Open main menu

Wikipedia β

འབྱུང་རྩིས་ཟླ་ཟེར་

འབྱུང་རྩིས་ཟླ་ཟེར།
ལེའུ་དང་པོ། སྐོར་འགོ་སྤྱིའི་རྣམ་གཞག །

༄༅། །འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་ཞེས་བྱ་བ།
བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཇི་ལྟའི་གནས་ལུགས་མངོན་གཟིགས་ནས། །ཇི་སྙེད་ཐུགས་རྗེའི་གཞན་དབང་གིས། །འགྲོ་ལ་ཕན་བདེའི་འཕྲིན་ལས་ཅན། །གཏེར་ཆེན་བླ་མ་ལ་ཕྱག་འཚལ། །མཁྱེན་བརྩེའི་ཆུ་སྐྱེས་ཀེ་ས་རར། །རབ་སྙན་ལེགས་བཤད་བུང་བའི་དབྱངས། །བསྒྱུར་མཁས་རྒྱལ་སྲས་གཞོན་ནུའི་སྐུ། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞུ་འཕྲུལ་ལེན་འཆང་སྐྱེས་བུ་ནི། །བཞི་ཚན་བཞི་དང་དུ་ཧ་ར། །ལོ་པཎ་དམར་ནག་ཁྲ་གསུམ་དང་། །ཁྱུང་ཕུག་བརྒྱུད་པར་བཅས་ཀུན་རྒྱལ། །བདག་བློའི་ཡོལ་གོ་དཀར་ནག་གི །རྩིས་རིག་བདུད་རྩིས་འགེངས་མཛད་པ། །རྒྱལ་སྲས་མཆོག་དང་ཟླུམ་ཆེན་རྗེ། །རྒྱ་སྟོན་རྣམས་ལའང་དྲིན་ཕྱག་འབུལ། །མང་ཐོས་ཉི་མ་དང༌བྲལ་བའི། །འགྲོ་བློའི་མཚན་མུན་བསལ་བའི་ཆེད། །འབྱུང་བ་རྩིས་ཀྱི་མན་ངག༌གནད། །གཅེས་བཏུས་ཟླ་བའི་འོད་ཟེར་སྤྲོ། །དེ་ལ་སྤྱི་ཡི་རྣམ་བཞག་དང། །བྱེ་བྲག་སོ་སོའི་སྐོར་འགོ་སྟེ། །རྣམ་པ་གཉིས་ལས་དང་པོ་ནི། །གཙུག་ལག་འབྱུང་བའི་རྒྱུད་རྣམས་སུ། (སྡོང་པོ་དགུ་འདུས་ལས། ཀྱཻ། ཉོན་ཅིག་འདུས་པའི་འཁོར་རྣམས་ཀུན། །རང་བཞིན་གནས་པའི་རུས་སྦལ་དང། །ཆགས་དང་སྲིད་པའི་རུས་སྦལ་དང། །དེ་ལས་སྤྲུལ་པའི་རུས་སྦལ་བཤད་པ་ཡིན། །རུས་སྦལ་རྣམ་པ་ལྔ་རུ་བསྟན། །ཞེས་སོ།།)གནས་ཆགས་སྲིད་སྤྲུལ་བཤས་པ་ཡི། །རུས་སྦལ་རྣམ་པ་ལྔ་རུ་བཤད། །དེ་ལས་སྣང་ལུགས་ཆགས་སྲིད་དེ། །མཚོན་བྱེད་སྤྲུལ་པའི་རུས་སྦལ་གྱིས། །མཚོན་ལས་སྟོན་པས་གཙུག་ལག་བསྟན། །དེ་ཕྱིར་དགོས་དོན་སྙིང་པོ་ནི། ། རྩ་བ་སྲིད་པའི་རུས་སྦལ་དེ། །གན་རྐྱལ་དག་ཏུ་གནས་པ་ཡི། །མགོ་བོ་ལྷོར་བསྟན་མེ་ཡི་ཁམས། །གློ་གཡས་ཤར་བསྟན་ཤིང་གི་ཁམས། །གློ་གཡོན་ནུབ་བསྟན་ལྕགས་ཀྱི་ཁམས། །མཇུག་མ་བྱང་བསྟན་ཆུ་ཡི་ཁམས། །ཡན་ལག་མཚམས་བཞི་ས་ཡི་ཁམས། །དེ་ལ་བརྩི་བྱ་རྩི་བྱེད་ཀྱི། །གཙུག་ལག་ཐམས་ཅད་སྒྲུབ་པ་ཡིན། །བརྩི་བྱའི་གཞི་ནི་འབྱུང་ལྔ་སྟེ། །ཤིང་མེ་ས་ལྕགས་ཆུ་ལྔ་པོ། །དེ་རྣམས་མ་བུ་དགྲ་གྲོགས་བརྩི། །ཤིང་མ་ཆུ་ལ་ཆུ་མ་ལྕགས། །ལྕགས་མ་ས་ལ་ས་མ་མེ། །མེ་ཡི་མ་དེ་ཤིང་ཡིན་ནོ། །ཤིང་བུ་མེ་ལ་མེ་བུ་ས། །ས་བུ་ལྕགས་ལ་ལྕགས་བུ་ཆུ། །ཆུ་ཡི་བུ་དེ་ཤིང་ཡིན་ནོ། །ཤིང་དགྲ་ལྕགས་ལ་ལྕགས་དགྲ་མེ། །མེ་དགྲ་ཆུ་ལ་ཆུ་དགྲ་ས། །ས་ཡི་དགྲ་དེ་ཤིང་ཡིན་ནོ། །ཤིང་གྲོགས་ས་ལ་ས་གྲོགས་ཆུ། །ཆུ་གྲོགས་མེ་ལ་མེ་གྲོགས་ལྕགས། །ལྕགས་ཀྱི་གྲོགས་དེ་ཤིང་ཡིན་ནོ། །དེ་ནི་འབྱུང་བའི་སྐོར་འགོ་སྟེ། །སྐོར་འགོ་ཀུན་གྱི་སྤྱི་རུ་བཞག །འབྱུང་བ་ལའང་ངོ་བོ་དང་། །ངེས་ཚིག་དབྱེ་བ་དེའི་མཚན་ཉིད། །བྱེད་ལས་ལྔ་ལས་དང་པོ་ནི། །བརྟགས་ན་དབེན་ཕྱིར་མ་གྲུབ་སྟེ། །དེ་ལས་རང་བཞིན་འབྱུང་ཕྱིར་ངེས། །དབྱེ་བ་ལྔའམ་དེ་ཡི་སྟེང༌། །མཁའ་རླུང་རི་བསྣན་བདུན་བརྒྱད་སྲིད། །ཤིང་སོགས་རིམ་བཞིན་གཡོ་སྲེག་དང་། །སྲ་གཅོད་བརླན་ལྔའི་མཚན་ཉིད་འཛིན། །བྱེད་ལས་མ་འཁྲུགས་བདེ་སྟེར་ཞིང། །འཁྲུགས་ན་ན་འཆིའི་སྡུག་བསྔལ་བསྐྱེད། །དེ་ཕྱིར་འབྱུང་འདུས་ཕུང་པོ་ལ། །རྣམ་རྟོག་ལས་བསྐྱེད་འདུ་བ་ཡི། །ནད་དང་ཡེ་འབྲོག་གཤེད་བཞིས་སྤྱོད། །བདེ་སྡུག་མ་ལུས་འབྱུང་བས་བྱེད། །དེ་བསལ་ཕྱིར་ན་རྩིས་འདི་གཅེས། །རྩི་བྱེད་གཙུག་ལག་རྣམ་གཉིས་ཏེ། །རང་བཞིན་གཞི་དང་འཁྲུལ་སྣང་ངོ༌། །རང་བཞིན་གཞི་ཡི་གཙུག་ལག་ནི། །སྣང་སྲིད་འབྱུང་བ་ལྔར་སྣང་བ། །ཀུན་ཀྱང་ནམ་མཁའི་རང་བཞིན་ཏེ། །མཐའ་དབུས་མེད་ཅིང་འདུས་མ་བྱས། །མ་རིག་འཕྲུལ་སྣང་གཙུག་ལག་ལ། །རྩི་བའི་གཞི་དང་རྩི་ཐབས་གཉིས། །རྩི་གཞི་ལའང་རྣམ་བཞི་སྟེ། །འབྱུང་བ་རང་རྒྱུད་སྣང་བ་ཡུལ། །སྤྱོད་བྱེད་ཡིད་དང་འཛིན་པ་སེམས། །འབྱུང་བ་ཕྱི་ནང་བར་གསུམ་གྱི། །(ནང་གི་ཁམས་ལྔ་སྙིང་མེ་ཁམས། གློ་བ་ལྕགས་ཁམས། མཆིན་པ་ཤིང་ཁམས། མཆེར་པ་ས་ཁམས། མཁལ་མ་ཆུ་ཁམས། )དབྱེ་བས་རང་རྒྱུད་གཏན་ལ་འབེབས། །དབང་ཡུལ་ཅིར་སྣང་འབྱུང་བ་རུ། །ཤེས་པ་དེ་ནི་སྣང་བ་ཡུལ། །དེ་དག་ཕན་ཚུན་འབྱུང་བ་ཡི། །གཅོད་འདྲལ་བསམ་པ་སྤྱོད་བྱེད་ཡིད། །དེ་ཡི་སྐྱོན་དང་ཡོན་ཏན་དག །འཛིན་པ་སེམས་ཀྱི་གབ་རྩེར་གྲགས། །རྩི་ཐབས་བསྡུ༌ན་རྣམ་པ་དགུ། ཁམས་ལོ་སྨེ་བ་སྤར་ཁ་དང་། །ཟླ་ཞག་དུས་ཚོད་གཟའ་སྐར་རོ། །
དང་པོ་ཁམས་ནི་ཀེག་ཤིང་དང་། །ཇི་མེ་ཀུངས་ས་ཤངས་ལྕགས་ཏེ། །འུ་ཆུ་རུས་ཆེན་ལྔ་རུ་གྲགས། །དེ་དག་སོ་སོའི་ངོས་འཛིན་ཀྱང། །སྐད་འགགས་གྲེ་བ་འདར་ཀེག་ཤིང་། །སོ་བར་སྒྲ་འདོན་ཇི་མེ་སྟེ། །ལྟེ་ཁུང་དབུགས་སྡུད་ཀུངས་ས་དང། ཁ་གདངས་ལྕེ་འཕྱར་སྣ་ནས་དབུགས། །འོང་བ་དེ་ནི་ཤངས་ལྕགས་ཁམས། །མཆུ་སྡུད་མཆུ་འཛུམ་འུ་ཆུར་བཤད། ཁམས་ལོ་སྦྱར་བའི་མཐུན་སྡེབས་ནི། །ཤིང་ཁམས་ཀེག་ལ་དཔེར་མཚོན་ན། །སྟག་ཡོས་འབྱུང་ན་དབང་ལོ་སྟེ། །བྱི་ཕག་མ་ལ་རྟ་སྦྲུལ་བུ། །ཁྱི་འབྲུག་གྲོགས་ལ་བྱ་སྤྲེལ་དགྲ། །ལུག་ནི་འཆད་ཆེན་འཆད་ཆུང་གླང་། །དབང་གཟའ་ཕུར་བུ་དབང་སྐར་ནི། །ཤར་སྐར་དྲུག་ཡིན་ཀུན་ལ་འགྲེ། །གཉིས་པ་ལོ་འགྲོས་བཅུ་གཉིས་ཏེ། །འབྱུང་རྩིས་ཐོག་མར་གསུངས་པའི་ཚེ། །ཐེ་སེ་བྱང་སྨད་བྱི་བའི་སྟེང། །གནས་ཕྱིར་བྱི་བ་ལོ་འགོར་བཞག །དེ་ནས་གླང་སྟག་ཡོས་འབྲུག་སྦྲུལ། །རྟ་ལུག་སྤྲེའུ་བྱ་ཁྱི་ཕག །ཕོ་ལོ་མོ་ལོའི་དབྱེ་བ་ནི། །བྱི་སྟག་འབྲུག་རྟ་སྤྲེལ་ཁྱི་ཕོ། །གླང་ཡོས་སྦྲུལ་ལུག་བྱ་ཕག་མོ། །རེ་རེའང་དབང་ཐང་ལྔ་ལྔ་རུ། །ཕྱེ་བས་ལོ་རྒན་དྲུག་ཅུར་འགྱུར། །དེ་རྣམས་གནས་ལུགས་ཕྱོགས་བསྟན་པ། །ཤར་སྟོད་སྟག་ལ་ཤར་སྨད་ཡོས། །ཤར་ལྷོ་མཚམས་ན་འབྲུག་སྡེ་ལྔ། །ལྷོ་སྟོད་སྦྲུལ་ལ་ལྷོ་སྨད་རྟ། །ལྷོ་ནུབ་མཚམས་ན་ལུག་གནས་སོ། །ནུབ་སྟོད་སྤྲེའུ་ནུབ་སྨད་བྱ། །ནུབ་བྱང་ཁྱི་ཡི་གནས་ལུགས་ཡིན། །བྱང་སྟོད་ཕག་ལ་བྱང་སྨད་བྱི། །བྱང་ཤར་མཚམས་ན་གླང་སྡེ་ལྔ། །ཀུན་ལའང་སྲོག་ལུས་དབང་ཀླུང་བཞི། །སྲོག་ནི་གནས་ཕྱོགས་འབྱུང་བ་སྟེ། །སྟག་ཡོས་སྲོག་ཤིང་རྟ་སྦྲུལ་མེ། །བྱ་སྤྲེལ་ལྕགས་ལ་བྱི་ཕག་ཆུ། །གླང་ལུག་ཁྱི་འབྲུག་བཞི་སྲོག་ས། །སྲོག་གི་མ་ནི་བླ་རུ་གྲགས། །སྲོག་དང་དབང་ཐང་གཅིག་པ་སྟེ། །ཁ་ཡན་ཡིན་ཏེ་དབང་ཐང་ནི། །སྲོག་གི་མར་སོང་ཁོང་ནོང་ལོ། །དབང་ཐང་བུར་གྱུར་སེ་ཤིག་དང་། །དབང་ཐང་གྲོགས་གྱུར་ཁ་རལ་ཏེ། །དབང་ཐང་དགྲ་གྱུར་འདུན་འཁུར་རོ། །
དེ་ནས་ལུས་ཀྱི་ལྡེ་མིག་ནི། །སྟག་ཡོས་བྱ་སྤྲེལ་ཁམ་ནས་རྩི། །གླང་ལུག་རྟ་བྱི་ཟིན་ནས་རྩི། །ཁྱི་འབྲུག་ཕག་སྦྲུལ་དྭ་ནས་རྩི། །ལྕགས་ཆུ་མེ་ས་ཤིང་དུ་བགྲང་། །དབང་ཐང་ལུས་གཉིས་བབས་ས་བསྟུན། །དེ་ལྟར་ལོ་འགྲོས་དྲུག་ཅུ་ཡི། །ཁྱིམ་མཚེས་སོ་སོའི་ལུས་ཀྱི་ཁམས། །གཅིག་ཕྱིར་ཁ་སྲོག་སུམ་ཅུར་གྲགས། །
དབང་ཐང་ལྡེ་མིག་བསྟན་པ་ནི། །ཕོ་ལོ་གནམ་ལོར་ཤར་བའི་ཚེ། །གཅིག་བཅུ་རང་ལ་གཉིས་གསུམ་མ། །བཞི་ལྔ་དགྲ་ལ་དྲུག་བདུན་གྲོགས། །བརྒྱད་དགུ་བུ་རུ་ཤེས་པར་བྱ། །མོ་ལོ་གནམ་ལོར་ཤར་བའི་ཚེ། །གཅིག་གཉིས་རང་ལ་གསུམ་བཞི་མ། །ལྔ་དྲུག་དགྲ་ལ་བདུན་བརྒྱད་གྲོགས། །དགུ་དང་བཅུ་ནི་བུ་ཡིན་ཏེ། །ལོ་རྒན་དྲུག་ཅུའི་ཕོ་མོ་གཉིས། །སྦྲགས་མ་རེ་རེ་དབང་ཐང་གཅིག །དེ་ཕྱིར་བུ་འདེད་སུམ་ཅུར་འགྱུར། །
