བོད་དུ་མཚན་ཉིད་ཀྱི་གྲྭ་ས་ཆེན་པོ་རྣམས་སུ་གཞུང་ཆེན་པོ་ལྔའི་འཆད་ཉན་གཙོ་བོར་བྱེད་པའི་རྒྱུ་མཚན་གང་ཡིན་ཞེ་ན། བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའ་ཐམས་ཅད་སྡེ་སྣོད་གསུམ་དུ་འདུ་ལ་བཀའ་པོད་ལྔ་ནི་སྡེ་སྣེད་གསུམ་གྱི་སྡོམ་ལྟ་བུ་ཡིན། དེ་ཡང་མདོ་རྩ་འདུལ་བའི་སྡོམ། དབུ་ཚད་མཛོད་གསུམ་མངོན་པའི་སྡོམ། ཕར་ཕྱིན་མདོ་སྡེའི་སྡོམ་ཡིན། ཡང་བཀའ་ཐམས་ཅད་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་སུ་འདུ་བའི་དབང་དུ་བྱས་ན་ཐེག་ཆེན་གྱི་ལྟ་བ་དབུ་ཚད་གཉིས་དང་སྤྱོད་པ་ཕར་ཕྱིན་གྱིས་འཆད་པ་དང་ཐེག་དམན་གྱི་ལྟ་སྤྱོད་གཉིས་མཛོད་ཀྱིས་འཆད་ལ་འདུལ་བས་ནི་ཐེག་པ་ཆེ་ཆུང་ཐུན་མོང་གི་ཚུལ་ཁྲིམས་ཀྱི་རྣམ་བཞག་འཆད་པས་སོ། ཡང་རྒྱ་གར་འཕགས་པའི་ཡུལ་དུ་ཐུབ་བསྟན་གྱེན་དུ་འདེགས་པའི་ཀ་བ་ལྟ་བུར་གྱུར་པའི་པཎྜི་ཏ་མང་དུ་བྱོན་ཀྱང་འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་ཉིད་གྲགས་ཆེ་ལ། རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་ལུགས་ནི་བཀའ་པོ་ཏི་ལྔ་ཉིད་ཡིན། དེ་ཡང། ཀླུ་སྒྲུབ་ཡབ་སྲས་ཀྱི་དབུ་མའི་གཞུང་ལུགས། ཐོགས་མེད་སྐུ་མཆེད་ཀྱི་མངོན་པའི་གཞུང་ལུགས། ཕྱོགས་གླང་ཆོས་གྲགས་ཀྱི་ཚད་མའི་གཞུང་ལུགས། ཡོན་ཏན་འོད་དང་ཤཱཀྱ་འོད་གཉིས་ཀྱི་འདུལ་བའི་གཞུང་ལུགས་ཞེས་ཉི་ཟླ་ལྟར་གྲགས་སོ།། དེའི་ནང་ནས་འདུལ་བ་ནི། རྒྱ་གར་དུ་སངས་རྒྱས་ཞལ་བཞུགས་དུས་སུ་གསུངས་པ་རྩ་བའི་ལུང་《སོ་སོར་ཐར་པའི་མདོ་》དང། བཤད་པའི་སྡེ་བཞི་སྟེ། སོ་ཐར་གྱི་མདོའི་ཚིག་འགྲེལ་ལྟ་བུ་《ལུང་རྣམ་འབྱེད་》འདུལ་བའི་བསླབ་བྱ་ཕྲ་མོ་ཐམས་ཅད་རྒྱས་པར་བཤད་པ་《ལུང་ཕྲན་ཚེགས》ཁ་སྐོང་གི་ཚུལ་དུ་འཆད་པ་《ལུང་གཞི་》དཀའ་བའི་གནད་གཏན་ལ་འབེབས་པ་《གཞུང་བླ་མ་