ཞང་སྟོན་བསྟན་པ་རྒྱ་མཚོ།

ཞང་སྟོན་བསྟན་པ་རྒྱ་མཚོ་ནི་ ༡༨༢༥ ལོར་འཁྲུངས་ཤིང་ ༡༨༩༧ ལོར་ཞི་བར་གཤེགས། ཁོང་ནི་སྐབས་འདིའི་མཁས་པའི་ཁྲོད་ནས་རྩོམ་ཁ་ཤིན་ཏུ་ཡངས་པའི་མཁས་པ་ཞིག་ཡིན་སྟེ། དེ་ཡང་ཁོང་གིས་མཛད་པའི་བསླབ་བྱ་ནོར་བུའི་ཕྲེང་བ་ལ་མཚོན་ན་ཡང་འདི་ལྟར།

ཁོ་བོ་ཡབ་རྗེ་བླ་མ་དམ་པའི་སྲས།

གཞུང་ལུགས་མང་དུ་ཐོས་པས་བཤད་པ་ཆེ།།

མི་རིགས་སྣ་ཚོགས་འགྲོགས་པས་གོམས་པ་ཆེ།།

དེ་ཕྱིར་སྙིང་གི་བུ་ལ་འདི་ལྟར་བཤད།།

ཀུན་དང་མཐུན་པ་རྩ་བ་ཡིན་མོད་ཀྱང་།།

མཐོང་ཚད་ལད་མོ་བྱས་ན་ཀླད་མེད་ཡིན།།

སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང་།།

རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན།།

ཆ་ལུགས་ཀུན་དང་བསྟུན་ན་བཟང་མོད་ཀྱང་།།

སྟོན་པའི་བཅོས་པར་འགལ་ན་སྙིང་རུལ་ཡིན།།

གཞན་དོན་རེམ་པ་ཡ་རབས་ཡིན་མོད་ཀྱང་།།

རང་སྡུག་རང་གིས་ཉོས་ན་སྡུག་གྱོང་ཡིན།།

གཞན་ལ་ཁྱད་གསོད་མེད་ན་བཟང་མོད་ཀྱང་།།

བཟང་ངན་གང་བྱས་ཁྱད་མེད་གླེན་པ་ཡིན།།

ནོར་ལ་ཆགས་ཞེན་མེད་ན་བཟང་མོད་ཀྱང་།།

གཅིག་བཟུང་གཉིས་ཤོར་བྱས་ན་སྟོང་ཟད་ཡིན།།[1]

སོགས་ཀྱིས་མཚོན་ལ། བསླབ་བྱ་འདི་དག་གི་ནང་དུ་རྩོམ་པ་པོས་རང་ཉིད་ཀྱི་མྱོང་གོམས་གཞིར་བཟུང་སྟེ་བལང་དོར་བྱ་ཕྱོགས་ཀྱི་གདམས་པ་ཁག་ཚིག་ཆེས་གོ་བདེའི་ལུགས་སུ་སྤེལ་ཡོད་པ་དེ་ཡང་། དགག་བྱ་དང་སྒྲུབ་བྱ་གཉིས་ཆ་ཚིག་རྐང་གཉིས་རེས་གྲུབ་པར་བྱས་ཏེ་སྤེལ་ཡོད་པ་ལྟ་བུ་དང་། ཡང་ཁོང་གི་གསུང་ཕལ་སྐད་དུ་བྲིས་པ་ཞིག་འདུག་པ་འདིར་དྲངས་ན།

ཕོ་མི་མཁོ་དགུ་མཁོའི་འདོད་པ་ཅན།།

དུས་དབྱར་དགུན་མེད་པར་ཁོམ་དུས་མེད།།

རྒྱ་ཁེ་བའི་བོང་རྒན་རྒྱབ་མེད་པོ།།

ཁོ་ཀུམ་མེ་ཀུམ་མེ་འདུག་དབང་མེད།།

ཕོ་འདོད་ཆགས་ཅན་གྱི་བློས་ཡེངས་པོ།།

སེམས་རླུང་རྒོད་ལགས་པས་ཁོམ་དུས་མེད།།

དབྱས་སོས་ཀའི་དུས་ཀྱི་བོང་གསེབ་དེ།།

ཁོ་རང་ངེ་རང་ངེ་འདུག་དུས་མེད།།

ཕོ་ཞེ་སྡང་ཅན་དང་ཕྲག་དོག་ཅན།།

ཁོ་ཉལ་རུང་ལངས་རུང་བདེ་དུས་མེད།།

ནོར་ཐོབ་རྒྱུ་མེད་རུང་ཁྱི་རྒན་དེ།།

ཁ་ཅབ་བེ་ཅབ་བེ་དལ་དུས་མེད།། སོགས་ལ་གཟིགས་ན་ཡང་། ཞང་སྟོན་པའི་རྩོམ་ཁ་ཡངས་པ་དང་། གོ་བདེ་བ་སོགས་ཀྱི་ཁྱད་ཆོས་མཐོང་ནུས་ལ། དགེ་འདུན་ཆོས་འཕེལ་གྱི་ཚིགས་བཅད་རྩོམ་རིགས་ཁག་ལ་ཡང་མ་ཕྱི་ཞིག་དགོས་ཚེ་འདི་འདྲ་བའི་རྩོམ་ཡིག་ཁག་ཅི་ནས་ཀྱང་ཡིན་ངེས་རེད།


[1] གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་་ཡིག་གསེར་གྱི་སྦྲམ་བུ། ཤོག་ངོས་ ༡༨༣༠ ན་གསལ།

ཡོང་ཁུངས། རབ་གསལ་མེ་ལོང་དྲ་རྒྱ།