དོ་རྒྱའི་སྔགས་ཁང་པད་དཀར་ཆོས་གླིང་།

དོ་རྒྱའི་སྔགས་ཁང་པད་དཀར་ཆོས་གླིང་། པད་དཀར་ཆོས་གླིང་ནི་གཅན་ཚ་རྫོང་ཁམས་ར་གྲོང་རྡལ་དོ་རྒྱ་ཤིང་ངུར་གདོང་སྡེ་བའི་རྒྱབ་ཕྱོགས་སུ་ཡོད་ལ། གཅན་ཚ་རྫོང་མཁར་ནས་ནུབ་བྱང་ཕྱོགས་ཀྱི་སྤྱི་ལེ་༤༠་མཚམས་ན་ཡོད། སྔགས་ཁང་འདི་ནི་ས་སྐྱ་གོང་མ་ཚང་ཁྲི་ཀར་ཕེབས་ཏེ་ཁྲི་ཀའི་ཇོ་བོ་བཞེངས་དུས་ཁོང་ལ་ལུང་བསྟན་ཞུས་པ་བཞིན་བཏབ་པར་བཤད་ལ། གནས་དེའི་ས་སྐྱ་བོ་ཡིན་པས་སྔོན་མར་སྐྱ་མདའ་དགོན་ཟེར་བ་ལ། ཕྱིས་སུ་སྐྱབས་རྗེ་ཞབས་དཀར་ཚོགས་དྲུག་རང་གྲོལ་པས་ད་ལྟའི་གནས་འདིའི་ས་དབྱིབས་ནི་པདྨ་ཁ་ཕྱེ་བ་ལྟར་སྣང་བས་འདི་རུ་སྤོར་དུ་བཅུག་སྟེ་པད་དཀར་ཆོས་གླིང་ཞེས་མཚན་གནང་བ་ཡིན་ཞེས་པའི་བཤད་ཚུལ་ཡོད། དགོན་པའི་བླ་བརྒྱུད་ན་མདོ་སྨད་ཀྱི་བླ་མའི་མཚམས་སུ་རྫོགས་ཆེན་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ་ཐོག་མར་བཞག་པ་ལ་བལྟས་ན་ཁོང་གིས་བཞེངས་ལས་ཀྱང་ཆེ། སྤྱི་ལོ1958ལོར་པད་དཀར་ཆོས་གླིང་གི་རྟེན་བརྟེན་པ་བཅས་འཇིག སྤྱི་ལོ་1987ལོར། དོ་རྒྱ་ཚོ་སྒོ་དྲུག་དང་སྔགས་མང་ནས་སྔགས་ཁང་བསྐྱར་བཞེངས་བྱས་ལ། ད་ལྟ་དེ་སྔའི་འདུ་ཁང་དང་གཉིས་སུ་མེད་པ་ཟུར་བཞི་ལོགས་དོབརྒྱད་ཀྱི་ཚུལ་དུ་ཟངས་མདོག་དཔལ་རིའི་ཞིང་འཁོར་དངོས་ཤིག་བཞེངས་གྲུབ་བྱུང་། ནང་རྟེན་གཙོ་བོར་གུ་རུ་གཙོ་འཁོར་གསུམ་དང་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་སོགས་ཀྱི་འབག་སྐུ་དང་། ཟངས་མདོག་དཔལ་རིའི་ཞིང་བཀོད། སྐྱབས་འགྲོའི་ཚོགས་ཞིང་། སྒྲོལ་མ། འོད་དཔག་མེད་ཀྱི་ཞིང་བཀོད། ཕུར་བ། ཞི་ཁྲོ། བཀའ་བརྒྱད། གུ་དྲག སྨན་བླ་བདེ་གཤེགས་བརྒྱད། སེང་གདོང་། རྟ་མགྲིན་སོགས་ཀྱི་གྱན་ཐང་བཞུགས་སོ། ཆོས་ཐོག་ལོ་གཅིག་ལ་ཐེངས་བདུན་ཡོད། བསྟན་སྲུང་ནི་དམ་ཆེན་ཡིན། ད་ལྟ་དགོན་འདིར་འདུ་ཁང་གཅིག་དང་མཚམས་ཁང་བཅུ། སྔགས་པ་བརྒྱད་བཅུ་ལྷག་ཡོད། 《གཅན་ཚའི་གནས་ཡིག》ལས་བཤུས། དོ་རྒྱ་དགེ་བཤེས་བསོད་ནམས་ཡེ་ཤེས་ནས།