རྩོམ་པ་པོ་ཁྱུང་པོ་བ་མཁན་པོ་ཨོ་རྒྱན་རིག ་འཛིན། (༢༠༢༡། ༠༤། ༢༦།


རལ་པ་ཞེས་པ་ནི་འཁྲབ་སྟོན་ཚོགས་པ་གང་ཞིག་གིས་འཁྲབ་ཐུན་གཅིག་ལ་གཏམ་རྒྱུད་དང་། གླུ་གཞས། ཞབས་བྲོ། བཞད་གད། ལུས་རྩལ་བཅས་སྣེ་འཛོམས་ཀྱི་འཁྲབ་སྟོན་བྱེད་ཚུལ་ཐུན་མོང་མ་ཡིན་པ་ཞིག་ཡིན། འཁྲབ་ཆས་ལ་ཕོ་རྣམས་ཀྱི་ལག་གཡས་གཡོན་ན་སིལ་སྙན་དང་རྔ་མ་དམར་པོ། སྐེད་པར་ཐིག་གུ་ཁྲ་བོའི་འཛར་ལོ་དཔྱངས། མོ་རྣམས་ཀྱི་ལག་གཡས་གཡོན་ན་རྔ་དབྱུག་དང་རྔ་ཆུང་བཟུང་སྟེ་འཁྲབ་སྲོལ་ཡོད། རལ་པ་འཁྲབ་སྟོན་ནི་སྤྱིར་བོད་ཁམས་ཡོངས་དང་ལྷག་པར་ཁམས་ལ་དར་ཁྱབ་ཆེ། ཁྱད་པར་དུ་ཆབ་མདོ་ས་ཁུལ་སྟེང་ཆེན་རྫོང་ལ་རལ་པའི་ཕ་ཡུལ་ཞེས་མིང་གྲགས་ལྡན་ཡོད་པ་དང་།  སྲོལ་རྒྱུན་ཉམས་འགྱུར་གྱིས་ཕྱུག་པའི་སྟེང་ཆེན་རལ་པར་ལོ་རྒྱུས་ཡུན་རིང་ལྡན་ཡོད་པ་མ་ཟད་ད་ལྟ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་ཚུད་ཡོད་པ་དང་། སྤྱི་ལོ་2002 ལོར་བོད་རང་སྐྱོང་ལྗོངས་དབུས་གཞུང་ནས་སྟེང་ཆེན་རྫོང་ལ་“རལ་པའི་ཕ་ས་”ཞེས་པའི་གཟེངས་རྟགས་ཀྱང་གནང་ཡོད།

རལ་པའི་ཐ་སྙད། རྩོམ་སྒྲིག

རལ་པའི་ཐ་སྙད་ལ་མི་འདྲ་དུ་མ་ཡོད་པ་སྟེ། “རལ་པ་”དང་། “རད་པ།” “རས་པ་”སོགས་འབྲི་མི་འདྲ་བ་དུ་མ་ཡོད་ཀྱང་། “རལ་པ་”ཞེས་འཐད་པར་སེམས་ཏེ། དེ་ཡང་སྤྱིར་གནའ་བོའི་བོད་ཀྱི་སྐྱེས་ཕོ་མོ་ཚང་མ་སྐྲ་རིང་པོ་འཇོག་མཁན་ཤ་སྟག་ཡིན་ཡང་རལ་པ་འཁྲབ་སྐབས་སྐྲ་ཆིངས་ཀྱིས་མ་བཅིངས་བར་ཀློད་དེ་རལ་པ་ཟིང་ཟིང་གིས་ལྟད་མོ་འཁྲབ་པས་དེ་ལྟར་ཐོགས་པར་སེམས། གཞན་“རས་པ་”ནི་རལ་པའི་རྗེས་འཇུག་ལ་སྒྲ་གསལ་པོ་མ་ཐོན་པའི་དབང་གིས་བྱུང་བར་སེམས་ཏེ། “ཤེལ་”ལ་“ཤེས་”དང་། “བལ་”ལ་“བས་“སོགས་ཀློག་སྟངས་དེའི་དབང་གིས་བྱུང་བར་སེམས་ལ། ཡང་“རད་པ་”ནི་རལ་པའི་“རལད་”ལ་ཡངས་འཇུག་ད་དྲག་ཡོད་པའི་དབང་གིས་བྱུང་བར་བཤད་ཚུལ་འདུག་པ་དེ་ཡིད་སྲིད་ལ། སྒྲ་ཟུར་ཆག་པའི་དབང་གིས་ཀྱང་ཡིན་སྲིད།