དེ་ནས་ཀླུང་རྟའི་ལྡེ་མིག་ནི། །སྟག་རྟ་ཁྱི་གསུམ་ཀླུང་སྤྲེལ་ལྕགས། །བྱི་འབྲུག་སྤྲེལ་གསུམ་ཀླུང་སྟག་ཤིང་། །བྱ་གླང་སྦྲུལ་གསུམ་ཀླུང་ཕག་ཆུ། །ཕག་ལུག་ཡོས་གསུམ་ཀླུང་སྦྲུལ་མེ། །དེ་དག་མཐུན་གསུམ་སྡེབས་པ་སྟེ། །འབྱུང་བ་ས་ཡི་ཀླུང་རྟ་མེད། །དེ་ལྟར་སྲོག་ལུས་དབང་ཀླུང་སྟེང་། །རང་ཀླུང་སྐྱེས་པའི་སྨེ་བ་དང་། །མ་ཀླུང་སྐྱེས་པའི་སྤར་ཁ་བསྣན། །དྲུག་དྲུག་དག་ཏུ་རྩི་བའང་ཡོད། །ལོ་ལའང་དཀྱུས་ལྡོག་རྣམ་པ་གཉིས། །དཀྱུས་མ་ཤིང་བྱི་ཤིང་གླང་དང་། །མེ་སྟག་ལ་སོགས་བུ་འདེད་ཀྱིས། །རིམ་བཞིན་ཆུ་ཕག་བར་དུ་སྦྱར། །ལྡོག་པ་ལོ་ཡི་སྐོར་འགོ་ནི། །སྐྱེས་པ་བུ་ལྔ་སྟག་ནས་སྤུབ། །བུད་མེད་མ་ལྔ་སྤྲེའུ་ནས། །གྱེན་དུ་བཀན་ལ་ལོ་གྲངས་བགྲང་། །དཔེར་ན་ཤིང་ཕོ་བྱི་བ་ལ། །ཕོ་ནི་མེ་སྟག་མོ་ཆུ་སྤྲེལ། །སྐོར་འགོ་བྱས་ནས་གྱེན་ཐུར་རྩི། །གང་བབས་དམིགས་བཟུང་འགྲེལ་བ་བལྟ། །ཕོ་ཁྱི་གནམ་སྒོ་ཕག་ས་སྒོ། །མོ་གནམ་འབྲུག་ལ་ས་སྒོ་སྦྲུལ། །གླང་ལུག་གཉིས་ནི་ཕུང་གྱོད་ལྔ། །བྱ་སྤྲེལ་གཉིས་ནི་བྱེ༌བྲལ་ལྔ། །བྱི་རྟ་གཉིས་ནི་རུས་ཆོད་ལྔ། །སྟག་ཡོས་གཉིས་ནི་འབྱོར་བ་ལྔ། །ཡར་ལྔ་བགྲངས་པ་འཇུ་ཐག་སྟེ། །མར་ལྔ་ས་ཡི་རྟེན་ཕུར་ཡིན། །ཡར་བརྒྱད་བགྲངས་པ་གནམ་བརྒྱངས་ལ། །མར་བརྒྱད་བགྲངས་པ་ས་བརྒྱངས་ཡིན། །རང་གི་ལོག་མེན་སྲོག་དབང་གཉིས། ། རང་ལོའི་སྲོག་དབང་གཉིས་ཀ་ཡི། །དགྲ་རུ་གྱུར་ཚེ་ཕོ་ལོ་དང་། །མོ་ལོ་སོ་སོ་ཕན་ཚུན་དུ། །རང་བདུད་ཆད་ཅིང་གཞན་བླ་འཁྱམ། །དཔེར་ན་ལོག་མེན་ཤིང་སྟག་ལ། །ས་ཁྱི་ས་འབྲུག་བདུད་གཅོད་དང་། །ས་ཡི་གླང་ལུག་བླ་འཁྱམ་མོ། །དེ་བཞིན་ལོག་མེན་ཤིང་ཡོས་ཚེ། །ས་གླང་ས་ལུག་བདུད་ཆད་ཅིང། །ས་ཡི་ཁྱི་འབྲུག་བླ་འཁྱམ་འགྱུར། །དེ་ཡིས་ཀུན་ལ་འགྲེ་བར་བྱ། །ཤིང་གིས་ཕ་ཁུ་མེས་གསུམ་བརྩི། །མེ་ཡིས་བུ་ཚ་མ་མད་བརྩི། །ས་ཡིས་ས་ཞིང་ཡུལ་མཁར་བརྩི། །ལྕགས་ཀྱིས་ཞང་ཉེ་ནོར་དང་གྲོགས། །ལྷ་དང་བསྲུང་མ་བརྩི་བར་བྱ། །ཆུ་ཡིས་གཉེན་ལམ་མཐའ་བཞི་བརྩི། །དེ་ལས་གཞན་ཡང་བཤད་པར་བྱ། །གཅིག་པ་རང་ཀེག་གཉིས་ནད་དགྲ། །གསུམ་པ་བྱེ༌བྲལ་བཞི་བཞི་གཤེད། །ལྔ་པ་ལྔ་མཐུན་དྲུག་དྲུག་འབྲས། །བདུན་པ་བདུན་ཟུར་ཤེས་པར་བྱ། །ཡར་གྱི་བཞི་གཤེད་ན་རེས་དང་། །མར་གྱི་བཞི་གཤེད་འཆི་རེས་ཏེ། །དེ་ལ་ལོ་སྐར་ཆེ་བའང་ཟེར། །དེ་ཡི་བདུན་ཟུར་སྐར་ཆུང་ཡིན། །དཔེར་ན་བྱི་བ་ལོ་པ་ཡི། །གནམ་ལོ་ཡོས་ཤར་སྐར་ཆེན་ཏེ། །བྱ་ཤར་སྐར་ཆུང་གཞན་དུ་ན། །ཕྱི་ཡི་རོ་འདོད་ཆེ་ཆུང་ཟེར། །དེ་ཡིས་ཀུན་ལ་འགྲེ་བར་བྱ། །མེ་དང་ཆུ་ཡི་སྟག་སྦྲུལ་དང་། །ཤིང་ལྕགས་མེ་སྤྲེལ་མེ་ལྕགས་བྱ། །ལྕགས་ཆུ་ཤིང་ཕག་མེའི་བྱི་བ། །དེ་རྣམས་ནག་འཐུས་ལོ་རུ་གྲགས། །སྟག་ནས་བྱའི་བར་མེ་བརྒྱད་དང་། །ཁྱི་ནས་གླང་བར་ལྕགས་བཞིའི་ལོ། །ལྕགས་ཀྱི་བྱ་ཁྱི་ས་གླང་འབྲུག །མེ་སྤྲེལ་ཆུ་སྦྲུལ་སྐར་ཆུང་དྲུག །མེ་ཆུའི་སྟག་དང་ལྕགས་ཆུ་སྦྲུལ། །ཆུ་ཤིང་སྤྲེའུ་ཤིང་ཕག་རྣམས། །གདུག་པ་ཅན་གྱི་ལོ་བདུན་ནོ། །མེ་སྦྲུལ་ཆུ་ཡི་བྱ་ཕག་དང་། །ཤིང་བྱ་ལྕགས་ཀྱི་ཕག་ལུག་སྟེ། །ས་བྱ་བདུན་ནི་ལྟས་ངན་ལོ། །ས་འབྲུག་ལྕགས་ལུག་ས་སྤྲེལ་དང་། །ལྕགས་བྱ་ལྕགས་ཁྱི་མེ་མོ་ཕག །མེ་གླང་ཐན་པ་ལོ་བདུན་ནོ། །མེ་རྟ་ཆུ་བྱིའི་ལོ་གཉིས་ལ། །གནམ་སའི་བྱ་ར་ཞེས་སུ་གྲགས། །ལྕགས་བྱི་ནས་བཟུང་ལྕགས་ཕག་བར། །ཐན་སྐྱེས་ལོ་ནི་བཅུ་གཉིས་སོ། །ལྕགས་གླང་ཤིང་ལུག་མེ་ཁྱི་དང་། །ཆུ་འབྲུག་དུར་མི་ནག་པོ་བཞི། །ཆུ་ཡི་སྟག་སྦྲུལ་ལྕགས་སྤྲེལ་གསུམ། །ལྡིང་ནག་བུ་གསུམ་བྱ་བ་ཡིན། །སྨེ་བ་གཉིས་ནག་ལ་སྐྱེས་པའི། །སྟག་སྤྲེལ་ཕག་སྦྲུལ་ལོ་བཞི་ལ། ། ལོ་ནག་མཆེ་བ་ཅན་དུ་གྲགས། །ཆུ་ཡི་བྱི་རྟ་བྱ་ཡོས་བཞི། །ས་ཡི་ཕག་འབྲུག་བྱ་དང་ཡོས། །མེ་འབྲུག་མེ་བྱ་ཆུ་གླང་རྣམས། །སྲིན་ཁྱེར་ལོ་ནི་བཅུ་གཅིག་ཡིན། །མེ་རྟ་ཆུ་བྱ་ཤིང་ཡོས་དང་། །ལྕགས་བྱ་ཐེར་འདྲེ་མེ་བཞི་ཡིན། །སྨེ་ཕྲེང་དང་པོའི་ཤིང་གླང་དང་། །བར་པའི་ས་སྦྲུལ་ཤིང་ཕོ་ཁྱི། །འོག་མའི་ཆུ་ལུག་སའི་བྱི་ཕག །ཤིང་ལུག་ལྕགས་བྱི་རྣམ་པ་བརྒྱད། །འབྱུང་བ་ལྔ་ལྡན་ལོ་ཡིན་ནོ། །སྨེ་ཕྲེང་དང་པོའི་མེ་ཡོས་དང་། །ཆུ་བྱ་ས་ལུག་ལྕགས་སྤྲེལ་བཞི། །བར་པའི་ཆུ་སྦྲུལ་འོག་མ་ཡི། །མེ་ཡོས་ལྕགས་སྟག་ལྕགས་ཁྱི་གཉིས། །ཆུ་ཡི་བྱི་ཕག་བཅུ་པོ་ནི། །འབྱུང་བ་གཉིས་ལྡན་ལོ་ཡིན་ནོ། །ལྕགས་སྤྲེལ་ལྕགས་ཕག་མེ་འབྲུག་སྦྲུལ། །ས་ལུག་ལྕགས་ཁྱི་ཤིང་སྦྲུལ་དང་། །མེ་བྱ་ཡུགས་ས་ལོ་བརྒྱད་དོ། །ཤིང་སྟག་ལྕགས་སྤྲེལ་མེ་ཕོ་སྟག །ཆུ་ཡི་སྟག་སྦྲུལ་ཕག་སྤྲེལ་བཞི། །ས་ཁྱི་དྭ་ཕྲུག་ལོ་བརྒྱད་ཡིན། །ཐ་ཆུང་ལོ་བཞི་རྭ་རུ་དང་། །ར་བ་བཞི་ནི་བསེ་རུ་སྟེ། །འབྲིང་པོ་བཞི་ལ་འཆོལ་བུར་གྲགས། །
གསུམ་པ་སྨེ་བ་དགུ་ཡིན་ཏེ། །གཅིག་དཀར་གཉིས་ནག་གསུམ་མཐིང་དང་། །བཞི་ལྗང་ལྔ་སེར་དྲུག་དཀར་དང་། །བདུན་དམར་བརྒྱད་དཀར་དགུ་དམར་ཏེ། །ལྷ་བདུད་བསེན་མོ་ཀླུ་ས་བདག །རྒྱལ་བཙན་ལྷ་དང་མ་མོ་ཡི། །མེ་ལོང་ཞེས་པ་རིམ་བཞིན་སྦྱར། །དཀར་གསུམ་ལྕགས་ལ་ནག་མཐིང་ཆུ། །བཞི་ལྗང་ཤིང་ལ་ལྔ་སེར་ས། །དགུ་དམར་བདུན་དམར་མེ་ཡིན་ནོ། །བརྒྱད་དཀར་གཉིས་ནག་ལྔ་སེར་གསུམ། །སྟག་སྤྲེལ་ཕག་སྦྲུལ་བཞི་ལ་དབང། །བདུན་དམར་བཞི་ལྗང་གཅིག་དཀར་གསུམ། །བྱི་རྟ་བྱ་ཡོས་བཞི་ལ་དབང་། །དགུ་དམར་དྲུག་དཀར་གསུམ་མཐིང་གསུམ། །གླང་ལུག་ཁྱི་འབྲུག་བཞི་ལ་དབང་། །དེ་ཡང་ལོ་རྒན་དྲུག་ཅུ་ལ། །སྲོག་ལུས་དབང་ཐང་དབྱེ་བ་ཡི། །སྨེ་བ་དྲུག་ཅུ་ཚན་གསུམ་སྟེ། །བརྒྱ་དང་བརྒྱད་ཅུ་ཐམ་པ་འབྱུང་། །དེ་ཕྱིར་བརྒྱད་ཅུ་སྐོར་ཞེས་གྲགས། །སྨེ་ཕྲེང་གོང་མའི་གཅིག་དཀར་ནས།།དྲུག་ཅུ་གྲངས་ལྡོག་ལྔ་རུ་ཟད། །དེ་ནས་བར་པའི་བཞི་ལ་བགྲོངས། །བརྒྱད་ཟད་འོག་མའི་བདུན་ལ་འཁོར། །དེ་ཡི་ཐ་མ་གཉིས་སུ་ཟད། །སླར་ཡང་སྨེ་ཕྲེང་གོང་མ་ཡི། །ཕོ༌བྲང་དང་པོའི་གཅིག་ལ་འཁོར། །དེ་ལྟར་བསྐལ་པའི་བར་དུ་ཡང་། །ཆད་ལྷག་མེད་པར་འཁོར་བ་ཡིན། །དེ་ཡང་ཡར་བཞི་སྲོག་སྨེ་སྟེ། །མར་བཞི་དབང་སྨེ་གང་སྐྱེས་ལུས། །མཐུན་གསུམ་ཀླུང་རྟའི་སྲོག་སྨེར་སྦྱར། །དཔེར་ན་ད་ལྟའི་ཤིང་བྱི་ཡི། །ལུས་སྨེ་གཅིག་དཀར་ལ་བབས་དུས། །ཡར་བཞི་བདུན་དམར་སྲོག་སྨེ་དང་། །མར་བཞི་བཞི་ལྗང་དབང་སྨེ་སྟེ། །ཀླུང་སྨེ་ཤིང་སྟག་སྲོག་སྨེར་སྦྱར། །དེ་དག་གླིང་དགུ་ལས་འཚོལ་ན། །སྐྱེས་པའི་སྨེ་བ་དབུས་བཞག་པས། །སྲོག་ནི་ལྷོ་ནུབ་མཚམས་ན་གནས། །དབང་ཐང་བྱང་ཤར་ལུས་ནི་དབུས། །བསྐོར་སྨེ་ཁྲ་བོ་གླིང་དགུ་སྟེ། །ལྔ་སེར་རུས་སྦལ་ལྟོ་ལ་གབ། །ལི་ལ་དགུ་དམར་ཁོན་གཉིས་ནག །དྭ་ལ་བདུན་དམར་ཁེན་ལ་དྲུག །ཁམ་ལ་གཅིག་དང་གིན་བརྒྱད་དཀར། །ཟིན་མཐིང་ཟོན་ལ་བཞི་ལྗང་སྟེ། །གོ་རིམ་ཇི་བཞིན་བྱ་འཕུར་ནི། །དབུས་ནས་གནམ་ལྕགས་རི་བོ་དང་། །མེ་ཆུ་ས་ཤིང་རླུང་ནས་དབུས། །སྐྱེས་སྨེ་དབུས་བྱས་བྱ་འཕུར་ལྟར། །བརྒྱད་བརྒྱད་ཀྱིས་བསྐོར་དགུ་ཚན་དགུ། །གཅིག་བཅུ་བཅུ་དགུ་ཉེར་བརྒྱད་དང་། །སོ་བདུན་ཞེ་དྲུག་ང་ལྔ་སྟེ། །རེ་བཞི་དོན་གསུམ་གྱ་གཉིས་དང་། །གོ་གཅིག་རྣམས་ལ་དབུས་སུ་འཚོག །བསྐོར་ལུགས་དབུས་ནས་ཤར་དུ་ཐོན། །ཕོ་ལོ་དྲུག་པོ་གཡོན་བསྐོར་དང་། །མོ་དྲུག་གཡས་བསྐོར་དུ་ལོན་བགྲང་། །རང་རང་རྒྱབ་ནས་དབུས་སུ་འཇུག །སླར་ཡང་དབུས་ནས་བྱ་འཕུར་གྱིས། །གང་བབས་སྨེ་བ་ངོས་བཟུང་བྱ། །སྐྱེས་སྨེ་བདེ་བླག་འཚོལ་འདོད་ན། །གནམ་ལོའི་སྨེ་བ་དབུས་བཞག་ནས། །བྱ་འཕུར་ཁོ་ནས་སྨེ་བ་རེར། །བཅུ་ཚན་རེ་རེ་བགྲང་བྱ་ཞིང་། །བཅུ་ཁ་མ་ལོངས་རེ་རེ་བརྩི། །ཡང་ན་དབུས་འཚོག་ལོ་ལོངས་དང་། །ད་ལྟའི་གནམ་མོའི་སྨེ་བ་སྤྲད། །དེ་ནས་དབུས་འཚོག་མ་ལོངས་པའི། །ལོ་གྲངས་གནམ་ལོའི་སྨེ་བ་ནས། །བཟུང་སྟེ་ལུགས་འབྱུང་བགྲངས་པའི་གྲངས། །གང་བབས་སྐྱེས་སྨེར་ཐེ་ཚོམ་མེད། ། གཞན་ཡང་ར་བསེ་ལ་སོགས་བཤད། །མེ་ལྕགས་ཆུ་གསུམ་ར་རུ་དང་། །ས་ཤིང་གཉིས་པོ་བསེ་རུ་སྟེ། །ནག་མཐིང་དམར་གཉིས་སྟེང་བབས་ན། །བར་གྱི་རོ་འདོད་ཅེས་སུ་བཤད། །གཅིག་དཀར་ལ་སོགས་རིམ་པ་བཞིན། །བྱིས་པ་སྐྱེས་དར་ཤར་པོ་དང་། །ཡུགས་ས་བན་བོན་བུད་མེད་དང་། །ཞང་བློན་དང་ནི་རྩད་པོ་ལ། །གཉན་པས་གཉིས་ནག་ཅེས་སུ་བཏགས། །གནམ་སྒོ་ཕོ་དྲུག་མོའི་གཅིག་དཀར། །ས་སྒོ་ཕོའི་གཉིས་མོའི་བཞི་ལྗང། །ར་བ་བཞི་པོ་གཅིག་དཀར་ཚེས། །འབྲིང་པོ་བཞི་ལ་བཞི་ལྗང་ཚེས། །ཐ་ཆུང་བཞི་ལ་བདུན་དམར་ཚེས། །རིམ་པར་དེད་པས་ཚེས་ལ་འཁོར། །ཉིན་མཚན་དུས་གཉིས་ཐོག་མ་ལ། །ཚེས་སྨེ་སྦྱར་ནས་དེད་པ་ཡིས། །ཉིན་དགུ་མཚན་དགུ་དུས་ལ་འཆར། །
