་ཐང་བྱིན་པའི་མི་དང་མིའི་སེམས་ཁམས་བར་གྱི་ཁ་ཐག་ཉེ་བའི་ཁྱད་ཆོས་ལྡན་པས། དེ་ནས་བཟུང་ནུབ་ཕྱོགས་སུ་ཟློས་གར་རྩོམ་རིག་གི་འཕེལ་རིམ་མགོ་འཛུགས་བྱས་པ་ཡིན། སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་པ་ཡུན་ངན་ནས་ནུབ་ཕྱོགས་གྷི་རི་སིར་རྩོམ་རིག་གི་འཕེལ་རླབས་ཆེས་ཆེར་དར་པའི་རྩེ་མོར་སོན། འདི་དག་ནི་ནུབ་ཕྱོགས་པའི་རྩོམ་རིག་སྤྱི་དང་བྱེ་བྲག་རྩོམ་རིག་རྙིང་པའི་ལོ་རྒྱུས་ཀྱི་རྒྱུད་རིམ་ཙམ་ཞུས་པ་ཡིན། ནུབ་ཕྱོགས་པའི་རྩོམ་རིག་གསར་པའི་ལོ་རྒྱུས། ཟུར་ལ་བྲིས་ཡོད། རྒྱ་གར་གྱི་རྩོམ་རིག་ལོ་རྒྱུས། རྒྱ་གར་ནི་ཆོས་ལུགས་གྲུབ་མཐའ་དང་། རྩོམ་རིག་གི་འབྱུང་ཁུངས་གལ་ཆེ་གྲས་ཤིག་ཡིན། དེ་དག་གི་སྐོར་རགས་བཤད་ཙམ་བྱས་ན། རྒྱ་གར་གདོད་མའི་མི་རིགས་ལ་ཨཱརྱའི་མི་རིགས་ཀྱིས་དབང་བསྒྱུར་མ་བྱས་སྔོན་དུ་དངོས་ཡོད་ལོ་རྒྱུས་གཞི་ལ་བཅོལ་ནས་ཞུ་ན། ཆོས་རིག་གི་ལྟ་གྲུབ་དང་གཞུང་ལུགས་ཀྱི་རྨང་གཞི་དེ་ཙམ་མི་ལྡན་ལ། སྤྱི་ལོ་སྔོན་གྱི་དུས་རབས་བཅུ་པ་ཡན་མན་ནས་ཨརྱའི་མི་རིགས་ཀྱིས་རྒྱ་གར་དབང་བསྒྱུར་བྱས་པ་ནས་མགོ་བཙུགས་ཏེ། ལྟ་གྲུབ་དང་རྩོམ་རིག་གི་མགོ་འཛུགས་བྱས། དེ་ཡང་སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་པ་ཡན་མན་ལ་དྲང་སྲོང་གྲོང་མཁར་བས་བརྩམས་པར་གྲགས་པའི་རཱ་མ་ཡ་ཎཱི་གཏམ་རྒྱུད་བྱུང་བ་དེ་ནས་བཟུང་རྒྱ་གར་དུ་རྩོམ་རིག་ཅེས་པ་འདི་བྱུང་། དེ་རྗེས་དྲང་སྲོང་རྒྱས་པས་སྐྱ་སེང་གི་བུ་ལྔའི་གཏམ་རྒྱུད་བྱས་པ་ནས་རྒྱ་གར་དུ་རྩོམ་རིག་ཤེས་བྱ་ལ་ཧ་ཅང་འཕེལ་རྒྱས་ཀྱིས་རྦ་རླབས་གཡོ་ཞིང་། དེ་དག་གི་བརྗོད་གཞིའི་སྤྱི་ཁོག་ལྷ་སྒྲུང་ཡིན་ཡང་སྐབས་དེའི་རྒྱ་གར་བའི་སྤྱི་ཚོགས་ཚོར་བའི་གནས་བབ་གལ་ཆེ་མང་པོ་ཞིག་མཚོན་ཡོད་པ་དང་། བྱུང་རིམ་འབྲེལ་ཆགས་ཤིང་ཚིག་སྦྱོར་སྙན་ཆ་དོད་པ་བརྗོད་དོན་བསླབ་བྱ་དང་འབྲེལ་བ་དམ་