ཚེས་བཅུ་ཆེན་མོ་ཞེས་པ་རྙིང་མའི་དུས་མཆོད་ཆེན་མོ་ཞིག་གི་མིང་སྟེ། གུ་རུ་རིན་པོ་ཆེས་འཛམ་གླིང་འདིར་མཛད་པ་གཙོ་བོ་རྣམས་ཟླ་བ་སོ་སོའི་ཡར་ངོའི་ ཚེས་བཅུ་རྣམས་ལ་བསྟན་པར་མཛད་པས། དེའི་དུས་སུ་འཛམ་གླིང་ཡུལ་གྲུ་སྤྱི་དང་ ཁྱད་པར་བོད་ཡུལ་དུ་གུ་རུ་རིན་པོ་ཆེ་འཁོར་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་དངོས་སུ་བྱོན་ནས་འགྲོ་དོན་ལྷག་པར་མཛད་པའི་དུས་ཡིན་པས། དུས་ཆེན་དེ་དང་ བསྟུན་ནས་རྙིང་མའི་དགོན་སྡེ་སོ་སོར་བླ་མ་གསང་འདུས་ཀྱི་ དཀྱིལ་འཁོར་ཞལ་ཕྱེ་ནས་གུ་རུ་མཚན་བརྒྱད་ཀྱི་འཆམ་དང་སྦྲགས་ཚེས་བཅུ་ཆེན་མོའི་སྒྲུབ་མཆོད་གནང་བ་རེད། འོན་ཀྱང་བླ་མ་གོང་མའི་ཕྱག་བཞེས་དང་སྤྲེལ་ཟླ་ངོས་ འཛིན་གྱི་ཁྱད་ལས་སྒྲུབ་མཆོད་དེ་བོད་ཟླ་ལྔ་པ་དང་དྲུག་པ། བདུན་པ་ གང་རུང་གི་ཚེས་བཅུ་ལ་འཁེལ་བས་འདྲ་བ་མ་ཡིན། ཚེས་ཉེར་ལྔ་ལ་ཡང་མར་ངོའི་ཚེས་བཅུ་ཞེས་བརྗོད་ཀྱང་དེ་ལ་མཁའ་འགྲོ་འདུ་བའི་དུས་ཆེན་ཟེར་བ་ཡིན་ནོ། །