བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཆེན་པོ་བཞི་

རྙིང་མ་ རྩོམ་སྒྲིག

སྔ་འགྱུར་རྙིང་མ་བ་ནི་བསྟན་པ་སྔ་དར་གྱི་དུས་སུ་མཁན་སློབ་ཆོས་གསུམ་གྱིས་ཐོག་མར་སྤེལ་ཅིང་བརྒྱུད་པའི་ཐེག་པ་རིམ་དགུར་གྲགས་པའི་གསང་སྔགས་སྔ་འགྱུར་བའི་ཆོས་ལུགས་དེར་གོ་བ་ཡིན་ལ། ཆོས་བརྒྱུད་འདིར་རིང་བརྒྱུད་བཀའ་མ་སྟེ་གསང་སྔགས་རྙིང་མའི་ལུགས་ཀྱི་མདོ་སྒྱུ་སེམས་གསུམ་སོགས་རྒྱ་གར་པཎ་གྲུབ་རྣམས་ནས་བོད་ཀྱི་ལོ་པཎ་རྣམས་ལ་བརྒྱུད་པ་དང་། ཉེ་བརྒྱུད་གཏེར་མ་ཞེས་གཏེར་སྟོན་མངའ་བདག་ཉང་ཉི་མ་འོད་ཟེར་དང་གཏེར་ཁ་འོག་མའི་ཟླ་བ་ལྟ་བུའི་བརྒྱུད་པ་རིགས་གཉིས་སུ་དར་ཁྱབ་བྱུང་བས། དེ་ལ་སྙིང་པོའི་བསྟན་པ་ཞེས་ཀྱང་འབོད་དོ།།


བཀའ་བརྒྱུད་ རྩོམ་སྒྲིག

འགྲོ་མགོན་བཀའ་བརྒྱུད་པ་ནི་བཀའ་བབས་ཀྱི་གདམས་པ་འཛིན་པའི་ཆོས་བརྒྱུད་དེ་ཡིན། མདོ་ལུགས་ལྟར་ན་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་བཀའ་དྲིན་དྲི་མ་མེད་པའི་གདམས་ངག་གི་རྒྱུན་འཛིན་པ་དང་། སྔགས་ལུགས་ལྟར་ན་རྗེ་བཙུན་ཏེ་ལོ་པའི་བཀའ་བབས་བཞིའི་གདམས་ངག་རྣམས་བྱིན་རླབས་ཀྱི་རྒྱུན་མ་ཉམས་པར་འཛིན་པའི་ལུགས་ཏེ། མར་མེ་དྭགས་གསུམ་ནས་རིམ་བཞིན་བརྒྱུད་དེ། དེར་མཉམ་མེད་དྭགས་པོ་ལྷ་རྗེ་ལས་བརྒྱུད་པའི་བཀའ་བརྒྱུད་ཆེ་བཞི་དང་། དེ་ནས་ཕག་གྲུ་བཀའ་བརྒྱུད་ཀྱི་ཡན་ལག་ཏུ་གྱུར་པའི་ཆུང་བརྒྱད་དང་། དེ་བཞིན་ཀརྨ་བཀའ་བརྒྱུད་ཀྱི་ཡན་ལག་ཏུ་གྱུར་བའི་དམིགས་བསལ་དུ་རང་ཁུལ་ལ་ཡོད་པའི་ཟུར་མང་དང་གནས་མདོའི་ལུགས་བཅས་དར་ཁྱབ་བྱུང་ངོ་། །

ས་སྐྱ་ རྩོམ་སྒྲིག

དཔལ་ལྡན་ས་སྐྱ་པ་ནི་རབ་བྱུང་དང་པོའི་དུས་སུ་འཁོན་དཀོན་མཆོག་རྒྱལ་པོས་ས་སྐྱའི་དགོན་པ་ཕྱག་བཏབ་སྟེ། དེ་ནས་ས་ཆེན་ཀུན་དགའ་སྙིང་པོས་སྲོལ་བཏོད། རྗེ་བཙུན་སྐུ་མཆེད་གཉིས་དང་ཆོས་རྗེ་ཁུ་དབོན་གྱིས་དར་ཞིང་རྒྱས་པར་མཛད་པའི་རིང་ལུགས། གསང་ཆེན་དགྱེས་པ་རྡོ་རྗེའི་བཀའ་སྲོལ། གྲུབ་ཆེན་བིར་ཝ་པའི་དབང་རྒྱུད་མན་ངག་བྱིན་རླབས་དང་བཅས་པའི་བཀའ་བབས་ཀྱི་རྒྱུད་འཛིན་མདོ་དང་སྔགས་ཀྱི་བསྟན་པ་ཡོངས་རྫོགས་གསུང་ངག་ལམ་འབྲས་ཀྱི་ཉམས་ལེན་དུ་གཙོར་མཛད་པའི་ལུགས་ཡིན་ཞིང་། རིམ་བཞིན་ས་ལུགས་ངོར་ལུགས་ཚར་ལུགས་གསུམ་གྱི་སྒོ་ནས་དར་ཁྱབ་བྱུང་ངོ་། །

དགེ་ལུགས་ རྩོམ་སྒྲིག

རི་བོ་དགེ་ལུགས་པ་ནི་རྒྱལ་བ་བཀའ་གདམས་པའི་སློབ་བརྒྱུད་དུ་གྱུར་པའི་རྗེ་ཙོང་ཁ་བ་བློ་བཟང་གྲགས་པ་ཡབ་སྲས་ཀྱིས་སྲོལ་བཏོད་ཅིང་དར་རྒྱས་མཛད་པའི་མདོ་སྔགས་བཤད་སྒྲུབ་ཟུང་འབྲེལ་གྱི་ལུགས་འཛིན་མཁན་གྱི་ཆོས་བརྒྱུད་དེ། གདན་ས་སེ་འབྲས་དགེ་གསུམ་གཙོར་བྱས་པའི་བོད་ཁམས་ཡོངས་ལ་བཤད་སྒྲུབ་ཀྱི་བསྟན་པ་འཆད་ཉན་དང་དག་ཐེར་མཛད་པས་དར་ཁྱབ་བྱུང་། དེ་ལ་བཀའ་གདམས་གསར་མ་ཞེས་འབོད་སྲོལ་ཡང་ཡོད།

འདོན་སྤྲོད་མཁན། རླངས་ཚ་སྐལ་རྒྱམ།