ཟབ་ལྡན་པ་བཅས་ལ་བརྟེན་ནས་ད་ལྟའི་བར་དུ་རྒྱ་གར་ལ་གྲགས་ཆེ་བ་མ་ཟད་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུབ་དུ་མའི་སྐད་ཡིག་ཐོག་ཏུ་བསྒྱུར་བས་གྲགས་པ་ཧ་ཅང་ཆེ། རྩོམ་རིག་དེ་དག་ཀྱང་ཐོག་མར་ཟློས་གར་རམ་གཏམ་རྒྱུད་ཀྱི་རྣམ་པའི་ཐོག་ནས་བྲིས་ཤིང་། སྐབས་དེ་དག་ཏུ་སྙན་ངག་དང་ཟློས་གར་ཞེས་པའི་རྣམ་གྲངས་ཐ་དད་པ་ཞིག་མེད། དུས་རབས་དང་པོ་ཡན་མན་དུ་སྙན་ངག་པ་རྟ་དབྱངས་ཀྱིས་སྐྱེས་རབས་སོ་བཞི་པ་སོགས་བརྩམས་པས་རྒྱུ་གར་ཕྱི་ནང་གི་ལྟ་གྲུབ་སྨྲ་བ་ཀུན་གྱིས་བཙུགས་ཏུ་བཀུར། ཁོང་ནི་རྒྱ་གར་བའི་སྙན་ངག་སྨྲ་བའི་རྒྱལ་པོ་ལྟ་བུར་བརྩིས། དེ་རྗེས་སྙན་ངག་མཁན་ནག་མོ་ཁོལ་བྱུང་ནས་སྤྲིན་གྱི་ཕོ་ཉ་སོགས་སྙན་ངག་གི་རྩོམ་ཆོས་མང་མང་པོ་སྤེལ། ཁོང་ནི་རྒྱ་གར་པའི་སྙན་ངག་པའི་ཨ་མ་ལྟ་བུ་ངོས་འཛིན་བྱེད། རྒྱ་གར་དུ་རྩོམ་རིག་འཕེལ་རྒྱས་ཀྱི་བླ་སྲོག་ལྟ་བུར་བརྩི། སྤྱི་ལོ་སྔོན་གྱི་དུས་རབས་དང་པོ་ཡན་མན་ལ་སྙན་ངག་པ་ནོར་ལྡན་གྱིས་སྙན་ངག་ངེས་པ་ཞེས་པ་བརྩམས། དེ་ནི་ཕལ་ཆེར་ཟློས་གར་ལས་གླུའི་སྐོར་ཟུར་དུ་ཕྱུངས་ནས་དེ་ལ་སྙན་ཆ་དོད་པའི་གཞུང་ལུགས་ཀྱི་སྒྲོམ་གཞི་བསླངས་པ་ཐེངས་དང་པོ་ཡིན་སྲིད། དེ་ནས་བཟུང་རྒྱ་གར་དུ་ཟློས་གར་ལས་ལོགས་སུ་སྙན་ངག་ཅེས་པའི་ཐ་སྙད་ཀྱི་འཕེལ་རིམ་མགོ་འཛུགས་བྱས། དེ་རྗེས་སྙན་ངག་པ་བྷ་མ་ཧས་སྙན་ངག་རྒྱན་གྱི་བསྟན་བཅོས་ཞེས་པ་བརྩམས་ནས་རྒྱན་གྱི་གོ་དོན་དང་རྣམ་གྲངས་སྣ་ཚོགས་པར་དབྱེ་བས་འཕགས་ཡུལ་དུ་རྒྱན་གྱི་སྲོལ་ཐོག་མར་འབྱེད་མཁན་ལ་བགྲངས། སྤྱི་ལོ་དུས་རབས་བདུན་པའི་ནང་སློབ་དཔོན་དབྱུག་པ་ཅན་བྱུང་ནས་སྙན་ངག་མེ་ལོང་བརྩམས་པ་སོགས་ཀྱིས། ད་ལྟར་འཕགས་ཡུལ་བའི་རྩོམ་རིག་ལོ་རྒྱུས་ནང་འཁོད་པའི་སྙན་གཞུང་གཅིག་པོ་༤༩༩ཙམ་ཡོད། རྒྱ་གར་ཁ་ཆེས་དབང་བསྒྱུར་བྱས་པའི་རྒྱུད་རིམ་ལས་ཨུར་དུའི་རྩོམ་རིག་ཀྱང་ཤུགས་ཆེར་དར་བ་མ་ཟད་རྩོམ་རིག་གཞན་ལས་སྙན་ཆ་ཆེ་བར་བཤད། རྒྱ་གར་དབྱིན་ཇི་སྲིད་གཞུང་གིས་དབང་བསྒྱུར་བྱས་པའི་རྗེས་ནས་ནུབ་ཕྱོགས་པའི་རྩོམ་རིག་གི་འཕེལ་རིམ་ཡང་ཚད་མཐོ་བྱུང་ཡོད། བོད་ཀྱི་རྩོམ་རིག་ལོ་རྒྱུས། བོད་ཀྱི་རྩོམ་རིག་ལོ་རྒྱུས་ནི། བོད་གདོད་མའི་དུས་རབས་སྐབས་སམ་བོད་ཀྱི་འགྲོ་བ་མིའི་འཕེལ་རིམ་མགོ་འཛུགས་བྱས་པ་ནས་གྲ་རྒྱས་མིན་ལ་མ་ལྟོས་པར་རྩོམ་རིག་གི་དབུ་ཁྱུད་བྲིས་པ་ཡིན་ཡང་། དེ་དུས་ངག་རྒྱུན་རྩོམ་རིག་ལས་ཤོག་ཐོག་རྩོམ་ཡིག་མེད། བོད་བཙན་པོའི་དུས་རབས་སྐབས་སུ་གདོད་མའི་ངག་རྩོམ་ལ། དཔེ་དང་གཟུགས་འདྲ་མིན་གྱི་ཚིག་སྦྱོར་ཇེ་སྙན་དུ་བཏང་པ་དང་། དམག་དོན་དང་ཆབ་སྲིད། ཐོབ་ཤོར་དང་འཐབ་རྩོད། དཔལ་འབྱོར་དང་རིག་གཞུང་མཚན་པའི་བརྗོད་དོན་ཕུན་སུམ་ཚོགས་པའི་གདོད་མའི་མགུར་གླུའི་སྲོལ་ཆེན་པོ་བྱུང་བ་དེ་ནི་བོད་ཀྱི་རྩོམ་རིག་གི་མགོ་ཁུངས་དང་འཕེལ་རིམ་བཅས་དང་འབྲེལ་བའི་ལོ་རྒྱུས་ཀྱི་དབུ་ཁྱུད་དང་པོ་འབྲི་ས་དེ་ཡིན། རྩོམ་རིག་རྩོམ་ཆོས་འདིའི་རྒྱུད་པ་ནི་བོད་སིལ་བུའི་དུས་རབས་སྐབས་མར་མི་དྭགས་གསུམ་གཙོས་བཀའ་བརྒྱུད་ཕྱག་རྒྱ་ཆེན་པོས་རྒྱུད་འཛིན་གཙོ་གནང་ནས་ད་ལྟའི་བར་དམངས་ཁྲོད་དུ་དར་སྲོལ་ཧ་ཅང་ཆེ། དུས་རབས་བཅོ་བརྒྱད་པའི་ནང་ཚངས་དབྱངས་རྒྱ་མཚོས་མགུར་གླུ་གསར་རྩོམ་མཛད་པ་ནས། རྩོམ་སྲོལ་འདི་ཉིད་ཕུམ་སུམ་ཇེ་ཚོགས་སུ་སོང་ཞིང་དེང་སང་གྲགས་ཅན་གླུ་པ་ཕལ་པོ་ཆེ་གཞས་ཚིགས་ཀྱི་གཞི་བཅོལ་ས་ཡང་འདི་ཉིད་ཡིན། བོད་ཀྱི་སྲོལ་རྒྱུན་རྩོམ་རིག་ནི། རྒྱ་གར་ནས་བརྒྱུད་ཅིང་དེ་ཡང་རྩོམ་གཤིས་ཙམ་ནི་བོད་བཙན་པོའི་དུས་རབས་སྐབས་གསུང་རབས་བོད་བསྒྱུར་གནང་བའི་དུས་ནས་རྒྱ་གར་བའི་བརྡ་དང་ཐ་སྙད་རྩོམ་སྲོལ་བཅས་པ་མང་པོ་ཞིག་གི་ཤན་ཞུགས་ཐེབས་ཟིན། སྲོལ་རྒྱུན་རྩོམ་རིག་གི་གཞུང་ལུགས་ལྡན་པའི་རྩོམ་སྲོལ་ནི་འཇམ་མགོན་ས་པཎ་གྱི་དུས་རབས་བཅུ་གསུམ་པའི་ནང་མེ་ལོང་མར་གཞི་བཅོལ་ཏེ་མཁས་འཇུག་མཛད་པ་དེ་ནས་མགོ་བཙུགས་ཤིང་དུས་རབས་དེའི་དུས་མཇུག་ཤོང་ལོས་མེ་ལོང་མ་དང་དཔག་བསམ་འཁྲི་ཤིང་བོད་བསྒྱུར་གནང་། དེའི་སློ་མའི་སློབ་མ་དཔང་ལོས་མེ་ལོང་མར་འགྱུར་བཅོས་དང་འགྲེལ་བ་གནང་བ་མ་ཟད། འཆད་ཉན་གྱི་སྲོལ་གཏོད་པ་ནས་ཞུ་ལུ་ཡབ་སྲས་དང་། རི་སྤུངས་པ། ༧གོང་ས་ལྔ་པ་བོད་མཁས་པ་སོགས་ཀྱིས་འགྲེལ་བཤད་མཛད། ལྷག་དོན་སི་ཏུ་ཡབ་སྲས་ཀྱིས་འཆད་ཉན་གནང་བ་ནས་འཁྲུལ་མེད་དྭངས་གཙང་གི་སྲོལ་རྒྱུན་གཞུང་ལུགས་ཀྱི་སྲོལ་རྩ་ཇེ་བརྟན་དུ་བཏང་། བོད་བླ་མའི་དུས་རབས་སྐབས་རྩོམ་སྲོལ་འདིའི་སྒྲོམ་གཞི་ལྡན་པའི་རྩོམ་ཆོས་ནི་གླེགས་བམ་སྟོང་ཕྲག་དུ་མ་ལྡན་པས་ཞིབ་ཕྲ་བརྗོད་ཀྱིས་མི་ལངས། བོད་ཀྱི་རྩོམ་རིག་གསར་པ་ནི་ནུབ་ཕྱོགས་པའི་རྩོམ་རིག་གསར་པའི་མེ་ལྕེ་དང་མེ་རླབས་རེ་རེ་བཞིན་དུས་རབས་བཅུ་ཉི་ཤུ་པའི་དུས་མགོར་རྒྱ་ནག་ཏུ་མཆོད་པ་དེ་ལས་དུས་རབས་ཉི་ཤུ་པའི་དུས་མཇུག་ལོ་རབས་བརྒྱད་པའི་ནང་དོན་གྲུབ་རྒྱལ་སོགས་ཀྱིས་བོད་ཡིག་ཐོག་བྲིས་པའི་མགོ་འཛུགས་བྱས་པ་དེ་ནས་བོད་དུ་རྩོམ་རིག་གསར་པའི་དབུ་ཁྱུད་ཐོག་མ་དེ་བྲིས་པ་ཡིན། ཁོང་གིས་རྩོམ་རིག་གསར་པའམ་སྙན་ངག་གསར་པའི་དཔེ་མཚོན་དང་པོ་དེ་ལང་ཚོའི་རྦབ་ཆུ་ཞུ་བ་དེ་ཡིན། འདིའི་ཤུགས་རྐྱེན་ཀྱིས་བོད་ཀྱི་གསར་སྐྱེས་གཞོན་ནུ་ཕལ་པོ་ཆེ་ཞིག་ཆར་རྗེས་ཀྱི་མྱུ་གུ་བཞིན་གཅིག་རྗེས་གཉིས་མཐུད་ཀྱིས་འཇུག་ནས་དེང་སང་བར་ཧ་ཅང་དར་སྲོལ་ཆེ་བའི་སྐབས་ཡིན། རྩོམ་རིག་འདིའི་མིང་ལ་མཁས་པོའི་དབང་པོ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རང་མོས་སྙན་ངག་ཅེས་འདོགས་གནང་ཞིང་། དེའི་གོ་དོན་ནི་སྡེབ་སྦྱོར་དང་དཔེ་མཚོན་སོགས་གཞུང་ལུགས་དང་སྒྲིག་འཛུགས་གང་ལའང་ལྟོས་མི་དགོས་པར་རང་མོས་བྱེད་ཆོག་པའི་སྙན་ངག་ཅེས་ཟུར་ཟའི་སྒོ་ནས་བཏགས་པ་ཞིག་ཡིན། 2015/3/30/