རལ་པའི་ལོ་རྒྱུས། རྩོམ་སྒྲིག

ཁྱུང་པོའི་རལ་པ་བྱུང་རབས་ཅུང་བཤད་ན། ད་ལྟ་འཁྲབ་ཀྱིན་པའི་རལ་པའི་སྐྱུ་རྩལ་ཇི་བཞིན་པ་དེ་གནའ་རབས་ནས་ཡོད་ཅེས་བཤད་མི་སྤོབས་ཀྱང་། འཁྲབ་ཆས་དང་། རོལ་མོ། འཁྲབ་སྟངས་ཕྱོགས་འདྲ་བ་ཙམ་ནི་བོད་བཙན་པོའི་དུས་ཙམ་ནས་ཡོད་པར་མངོན་དེ། དུས་རབས་ 14 ཕེབས་པའི་སྤྲུལ་སྐུ་བློ་ལྡན་སྙིང་པོའི་སྙན་རྒྱུད་«མདོ་དྲི་མེད་གཟི་བརྗིད་»ལས། རོལ་མོ་དང་འཁྲབ་སྟངས་སྣ་ཚོགས་ཞིག་བསྟན་པ་དང་། ཁྱད་པར་དུ་ཉེ་ལམ་རྒྱ་གར་མངའ་ཁོངས་མོན་རྟ་དབང་ནས་རྙེད་པའི་དཔེ་རྙིང་«ལྷ་གཞུང་གཏེར་མ་ཡིད་བཞིན་ནོར་བུ་»[༡]ལས། “ཕ་ཇོ་སྟོན་པ་གཤེན་རབ་ཁོང་། སྐུ་ནི་ལྷ་དང་གསས་ཀྱི་བརྒྱན། གསུང་ནི་སྨྲང་དང་བོན་གྱི་བརྒྱན། ཐུགས་ནི་ལྟོ་དང་སྤྱད་ཀྱི་བརྒྱན། སྐུ་ལ་ཞེ་ཐུལ་སྲམ་ཐུལ་གསོལ། དབུ་ལ་སྟག་ཞྭ་ཁྲ་མོ་གསོལ། ཞབས་ལ་གཟིག་ལྷམ་ཡུ་ཐུང་གསོལ།” ཞེས་དང་། “ཇོ་[=ཇུ་]ཐིག་ཐག་པ་སློ་[=གློ་]ལ་རྟགས་[=བཏགས།] རྔ་གྲམ་པོ་གཞུང་རྒྱལ་རྒྱབ་ལ་ཁུར། གཤང་མཁར་མོ་འཁྲོལ་ཆེན་ཕྱག་ན་བསྣམས།” ཞེས་སོགས་ཀྱིས་རལ་པའི་རྒྱན་གོས་སྤྱི་དང་ལྷག་པར་ཉྭ་རྒྱ་དེ་དོན་དུ་གང་གི་མཚོན་དོན་ཡིན་པ་བཅས་གསལ་བར་འཁོད་ཡོད།