བཞི་པ་སྤར་ཁ་བརྒྱད་ཡིན་ཏེ། །ལྷོ་ནས་གཡས་བསྐོར་རིམ་པ་བཞིན། །ལི་མེ་ཁོན་ས་དྭ་ལྕགས་དང་། ཁེན་གནམ་ཁམ་ཆུ་གིན་རི་དང་། །ཟིན་ཤིང་ཟོན་རླུང་སྤར་ཁ་བརྒྱད། །མཁའ་རི་རླུང་ཡང་སར་བྱས་པས། །མདོ་དོན་འབྱུང་བ་ལྔ་རུ་འགྱུར། །སྐྱེས་པ་ལི་ནས་ཁོན་ཕྱོགས་བསྐོར། །བུད་མེད་ཁམ་ནས་ཁེན་ཕྱོགས་བསྐོར། །བཅུ་ཁ་མ་ལོངས་རེ་རེ་སྟེ། །བཅུ་ཁ་ལོངས་ནས་ཟུར་ལ་མཆོངས། །སྤར་ཁའི་བཟང་བཞི་ངན་བཞི་ནི། །ལི་ཁམ་གཉིས་དང་ཁེན་ཁོན་གཉིས། །དྭ་གིན་གཉིས་དང་ཟིན་ཟོན་གཉིས། །ཕན་ཚུན་གནམ་སྨན་རབ་ཀྱི་རབ། །ལི་ཟིན་ཁམ་ཟོན་དྭ་ཁེན་དང་། །གིན་ཁོན་གཉིས་གཉིས་ཕན་ཚུན་དུ། །སྲོག་འཚོ་གནས་པ་རབ་ཀྱི་འབྲིང། །རླུང་མེ་ས་ལྕགས་རི་གནམ་དང་། །ཆུ་ཤིང་ཕན་ཚུན་གཅིག་གིས་གཅིག །བསྐྱེད་པ་དཔལ་བསྐྱེད་རབ་ཀྱི་ཐ། །ཕྱྭ་ལོན་རང་རང་ཕྱོགས་ན་སྟེ། །ཕྱེ་ན་ལྕགས་མེ་གནམ་རི་བཞི། །ཕྱྭ་ལོན་འབྲིང་རབ་ས་ཆུ་དང་། །ཤིང་རླུང་ཕྱྭ་གཡང་འབྲིང་གི་འབྲིང་། །མེ་རི་རླུང་གནམ་ལྕགས་ཆུ་དང་། །ཤིང་ས་གནོད་པ་འབྲིང་གི་ཐ། །ལྕགས་མེ་ས་རླུང་གནམ་ཤིང་དང་། །རི་ཆུ་འདྲེ་ལྔ་ཐ་མའི་རབ། །ལི་ཁེན་དྭ་ཟིན་ཁོན་ཁམ་དང་། །གིན་ཟོན་བདུད་གཅོད་ཐ་མའི་འབྲིང། །གནམ་ཆུ་མེ་ས་རླུང་ལྕགས་དང་། །ཤིང་རི་ཕན་ཚུན་ལུས་ཆད་པ། །ཐ་མའི་ཐ་སྟེ་ངན་བཞིའོ། །ར་རུ་ཕྱོགས་བཞི་བསེ་རུ་མཚམས། །ཕོ་ལི་མོ་ཁམ་ལ་བབས་ན། །ནང་གི་རོ་འདོད་ཅེས་པར་གྲགས། །ལྟ་བའི་མིག་བཞི་རྡུང་རྭ་བཞི། །བན་བཞི་བོན་བཞི་ལ་སོགས་པ། །འབྲས་བུའི་སྐབས་སུ་ཤེས་པར་འགྱུར། །ཁེན་ལ་གནམ་སྒོ་ཁོན་ས་སྒོ། །དེ་ནི་སྤྱི་ཡིན་བྱེ་བྲག་ནི། །བརྩི་བྱའི་སྲོག་གི་མར་གྱུར་པའི། །སྤར་ཁ་ལ་བབས་གནམ་སྒོ་སྟེ། །བུ་ནི་ས་སྒོ་དགྲ་གཤེད་སྒོ། །བྱིས་པའི་སྐྱེས་སྤར་མ་ཀླུང་སྟེ། །དེ་ཉིད་བདེ་བླག་འཚོལ་འདོད་ན། །མ་ལོའི་སྟེང་ནས་བུ་ཡི་ལོས། །འཕྲི་ལྷག་སྟེང་དུ་གཅིག་བསྣན་པའི། །གྲངས་དེར་མ་ཡི་སྤར་ཁ་བསྐོར། །མ་དེ་གར་བབས་སྤར་ཁ་དེ། །བུ་དེ་སྐྱེས་པའི་སྤར་ཁ་ཡིན། །སྟག་རྟ་ཁྱི་གསུམ་ལི་ཡིས་ཚེས། །བྱི་འབྲུག་སྤྲེལ་གསུམ་ཁམ་གྱིས་ཚེས། །བྱ་གླང་སྦྲུལ་གསུམ་དྭ་ཡིས་ཚེས། །ཕག་ལུག་ཡོས་གསུམ་ཟིན་གྱིས་ཚེས། །རིམ་བཞིན་དེད་པས་ཚེས་ལ་འཆར། །གང་ཚེས་ཉིན་མཚན་ཐོག་མ་ནས། །ཉིན་བརྒྱད་མཚན་བརྒྱད་དུས་ལ་སྦྱར། །

ལྔ་པ་ཟླ་བ་བཅུ་གཉིས་ཏེ། །དཔྱིད་ཟླ་ར་བ་བཅུ་གཅིག་སྟག །བཅུ་གཉིས་དཔྱིད་འབྲིང་ཡོས་སུ་རྩི། །ཟླ་བ་དང་པོ་དཔྱིད་ཐ་འབྲུག །དེ་བཞིན་དབྱར་ར་གཉིས་པ་སྦྲུལ། །དབྱར་འབྲིང་གསུམ་པ་རྟའི་ཟླ་བ། །བཞི་པ་དབྱར་ཟླ་ཐ་ཆུང་ལུག །ལྔ་པ་སྟོན་ཟླ་ར་བ་སྤྲེལ། །དྲུག་པ་སྟོན་འབྲིང་བྱའི་ཟླ་བ། །བདུན་པ་སྟོན་ཟླ་ཐ་ཆུང་ཁྱི། །བརྒྱད་པ་དགུན་ཟླ་ར་བ་ཕག །དགུན་འབྲིང་དགུ་པ་བྱི་བའོ། །བཅུ་པ་དགུན་ཐ་གླང་དུ་འདོད། །དགུན་ཉི་དཔྱིད་ར་སྟག་ལ་ལྡོག །མགོ་ཡིས་ཉ་ན་ཟླ་བཤོལ་མེད། །དབྱར་ཉི་སྟོན་ར་སྤྲེ་འུར་ལྡོག ། སྣྲོན་གྱིས་ཉ་ན་ཟླ་བཤོལ་མེད། །ཞིབ་པར་སྒང་བཤོལ་ཚིགས་དང་སྦྱོར། །
དྲུག་པ་ཚེས་གྲངས་ཟླ་གཅིག་ལ། །ཞག་ནི་སུམ་ཅུ་ཐམ་པ་ཡོད། །ཕོ་ཟླ་དྲུག་པོ་སྟག་གིས་ཚེས། །མོ་ཟླ་དྲུག་པོ་སྤྲེ་འུས་ཚེས། །ཚེས་གཅིག་བཅུ་གསུམ་ཉེར་ལྔ་ལ། །གང་ཚེས་དེ་ཡི་ཉི་མ་འཆར། །ཕོ་ཟླ་འབྲུག་ཉ་སྟོང་ལ་ལུག །མོ་ཟླ་ཁྱིས་ཉ་སྟོང་ལ་གླང་། །ཞག་རེ་ལོ་འགྲོས་རེ་རེ་བཞིན། །རིམ་པར་སྦྱར་བས་ཆད་ལྷག་མེད། །
བདུན་པ་དུས་ཚོད་ཞག་རེ་བཞིན། །ཉིན་དྲུག་མཚན་དྲུག་རྣམ་པར་བཞག །ནམ་ལངས་ཡོས་ལ་ཉི་ཤར་འབྲུག །ཉི་དྲོས་སྦྲུལ་ལ་ཉིན་ཕྱེད་རྟ། །ཕྱེད་ཡོལ་ལུག་ལ་ཉི་མྱུར་སྤྲེལ། །ཉི་ནུབ་བྱ་ལ་ས་སྲོད་ཁྱི། །སྲོད་འཁོར་ཕག་ལ་ནམ་ཕྱེད་བྱི། །ཕྱེད་ཡོལ་གླང་ལ་ཐོ་རེངས་སྟག །ལོ་ཟླ་ཞག་དུས་དེ་དག་གི །དབང་ཐང་ལོ་ཟླ་ཉིས་སྦྲགས་ལ། །ཞག་དང་དུས་ཚོད་རྐྱང་པར་འདེད། །གནམ་ལོ་མ་ལ་ཟླ་བ་བུ། །ཟླ་བ་མ་ལ་ཞག་ནི་བུ། །ཞག་ནི་མ་ལ་དུས་ཚོད་བུ། །ཟླ་ཞག་དུས་ཀྱི་དབང་ཐང་རྣམས། །བདེ་བླག་བརྟག་པའི་མན་ངག་ནི། །གནམ་ལོའི་དབང་ཐང་གང་ཡིན་དེའི། །སྟག་ཡོས་བྱི་གླང་བུ་ཡིན་ལ། །འབྲུག་སྦྲུལ་གྲོགས་ལ་རྟ་ལུག་དགྲ། །བྱ་སྤྲེལ་མ་ལ་ཁྱི་ཕག་རང་། །ཟླ་བ་དེ་ཉིད་གཞིར་བྱས་ཏེ། །ཟླ་རེའི་ཞག་པོ་སུམ་ཚན་བཅུའི། །གཅིག་དྲུག་བུ་ལ་གཉིས་བདུན་གྲོགས། །གསུམ་བརྒྱད་དགྲ་ལ་བཞི་དགུ་མ། །ལྔ་བཅུ་རང་ཡིན་ཞག་དེ་ཡི། །དུས་ཚོད་ཡོས་སྤྲེལ་གླང་གསུམ་བུ། །འབྲུག་བྱ་སྟག་གསུམ་གྲོགས་ཡིན་ཏེ། །སྦྲུལ་ཁྱི་དགྲ་ལ་རྟ་ཕག་མ། །ལུག་དང་བྱི་བ་རང་ཡིན་ནོ། །དེ་དག་རྣམས་ཀྱི་སྲོག་ལུས་དང་། །ཀླུང་རྟ་གསུམ་པོ་ལོ་བཞིན་བརྩི། །
བརྒྱད་པ་གཟའ་ནི་བརྒྱད་ཡིན་ཏེ། །ཉི་ཟླ་དམར་ལྷག་ཕུར་སངས་སྤེན། །རཱ་ཧུ་ལ་དང་བརྒྱད་དུ་འདོད། །ཉི་མ་མིག་དམར་མེ་ཡིན་ལྷོ། །ཟླ་བ་ལྷག་པ་ཆུ་ཡིན་བྱང་། །ཕུར་ཤིང་ཤར་ཏེ་སངས་ལྕགས་ནུབ། །སྤེན་པ་ས་ཡིན་མཚམས་ལ་དབང་། །རཱ་ཧུ་སྤྱི་ཁྱབ་འབྱུང་ལྔ་ཚང་། །སྟག་རྟ་ཁྱི་གསུམ་སྤེན་པས་ཚེས། །བྱི་འབྲུག་སྤྲེལ་གསུམ་དམར་པོས་ཚེས། །ཕག་ལུག་ཡོས་གསུམ་ཟླ་བས་ཚེས། །བྱ་གླང་སྦྲུལ་གསུམ་ཕུར་བུས་ཚེས། །གང་ཚེས་དེ་དར་བུ་ཡང་དར། །མ་ཞུད་དགྲ་གྱོད་གྲོགས་ནི་གུད། །ཚེས་གཅིག་བརྒྱད་དང་བཅོ་ལྔ་དང་། །ཉེར་གཉིས་ཉེར་དགུ་གང་ཚེས་འཆར། །གཞན་ཡང་བཏགས་པའི་གཟའི་བྱེ་བྲག །ཕྱི་གཟའ་ནང་གཟའ་བར་གཟའ༌གསུམ། །ཕྱི་གཟའ་ལོ་རྒན་དྲུག་ཅུ་ཡི། །ས་ལྕགས་ལོ་རྣམས་སྤེན་པ་དང་། །ཤིང་ལོ་ཕུར་བུ་མེ་མིག་དམར། །ཆུ་ལོ་བཅུ་གཉིས་ལྷག་པའོ། །འདི་ལ་དམར་ཆུང་སྟག་མགོ་ལས། །ཕུར་སྤེན་གོ་ལྡོག་སྦྱར་བ་ཡོད། །བར་གཟའ་ལོ་འགྲོས་བཅུ་གཉིས་ཀྱི། །བྱི་འབྲུག་སྤྲེལ་གསུམ་ལོ་མིག་དམར། །བྱ་གླང་སྦྲུལ་གསུམ་ཕུར་བུ་དང་། །སྟག་རྟ་ཁྱི་གསུམ་སྤེན་པ་སྟེ། །ཕག་ལུག་ཡོས་གསུམ་ལྷག་པའོ། །ནང་གཟའ་སྤར་ཁ་བརྒྱད་ཡིན་ཏེ། །ལི་ཁམ་ཕོ་སྤེན་མོའི་མིག་དམར། །དྭ་ཟིན་ཕོའི་དམར་མོའི་སྤེན་པ། །ཁེན་ཟོན་ཕོའི་ཕུར་མོའི་ལྷག་པ། །གིན་ཁོན་ཕོའི་ལྷག་མོའི་ཕུར་བུ། །
དགུ་པ་སྐར་མ་ཉི་ཤུ་བརྒྱད། །སྨིན་དྲུག་སྣར་མ་མགོ་དང་ལག །ནབས་སོ་རྒྱལ་ཤར་སྐག་ཤར་ལྷོ། །མཆུ་གྲེ་དབོ་དང་མེ་བཞི་ནག །ས་རི་ལྷོ་སྐར་ས་ག་ནི། །ལྷོ་ནུབ་ཡིན་ཏེ་ལྷ་མཚམས་སྣྲོན། །སྣྲུབས་དང་ཆུ་སྟོད་ཆུ་སྨད་དང་། །གྲོ་བཞིན་ནུབ་སྐར་བྱི་བཞིན་ནི། །ནུབ་བྱང་མཚམས་ཀྱི་སྐར་མ་ཡིན། །མོན་དྲེ་མོན་གྲུ་ཁྲུམས་སྟོད་སྨད། །ནམ་གྲུ་དབྱུ་གུ་བྱང་སྐར་ཏེ། །བྲ་ཉེ་བྱང་ཤར་མཚམས༌སྐར་ཡིན། །ཤར་སྐར་དྲུག་ཤིང་ལྷོ་སྐར་མེ། །ནུབ་ལྕགས་བྱང་ཆུ་མཚམས་སྐར་ས། །སྐར་ཆུང་ཉི་ཤུ་རྩ་བདུན་བཀོད། །མགོ་ལག་བར་ན་སྐར་ཆུང་མེད། །དཔྱིད་ཟླ་ར་བ་ནས་བརྩམས་ཏེ། །མགོ་རྒྱལ་མཆུ་དབོ་ནག་པ་དང་། །ས་ག་སྣྲོན་དང་ཆུ་སྟོད་དང་། །གྲོ་བཞིན་ཁྲུམས་དབྱུག་སྨིན་དྲུག་རྣམས། །ཟླ་བ་བཅུ་གཉིས་ཉ་སྐར་ཏེ། །གང་ཉ་དར་བ་སྟོང་སྐར་གུད། །
དེ་རྗེས་དར་གུད་དགུ་དུར་གསུམ། །དང་པོ་འབྱུང་བའི་དར་གུད་ནི། །ར་བ་བཞི་ནས་སྐོར་འགོ་བྱ། །དེ་ཡང་ཤིང་རྣམས་སྟོན་ར་སྤྲེ། །མེ་རྣམས་དགུན་ཟླ་ར་བ་ཕག །ལྕགས་རྣམས་དཔྱིད་ར་སྟག་ནས་བཟུང་། །ས་ཆུ་དབྱར་ར་སྦྲུལ་ནས་བརྩམས། །དབུགས་ལེན་མངལ་གནས་ལུས་རྫོགས་གསུམ། །བཙས་པ་ཁྲུས་བྱེད་གོས་གྱོན་གསུམ། །ལས་བྱེད་དར་བ་གུད་པ་གསུམ། །ན་བ་ཤི་བ་དུར་ཞུགས་གསུམ། །གཡས་སྐོར་རིམ་པར་བགྲངས་བྱས་ནས། །ལོ་ཟླ་ཞག་དུས་བཞི་ཡི་སྟེང་། །སྐབས་དང་སྦྱར་ཏེ་གཞག་པར་བྱ། །དར་བ་ལས་བྱེད་བཟང་པོའི་རབ། །ཁྲུས་བྱེད་གོས་གྱོན་བཟང་པོའི་འབྲིང་། །ལུས་རྫོགས་བཙས་པ་བཟང་པོའི་མཐའ། །དབུགས་ལེན་མངལ་གནས་ངན་པའི་རབ། །གུད་པ་ན་བ་ངན་པའི་འབྲིང་། ། ཤི་བ་དུར་ཞུགས་ངན་པའི་ཐ། །དེ་དག་རྣམས་ཀྱང་རིམ་པ་བཞིན། །གཏེར་ཆེན་རྙེད་དང་རྒྱུན་རིང་བ། །བསམ་གྲུབ་གསོ་ཐུབ་བདེ་བ་ལྡན། །ལོངས་སྤྱོད་ཆེ་ཐོབ་སྐལ་ཟད་དང་། །བྱུར་ངན་ལྷུང་དང་བྱེ༌བྲལ་དང་། །ཕུང་གྱོད་གཡང་ཉམས་རྒྱུན་ཆད་ཅེས། །དེ་ལྟར་བཟང་དྲུག་ངན་དྲུག་པོ། །སྲོག་ལུས་དབང་ཀླུང་ཀུན་ལ་སྦྱོར། །སྟག་ཡོས་ཟིན་དང་རྟ་སྦྲུལ་ལི། །བྱ་སྤྲེལ་དྭ་དང་ས་ཆུ་ཡི། །ལོ་དྲུག་ཁམ་ནས་དབུགས་བླངས་ཏེ། །བསྐོར་བ་སྤར་ཁའི་དར་གུད་ཡིན། །
གཉིས་པ་དགུ་མིག་སྐོར་འགོ་ལ། །རྐྱང་སྦྲགས་སྤར་སྨེ་རུས་ཁམས་ལྔ། །དང་པོ་རྐྱང་པའི་དགུ་མིག་ནི། །ཕོ་ནི་རང་ལྔའི་བྱི་བ་དང་། །མོ་ནི་རང་ལྔའི་བྱ་ནས་བཟུང་།།དགུ་ཚན་གྱེན་བགྲང་གཤེད་བཞིར་སྡོད། །དེ་ཡང་དགུ་དང་བཅོ་བརྒྱད་དང། །ཉེར་བདུན་སོ་དྲུག་ཞེ་ལྔ་དང་། །ང་བཞི་རེ་གསུམ་བདུན་ཅུ་གཉིས། །གྱ་གཅིག་རྣམས་ལ་དགུ་མིག་འབབ། །ཁྱད་པར་གནམ་ལོའི་མདུན་རྒྱབ་ཏུ། །དགུ་དུར་གཉིས་འཛོམས་རེ་རེ་ཡོད། །དེ་ཡང་སྟག་ཡོས་ལོ་པའི་ཕོ། །བཅོ་བརྒྱད་བུད་མེད་སོ་དྲུག་པ། །རྟ་སྦྲུལ་སྐྱེས་པ་སོ་དྲུག་དང་། །བུད་མེད་བཅོ་བརྒྱད་བྱ་སྤྲེལ་ནི། །ང་བཞི་ཕོ་ལ་དོན་གཉིས་མོ། །གཤེད་བཞི་བྱི་ཕག་བཅས་པ་ལ། །སྐྱེས་པ་དོན་གཉིས་མོ་ང་བཞིར། །དགུ་མིག་དུར་ཐོག་ཕྱིན་པས་ངན། །སྦྲགས་མ་འབྲིང་པོ་བཞི་ནས་བསྐོར། །ས་ཆུ་ལོ་དྲུག་བྱི་བ་ནས། །གྱེན་དུ་བགྲང་པས་འབྲུག་ལ་སྡོད། །དེ་བཞིན་སྟག་ཡོས་ཡོས་ནས་ལུག །རྟ་སྦྲུལ་རྟ་ནས་ཁྱི་ལའོ། །བྱ་སྤྲེལ་བྱ་ནས་གླང་ཐོག་སྡོད། །དེ་དག་གནམ་ལོ་གང་ཤར་དེའི། །མར་གྱི་ལྔ་མཐུན་ལོ་བར་འབྱུང། །དེ་ཕྱིར་ལོ་དགུ་ཉེར་གཅིག་དང་། །སོ་གསུམ་ཞེ་ལྔ་ལྔ་བཅུ་བདུན། །རེ་དགུ་གྱ་གཅིག་རྣམས་ལ་སྟེ། །དེ་རྣམས་དུར་བཞིའི་ཐོག་ཕྱིན་པས། །གནད་ཀྱི་དགུ་མིག་ཅེས་སུ་གྲགས། །སྤར་ཁ་ཕོ་ལི་མོ་ཁམ་དང་། །སྨེ་བ་སྐྱེས་སྨེར་བབས་པའོ། །རུས་ཁམས་དགུ་མིག་སྐོར་འགོ་ནི། །འུ་དང་ཀུངས་གཉིས་བྱི་བ་ནས། །ཀེག་ནི་ཡོས་དང་ཇི་ནི་རྟ། །ཤངས་ནི་བྱ་ནས་སྐོར་འགོ་བྱ། །གྱེན་བགྲང་དུར་སྟེང་ཕྱིན་པས་ངན། །དོན་ལ་སྦྲགས་མ་ཁོ་ནའོ། །
གསུམ་པ་དུར་མིག་ཕྱི་ལོ་དང་། །ནང་གི་སྤར་ཁ་དག་ལ་སྦྱོར། །དེ་ཡང་ཤིང་དུར་ལུག་དང་ཁོན། །མེ་དུར་ཁྱི་དང་ཁེན་ལ་ཞུགས། །ལྕགས་དུར་གླང་དང་གིན་ལ་སྟེ། །ས་ཆུ་འབྲུག་དང་ཟོན་ལ་བཏབ། །དུར་གྱི་ཁང་བུ་བརྒྱད་ཅུ་ནི། །བྱི་རྟ་བྱ་ཡོས་བཞི་ནས་བསྐོར། །འབྱེད་པའི་ལྡེ་མིག་བཞི་ཞེས་བྱ། །དེ་ཡང་བརྩི་བྱའི་དབང་མཐུན་གྱི། །ས་ཆུ་བྱི་བ་སྡེ་ལྔ་དང་། །ཤིང་གཉིས་ཡོས་དང་མེ་གཉིས་རྟ། །ལྕགས་གཉིས་བྱ་ལྔ་ནས་བསྐོར་ཕྱིར། །ཡང་དག་སྐོར་འགོ་ཉི་ཤུར་གྲགས། །ཐམས་ཅད་གྱེན་བསྐོར་རང་རང་གི །དབང་མཐུན་དུར་སྟེང་སླེབས་པ་ནི། །རང་དུར་ཆེ་སྟེ་དེའི་བདུན་ཟུར། །དབང་ཐང་མཐུན་པ་རང་དུར་ཆུང་། །རང་རང་དབང་ཐང་དགྲ་ཐོག་གི །དུར་སྟེང་ཕྱིན་པ་གཤེད་དུར་ཆེ། །དེ་ཡི་བདུན་ཟུར་གཤེད་དུར་ཆུང་། །དེ་ཡང་གནམ་ལོ་གང་ཤར་ཀྱང་། །སྐྱེས་བུའི་ལོ་གྲངས་ཉེར་གཅིག་དང་། །ང་གཅིག་ཞེ་ལྔ་བཅོ་ལྔའི་སྟེང། །སླེབས་པ་རང་དུར་ཆེ་དང་ཆུང་། །གཤེད་དུར་ཆེ་ཆུང་རིམ་པར་སྦྱར། །དེ་ལྟར་སྐོར་འགོ་ཉི་ཤུ་ལ། །བཞི་བཞི་སྦྱར་བས་བརྒྱད་ཅུ་འོ། །དུར་གྱི་ཉི་མ་སོ་དྲུག་ནི། །དྲུག་གསུམ་དུར་གྱི་ཉི་མ་ཞེས། །ཟླ་བ་ཀུན་ལ་གསུམ་གསུམ་ཡོད། །ཕོ་ཟླ་དྲུག་ལ་ལུག་ཉི་དང་། །མོ་དྲུག་གླང་གི་ཉི་མར་ངེས། །ཟླ་བའི་ར་འབྲིང་ཐ་གསུམ་ལ། །རིམ་བཞིན་གནམ་དུར་བར་དུར་དང་། །ས་དུར་ཞེས་པའི་ཐ་སྙད་བཏགས།། འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་ལས། །སྐོར་འགོ་སྤྱིའི་རྣམ་གཞག་བསྟན་པའི་ལེའུ་སྟེ་དང་པོའོ།། །།

ལེའུ་གཉིས་པ། སྐོར་འགོ་སུམ་ཅུའི་རྩིས།
༈ བྱེ་བྲག་སོ་སོའི་སྐོར་འགོ་ལའང་། །རྒྱ་བོད་སྐོར་འགོ་སུམ་ཅུ་དང་། །ནམ་ཞག་གཏན་དང་མཐུན་སྦྱོར་གཉེན། །ལོ་གཅིག་སྐེག་དང་ནད་རྩིས་དང་། །གཤིན་གྱི་རྩིས་དང་དྲུག་གིས་བསྡུས། །
དང་པོ་གཙུག་ལག་ཀུན་གྱི་བཅུད། །རྒྱ་བོད་སྐོར་འགོ་སུམ་ཅུ་ལ། །རྡེལ་བོར་རྒྱས་འབྲིང་བསྡུས་གསུམ་ལས། །འདིར་ནི་རྒྱས་པ་སྐོར་འགོ་རེར། །རྡེའུ་བརྒྱད་བརྒྱད་ཀུན་དྲིལ་བས། །ཉིས་བརྒྱ་བཞི་བཅུས་གཏན་ལ་དབབ། །ཐོག་མར་རང་རང་རྩིས་གཞི་ནི། །རྒྱ་ཡི་སྐོར་འགོ་བཅོ་ལྔ་ལས། །དང་པོ་ས་བདག་རྒྱལ་པོའི་རྩིས། །ཤེལ་གྱི་བྱ་ཁྱུང་དཀར་པོ་དང་། །ཤིང་གི་བྱི་གླང་སྟེང་ནས་བརྩི། །གཉིས་པ་དགེ་བའི་བཤེས་གཉེན་ནི། །གངས་ཀྱི་སེང་གེ་དཀར་མོ་དང་། །མེ་སྟག་མེ་ཡོས་ཁ་ནས་བརྩི། །གསུམ་པ་རིག་འཛིན་སྔགས་འཆང་རྩིས། །སྲིད་པའི་དུག་སྦྲུལ་ནག་པོ་དང་། །ས་ཡི་འབྲུག་སྦྲུལ་ཁ་ནས་བརྩི། །བཞི་པ་གཤེན་རབ་བོན་གྱི་རྩིས། །བར་སྣང་གཡུ་འབྲུག་སྔོན་མོ་དང་། །ལྕགས་རྟ་ལྕགས་ལུག་སྟེང་ནས་བརྩི། །ལྔ་པ་མི་ཆེན་གཙོ་བོ་རྣམས། །ས་ཡི་གླང་ཆེན་རབ་བརྟན་དང་། །ཆུ་སྤྲེལ་ཆུ་བྱའི་སྟེང་ནས་བརྩི། །དྲུག་པ་སྐྱེས་པ་དར་མ་རྣམས། །ནགས་ཀྱི་རྒྱ་སྟག་ཁྲ་བོ་དང་། །ཤིང་ཁྱི་ཤིང་ཕག་སྟེང་ནས་བརྩི། །བདུན་པ་ཟ་མ་བུད་མེད་རྣམས། །ཟངས་ཀྱི་སྲིན་མོ་དམར་མོ་དང་། །མེ་བྱི་མེ་གླང་སྟེང་ནས་བརྩི། །བརྒྱད་པ་ཁང་ཁྱིམ་ཞིང་སའི་རྩིས། །ལྷ་ཁང་རྒྱ་ཕིབས་ཁྱུང་མགོ་དང་། །ཆུ་ཡི་འབྲུག་སྦྲུལ་སྟེང་ནས་བརྩི། །དགུ་པ་ས་གཞི་གླིང་བཟང་ངན། །རྩི་ན་ཁང་ཁྱིམ་སྒོ་ས་དང་། །ཤིང་རྟ་ཤིང་ལུག་སྟེང་ནས་བརྩི། །བཅུ་པ་གོ་ཁྲབ་ཟངས་ཐེར་རྩིས། །བྱེད་ན་ཡིད་བཞིན་ནོར་བུ་དང་། །མེ་སྤྲེལ་མེ་བྱའི་སྟེང་ནས་བརྩི། །བཅུ་གཅིག་བྱིས་པ་བསྔོས་ཚད་རྩིས། །བྱེད་ན་ལྗོན་ཤིང་ཆུ་མིག་དང་། །ས་ཁྱི་ས་ཕག་སྟེང་ནས་བརྩི། །བཅུ་གཉིས་ཕན་པའི་ལྷ་ཁང་འགོའི། །རྩིས་ནི་ལྷ་བྱ་གོང་མོ་དང་། །ལྕགས་ཀྱི་བྱི་གླང་སྟེང་ནས་བརྩི། །བཅུ་གསུམ་གནོད་འདྲེ་གང་གནོད་རྩིས། །བྱེད་ན་དུར་བྱ་རོག་པོ་དང་། །ཆུ་སྟག་ཆུ་ཡོས་སྟེང་ནས་བརྩི། །བཅུ་བཞི་རྒན་རྒོན་སྐྲ་ཡི་རྩིས། །བྱེད་ན་ཤྭ་བ་རྒྱ་བོ་དང་། །ཤིང་གི་འབྲུག་སྦྲུལ་ཁ་ནས་བརྩི། །བཅོ་ལྔ་ནད་པ་ཡུན་ལོན་གྱི། །རྩིས་ནི་ནད་པ་ཡོ་ཉལ་དང་། །མེ་ཡི་རྟ་ལུག་སྟེང་ནས་བརྩི། །བོད་ཀྱི་སྐོར་འགོ་བཅོ་ལྔ་ལས། །དང་པོ་བྱིས་པ་གཞོན་ནུ་རྣམས། །གསེར་གྱི་རྡོ་རྗེ་རྩེ་ལྔ་དང་། །ས་ཡི་སྟག་ཡོས་སྟེང་ནས་བརྩི། །གཉིས་པ་ན་ཆུང་བུ་མོ་རྣམས། །བརྩི་ན་སྨྲ་མཁན་ནེ་ཙོ་དང་། །ལྕགས་འབྲུག་ལྕགས་སྦྲུལ་སྟེང་ནས་བརྩི། །གསུམ་པ་འཁོར་འབངས༌བྲན་གཡོག་རྩིས། །བྱེད་ན་ཕོ༌བྲང་གླིང་དགུ་དང་། །ཆུ་རྟ་ཆུ་ལུག་སྟེང་ནས་བརྩི། །བཞི་པ་རྟ་བོང་དྲེའུ་ཡི། །རྩིས་ནི་རྟ་མཆོག་རིན་ཆེན་དང་། །ཤིང་གི་བྱ་སྤྲེལ་སྟེང་ནས་བརྩི། །ལྔ་པ་རྨིག་པ་ཁ་དབྲག་ནི། །བྱང་གི་འབྲོང་བུ་རྭ་སྔོན་དང་། །མེ་ཁྱི་མེ་ཕག་སྟེང་ནས་བརྩི། །དྲུག་པ་བཟའ་མི་མཐུན་སྦྱོར་རྩིས། །བྱེད་ན་གཏེར་གྱི་བུམ་པ་དང་། །ས་ཡི་བྱི་གླང་སྟེང་ནས་བརྩི། །བདུན་པ་བག་མ་འགྲོ་ལམ་རྩིས། །བྱེད་ན་རྨ་བྱ་མཇིང་བསྣོལ་དང་། །ལྕགས་ཀྱི་སྟག་ཡོས་སྟེང་ནས་བརྩི། །བརྒྱད་པ་མི་རོ་དམར་པོ་དང་། །ས་སྤྲེལ་ས་བྱའི་སྟེང་ནས་ནི། །རོ༌ཡི་སྲེག་སྒྲུབ་སྟངས་གཅོད་བརྩི། །དགུ་པ་རོ༌རྩིས་ལོག་མ་ལོག །རྩི་ན་ཤིང་སྒྲོམ་སྐྱ་བོ་དང་། །ལྕགས་ཁྱི་ལྕགས་ཕག་ཁ་ནས་བརྩི། །བཅུ་པ་དུར་ས་བཟང་ངན་གྱི། །རྩིས་ནི་ཐོད་པ་དགུ་བརྩེགས་དང་། །ཆུ་ཡི་བྱི་གླང་སྟེང་ནས་བརྩི། །བཅུ་གཅིག་གཏོ་ཆོག་དཀར་ནག་ཁྲའི། །རྩིས་ནི་ས་བདག་མགོ་གསུམ་དང་། །ཤིང་གི་སྟག་ཡོས་སྟེང་ནས་བརྩི། །བཅུ་གཉིས་སྐྱེས་པའི་སྲོག་ཕྱྭ་ཡི། །རྩིས་ནི་རྡོ་རྗེ་རྒྱ་གྲམ་དང་། །མེ་ཡི་འབྲུག་སྦྲུལ་སྟེང་ནས་བརྩི། །བཅུ་གསུམ་བྱིས་པ་ཆུང་ངུའི་ལུས། །རྩིས་ནི་འཁོར་ལོ་རྩིབས་བརྒྱད་དང་། །ལྕགས་ཀྱི་བྱ་སྤྲེའི་སྟེང་ནས་བརྩི། །བཅུ་བཞི་བུད་མེད་དབང་ཐང་རྩིས། །བྱེད་ན་གཡུང་དྲུང་འཁྱིལ་བ་དང་། །ས་ཡི་རྟ་ལུག་སྟེང་ནས་བརྩི། །བཅོ་ལྔ་པ་ནི་མི་ཆེན་དང་། །ཡོན་ཏན་ཅན་དང་བཟོ་རིག་པའི། །ཀླུང་རྩིས་པད་མ་འདབ་བརྒྱད་དང་། །ཆུ་ཡི་ཁྱི་ཕག་སྟེང་ནས་བརྩི། །དེ་ལྟར་རྩིས་གཞི་གཏན་ཕབ་ནས། །ད་ནི་རྡེ་འུ་བོར་ཚུལ་བཤད། །རྒྱ་བོད་སྐོར་འགོ་གང་ལ་ཡང་། །བརྩི་བའི་ལོ་དང་སྐོར་འགོ་ཡི། །རང་གི་རྩིས་གཞི་ངོས་བཟུང་བྱ། །དེ་ནས་བརྩི་བྱའི་སྐྱེས་བུ་དེ། །ཕོ་ལོ་མོ་ལོའི་ཁྱད་པར་གྱི། །རྩིས་གཞིའི་ཕོ་ལོ་མོ་ལོ་ཡི། །སྟེང་ནས་ཡར་བཞི་མར་བཞི་བགྲང་། །དེ་བཞིན་ཡར་བདུན་མར་བདུན་དང་། །ཡར་དེད་མར་དེད་བཅུ་གཅིག་སྟེ། །ཡར་བགྲངས་གནས་སུ་རྡེལ་དཀར་དང་། །མར་བགྲངས་གནས་སུ་རྡེལ་ནག་རེ། །ལེགས་བོར་ཡར་བཞི་མར་བཞི་ཡི། །སྲོག་ལ་བརྩི་བྱའི་སྐྱེས་བུ་དེའི། །སྲོག་གིས་འཐབ་པའི་རྡེ་འུ་རེ། །དེ་བཞིན་ཡར་བདུན་མར་བདུན་གྱི། །ལུས་ལ་ལུས་འཐབ་རྡེ་འུ་རེ། ། ཡས་མར་བཅུ་གཅིག་དབང་ཐང་ལ། །དབང་ཐང་གིས་འཐབ་རྡེའུ་རེ། །དེ་བཞིན་རྩ་བའི་ལོ་ཕོ་མོའི། །ཀླུང་རྟ་གཉིས་ལ་སྐྱེས་བུ་ཡི། །ཀླུང་རྟས་འཐབ་པའི་རྡེའུ་རེ། །བོར་ལ་བཟང་ངན་ཁ་དམར་ནི། །འགྲེལ་པ་འཕྲུལ་གྱི་མིག་ཚགས་ཀྱིས། །ལེགས་པར་གཏན་ལ་དབབ་པར་བྱ། །འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་ལས༌རྒྱ་བོད་ཀྱི་སྐོར་འགོ་སུམ་ཅུའི་རྩིས་ཀྱི་ལེའུ་སྟེ་གཉིས་པའོ།། །།

ལེའུ་གསུམ་པ། མཐའ༌རྩིས༌བཤད༌པ།