》བཅས་ཡིན། ཐེག་དམན་གྱི་འདུལ་བ་ནི་《བྱེ་བྲག་བཤད་མཛོད་ཆེན་མོ་》ཞེས་པ་དེའི་ནང་གསལ་ཞིང། ཐེག་པ་ཆེ་ཆུང་གཉིས་ཀའི་ཐུན་མོང་གི་འདུལ་བ་ནི་སློབདཔོན་ཡོན་ཏན་འོད་ཀྱིས་མཛད་པའི་《འདུལ་བ་མདོ་རྩ་བ་》དང། འདུལ་བའི་ལས་ཀྱི་ཆོ་ག་བརྒྱ་རྩ་གཅིག་ཕྱོགས་གཅིག་ཏུ་བསྡུས་པ་《ཀརྨ་ཤ་ཏམ་》དགྲ་བཅོམ་པ་ས་ག་ལྷས་མཛད་པའི་《མེ་ཏོག་ཕྲེང་རྒྱུད་》སློབ་དཔོན་དགེ་འདུན་བཟང་པོས་མཛད་པའི་《ཀ་རི་ཀ་ལྔ་བཅུ་》སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པའི་《འདུལ་བ་སུམ་བརྒྱ་པ་》སོགས་མང་དུ་ཡོད་པའི་ནང་ནས་བོད་སྐད་དུ་བསྒྱུར་བ་གཅིག་པུ་ཡང་བཀའ་འགྱུར་ནི་ནང་དུ་འདུལ་བ་པོད་བཅུ་གསུམ་དང། བཀའ་འགྱུར་མདོ་ཕྱོགས་ཀྱི་པོད[དུ་]ནས་[སུ་]བར་པོད་བཅོ་བརྒྱད་ལ་རྣམ་གྲངས་མི་འདྲ་བ་བཞི་བཅུ་ཞེ་སུམ་ཡོད། བོད་ལྗོངས་འདིར་བསྟན་པ་སྔ་དར་གྱི་དུས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་སད་མི་བདུན་རབ་ཏུ་བྱུང་ནས་འདུལ་བའི་སྡོམ་རྒྱུན་དང་བཤད་རྒྱན་གཉིས་ཀ་དར་བའི་འགོ་ཚུགས་ཤིང། བཙན་པོ་ཁྲི་རལ་པ་ཅན་གྱི་དུས་སློབ་དཔོན་ཤཱཀྱ་འོད་ཀྱི་སློབ་མ་པཎྜི་ཏ་དྭ་ན་ཤི་ལ་དང། ཛི་ན་མི་ཏྲ་གཉིས་བོད་དུ་གདན་དྲངས་ཏེ་སློབ་མ་མང་དུ་བྱུང་བའི་ནང་ནས་ཅོག་རོ་ལོ་ཙཱ་བ་ཀླུའི་རྒྱལ་མཚན་དང། སྨར་ཤཱཀྱ་མུ་ནེ། གཡོ་དགེ་འབྱུང། གཙང་རབ་གསལ་བཅས་བཞི་ནི་འདུལ་བ་ལ་མཁས་ཤིང། སྨར་གཡོ་གཙང་གསུམ་ལ་བསྟན་པ་སྔ་དར་དུས་ཀྱི་མཁས་པ་མི་གསུམ་ཞེས་གྲགས། གླང་དར་མས་སངས་རྒྱས་ཆོས་ལུགས་སྣུབས་སྐབས་ཁོང་གསུམ་མདོ་སྨད་དུ་བྲོས་བྱོལ་ཕེབས་དགོད་བྱུང། ཁོང་གསུམ་ལ་སློབ་མ་བླ་ཆེན་དགོངས་རབ་གསལ་དང། ཡང་སློབ་མཁས་བཙུན་མི་དྲུག རྒྱུན་འཛིན་དབུས་གཙང་གི་མཁས་པ་མི་བཅུ་གཉིས་སོགས་བྱུང་བ་ལས་མཁས་པ་མི་བཅ་གཉིས་ཀྱིས་བོད་དབུས་གཙང་དུ་ཕེབས་ནས་གནས་གཞི་བཟུང་སྟེ་འདུལ་བའི་བཤད་རྒྱུན་དང་སྡོམ་རྒྱུན་སྤེལ་བ་ནས་བཟུང་བསྟན་པ་ཕྱི་དར་གྱི་འགོ་ཚུགས་ཏེ། གཟུས་རྡོ་རྗེ་རྒྱལ་མཚན་ལ་སློབ་མ་གཟུས་ཀྱི་བུ་བཞི་དང། རྒྱ་འདུལ་བ་འཛིན་པ་ལ་སློབ་མ་ཀ་བ་བཞི་སོགས་འདུལ་བའི་འཆད་ཉན་གནང་ཐུབ་པའི་སློབ་མ་སྟོང་ཕྲག་གཅིག་ལྷག་ཙམ་བྱུང་བ་དང། སྟོད་ལུང་ཐག་མ་དགོན་པ་དང། སྐྱོར་མོ་ལུང། དགའ་བ་གདོང། གཉལ་ཟང་ཆེན། གཉལ་གྲ་སྐོར་སོགས་འདུལ་བའི་བཤད་གྲྭ་མང་དུ་བྱུང་བ་དང། གྲུབ་མཐའ་རིས་མེད་ཀྱི་མཁས་པ་མང་པོས་འདུལ་བའི་གཞུང་གི་འགྲེལ་བ་དང་མཆན་འགྲེལ་དོགས་གཅོད་བཅས་མཛད་པའི་ནང་ནས་བོད་ཡོངས་ཀྱི་མཁས་པ་ཚང་མ་ཚད་མར་འཛིན་ཅིང་གྲགས་ཆེ་བ་ནི། དུས་རབས་བཅུ་གཉིས་པའི་དཀྱིལ་དུ་མཚོ་སྣ་མཁན་ཆེན་ཤེས་རབ་བཟང་པོས་མཛད་པའི་《འདུལ་བའི་འགྲེལ་བ་ཉི་མའི་འོད་ཟེར》ཡོངས་གྲགས་སུ་《མཚོ་ཊིཀ་》ཅེས་འབོད་པ་དེ་ཡིན་ཅིང། དུས་རབས་བཅུ་གཅིག་པའི་མཇུག་ནས་དུས་རབས་བཅོ་ལྔ་པའི་དུས་དཀྱིལ་བར་དབུས་གཙང་གདན་ས་ཆེན་པོ་དྲུག(གསང་ཕུ། ར་སྟོད། ཚལ་གུང་ཐང། དགའ་གདོང། སྐྱོར་མོ་ལུང། ཟུལ་ཕུ།)གི་ནང་འདུལ་བར་སློབ་སྦྱོང་བྱེད་པའི་འཛིན་གྲྭ་ཆེད་གཉེར་གྱིས་སློབ་ཡུན་ལོ་བཞིའི་ལམ་ལུགས་བཙུགས་པ་དང། དུས་རབས་བཅོ་ལྔ་པའི་དཀྱིལ་ནས་རིམ་བཞིན་དར་བའི་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་ཆེ་ཁག་ཕལ་ཆེ་བར་འདུལ་བའི་འཆད་ཉན་གྱི་སྲོལ་རྒྱུན་མ་ཆད་པར་ཡོད། བཀའ་པོད་ལྔའི་གྲས་མངོན་པ་གོང་འོག་གཉིས་ཀྱི་བཤད་རྒྱུན་ནི་རྒྱ་གར་དུ་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་ཐེག་ཆེན་གྱི་མངོན་པའི་བསྟན་བཅོས་《མངོན་པ་ཀུན་བཏུས་》མཛད་ཅིང། སློབ་དཔོན་རྒྱལ་པོའི་སྲས་ཀྱིས་ཀྱང་《མངོན་པ་ཀུན་བཏུས་ཀྱི་འགྲེལ་པ་》རྒྱས་བསྡུས་གཉིས་མཛད་པ་《བསྟན་འགྱུར་》མདོ་ཕྱོགས་པོད་[ར་][ལི་]གཉིས་སུ་ལེ་ཚན་གསུམ་བཞུགས་ཤིང། བོད་ལྗོངས་སུ་བསྟན་པ་ཕྱི་དར་གྱི་སྐབས་སུ་བྲང་ཏེ་དར་མ་སྙོང་པོ་དང། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་《མངོན་པ་ཀུན་བཏུས་》ལ་འཆད་ཉན་གཙོ་བོར་མཛད་དེ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་《མངོན་པ་ཀུན་བཏུས་ཀྱི་འགྲེལ་པ》ཞིག་ཀྱང་མཛད་ཅིང། གཞན་ཡང་འགྲེལ་པ་མཛད་མཁན་འགའ་ཞིག་བྱུང། གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་ཚུགས་རྗེས་མངོན་པ་ཀུན་བཏུས་ཀྱི་སློབ་གཉེར་དེ་ཕར་ཕྱིན་དང་དབུ་མ་རྣམ་འགྲེལ་བཅས་ཀྱི་སློབ་གཉེར་དང་ཆབས་ཅིག་མཛད་པ་མ་གཏོགས། མངོན་པ་ཀུན་བཏུས་ལ་ཆེད་གཉེར་གྱིས་སློབ་སྦྱོང་མཛད་སྲོལ་མ་དར་ཞིང། མཁས་པ་འགའ་ཞིག་གིས་《མངོན་པ་འོག་མ་མཛོད་》ལ་གཙོ་བོར་སློབ་གཉེར་གནང་སྟེ་《མངོན་པ་ཀུན་བཏུས་》ཀྱི་སློབ་གཉེར་ཞོར་ལྕོགས་ལྟ་བུར་གནང་སྲོལ་འདུག མངོན་པ་གོང་འོག་གཉིས་ཀྱི་ནང་གསེས་《མངོན་པ་མཛོད་》ཀྱི་བཤད་རྒྱུན་ནི་རྒྱ་གར་དུ་སློབ་དཔོན་དབྱིག་གཉེན་གྱིས་《མངོནཔ་མཛོད་》དང་དེའི་རང་འགྲེལ་བཅས་མཛད་ཅིང། ཁོང་གི་སློབ་མ་གང་བ་སྤེལ་དང། དེའི་སློབ་མ་པཎྚི་ཏ་དྭ་ན་ཤོ་ལ་དང་ཛི་ན་མི་ཧྲ་གཉིས་ཡིན། ཁོང་གཉིས་བསྟན་པ་སྔ་དར་གྱི་དུས་བཙན་པོ་ཁྲི་རལ་པ་ཅན་གྱིས་སྲིད་དབང་བཟུང་སྐབས་བོད་དུ་བྱོན་ནས་མངོན་པ་གོང་འོག་གཉིས་ཀའི་བཤད་རྒྱུན་སྤེལ། 《མངོན་པ་མཛོད་》ཀྱི་སྐོར་ལ་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བ་རྣམས་བསྟན་འགྱུར་མདོ་ཕྱོགས་པོད་[ཨི་]ནས་པོད་[ཐུ་]པ་བར་པོད་བཅུ་གཅིག་ལ་ལེ་ཚན་རྣམས་གྲངས་བཅུ་གཅིག་ཡོད། བོད་ལྗོངས་འདིར་བསྟན་པ་སྔ་དར་གྱི་དུས་སུ་སློབ་དཔོན་དབྱིག་གཉེན་གྱི་ཡང་སློབ་པཎྚི་ར་ཛི་ན་མི་ཏྲ་དང་དྭ་ན་ཤི་ལ་གཉིས་བཙན་པོ་ཁྲི་རལ་པ་ཅན་གྱིས་སྲིད་དབང་བཟུང་སྐབས་བོད་དུ་བྱོན་ནས་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་སོགས་ལ་མངོན་པ་གོང་འོག་གི་བཤད་པ་གསན་པ་ནས་བསྟན་པ་ཕྱི་དར་མ་ཚུགས་བར་དུ་བཤད་རྒྱུན་མ་ཉམས་པར་བྱུང་བའི་ནང་ཁྱབ་ཆེ་བ་ནི་འབན་དཀོན་མཆོག་རྡོ་རྗེ་དང་རོག་ཆོས་ཀྱི་བརྩོན་འགྲུས་གཉིས་ཀྱི་བཤད་རྒྱུན་ཡིན། འབན་དཀོན་མཆོག་རྡོ་རྗེའི་བཤད་རྒྱུན་ནི་ས་སྐྱའི་རྗེ་བཙུན་རེད་མདའ་བའི་བར་བརྒྱུད་པ་མང་དུ་བྱུང་ཞིང། རྗེ་བཙུན་རེད་མདའ་བ་ལས་རྗེ་ཙོང་ཁ་པས་གསན་ཏེ་དགེ་ལུགས་ཕྱོགས་ལ་དར་སྤེལ་བྱུང། རོག་ཆེས་ཀྱི་བརྩོན་འགྲུས་ཀྱི་བཤད་རྒྱུན་ནི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་བར་དུ་བརྒྱུད་པ་གྲངས་ལས་འདས་པ་བྱུང་ཞིང། བུ་སྟོན་རིན་པོ་ཆེ་ནས་སློབ་མ་དང་ཡང་སློབ་ཧ་ཅང་མང་པོ་བྱུང་སྟེ་གྲུབ་མཐའ་རིས་མེད་ཀྱི་མཁས་པ་མང་པོས་མངོན་པ་མཛོད་ཀྱི་འགྲེལ་པ་དང་དོགས་གཅོད་སོགས་མཛད་པའི་ནང་ནས་བོད་ཀྱི་མཁས་པ་ཡོངས་ཀྱིས་སྤྱི་ཁྱབ་ཏུ་ཚད་མར་འཛིན་ཅིང་གྲགས་ཆེ་བ་ནི། དུས་རབས་བཅུ་བཞི་པའི་མགོར་སྣར་ཐང་མཁན་ཆེན་མཆིམས་འཇམ་དཔལ་དབྱངས་(ཡོངས་གྲགས་སུ་འཇམ་དགག་པཀྴི་ཟེར་བ་བཅོམ་ལྡན་རིག་པའི་རལ་གྲིའི་སློབ་མ་དེ་ཡིན་)ཀྱིས་མཛད་པའི་《འགྲེལ་པ་མངོན་པའི་རྒྱན་》སྟེ་ཡོངས་གྲགས་སུ་《མཆིམས་མཛོད་》ཅེས་འབོད་པ་དེ་ཡིན། ཕར་ཕྱིན་གྱི་བཤད་རྒྱུན་ནི་སངས་རྒྱས་རང་ཉིད་ཀྱིས་ཤེར་ཕྱིན་རྒྱས་འབྲིང་བསྡུས་གསུམ་གསུངས་པའི་སྦས་དོན་གྱི་རིམ་པ་རྣམས་རྒྱལ་བ་མི་ཕམ་མགོན་པོ་ཤིང་རྟ་ཆེན་པོ་འཕགས་པ་ཐོགས་མེད་ཀྱིས་གསན་པ་ནས་སློབ་དཔོན་སེང་གེ་བཟང་པོ་བྱུང་ཞིང་བར་དུ་སེང་བཟང་ལ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་གསན། དེའི་སློབ་མ་ཡོན་ཏན་བཤེས་གཉེན་ལ་ལོ་ཆེན་རིན་ཆེན་བཟང་པོས་གསན་ཏེ་འཆད་ཉན་མཛད། དེ་ལ་ཤར་ཕྱོགས་པ་ཟླ་བ་བཟང་པོས་གསན་པ་བཅས་ནི་རྒྱ་གར་དུ་ཕར་ཕྱིན་གྱི་བཤད་རྒྱུན་བྱུང་ཚུལ་ཡིན་ཅིང། བོད་ལྗོངས་སུ་བསྟན་པ་སྔ་དར་གྱི་སྐབས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང། ཁྲི་ལྡེ་སྲོང་བཙན། ཁྲི་རལ་པ་ཅན་བཅས་ཀྱི་རིང་ལ་《འབུམ་རྒྱས་འབྲིང་བསྡུས་གསུམ་》དང། ཕར་ཕྱིན་གྱི་འགྲེལ་པའི་སྐོར་ཁག་གཅིག་བཅས་བོད་སྐད་དུ་བསྒྱུར་ཞིང། བསྟན་པ་ཕྱི་དར་གྱི་སྐབས་སུ་《འབུམ་རྒྱས་འབྲིང་བསྡུས་གསུམ་གྱི་འགྲེལ་པ་》དུས་སྐབས་དེར་རྒྱ་གར་དུ་གང་ཡོད་ཐམས་ཅད་དང། གཞན་ཡང་ཕར་ཕྱིན་དང་འབྲེལ་བ་ཡོད་པའི་བྱམས་ཆོས་ཕྱི་མ་བཞི་སྟེ། 《མདོ་སྡེ་རྒྱན་》 《དབུས་མཐའ་རྣམ་འབྱེད་》 《ཆོས་ཉིད་རྣམ་འབྱེད་》 《རྒྱད་བླ་མ་》བཅས་དང་འཕགས་པ་ཐོགས་མེད་ཀྱིས་མཛོད་པའི་《ས་སྡེ་ལྔ》 《སའི་དངོས་གཞི་》 《གཏན་ལ་དབབ་པ་བསྡུ་བ་》 《གཞི་བསྡུ་བ་》 《རྣམ་པར་བཤད་པའི་སྒོ་བསྡུ་བ་》སོགས་ཕར་ཕྱིན་གྱི་སྐོར་རྣམ་གྲངས་བཞི་བཅུ་ཞེ་གསུམ་དང། ཕར་ཕྱིན་དང་འབྲེལ་བ་ཡོད་པའི་གཞུང་གི་རྣམ་གྲངས་སུམ་ཅུ་སོ་གཉིས་བཅས་བསྟན་འགྱུར་པོད[ཕི་]ནས་པོད་ [ཧི་]བར་པོད་བཅུ་དྲུག་ཡོད། བོད་འདིར་བསྟན་པ་སྔ་དར་དང་ལྷག་པར་དུ་ཕྱི་དར་གྱི་སྐབས་སུ་དབུས་གཙང་གདན་ས་ཆེན་པོ་དྲུག་སོགས་དང། གྲུབ་མཐའ་རིས་མེད་ཀྱི་གདན་ས་ཆེན་པོ་ཁག་ལ་ཕར་ཕྱིན་གྱི་འཆད་ཉན་དང། སློབ་གཉེར་དར་སྲོལ་ཆེན་པོ་བྱུང་སྟབས་གདན་ས་རང་རང་སོ་སོར་འཆད་ཉན་གི་ཡིག་ཆ་རྒྱས་བསྡུས་མི་འདྲ་བ་ཧ་ཅང་མང་པོ་ཡོད། བཀའ་པོད་ལྔའི་ནང་ནས་ཚད་མའི་སྐོར་ནི་ཚད་མ་རིག་པའམ་གཏན་ཚིགས་རིག་པ་ཞེས་པ་དེ་ཡིན་པས་མིང་ཚིག་འགྲེལ་བཤད་ཟུར་དུ་རང་རང་སྡེ་པའི་ནང་གསལ་བར་བརྟེན་འདིར་བསྐྱར་ལྡབས་ཀྱིས་བརྗོད་མ་དགོས་ལགས།