༈ ནམ་ཞག་གཏན་གྱི་མཐའ་རྩིས་ལ། །གཅེས་པའི་རྡེལ་བཞི་སྒོས་རྡེལ་གཅིག །མེད་དུ་མི་རུང་རྡེའུ་གཉིས། །མི་འགྱུར་ཀླུང་གི་རྡེའུ་ལྔ། །བརྒྱ་འདྲེའི་རྡེའུ་བརྒྱ་ཕྲག་གཅིག །སྟངས་གཅོད་རྡེའུ་ཉི་ཤུ་བཞི། །སྤྱི་བསྡུས་བརྒྱ་དང་སུམ་ཅུ་དྲུག །དེ་ཡང་སྣམ་ཕྱིང་གཙང་མའི་སྟེང་། །མ་ཡེངས་སེམས་ཀྱིས་རྡེའུ་བོར། །ཐོག་མར་གཅེས་པའི་རྡེལ་བཞི་ནི། །རང་སྐྱེས་གནམ་ལོ་རྒྱལ་པོ་དང་། །ཟླ་བ་བློན་པོ་ཞག་དམག་མི། །དུས་ཚོད་མཚོན་ཆའི་རྡེའུ་བཞི། །སྐྱེས་པ་ཡིན་ན་དཀར་པོ་དང་། །བུད་མེད་ལ་ནི་ནག་པོར་བོར། །སྒོས་རྡེལ་ཁམས་དང་ལོ་སྦྱར་བའི། །འཆད་ཆེན་དཀར་གཅིག་འཆད་ཆུང་ནག །དབང་ལོ་དཀར་གསུམ་མ་ལོར་གཉིས། །བུ་ལོར་ཕྱེད་མ་དགྲ་ལོ་ལ། །དཀར་གཅིག་གྲོགས་ལོར་ནག་གཅིག་སྟེ། །གང་ཡིན་བོར་བ་སྒོས་རྡེ་འོ། །མེད་དུ་མི་རུང་རྡེལ་གཉིས་ནི། །ཁ་ཡན་ཁོང་ནོང་རྡེལ་དཀར་དང་། །སེ་ཤིག་འདུན་ཁུར་ནག་པོ་སྟེ། །ཁ་རལ་དཀར་ནག་ཕྱེད་མ་འོ། །དེ་རྣམས་གང་ཡིན་རྡེལ་གཅིག་དང་། །རྩི་དུས་རྐྱང་རྩིས་དུས་ཚོད་སར། །རྡེལ་དཀར་གཅིག་བཞག་རྡེའུ་གཉིས། །མི་འགྱུར་ཀླུང་གི་རྡེལ་ལྔ་ནི། །ཕ་ཡི་ལོག་མེན་གར་བབས་སར། །རྡེལ་དཀར་གཅིག་བཞག་ཕ་ཀླུང་གཅིག །མ་ཡི་ལོག་མེན་གར་བབས་དང་། །བབ་སྤར་བབ་སྨེ་གང་ཡིན་སྟེང་། །རྡེལ་ནག་རེ་བོར་མ་ཀླུང་གསུམ། །རང་སྐྱེས་ཟླ་བ་གང་ཡིན་ཁར། །རྡེལ་དཀར་གཉིས་བོར་རང་ཀླུང་ཡིན། །བུ་མོ་ཡིན་ན་ཕ་ཡི་ཀླུང། །དོར་བའི་ཚབ་ཏུ་མ་ལོ་ནས། །དུ་ལོན་གྱེན་དུ་བགྲངས་པ་ཡི། །གར་སླེབས་ས་རུ་རྡེལ་ནག་གཅིག །བོར་བས་མ་ཀླུང་བཞི་རུ་འགྱུར། །དེ་རྣམས༌མི་འགྱུར་རྡེལ་ལྔ་སྟེ། །དྲིལ་བས་རྩ་རྡེལ་བཅུ་གཉིས་སོ། །དེ་རྗེས་བརྒྱ་འདྲེའི་རྡེའུ་ནི། །བརྩི་བྱའི་སྲོག་ལུས་དབང་ཀླུང་བཞི། །རང་མ་བུ་གྲོགས་དགྲ་ལྔར་ཕྱེ། །དེ་དག་ལྔ་པོ་རེ་རེས་ཀྱང་། །མི་འགྱུར་ཀླུང་གི་རྡེ་འུ་ཡི། །ཕ་ལོ་མ་ལོ་ཟླ་ཀླུང་གི །སྲོག་ལུས་དབང་ཐང་ཀླུང་རྟ་ནི། །རང་ཁོ་ན་དང་སྤར་སྨེ་ཡི། །ཁམས་གཉིས་ལ་འཐབ་རྡེའུ་ནི། །མ་གྲོགས་དཀར་ལ་དགྲ་བུ་ནག །ས་ཆུ་ནང་འཕྲད་དཀར་པོ་ལ། །ཤིང་ལྕགས་མེ་གསུམ་ནག་པོར་བོར། །དེ་ལྟར་སྲོག་ལུས་དབང་ཀླུང་བཞི། །རེ་རེར་རྡེའུ་ཉེར་ལྔ་རེ། །དྲིལ་བས་རྡེའུ་བརྒྱ་ཕྲག་གཅིག །སྲོག་ལུས་དབང་ཀླུང་བཞི་པོ་ཡི། །རང་མ་བུ་གྲོགས་དཀར་ན་བཟང། །དགྲ་རྡེལ་བཞི་པོ་ནག་ན་དཀར། །བུད་མེད་ལུས་ཀྱི་དགྲ་གྲོགས་ལྡོག །དེ་ལྟར་ངེས་པར་བྱས་ནས་ཀྱང་། །རྡེའུ་ཉེར་བཞིས་སྟངས་གཅོད་དོ། །དེ་ཡང་བརྒྱ་འདྲེའི་རྡེའུ་ནི། །དཀར་ནག་སོ་སོར་བགྲངས་བྱས་ལ། །བཟང་ལ་དཀར་གཅིག་ངན་ལ་ནག །རྡེའུ་ཉི་ཤུ་དེ་ཡི་སྟེང། །སྲོག་ལུས་དབང་ཐང་ཀླུང་རྟ་བཞིའི། །དར་གུད་རིམ་བཞིན་གང་སྐྱེས་ཀྱི། །ལོ་ཟླ་ཞག་དུས་སྟེང་བབས་ནས། །བརྩིས་ཏེ་བཟང་དྲུག་རྡེལ་དཀར་རེ། །ངན་དྲུག་ནག་སྟེ་རྡེལ་བཞི་པོ། །སྒོས་རྡེའི་མདུན་དུ་བོར་བར་བྱ། །དེ་ཡི་སྟངས་གཅོད་ཉེར་བཞིར་འགྱུར། །འདི་ནི་མར་སྟོན་མཁས་པས་བཞེད། ཁྱུང་ནག་ལ་བརྒྱུད་རང་ལུགས་ཏེ། །གསལ་སྒྲོན་རྩ་བའི་དགོངས་པ་ནི། །འཁྲུལ་མེད་ཡིན་ཕྱིར་གཅེས་པར་བཟུང་། །འདི་ལས་གཞན་ཡང་ཁྱུང་ནག་ལ། །ཕྱག་ལེན་མི་འདྲ་རྣམ་གཉིས་ཡོད། །དེ་ཡང་བྱང་སྟོན་པདྨའི་ལུགས། །བརྩི་བྱའི་སྲོག་ལུས་དབང་ཀླུང་གི །རང་མ་བུ་གྲོགས་དགྲ་ལྔ་པོས། །ཀླུང་ལྔའི་སྲོག་སོགས་རང་མ་བུ། །གྲོགས་དགྲར་ནང་འཐབ་རྡེའུ་བརྒྱ། །དེ་ཡི་ཁ་དམར་ཉི་ཤུའི་སྟེང་། །དར་གུད་བརྩིས་ཏེ་དར་གྱུར་ན། །མདུན་ཚུགས་གུད་ན་རྒྱབ་སྟོངས་ཞེས། །གང་ཡིན་རྡེའུ་གཅིག་བོར་ནས། །སྟངས་གཅོད་ཉེར་གཅིག་ཡིན་ཞེས་བཞེད། །གཉིས་པ་འབྲོག་སྟོན་རལ་བའི་ལུགས། །བརྩི་བྱའི་སྲོག་སོགས་རང་བཞི་ཡི། །འཐབ་ཟླ་ཀླུང་ལྔའི་རང་བཞིར་བྱེད། །དེ་བཞིན་མ་བུ་གྲོགས་དགྲ་བཞིས། །ཀླུང་ལྔའི་སྤར་སྨེའི་ཁམས་དང་ནི། །གཞན་གསུམ་དབང་ཐང་གཅིག་པུར་འཐབ། །དེ་ཡི་སྟངས་གཅོད་ཉི་ཤུའི་སྟེང། །དར་གུད་རྡེའུ་ཉི་ཤུ་ལྔ། །བོར་ལ་དཀར་ནག་བགྲངས་པ་ཡིས། །གང་མང་རྡེའུ་གཅིག་ཏུ་སྡུད། །དེ་ཡིས་སྟངས་གཅོད་ཉེར་གཅིག་གོ །འདི་ཡི་དབང་ཐང་ཇི་ལྟ་བར། །མ་བུ་གྲོགས་དགྲའི་འཐབ་ཟླ་དེ། །ཀླུང་ལྔའི་སྲོག་གིས་བྱེད་པ་ནི། །རྒྱ་རྩིས་རྙིང་མའི་ལུགས་ཡིན་གསུངས། །ཕ་ཀླུང་མ་ཀླུང་བབ་སྤར་དང་། །རང་ཀླུང་མ་ཡི་སྤར་ཁ་སྟེ། །མེ་རླུང་དང་ནི་ཟླ་ཀླུང་བཅས། །མི་འགྱུར་ཀླུང་ལྔར་བཞེད་པའང་། །ཡོད་མོད་མཁས་པས་དཔྱད་བྱའི་གནས། །དེ་ནས་ཀུན་ལ་རབ་གཅེས་པའི། །དར་གུད་རྡེའུ་ཉེར་ལྔ་བཤད། །བརྩི་བྱ་སྐྱེས་བུའི་སྲོག་ལུས་དང་། །དབང་ཐང་ཀླུང་རྟ་རུས་ཁམས་ལྔ། །རང་མ་བུ་གྲོགས་དགྲ་ལྔར་ཕྱེ། །དེ་དག་འབྱུང་བའི་དར་གུད་རྣམས། །འབེབས་ཚུལ་སྲོག་ཁམས་གནམ་ལོའི་སྟེང་། །དེ་བཞིན་ལུས་རྣམས་ཟླ་བ་དང་། །དབང་ཐང་ཞག་དང་ཀླུང་རྟ་རྣམས། །དུས་ཚོད་སྟེང་ཕབ་རྡེའུ་ནི། །བཟང་དྲུག་དཀར་ཏེ་ངན་དྲུག་ནག །དེ་ལས་སྤྲོས་ཏེ་དར་གུད་རྡེལ། །བརྒྱ་དང་ལྔ་བཅུའི་འབོར་ལུགས་ཀྱང་། །སྔར་གྱི་སྲོག་སོགས་ལྔ་ཚན་ལྔ། །རེ་རེ་ལའང་རང་མ་བུ། །གྲོགས་དགྲ་ལྔ་ལྔར་ཕྱེ་བ་ལ། །དར་གུད་བསྐོར་བས་རྡེའུ་ནི། །བརྒྱ་དང་ཉེར་ལྔ་དེ་དག་སྟེང་། །སྟངས་གཅོད་རྡེའུ་ཉེར་ལྔ་བཅས། །བརྒྱ་དང་ལྔ་བཅུ་ཐམ་པར་འགྱུར། །དེ་ནས་ལྷ་དཔལ་འདྲེ་བདུད་ནི། ། བུ་ཚའི་སྲོག་ལུས་དབང་ཀླུང་བཞིས། །རང་སྐྱེས་སྤར་སྨེ་གཉིས་ལ་འཐབ། ། རྡེལ་ཚར་མ་འདྲེས་སོ་སོར་སྒྲིགས། །མ་དང་འཕྲད་ན་ཕ་མ་ལྷ། །བུ་དང་འཕྲད་ན་བུ་ཚ་དཔལ། །གྲོགས་དང་འཕྲད་ན་ཐུབ་པ་འདྲེ། །དགྲ་དང་འཕྲད་ན་མི་ཐུབ་བདུད། །རང་ནང་འཕྲད་པ་མཐུན་པ་ཚེ། །ཡང་གཅིག་དཔལ་བྱུར་ལ་སོགས་བརྟག །བྱིས་པའི་སྲོག་དང་ཀླུང་རྟ་ཡིས། །ཕ་ཡི་སྲོག་ཀླུང་གཉིས་ལ་འཐབ། །དེ་བཞིན་ལུས་དབང་གཉིས་པོ་ཡིས། །མ་ལ་འཐབ་པའི་རྡེའུ་བཞི། །མ་དང་འཕྲད་ན་དཔལ་བབས་ལྔ། །དེ་བཞིན་དགྲ་འཕྲད་བྱུར་བབས་ཏེ། །རང་ནང་འཕྲད་པ་རང་རྐང་ལྔ། །བུ་དང་འཕྲད་ན་མདངས་ཤོར་དང་། །གྲོགས་འཕྲད་ཚེ་ལེན་སྔ་རུ་འདོད། །གཞན་ཡང་སྦས་པ་མཛུབ་ཚུགས་ལས། །གསུངས་པའི་མན་ངག་བསྟན་པ་ནི། །བརྩི་བྱའི་སྲོག་ལུས་དབང་ཀླུང་བཞིས། །རང་གི་སྲོག་དབང་ཀླུང་གསུམ་ལ། །རང་དོར་ལྷག་གསུམ་གྱིས་འཐབས་པའི། །རྡེའུ་དགུ་པོར་ངོས་འཛིན་བྱ། །སྲོག་ལུས་ཀླུང་རྟས་དབང་ཐང་ལ། །བཅད་པ་འཁོར་ལོ་རབ་སྟོངས་ཏེ། །ལུས་དབང་ཀླུང་གིས་རང་སྲོག་ལ། །བཅད་ན་ཕེའུ་ཤ་རལ་དང་། །སྐྱོབ་ན་གཤིན་ཆུ་རབ་བསྲུང་ཟེར། །སྲོག་ལུས༌དབང གིས་ཀླུང་རྟ་ལ། །བཅད་པ་བྱ་དམར་མེ་ལེན་ཡིན། །དེ་ནས་གཟའ་བཞིའི་ཀླུང་རྩིས་ནི། །ཕོ་ནི་སྟག་རྟ་ཁྱི་གསུམ་དང་། །ས་ཡི་ལོ་པ་ལི་ཁམ་སྟེང་། །བཙས་དང་བབས་སམ་ཤི་ཡང་རུང་། །སྤེན་པ་སུམ་འདོམ་ཞེས་སུ་གྲགས། །བུད་མེད་ས་ལོ་སྟག་རྟ་ཁྱི། །དྭ་ཟིན་སྤེན་པ་སུམ་འདོམ་ཡིན། །དེ་བཞིན་བྱི་འབྲུག་སྤྲེལ་གསུམ་དང་། །མེ་ཡི་ལོ་པ་ཕོ་དྭ་ཟིན། །མོ་ནི་ལི་ཁམ་དམར་སུམ་འདོམ། །བྱ་གླང་སྦྲུལ་གསུམ་ཤིང་ལོ་པ། །ཕོ་ནི་ཁེན་ཟོན་མོ་གིན་ཁོན། །བཙས་སོགས་ཕུར་བུ་སུམ་འདོམ་གྲགས། །ཕག་ལུག་ཡོས་གསུམ་དབང་ཐང་ཆུ། །ཕོ་ནི་གིན་ཁོན་མོ་ཁེན་ཟོན། །དེ་རྣམས་ལྷག་པ་སུམ་འདོམ་སྟེ། །དེ་དག་མ་ཡི་བབས་སྤར་དང་། །ལོ་འགྲོས་རྐྱང་པ་ཕ་དང་མ། །རང་ལོ་གསུམ་ལ་བརྩི་ཞེས་གསུངས། །ཁྱིམ་གཅིག་འཚོག་པ་ཞེས་བྱ་བ། །ས་ཡི་སྟག་རྟ་ཁྱི་གསུམ་ལྟར། །ཕྱི་གཟའི་ཁམས་བསྟུན་མཐུན་གསུམ་ཡིན། །གཞན་ཡང་ཕྱི་གཟའི་དབང་ཐང་དང་། །བར་གཟའི་སྲོག་དང་ནང་གཟའི་ཁམས། ། ངེས་བྱས་གཅོད་འདྲལ་རྡེལ་དྲུག་བོར། །ཕྱི་གཟས་བར་དང་ནང་ལ་འཐབས། །དེ་བཞིན་བར་གཟས་ཕྱི་དང་ནང་། །ནང་གཟས་ཕྱི་བར་ལ་འཐབ་ཏེ། །བསྐྱེད་དང་གཅོད་པ་བརྟག་པར་བྱ། །འདི་དག་རྩ་བའི་ལྷན་ཐབས་ལུགས། །སྦས་པ་མཛུབ་ཚུགས་སྐོར་ལས་ནི། ། མ་ཡི་ལོག་མེན་བར་གཟར་བབས། །དེ་དང་ནང་གཟའ་སྤྲད་པའི་སྟེང། །བུ་ཆུང་རང་མཐུན་བར་གཟའི་ལོ། །སྐྱེས་ན་གང་ཡིན་གཟའ་སྤུན་གསུམ། །རང་མཐུན་མ་སྐྱེས་མ་གཟའི་སྟེང་། །གཟའ་གཞན་སྐྱེས་ཞེས་ཁ་དམར་གདགས། །དེ་ནས་རྒྱ་མ་ཕ་ཀླུང་ནི། ། གྱེན་འཕར་གྱེན་ལྟ་ཐུར་བབས་གསུམ། །ཕ་མེས་ལོ་ཡི་དར་གུད་དེ། །བུ་ཚའི་ལོ་ཐོག་ཕབ་ལ་བསྐོར། །དེ་ཡང་སྲོག་གི་ཁམས་དང་སྦྱོར། །དང་པོ་གྱེན་འཕར་སྐོར་འགོ་ནི། ཁྲུས་བྱེད་ཚོམས་ལ་བཙས་པ་ལྟེམས། །དར་བ་སྡོད་ལ་ལས་བྱེད་སར། །བབས་པ་རྣམས་ནི་ཁ་རལ་ལོ། ། གཉིས་པ་གྱེན་ལྟའི་སྐོར་འགོ་ནི། །དབུགས་ལེན་ཚོམས་ལ་མངལ་གནས་ལྟེམས། །ལུས་རྫོགས་སྡོད་ལ་གུད་ན་རལ། །གསུམ་པ་ཐུར་འབབ་ངན་པ་ནི། །ན་སར་ཚོམས་ལ་ཤི་སར་ལྟེམས། །དུར་སར་ཁ་རལ་དུར་གཤེད་སྡོད། །ཁོན་ཐོག་བུ་ཚ་སྟག་ཡོས་སྐྱེས། །གིན་ལ་བྱ་སྤྲེལ་ཁེན་རྟ་སྦྲུལ། ། ཟོན་ཐོག་གཤེད་བཞི་བྱི་ཕག་དྲུག །སྐྱེས་རྣམས་རྒྱ་མའི་འུར་རྡོར་གྲགས། །ཕ་མེས་རྟ་སྦྲུལ་བཞི་སྡུད་ལ། །བུ་ཚ་བྱི་ཕག་བྱུང་བ་ལྟར། །ཕ་མེས་བཞི་སྡུད་སྲོག་དགྲར་བུ། །གྱུར་ན་འཆིང་འགགས་ཚུད་པ་ཟེར། །ལོ་སྨེ་སྤར་ཁའི་རྭ་རུ་དང་། །བསེ་རུ་འཆོལ་བ་གསུམ་ངེས་པས། ། རིམ་བཞིན་མི་གྲངས་ཟུང་དང་ཡ། །ངེས་མེད་འབྱུང་ཞེས་ལུང་བསྟན་བྱ། །ནག་འཐུས་ལྕགས་བཞི་མེ་བརྒྱད་སོགས། །ལོ་ངན་རྣམས་ལ་སྐྱེས་པ་དང་། །སྤར་སྨེའི་བསྡོམས་རྩིས་ལ་སོགས་པ། །ཞིབ་མོའི་བློ་ཡིས་ལེགས་བརྟག་ནས། །དེ་རྣམས་འབྲས་བུའི་རིམ་པ་ནི། ། རྩ་བའི་འགྲེལ་པ་ཉི་ཤུ་དང་། །དམར་ཆུང་སྟག་མགོ་སྒང་སྒྲིལ་སོགས། །མཁས་པའི་གཞུང་ལྟར་ཕྱིས་འབྱུང་བའི། །སྔ་རྟགས་ཚང་གི་མངོན་ཤེས་རྣམས། །འཁྲུལ་བ་མེད་པར་གཏན་ལ་དབབ། །འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་ལས། །མཐའ༌རྩིས༌བཤད༌པའི༌ལེའུ༌སྟེ༌གསུམ༌པའོ།། །།
ལེའུ་བཞི་བ། གི་གོང་མཐུན་སྦྱོར་བཤད་པ།

༈ དེ༌ནས༌མཐུན༌སྦྱོར༌གཉེན༌རྩིས༌ལ། །སྲོག་ལུས་དབང་ཐང་རླུང་རྟ་དང་། །འབྱུང་བའི་སྤུན་གྲངས་བཙས་ཟླ་དང་། །སྤར་ཁ་རང་ཁམས་མ་ཁམས་དང་། །སྲོག་ལུས་དབང་ཀླུང་སྨེ་བ་ཡི། །གི་གོང་བཞི་སྟེ་མཐུན་སྦྱོར་གྱི། །རྡེའུ་བཅུ་གསུམ་འབོར་བར་བྱ། །དང་པོ་སྐྱེས་པ་བུད་མེད་ཀྱི། །

སྲོག་གཉིས་འཐབ་པའི་རྡེའུ་གཅིག །དེ་བཞིན་ལུས་དང་དབང་ཐང་དང་། །ཀླུང་རྟ་གཉིས་འཐབ་རྡེའུ་རེ། །དེ་རྣམས་སྐྱེས་པས་བུད་མེད་དང་། །བུད་མེད་ཀྱིས་ཀྱང་སྐྱེས་པ་ལ། །ཕན་ཚུན་འཐབ་པའི་རྡེལ་ཙར་གཉིས། །དེ་ཡང་སྲོག་ཀླུང་སྐྱེས་པ་གཅེས། ། ལུས་དབང་བུད་མེད་གཅེས་པར་བཟུང་། །དེ་ལས་འབྱུང་བའི་སྤུན་གྲངས་བརྩི། །ཤིང་གཅིག་ས་གཉིས་ཆུ་ལ་གསུམ། །མེ་བཞི་ལྕགས༌ལ་རྡེའུ་ལྔ། །ར་བསེ་རྡེལ་གྲངས་མཉམ་རྒྱལ་བརྟག །དེ་བཞིན་སྐྱེས་ཟླའི་སྲོག་གཉིས་དང་། །སྤར་ཁ་གང་སྐྱེས་ཁམས་གཉིས་དང་། ། རང་ཁམས་གཉིས་དང་མ་ཁམས་གཉིས། །གཅོད་འདྲལ་འཐབ་པའི་རྡེའུ་བོར། །འདི་དག་བརྩི་ཚུལ་ལུགས་མང་ཡང་། །རྩ་བའི་རང་འགྲེལ་ཉི་ཤུ་བར། །འབྱུང་བ་གསོ་བསྐྱེད་དགྲ་གྲོགས་ཀྱིས། །གཉེན་སྦྱོར་གཏན་ལ་དབབ་པར་བྱ། །ཞེས་གསུངས་འདི་ལ་ཚད་མ་ཡིན། ། དེ་ནས་གི་གོང་རྣམ་བཞི་ནི། །སྲོག་སྨེ་ལུས་སྨེ་དབང་སྨེ་དང། །ཀླུང་སྨེ་བཞི་པོ་ངོས་བཟུང་སྟེ། །སྲོག་སྨེ་ལྟག་སྤྲད་སྲོག་འཚོ་སོགས། །བརྩིས་པའི་རྡེལ་བཞི་བོར་བར་བྱ། །སྐྱེས་པ་ལྔ་མེད་གཉིས་དང་ནི། །བུད་མེད་ལྔ་མེད་བདུན་ལ་བརྩི། །དེ་རྣམས་གསལ་སྒྲོན་རྩ་བ་ཡི། ། རྡེའུ་བཅུ་གསུམ་འབོར་ལུགས་ཏེ། །གཞན་དུ་མཁས་པའི་ཕྱག་བཞེད་ལ། །རྐྱང་ཁུག་ཎི་ཤའི་ངོས་འཛིན་མཛད། །དང་པོ་རྐྱང་པ་ཕོ་མོ་ཡི། །སྲོག་སོགས་འཐབས་དང་ཁུག་པ་ནི། །སྔར་གྱི་སྤར་སྨེ་སྤྲད་དེ་ཡིན། །གལ་ཏེ་དེ་ལ་མ་མཐུན་ན། །གསང་བ་ཡང་ཁུག་བརྩི་བར་མཛད། ། སྐྱེས་པའི་སྨེ་བ་རང་སར་བཞག །བུད་མེད་སྨེ་བ་འགུགས་པ་ནི། །གཅིག་ནི་གཉིས་ལ་གཉིས་ནི་གཅིག །གསུམ་ནི་དགུ་ལ་དགུ་ནི་གསུམ། །བཞི་ནི་བརྒྱད་ལ་བརྒྱད་ནི་བཞི། །དྲུག་བདུན་མི་འགུགས་དེ་རྗེས་སུ། །སྤར་སྨེ་སྟག་སྤྲོད་སྔར་བཞིན་བརྩི། །གསུམ་པ་ཎི་ཤ་རྩི་བ་ནི། ། སྐྱེས་པ་ཕོ་ལོ་རྒན་པ་དང་། །བུད་མེད་མོ་ལོ་ན་གཞོན་གཉིས། །བཟང་ཞིང་གོ་ལྡོག་ངན་པ་སྟེ། །འདི་དང་ཕོ་མོའི་སྐྱེས་ཟླ་ཡི། །སྲོག་སོགས་དར་གུད་བརྩི་བ་གཉིས། །རང་འགྲེལ་ཉི་ཤུ་པ་ལས་གསུངས། །དེ་དག་ལེགས་པར་བརྩིས་ནས་ཀྱང་། །འགྲེལ་པའི་ལེའུ་བཞི་པ་ཡི། ། ལེགས་ཉེས་འབྲས་བུ་སྟངས་བཅད་དོ། །དེ་ཉིད་ལམ་དུ་འཇུག་པ་ན། །བྱུར་ཐག་ཉི་ཤུ་བཅད་པ་དང། བརྫང་ལུགས་བཅུ་ཡིས་རྫོང་བ་དང་། །དགོས་པའི་མི་ལྔ་བསྟན་པ་གསུམ། དང་པོ་བྱུར་ཐག་ཉི་ཤུ་ནི། །ལྡིག་ནག་ཆེ་འབྲིང་ཆུང་བ་གསུམ། །ཁ་ཉེས་ཡི་མུག་གཟོང་བརྡར་གསུམ། ། ལྟས་ངན་ཆེ་འབྲིང་ཆུང་བ་གསུམ། །སྣ་ལ་སྤུ་གྲི་ལག་ཨེ་སྐྱོགས། །འགལ་མེ་ཀླད་ཀོར་རྒྱབ་ས་སྒྱེ། །འཕྱགས་ཤིང་ལག་ཐོགས་རྟིང་ལྕགས་ཀྱུ། །སྤྱི་བོར་རྒྱ་ཟོར་ཁྲམ་ཤིང་མཇུག ཁྱོ་འཆི་བ་དང་རབས་ཆད་དང་། །བྱེ༌བྲལ་ཉི་ཤུ་བཅད་པར་བྱ། །གཉིས་པ་ལོ་སྨེ་སྤར་ཁ་དང་། ། དར་གུད་ཟླ་བ་ཞག་དང་དུས། །གཟའ་སྐར་ས་བདག་བཅུ་ཡིས་རྫོང་། །གསུམ་པ་དགོས་པའི་མི་ལྔ་ཡང་། །མཉེ་བོ་མཐུན་གསུམ་ལོ་པ་དང་། །ལུས་མཐུན་རྟ་ཁྲིད་སྲོག་མས་བྱ། །སྲོག་མཐུན་ཟླ་མོ་སྲོག་གྲོགས་སམ། །དབང་ཐང་མ་ཡིས་ཟས་དྲངས་ལ། །བདུན་ཟུར་དགྲ་ལོས་སྣ་ཚོགས་བྱ། ། རྒྱས་པར་རིན་ཆེན་འགྲོ་ལམ་དང་། །འགྲེལ་པའི་ལེའུ་ལྔ་པ་སོགས། །ཞིབ་མོར་བལྟས་ཏེ་གཏན་ལ་དབབ། །འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་ལས། །གི་གོང་མཐུན་སྦྱོར་བཤད་པའི་ལེའུ་སྟེ་བཞི་པའོ།། །།

ལེའུ་ལྔ་བ། ལོ་གཅིག་འཁྱུད་སྐོར་གྱི་རྩིས་ཀྱི་རྡེའུ། ༈ ལོ་གཅིག་འཁྱུད་བསྐོར་སྐེག་རྩིས་ལ། །མི་འགྱུར་རྩ་བའི་རྡེའུ་དྲུག །གཅོད་འདྲལ་རྡེའུ་ཉི་ཤུ་བཞི། ཁ་དམར་རྡེལ་བཞི་རྩུབ་རྡེལ་བདུན། །སྨེ་བའི་ཀེག་ཕྲན་རྡེའུ་བཞི། །དགུ་མིག་དུར་མིག་རྣམ་པ་གཉིས། །སྤྱི་བསྡུས་རྡེའུ་ཞེ་བདུན་ནོ། །སྤྱི་ནི་གནམ་ལོ་གང་ཡིན་དང་། ། བརྩི་བྱའི་ལོག་མེན་གར་བབས་གཉིས། །བར་སྨེ་ནང་སྤར་གང་བབས་དང་། །གསང་བ་དར་གུད་འབེབས་གཞིའི་ལོ། །ཡང་གསང་དབང་ཐང་གར་བབས་ཀྱི། །དུས་ཚོད་གང་ཡིན་རྡེའུ་དྲུག །སྐྱེས་པ་ལ་ནི་དཀར་པོ་དང་། །བུད་མེད་ཡིན་ན་ནག་པོར་བོར། ། དེ་རྗེས་གཅོད་འདྲལ་རྡེའུ་ནི། །བརྩི་བྱའི་སྲོག་གིས་གནམ་ལོ་དང་། །ལོག་མེན་གཉིས་ཀྱི་སྲོག་དང་ནི། །སྤར་སྨེ་ལ་འཐབ་རྡེའུ་བཞི། །དར་གུད་བསྐོར་ཏེ་གནམ་ལོ་ཡི། །སྟེང་དུ་བཟང་ངན་བརྩིས་པས་ལྔ། །དུས་ཚོད་སྲོག་ལ་འཐབ་པས་དྲུག །དེ་རྣམས་སྲོག་རྡེལ་དྲུག་ཡིན་ནོ། ། དེ་བཞིན་ལུས་དབང་ཀླུང་རྟ་བཞིས། །རྩ་བའི་རྡེའུར་འཐབ་པ་དང་། །དར་གུད་གནམ་ལོའི་སྟེང་བརྩིས་ཏེ། །ལུས་དབང་ཀླུང་བཞིར་དྲུག་དྲུག་བོར། །དེ་དག་རྡེའུ་འབོར་ཚུལ་ཀྱང་། །མ་འཕྲད་དཀར་གསུམ་གྲོགས་ལ་གཉིས། །ས་ཆུ་ནང་ཕྲད་དཀར་པོ་གཅིག །བུ་ཕྲད་ཕྱེད་མ་ནག་གཉིས་དགྲ ། ཤིང་ལྕགས་མེ་གསུམ་ནག་གཅིག་བོར། །དར་གུད་ལའང་བཟང་དྲུག་གི །རབ་འབྲིང་ཐ་མའི་གོ་རིམ་བཞིན། །དཀར་པོ་གསུམ་དང་གཉིས་དང་གཅིག །ངན་དྲུག་རབ་འབྲིང་ཐ་གསུམ་ལ། །ཕྱེད་མ་ནག་གཅིག་ནག་གཉིས་སོ། །དེ་ནས་ཁ་དམར་རྡེལ་བཞི་ཡང་། ། དཀར་ནག་མང་ཉུང་བགྲང་བྱས་ལ། །དཀར་གསུམ་དཀར་གཉིས་སོགས་སུ་བོར། །དེ་རྗེས་རྩུབ་པའི་རྡེལ་བདུན་ནི། །རང་ལོ་གནམ་ཤར་རང་ཀེག་རྩུབ། །བདུན་ཟུར་ཤར་ན་དགྲ་གཤེད་རྩུབ། །ལོ་འགྲོས་དབང་ཐང་ཚང་ཟླ་གཅིག །གནམ་ལོར་ཤར་བ་ཁྱིམ་མཚེས་རྩུབ། ། ཀླུང་རྟ་གཅིག་ཤར་མཐུན་གསུམ་རྩུབ། །ཕ་མེས་སྤུན་ཟླའི་དུར་སྲི་སོགས། །སྲི་ངན་སྟེང་སླེབས་དེ་ཡིས་རྩུབ། །བཟའ་མི་སྤར་ཁ་གཅིག་སྟེང་ཚོགས། །སྐྱམ་ཟླ་ཞེས་པ་བཟའ་ཤུགས་རྩུབ། །རང་སྐྱེས་སྤར་ཁའི་སྟེང་སླེབས་པ། །གསང་ཀེག་རྐུན་བུས་རྩུབ་པ་སྟེ། །རྩུབ་ན་རྡེའུ་ནག་པོ་དང་། ། མི་རྩུབ་ན་ནི་དཀར་པོར་བོར། །སྨེ་བའི་ཀེག་ཕྲན་རྣམ་བཞི་ནི། ཁང་ཀེག་གནམ་ལོའི་སྨེ་བ་དང་། །མལ་ཀེག་རང་གི་སྐྱེས་སྨེ་དང་། །ཡུལ་ཀེག་སྨེ་བ་གཉིས་ནག་དང་། ཁམས་ཀྱི་རྒྱ་སྒོ་འགགས་པ་ནི། །རང་གི་སྐྱེས་སྨེའི་དགྲ་སྟེང་བབས། །དེ་རྣམས་སྟེང་སླེབས་ནག་པོ་དང་། ། ལྡོག་ན་རྡེའུ་དཀར་པོར་བོར། །དེ་རྗེས་ལོ་གྲངས་སྤར་སྨེ་ཡི། །དགུ་མིག་ཚུད་དང་སྤར་ཁ་ཡི། །དུར་དུ་ཚུད་ན་རྡེལ་ནག་རེ། །མ་ཚུད་དཀར་པོ་རེ་རེ་བོར། །གཞན་ཡང་ལོག་མེན་ལེ་ལག་གི །འཇུ་ཐག་རྟེན་ཕུར་གནམ་སའི་རྒྱང། །བཞི་ལ་བརྩི་བྱའི་སྲོག་དང་ལུས། ། དབང་ཀླུང་བཞིས་འཐབ་རྡེལ་བཞི་དང་། །བདུད་གཅོད་བླ་འཁྱམ་ལ་སོགས་བརྩི། །གཞན་ཡང་སྦས་པ་མཛུབ་ཚུགས་ལས། །གསུངས་པའི་ལོ་གཅིག་འཁྱུད་བསྐོར་རྩིས། །རྡེའུ་སུམ་བཅུ་སོ་གཅིག་ནི། །གནམ་ལོའི་སྲོག་ལུས་དབང་ཀླུང་དང་། ། སྤར་སྨེ་རྩ་བའི་རྡེལ་དྲུག་ལ། །བརྩི་བྱའི་སྲོག་ལུས་དབང་ཀླུང་བཞིས། །ཕར་འཐབ་རྡེའུ་ཉི་ཤུ་བཞི། །དེ་དག་ཁ་དམར་རྡེལ་བཞི་དང་། །སྤར་སྨེ་དགུ་མིག་གསུམ་དང་བཅས། །སུམ་ཅུ་རྩ་གཅིག་དག་ཏུ་ངེས། །ཡང་ན་རྩ་བའི་རྡེལ་དྲུག་དང་། ། བསྡོམས་པས་སོ་བདུན་དག་ཏུའང་འགྱུར། །དེ་ལྟར་བརྩིས་པའི་འབྲས་བུ་ནི། །རྩ་བའི་འགྲེལ་པ་ཉི་ཤུ་དང་། །དམར་ཆུང་སྟག་མགོ་སྒང་སྒྲིལ་སོགས། །བལྟས་ཏེ་ཉེས་སྐྱོན་བཅོས་པ་གཅེས། །དེ་ནས་རྒྱ་ནག་རྡེལ་སྐོར་ནི། །བཟའ་ཚང་གཅིག་གིས་བསྡུས་པ་ཡི། ། བརྩི་བྱའི་སྲོག་ལུས་དབང་ཀླུང་བཞིས། །གནམ་ལོའི་སྲོག་ལུས་དབང་ཀླུང་ལ། །གཅོད་འདྲལ་བྱས་པའི་རྡེལ་བཞི་སྟེ། །དཀར་ནག་རེ་རེ་སྤྱི་ལྟར་བོར། །དེ་རྗེས་བབས་སྨེའི་རྡེའུ་ནི། །རང་རང་ཁམས་མཐུན་ཁ་དོག་སྟེ། །དང་པོར་སྐྱེས་པ་དེ་རྗེས་མོ། ། རྒན་གཞོན་མ་ནོར་རིམ་བཞིན་བགྲམ། །དེ་ནས་རྡེལ་ཁྲ་བྱ་བ་ནི། །རྡེལ་གྲལ་གོང་མའི་ལུས་དང་ནི། །འོག་མའི་ཁམས་ནས་བླངས་ལ་བོར། །ལྷག་རྣམས་རྫོགས་པར་མ་གྱུར་པར། །སེ་བརྡར་རིས་སུ་བླངས་ཏེ་བརྐྱང། །དེ་ལ་བརྐྱང་པའི་རྡེལ་སྐོར་ཟེར། །དེ་ལ་དང་པོའི་རྡེའུ་གསུམ། ། ལྷ་ས་རབ་འབྲིང་ཐ་གསུམ་མོ། །དེ་ནས་རྐྱང་པའི་གྲལ་གཞུག་ནས། །རེ་རེ་བླངས་ལ་ཕྱེད་འགུགས་བྱ། །གྲལ་རིམ་འོག་མའི་དང་པོ་གསུམ། །མི་ས་རབ་འབྲིང་ཐ་གསུམ་ཟེར། །དེ་ནས་ཡས་མས་གཉིས་ཀ་ཡི། །མཇུག་ནས་རེ་རེ་བླངས་བྱས་ནས། ། མི་སའི་འོག་ཏུ་རིམ་བཞིན་བོར། །དེ་ཉིད་ཐོག་མའི་རྡེལ་གསུམ་པོ། ཁྱིམ་ས་རབ་འབྲིང་ཐ་གསུམ་མོ། །སོ་སོའི་ས་དང་རྡེལ་རོ་ལ། །ཞིབ་མོའི་བློས་བརྟགས༌བྲས་བུ་ནི། །འགྲེལ་པ་ཐིག་ལེ་ནག་པོར་ལྟོས། །ཡང་ཅིག་ཀེག་རྩིས་རྣམ་གྲངས་ལ། །རྒྱ་གསུམ་ཁ་སྤྲོད་ཅེས་བྱ་བ། ། སྤང་རྒྱན་ལོ་མའི་སྐོར་གསུམ་ལས། །དང་པོ་གསེར་ལོ་ཅན་གྱི་རྡེལ། །འགྲེམས་ལུགས་གནམ་ལོ་གང་ཤར་གྱི། །སྲོག་ལུས་དབང་ཀླུང་སྨེ་བ་ལྔ། །རེ་རེ་ལ་ཡང་བརྩི་བྱ་ཡི། །སྲོག་ལུས་དབང་ཀླུང་སྨེ་བ་ལྔས། །འཐབ་པའི་རྡེའུ་ཉེར་ལྔ་དང། ཁ་དམར་ལྔ་སྟེ་སུམ་ཅུའོ། ། དེ་བཞིན་གནམ་ལོའི་བདུན་ཟུར་དང་། །མར་གྱི་དྲུག་འབྲས་བཞི་གཤེད་ཀྱི། ། སྲོག་སོགས་ལྔ་ལ་བརྩི་བྱའི་ལྔས། །འཐབ་པའི་རྡེལ་དང་ཁ་དམར་བཅས། །རེ་རེར་སུམ་ཅུ་སུམ་ཅུ་སྟེ། ཁྱོན་དྲིལ་བརྒྱ་དང་ཉི་ཤུའོ། །གཡུ་ལོ་ཅན་གྱི་འགྲེམས་ལུགས་ནི། །རང་གི་ལོག་མེན་གར་བབས་དང་། ། དེ་ཡི་བདུན་ཟུར་མར་དྲུག་འབྲས། །བཞི་གཤེད་བཞི་ཡི་སྲོག་སོགས་ལྔར། །རང་གི་སྲོག་སོགས་ལྔས་འཐབ་པའི། །གཅོད་འདྲལ་སྟངས་གཅོད་དྲིལ་བ་ཡི། །རྡེའུ་བརྒྱ་དང་ཉི་ཤུའོ། །དུང་ལོ་ཅན་གྱི་འགྲེམས་ཐབས་ལ། །གང་ཤར་ཟླ་བ་དེའི་བདུན་ཟུར། ། མར་གྲངས་དྲུག་འབྲས་བཞི་གཤེད་བཞིས། །སྔར་བཞིན་འཐབ་པའི་བརྒྱ་ཉི་ཤུ། །དེ་ལྟར་ཡོངས་བསྡོམས་རྡེའུ་ནི། །སུམ་བརྒྱ་དྲུག་ཅུར་འགྲེམས་ཚུལ་ཏེ། །མར་སྟོན་ཇོ་སྨོན་གདམས་པ་ཡིན། །དེ་སྟེང་ཞག་དང་དུས་ཚོད་ལའང་། །རྡེའུ་བརྒྱ་དང་ཉི་ཤུ་རེ། །བཀྲམ་པས་དྲུག་བརྒྱར་འགྱུར༌རོ༌ཞེས། ཁྱུང༌ལྷས༌གཞོན༌ནུ༌བསོད༌ནམས༌བཞེད། །དེ་ལྟར༌རྩིས༌པའི༌འབྲས༌བུའང་། །སྡོང་པོ་ཀུན་འདུས་འགྲེལ་པ་ནི། །གབ་པའི་སྙིང་གཟེར་ཞེས་བྱ་བར། །ཡོད་ཅེས་མཁས་པའི་གཞུང་ལས་བྱུང་། །འོན་ཀྱང་གནས་སྐབས་བྱ་སླའི་ཆེད། །སྲོག་ལུས་དབང་ཀླུང་སྨེ་བ་ལྔས། །ཚེ་དང་ནད་དང་ཟ་ཐང་དང་། ། བསོད་ནམས་གདོན་བྱེད་ལ་བརྟགས་པའི། །ཁ་དམར་སྤྱི་བསྡོམས་ལྔར་བསྡུས་ལ། །རིགས་མཐུན་འབྲས་བུ་གང་རུང་གིས། །སྟངས་གཅོད་བྱས་ཀྱང་ཆོག་པར་ངེས། །དེ་ལྟར་ལོ་གཅིག་འཁྱུད་སྐོར་གྱི། །འཕེལ་འགྲིབ་ཆགས་ཆེན་བསལ་བའི་ཕྱིར། །ཞིབ་མོར་གཏན་ལ་དབབ་པ་གཅེས། ། འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་ལས་ལོ་གཅིག་འཁྱུད་སྐོར་གྱི་རྩིས་ཀྱི་རྡེའུ་སྟེ་ལེའུ་ལྔ་པའོ། །
ལེའུ་དྲུག་པ། སྲིའུ་དང་ནད་པའི་རྩིས། ༈ འབྱུང་བ་འཁྲུགས་དང་རྣམ་རྟོག་གིས། །བསྐྱེད་པའི་ནད་འདྲེས་གདུངས་པའམ། །བཙས་མ་ཐག་གི་བྱིས་པའི་ཆེད། །རྡེའུ་བཅུ་དགུ་བོར་བར་བྱ། །དེ་ཡང་བརྩི་བྱའི་སྲོག་གིས་ནི། །གནམ་ལོའི་སྲོག་འཐབ་རྡེའུ་དང་། །སྲོག་གི་དར་གུད་ལོ་ཡི་སྟེང། །ཕབ་པའི་རྡེའུ་གཅིག་དེ་བཞིན་དུ། ། ཟླ་ཞག་དུས་ཚོད་སྲོག་ལ་འང། །བརྩི་བྱའི་སྲོག་གིས་འཐབ་པ་དང་། །སྲོག་གི་དར་གུད་ཟླ་སོགས་སྟེང་། །བརྩིས་པའི་རྡེའུ་རེ་རེ་སྟེ། །འཐབ་བསྐོར་སྤེལ་སྒྲིགས་སྲོག་རྡེལ་བརྒྱད། །དེ་བཞིན་བརྩི་བྱའི་ལུས་ཀྱིས་ཀྱང། །ལོ་ཟླ་ཞག་དང་དུས་ཚོད་ཀྱི། །ལུས་ལ་སོ་སོར་འཐབ་པ་དང་། ། ལུས་ཀྱི་དར་གུད་ལོ་སོགས་བཞིའི། །སྟེང་ཕབ་བརྩིས་པས་ལུས་རྡེལ་བརྒྱད། །དྲིལ་བས་སྲོག་ལུས་རྡེལ་བཅུ་དྲུག །དེ་སྟེང་ཟླ་བ་ངོ་རེ་ཞིང། །ལྷ་མོ་བརྒྱད་འཆར་ཚེས་གཅིག་ནས། །འོད་འབར་བརྟན་མ་རྣོ་དབལ་མ། །མདངས་ལྡན་ཆར་འབེབས་གཡོ་མེད་དང་། ། འོད་ལྗང་སྐྱེད་བྱེད་རིམ་པ་བཞིན། །དང་པོ་དྲུག་ལ་ཞག་བཞི་དང་། །ཕྱི་མ་གཉིས་ལ་ཞག་གསུམ་རེ། །སྦྱར་བའི་ཚེས་གྲངས་བཟང་ངན་དང་། །དེ་བཞིན་གཟའ་དང་སྐར་མ་ཡང། །བཟང་ངན་རྩིས་པའི་རྡེལ་གསུམ་སྟེ། །དྲིལ་བས་རྡེའུ་བཅུ་དགུ་བོར། ། དེ་ལྟར་བརྩིས་པའི་འབྲས་བུ་འང་། །རྩ་འགྲེལ་ཉི་ཤུ་པ་སོགས་ལྟོས། །གཞན་ཡང་ནད་རྩིས་ཐང་ཤིང་ནི། །ཐོག་མར་བརྩི་གཞི་ངོས་བཟུང་བྱ། །དེ་ལས་རྩིས་འགོ་བཅོ་ལྔ་སྟེ། །དང་པོ་རང་གི་བླ་ཚེ་ནི། །སྟོར་རམ་མ་སྟོར་གནམ་ལོ་ནས། །མི་དེས་དུ་ལོན་ཐུར་དུ་སྦུབ། ། གཉིས་པ་རྒྱལ་པོ་གདན་ས་ནས། །འདྲེད་དམ་མི་འདྲེད་ལྕགས་སྟག་ནས། །དུ་ལོན་ཐུར་དུ་སྦུབ་ལ་བརྩི། །གསུམ་པ་ཞྭ་འཕྱིང་ཐལ་འོག་ཏུ། །ཚུད་དམ་མ་ཚུད་ཆུ་སྟག་ནས། །ཐུར་དུ་དུ་ལོན་བགྲངས་ལ་བརྩི། །བཞི་པ་བློན་པོ་གྲལ་ས་ནས། །ཡར་རམ་མ་ཡར་ཤིང་སྟག་ནས། ། དུ་ལོན་ཐུར་དུ་སྦུབ་ལ་བརྩི། །ལྔ་པ་གཡི་སྤྱང་གྲ་ཆག་གམ། །མ་ཆག་ས་ཕོ་སྟག་ནས་ནི། །དུ་ལོན་ཐུར་དུ་སྦུབ་ལ་བརྩི། །དྲུག་པོ་བདུད་ཀྱིས་འཚོལ་མི་འཚོལ། །ལྕགས་མོ་ཡོས་ནས་དུ་ལོན་སྦུབ། །བདུན་པ་སྲིན་པོས་ཁྲིད་མ་ཁྲིད། །ས་མོ་ཡོས་ནས་དུ་ལོན་སྦུབ། །བརྒྱད་པ་ལྗོན་ཤིང་ཆག་མ་ཆག ། ཤིང་མོ་ཡོས་ནས་དུ་ལོན་སྦུབ། །དགུ་པ་བང་མཛོད་སྟོང་མ་སྟོངས། །མེ་མོ་ཡོས་ནས་དུ་ལོན་སྦུབ། །བཅུ་པ་ཡས་ཐག་ཆད་མ་ཆད། །གནམ་ལོའི་ཡར་གྱི་བཅུ་གསུམ་ནས། །ཐུར་དུ་དུ་ལོན་སྦུབ་ལ་བརྩི། །བཅུ་གཅིག་དཔྱད་ཐག་ཆད་མ་ཆད། །གནམ་ལོའི་མར་གྱི་བཅུ་གསུམ་ནས། ། དུ་ལོན་གྱེན་དུ་བཀན་ལ་བརྩི། །བཅུ་གཉིས་པ་ནི་བྱང་ཐང་རླུང་། ། ལངས་སམ་མ་ལངས་མེ་སྟག་ནས། །དུ་ལོན་ཐུར་དུ་བགྲངས་ལ་བརྩི། །བཅུ་གསུམ་སྒཱོུ་ཁྱིམ་ཞིག་མ་ཞིག །ཆུ་ཕོ་སྤྲེལ་ནས་དུ་ལོན་བཀན། །བཅུ་བཞི་པ་ནི་ཉལ་བའི་སྔས། །ཞིག་གམ་མ་ཞིག་གནམ་ལོ་ཡི། །ཡར་གྱི་ལྔ་ནས་དུ་ལོན་སྦུབ། །བཅོ་ལྔ་རྟེན་ཕུར་ཕྱུངས་མ་ཕྱུངས། ། གནམ་ལོའི་མར་གྱི་ལྔ་མཐུན་ནས། །དུ་ལོན་གྱེན་དུ་བགྲངས་ལ་བརྩི། །བཅུ་དྲུག་རྡེལ་སྒོ་འགགས་མ་འགགས། །གནམ་ལོའི་མར་གྱི་དྲུག་འབྲས་ནས། །དུ་ལོན་གྱེན་དུ་བགྲངས་ལ་བརྩི། །དེ་ལྟར་རྩིས་གཞི་གར་བབས་ཀྱི། །སྲོག་ལུས་དབང་ཐང་ཀླུང་རྟ་ལ། །བརྩི་བྱའི་སྲོག༌ལུས་དབང་ཀླུང་གིས། ། འཐབ་པའི་རྡེའུ་བཞི་བཞི་སྟེ། །དཀར་ནག་གཏན་རྩིས་བཞིན་དུ་བོར། །དེ་ནས་དཀར་ནག་བགྲངས་བྱས་ལ། །སོ་སོའི་བཟང་ངན་སྟངས་གཅོད་བྱ། །དེ་རྗེས་རྩིས་མིག་བཅུ་དྲུག་ཀྱང། །རྩིས་ཆེན་བདུན་དུ་དྲིལ་ལ་བརྟག །དེ་ཡང་ཐང་ཤིང་རིང་མོ་དང་། །གཟེར་ཟམ་གཡུ་ཤུག་དཔག་བསམ་ལྗོན། ། དཔལ་བྱུར་ཁྱིམ་དང་གཤིན་གསོན་མིག །ལིང་རྩེ་བརྒལ་ལམ་མ་བརྒལ་བལྟ། །དེ་དག་རྡེའུ་ལྔ་ཚན་གསུམ། །བཅད་ལ་དང་པོ་སྐྱེས་པའི་ས། །བར་པ་བུད་མེད་ཐ་བྱིས་པ། །རིམ་བཞིན་སོ་སོའི་ས་རུ་བརྟག །གཞན་དུ་རྩིས་འགོ་ཐ་མ་ཡི། །རྡེལ་བོར་ད་ལྟའི་ཕྱག་བཞེད་དུ། ། གནམ་ལོ་རང་གི་སྲོག་ལུས་དབང་། །ཀླུང་རྟ་བཞི་ཡི་སྨེ་བ་ལ། །བརྩི་བྱའི་སྲོག་སོགས་སྨེ་བ་བཞིས། །འཐབ་པས་རྡེལ་སྒོ་བརྟག་པ་ཡོད། །གཞན་ཡང་ལོག་མེན་སྤར་སྨེ་དང་། །ཉི་མའི་ནད་གདན་བརྟག་པ་སོགས། །རྒྱ་ཆེན་གཞུང་ལས་ཤེས་པར་བྱ། །དེ་ལྟར་ནད་ཀྱིས་གདུང་བའི་འགྲོར། ། ཕན་པའི་ལྷག་བསམ་དྲག་པོ་ཡིས། །ལེགས་པར་བརྩིས་ལ་ཁ་དམར་རྣམས། །རང་རང་འགྲེལ་པས་སྟངས་བཅད་དེ། །འཁྲུགས་པ་བཅོས་ཤིང་གུད་པ་གསོ། །རྣམ་རྟོག་འདྲེ་གདོན་བསལ་བར་བྱ། །འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་ལས་སྲིའུ་དང་ནད་པའི་རྩིས་ཀྱི་ལེའུ་སྟེ་དྲུག་པའོ།།

ལེའུ་བདུན་པ། ཟངས་ཀྱམ་གྱི་རྩིས།
༈ ལུས་ཅན་ཚེ་ཡི་དུས་བྱས་ཚེ། །བླ་སེམས་ཡིད་གསུམ་རིམ་པ་ལྟར། །གཤེད་མས་ཁྱེར་ཞིང་འགྲོ་དྲུག་འཁྱམས། །ཕུང་པོའི་ཡུལ་ལ་ཆགས་པའི་ཕྱིར། །དེ་ཡི་ཕུང་པོ་ལ་བརྟེན་ནས། །ཤུལ་གྱི་གསོན་པོའི་བྱུར་བསལ་ཕྱིར། །དུར་མཛོད་རྩིས་ལ་གསུམ་ཡིན་ཏེ། ། གསོན་གྱི་ཁོག་ནས་གཤིན་དབྱུང་དང་། །གཤིན་གྱི་ཁོག་ནས་གསོན་གདོན་པ། །གཤིན་གྱི་འདུར་ཤིད་བརྟག་པའོ། །དང་པོ་གསོན་ཁོག་གཤིན་འདོན་པའི། །ངེས་ཅན་རྡེའུ་ཉི་ཤུ་སྟེ། །ལོ་དང་སྲོག་ལུས་དབང་ཐང་ཀླུང་། །སྤར་ཁ་བབ་སྨེ་དར་གུད་ལྔ། ། རྩུབ་རྡེལ་བདུན་དང་སྐྱེས་སྨེའོ། །དེ་ཡང་གསོན་ཕྱིང་གཡས་བཏིང་ལ། །ཕུ་བོ་ནས་ནི་རིམ་པ་བཞིན། །བཟའ་སྐོར་ཕྱེ་ཡིས་བར་བཅད་ལ། །ནུ་བོ་ཆུང་བརྒྱུད་ཡན་ཆད་ཀྱི། །གསོན་རྡེལ་མ་ནོར་རིམ་བཞིན་བོར། །དང་པོ་བརྩི་བྱའི་ལོ་རྡེལ་ནི། ། ར་བར་རྡེལ་གཉིས་འབྲིང་པོར་རེ། །རང་ཕྱོགས་འབྱུང་བའི་ཁ་དོག་བཞིན། །ཐ་ཆུང་ཕྱོགས་བསྲེས་རྡེའུ་ནི། །ཕྲ་མེན་གཉིས་ཏེ་གང་ཡིན་བོར། །དེ་མདུན་སྲོག་ལུས་དབང་ཀླུང་གིས། །གནམ་ལོ་ལའང་འཐབ་རྡེའུ་བཞི། །དེ་འོག་སྤར་ཁ་གང་ཡིན་རྡེལ། །རང་རྒྱུད་ཕྲ་མེན་སྔར་ལྟར་བོར། ། དེ་འོག་བབས་སྨེ་གང་ཡིན་རྡེལ། །གཅིག་དཀར་དཀར་གཅིག་དྲུག་དཀར་གཉིས། །བརྒྱད་དཀར་དཀར་གསུམ་གཉིས་ནག་ལ། །ནག་གཅིག་མཐིང་གཉིས་བཞི་ལྗང་གསུམ། །ལྔ་སེར་ཕྱེད་མ་བདུན་དམར་ལ། །དམར་གཅིག་དགུ་ལ་དམར་གཉིས་བོར། ། སྲོག་ལུས་དབང་ཀླུང་སྨེ་བ་ལྔའི། །དར་གུད་རྡེལ་ལྔ་འགྲམ་དང་ནི། །རྩུབ་རྡེལ་བདུན་པོ་རྒྱབ་ཏུ་བོར། །དེ་རྗེས་སྐྱེས་སྨེ་གང་ཡིན་རྡེལ། །བབ་སྨེ་ཇི་བཞིན་བོར་བར་བྱ། །དེ་ལྟར་རྡེའུ་ཉི་ཤུའོ། །རྒྱས་པར་ཀེག་རྩིས་བཞིན་དུ་བོར། །སྤྱི་དང་བྱེ་བྲག་ཁ་དམར་གདགས། ། གསོན་གྱི་ཆགས་བཟློག་རིམ་གྲོ་དང་། །གཤིན་ལ་འགོ་གཤེད་ལ་སོགས་པ། །རིག་པས་མ་ནོར་སྟངས་གཅོད་གཅེས། །གཉིས་པ་བླ་རྡེལ་གཤིན་ཁོང་ནས། །གསོན་རྟགས་གཏན་ལ་དབབ་པ་ནི། །གསོན་རྩིས་བཞིན་དུ་བོར་བའམ། །ཡང་ན་ཆད་ཆེན་ནག་པོ་གསུམ། ། འཆད་ཆུང་ལ་ནི་ནག་པོ་གཉིས། །མ་ལོ་ཆེ་བར་དཀར་ཆེན་གཉིས། །མ་ལོ་ཆུང་བར་དཀར་ཆུང་གཉིས། །དེ་བཞིན་རང་ལོར་དཀར་པོ་གཅིག །བུ་ལོར་ཕྱེད་མ་དགྲ་ལོར་ནག །གྲོགས་ལ་དཀར་གཉིས་ནག་པོ་གཅིག །དེ་ཡང་ཆེ་ལོ་ཆུང་ལོ་ལ། །མི་ནོར་རྡེའུ་ཆེ་ཆུང་བོར། ། ཡང་ན་རང་རྒྱུད་རྡེའུ་སྟེ། །མགོ་བཀད་གནམ་ཐིག་བཏབ་པ་འདྲ། །སོ་སོའི་མདུན་བོར་འབྲས་རྡེལ་དངོས། །རང་གི་ལོ་དང་བདུན་ཟུར་ལ། །དཀར་ནག་རེ་རེ་འབོར་རོ་ཞེས། །རྩ་བར་གསུངས་མོད་དེ་ལྟ་ནའང། །ཕྱག་ལེན་དེང་སང་མཛད་པའི་སྲོལ། ། མེད་ཕྱིར་འདིར་ཡང་བཏང་སྙོམས་བཞག །རྡེའུ་དང་བསྟུན་ཁ་དམར་ནི། །སྤྱི་དང་བྱེ་བྲག་ཁྱད་པར་གྱི། །དུར་སའི་སྐྱོན་ཡོན་གང་ཟློས་བརྟགས། །ཐམས་ཅད་དྲིལ་ལ་སྟངས་གཅོད་བྱ། །གསུམ་པ་གཤིན་གྱི་འདུར་ཤིད་ཀྱི། །རྡེའུ་བརྒྱ་དང་གོ་དགུ་སྟེ། །གཤིན་གྱི་སྲོག་ལུས་དབང་ཀླུང་ཁམས། ། སྤར་ཁ་ར་བསེ་དུར་ལྔ་དང་། །རོ༌རིགས་འདོན་ཕྱོགས་སྐྱེ་གནས་གཏོ། །དེ་ལྟར་སྡེ་ཚན་བཅུ་གཉིས་སོ། །དེ་ཡང་གཤིན་གདན་རོག་པོ་ནི། །གཡོན་ཕྱོགས་བཏིང་ལ་གཤིན་རྡེལ་བོར། །ཐོག་མའི་སྡེ་ཚན་ལྔ་པོ་ནི།།གནམ་ལོ་ལོག་མེན་སྨེ་བ་དང་། །སྤར་ཁ་དར་གུད་ཟླ་བ་ཞག ། དུས་ཚོད་གཟའ་སྐར་གསོན་ལོ་སྟེ། །དེ་ལྟར་རྩ་རྡེལ་བཅུ་གཅིག་ལ། །གཤིན་དེའི་སྲོག་ལུས་དབང་ཐང་དང་། །ཀླུང་རྟ་རུས་ཀྱི་ཁམས་དང་ལྔས། །དར་གུད་བརྟག་ཅིང་གཅོད་འདྲལ་འབྱེད། །དཀར་ནག་གསོན་རྡེལ་བཞིན་དུ་བོར། །དྲིལ་བས་རྡེའུ་ང་ལྔ་སྟེ། ། དེ་སྟེང་གསོན་གཤིན་སྲོག་འཐབ་རྡེལ། །ཁམས་ཀྱི་གཅོད་འདྲལ་མཐར་བཞག་པས། །རྡེལ་གྲངས་ང་དྲུག་དག་ཏུ་འགྱུར། །དྲུག་པ་སྙད་དང་ལེ་ལན༌ནི། །སྤར་ཁའི་ནད་བརྒྱད་འདྲེ་བརྒྱད་དང་། །ཕྱུགས་བརྒྱད་ཟས་བརྒྱད་གོས་བརྒྱད་དང་། །ནོར་བརྒྱད་མགྲོན་བརྒྱད་འགྲུལ་པ་བརྒྱད། ། ཕྱོགས་བརྒྱད་གནོད་པའི་ས་བརྒྱད་དང་། །རྦོད་གཏོང་བརྒྱད་དེ་དག་ལ། །ལེ་ལན་ཐུག་ན་རྡེལ་ནག་དང་། །མ་ཐུག་རྡེལ་དཀར་རྡེལ་བཅུ་གཅིག །བདུན་པ་ར་བསེའི་རོ་ཟློས་ནི། །གནམ་ལོ་ལོག་མེན་སྨེ་བ་དང་། །སྤར་ཁ་དར་གུད་ཟླ་བ་དང་། །ཞག་དུས་གཟའ་དང་སྐར་མ་སྟེ། ། དེ་རྣམས་ཟློས་པ་ཡོད་མེད་དང་། །གསོན་པོ་གང་ལ་ཟློས་པ་ཡི། །རྡེའུ་རེ་བོར་བཅུ་གཅིག་གོ །བརྒྱད་པ་འབྱུང་དུར་སིལ་བུ་ནི། །གཤིན་དེའི་ཁམས་དང་གནམ་ལོ་དང །ཟླ་བ་ཞག་དང་དུས་ཚོད་དང་། །གཟའ་དང་སྐར་མ་སྲོག་དང་ལུས། །དབང་ཐང་ཀླུང་རྟ་སྨེ་བ་དང་། ། སྤར་ཁ་རྣམས་ཏེ་བཅུ་གསུམ་གྱིས། །དུར་ལྔར་འཐབ་པའི་རྡེའུ་བོར། །གཤིན་གྱིས་ཕར་བཅད་དཀར་པོ་སྟེ། །དུར་གྱིས་བཅད་ན་རྡེལ་ནག་ལ། །ནང་འཕྲད་ས་ཆུ་དཀར་པོ་སྟེ། །ཤིང་ལྕགས་མེ་གསུམ་ནག་པོ་བོར། །སིལ་བུའི་རྡེའུ་རེ་ལྔའོ། །དུར་ས་ལྔ་ནི་རི་སྐྱེལ་ཤིང། ། བསྲེག་པ་མེ་ལ་སྦ་བ་ས། །སྒྲུབ་པ་ལྕགས་ལ་སྐྱུར་བ་ཆུ། །དགུ་པ་རོ་རིགས་བཅུ་གཅིག་ནི། །མཛེ་རོ་དང་ནི་རབས་ཆད་དྲུག །དམེ་ཕོ་རིགས་གསུམ་སྐྱོན་ཅན་བརྒྱད། །བཀྲ་རིགས་ལྔ་དང་སྲིའུ་རིགས་དྲུག །གྲིར་ཤི་བཞི་དང་གཤིས་ངན་གསུམ། ། རྒོད་ཅེས་མཚུན་དང་ཞན་པ་དང་། །ངན་པ་རྣམས་ཏེ་བཅུ་གཅིག་པོ། །གང་ཡིན་རྡེལ་དཀར་མིན་ན་ནག །བཅུ་པ་འདོན་ཕྱོགས་བཅུ་གཅིག་ནི། །ལོ་དང་སྨེ་བ་སྤར་ཁ་དང་། །ཡུལ་ཕྱོགས་རོ་རིགས་ཟླ་བ་དང་། །ཞག་དང་གཟའ་སྐར་དུས་ཚོད་དང་། ། གསོན་པོའི་ལོ་ཡིས་དྲང་བ་སྟེ། །སོ་སོའི་གཙང་ཕྱོགས་གང་ཡིན་ལ། །ཕྱོགས་བཞི་འབྱུང་བ་རང་རྒྱུད་དང་། །མཚམས་བཞིར་ཕྲ་མེན་རྡེའུ་བོར། །བཅུ་གཅིག་ཕྱི་མ་གར་སྐྱེ་ནི། །གནམ་ལོ་ལོག་མེན་སྨེ་བ་དང་། །སྤར་ཁ་དར་གུད་ཟླ་བ་ཞག །དུས་ཚོད་གཟའ་དང་སྐར་མ་དང་། ། གསོན་རྡེལ་རྣམས་ཀྱིས་སྐྱེ་གནས་བརྟག །ལྷ་ལ་དཀར་གཉིས་མིར་ཕྱེད་མ། །ངན་འགྲོར་ལྷུང་ན་ནག་གཉིས་བོར། །བཅུ་གཉིས་མཇུག་གཅོད་གཏོ་ཆོག་ནི། །གནམ་ལོ་ལོག་མེན་སྨེ་བ་དང་། །སྤར་ཁ་དར་གུད་ཟླ་ཞག་དུས། །གཟའ་སྐར་ཉམས་རྣམས་བཅོས་པ་དང་། ། གསོན་རྡེལ་ཆགས་ཆེར་གྱུར་ན་འཆོས། །དེ་ཡང་བཅོས་ཐབས་གང་དགོས་ལ། །རྡེལ་ནག་དེ་ལྡོག་དཀར་པོར་བོར། །དེ་ལྟར་དྲིལ་བས་འདུར་ཤིད་ཀྱི། །རྡེའུ་བརྒྱ་དང་བརྒྱད་ཅུ་བདུན། །དེ་ནས་སྡེ་ཚན་བཅུ་གཉིས་ལ། །དཀར་ནག་བགྲངས་ལ་ཁ་དམར་གྱི། ། རྡེའུ་བཅུ་གཉིས་ལོགས་སུ་བོར། །དཀར་ལ་དཀར་པོ་ལྡོག་པ་ནག །མཉམ་ན་ཕྱེད་མ་ཁྱད་པར་དུ། །སྲེག་སྒྲུབ་དུར་ལྔའི་ཁ་དམར་ནི། །རང་ལ་རང་འདུར་དཀར་པོ་གཅིག །མ་ལ་བུ་འདུར་དཀར་པོ་གཉིས། །བུ་ལ་མ་འདུར་ནག་པོ་གཉིས། །དགྲ་ལ་གྲོགས་འདུར་ནག་པོ་གཅིག ། གྲོགས་ལ་དགྲ་འདུར་དཀར་ནག་གཉིས། །རོ༌རིགས་བཟང་ངན་དཀར་དང་ནག །དྲང་ཕྱོགས་གཙང་བསྟུན་ལོ་རྡེལ་བོར། །སྐྱེ་གནས་ལྷ་མི་ངན་འགྲོ་ལ། །དཀར་གཅིག་ཕྱེད་མ་ནག་གཅིག་སྟེ། །གཏོ་ཆོག་རྡེལ་གྲངས་བསྟུན་པ་གཅེས། །དེ་ལྟར་སྟངས་གཅོད་རྡེའུ་ཡི། ། ཁ་དོག་དང་བསྟུན་ཁ་དམར་ཀྱང། །སྲོག་གིས་འཆི་དུས་ལུས་དུར་ས། །དབང་ཐང་ཟས་སྐལ་ཀླུང་རྡེལ་ཡིས། །ཤིད་ཀྱི་ཡལ་ག་རུས་ཁམས་རྡེས། །འདུར་ཐང་ཆེ་ཆུང་སྤར་ཁ་ཡིས། །ལེ་ལན་ར་བསེས་ཟློས་པ་དང་། །འབྱུང་དུར་སེལ་བུས་སྲེག་སྒྲུབ་བརྩི། །རོ༌རིགས་བཞག་པ་འདོན་ཕྱོགས་ཀྱིས། ། དྲང་ཕྱོགས་གནས་རྡེས་གར་སྐྱེ་བརྟག །གཞུག་གཅོད་གཏོ་ཡིས་ཤི་ གཞུག་བཅད། །གཞན་ཡང་གཤིན་ཁོང་གསོན་དབྱུང་བའི། །རྡེའུ་རོ་ལེན་འབོར་ཚུལ་ནི། །ཤི་ཟླ་དེ་ཡི་སྲོག་རྐྱང་ལ། །གཤིན་དེའི་སྲོག་ལུས་དབང་ཀླུང་བཞི། །རང་མ་བུ་དགྲ་གྲོགས་དང་ལྔར། ། ཕྱེ་བས་རིམ་འཐབ་རང་རྡེལ་སོགས། །སོ་སོ་མ་འདྲེས་འཕྲེད་ལ་བསྒྲིག །དེ་ནས་རྡེའུ་སྤྲུག་པ་ནི། །སྲོག་གི་དགྲ་དང་ལུས་ཀྱི་དངོས། །དབང་ཐང་དགྲ་དང་ཀླུང་རྟའི་དངོས། །སྲོག་གི་གྲོགས་དང་ལུས་ཀྱི་མ། །དབང་ཐང་གྲོགས་དང་ཀླུང་རྟའི་མ། །སྲོག་གི་མ་དང་ལུས་ཀྱི་གྲོགས། ། དབང་ཐང་མ་དང་ཀླུང་རྟའི་གྲོགས། །སྲོག་གི་དངོས་དང་ལུས་ཀྱི་དགྲ། །དབང་ཐང་དངོས་དང་ཀླུང་རྟའི་དགྲ། །གཉིས་གཉིས་ཕན་ཚུན་སོ་སོར་བརྗེ། །བུ་བཞི་མི་བརྗེ་རང་སར་བཞག །སྟེང་ནས་མར་དེད་རྡེལ་ཚར་ནི། །དང་པོ་ཕ་ཁུ་རྒན་རིམ་སྤུན། །གཉིས་པ་མ་སྲུ་ཞག་ཉེའི་ས། ། གསུམ་པ་མག་པ་ཚ་ཡུག་ས། །བཞི་པོ་དོ་བདག་ས་ཡིན་ནོ། །འཕྲེད་ལ་རང་མ་བུ་སོགས་ལྔ། །རིམ་བཞིན་རྒན་དང་སྐྱེས་དར་དང་། །བུད་མེད་དར་མ་བུ་ཚ་དང་། །རྐང༌བྲན་རྣམས་ཀྱི་ས་ཡིན་ནོ། །དེ་ནས་རྡེའུ་ཡི་རོ་བླངས་ཏེ། །ནག་གསུམ་དཀྱིལ་ནས་དཀར་པོ་ལོང། ། དཀར་གསུམ་ནང་ནས་རྡེལ་ནག་ལེན། །མཐུན་གསུམ་ལོ་པར་ཟློས་ཞེས་གསུངས། །དེ་ལྟར་བོར་རྡེལ་རང་འགྲེལ་སོགས། །ཟངས་ཀྱམ་མན་ངག་ཡི་གེ་ལྟར། །འདུར་ལུགས་སྲེག་སྒྲུབ་གང་བཟང་དང་། །འགྲམ་ཟློས་ཤི་གཞུག་གཅོད་ཐབས་སོགས། །གཤིན་དང་གསོན་ལ་ཕན་སེམས་ཀྱིས། །

ཀུན་ནས་བསླངས་ཏེ་བཅོས་པ་གཅེས། །འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་ལས། །ཟངས་ཀྱམ་གྱི་རྩིས་ཀྱི་ལེའུ་སྟེ་བདུན་པའོ། །

གཞན་ཡང་གསོན་གཤིན་གཉིས་ཀ་ལ། །གཅེས་པའི་ས་དཔྱད་བརྟག་ཐབས་དང། །གྱིམ་ཤང་འཕུང་བཤིག་རྣམ་པ་བཞིས། །འགལ་བྱེད་དགྲ་བོ་བརླག་པ་དང་། །རང་ཀེག་གཞན་ལ་སྤོ་བ་སོགས། །བཤད་མོད་ཤེས་འདོད་ལྡན་པ་དག །རྒྱ་ཆེན་གཞུང་དུ་བལྟ་བར་གྱིས། །འདིར་ནི་བློ་ལྡན་འགའ་ཞིག་གིས། །ཉེ་བར་བསྐུལ་ཞིང་རང་ཉིད་ཀྱིའང་། །དྲན་ཐོར་སྐོར་འགོ་རྡེལ་བོར་གྱི། །རྩ་བ་ཙམ་ཞིག་བསྡུས་པ་འདི། །བན་ཆུང་དྷརྨཱ་ཤྲཱི་ཡིས། །དམ་ཆོས་སྒྲུབ་པར་མ་ནུས་པའི། །ཞག་འགའི་ཉི་རིང་འཕུལ་ཕྱིར༌བྲིས། །ནོངས་གྱུར་མཁས་རྣམས་བཟོད་པར་བཞེས། །ལེགས་བཤད་གང་མཆིས་དགེ་བ་དེས། །འགྲོ་ཀུན་བདག་སྟོན་རིག་པ་ལ། །བརྟེན་ནས་ཆོས་ཀུན་སྡོམ་གྱུར་པའི། །བདག་མེད་གཉིས་པོ་རབ་རྟོགས་ཏེ། །ཀུན་ཏུ་གྲོལ་བ་བརྙེས་གྱུར་ཅིག །འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་ཞེས་བྱ་བ་དྲུག་ཅུ་སྐོར་བཅུ་གཉིས་པའི་འགོར་མྱོས་ཀྱི་བན་ཆུང་གིས་སློབ་དཔོན་མཁས་པ་རྣམས་ཀྱི་དྲིན་ལས་ཅུང་ཟད་ངེས་པ་རྣམས་ཟིན་ཐུན་སུག་རིས་སུ་བགྱིས་པ་དགེ་ལེགས་སུ་གྱུར་ཅིག མངྒ་ལཾ། །