དེ་བཞིན་བན་དེའི་ཕྱོགས་ཀྱི་ལོ་རྒྱུས་ཁག་ལས་ཀྱང་འབྱུང་བ་སྟེ། ས་སྐྱ་བ་བསོད་ནམས་རྒྱལ་མཚན་ (1312–1375) གྱིས་མཛད་པའི་«རྒྱལ་རབས་གསལ་བའི་མེ་ལོང་»[༢] དང་། དཔའ་བོ་གཙུག་ལག་ཕྲེང་བའི་(1504-1564/1566) «ཆོས་འབྱུང་མཁས་པའི་དགའ་སྟོན་»[༣] ཏཱ་ལའི་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་«རང་རྣམ་དུ་ཀཱུ་ལའི་གོས་བཟང་»[༤]དང་། དེ་བཞིན་ཉེ་ཆར་བརྩམས་པའི་«བོད་རྒྱལ་མོ་རོང་གི་ལོ་རྒྱུས་རབ་གསལ་མེ་ལོང་»བཅས་པ་ལས། “ཁྱེའུ་བུ་མོ་ཐམས་ཅད་ཀྱིས། །ཆས་བརྒྱན་ལག་ན་རྔ་མ་ཐོགས། །རྔ་བརྡུང་གླུ་ལེན་གར་སྟབས་བསྒྱུར། །གཡག་སེང་དར་སེང་སྟག་སེང་དང་། །འབྲུག་དང་སེང་ཕྲུག་གར་མཁན་དང་། །དཔལ་མཛེས་རྔ་ཐོགས་འཆམ་པོ་སོགས། །རྒྱལ་པོའི་སྐུ་ལ་མཆོད་པ་འབུལ། །”ཞེས་སོགས་ཀྱིས་རལ་པའི་རྣམ་པ་ཕྱོགས་ཙམ་བསྟན་ཡོད། གོང་གསལ་ལོ་རྒྱུས་རྩོམ་པ་པོ་རྣམ་པས་ལུང་ཚིག་འདི་དག་རིམ་པས་དྲངས་ཡོད་ཀྱང་ཕུགས་ཀྱི་ལུང་ཁུངས་ནི་«རྒྱལ་རབས་གསལ་བའི་མེ་ལོང་»ཡིན་པར་ངེས་ཤིང་། དེ་ལས་དཔའ་བོ་གཙུག་ལས་ཕྲེང་བ་དང་རྒྱལ་དབང་ལྔ་པས་དྲངས་ནས་རིམ་བཞིན་ཚིག་དོན་ལའང་འགྱུར་བ་ཕྱིན་པར་མངོན། དེ་ལས་ཅུང་མི་འདྲ་ཞིང་གར་འཆམ་གྱི་རྣམ་པ་ཞིབ་ཕྲ་འཁོད་ཡོད་ས་ནི་ཨོ་རྒྱན་གླིང་པའི་ (b.1323) «རྒྱལ་པོ་བཀའ་ཐང་» [༥]འདི་ཉིད་ཡིན་ཏེ་དེ་ལས། “མཛེས་པའི་ཁྱེའུས་ལག་ན་རྔ་མ་ཐོགས། །གར་སྟབས་བྲོ་བརྡུང་ཤོན་རྩེད་བྱེད་པ་དང་། །རྒྱལ་པོའི་སྐྱོ་སངས་འབག་དང་སེང་གེ་དང་། །སྔགས་བོན་རྔ་ཐོགས་འཆམས་པོ་བྱེད་པ་དང་། །རྒྱལ་པོ་མཉེས་པ་བཙུན་མོ་མཛེས་མ་ཀུན། །རྒྱལ་པོའི་སྤྱན་སྔར་སྤྲིན་ལྟར་གཏིབས་ནས་བཞུགས། །བུ་མོ་མཛེས་མས་གཡུང་དྲུང་ཤོན་གྲ་བཅས། །གསུང་སྙན་ཟོར་ཁུགས་འཐེན་ཅིང་རྐང་བྲོ་བརྡུང་། །རྫུ་འཕྲུལ་རྟ་ཞོན་བརྒྱ་དང་འཆམས་པོ་དང་། །དོམ་འདྲ་སྤྲེལ་འདྲ་སྐྱུས་མོ་ལང་མ་ལིང་། །ཟངས་དུང་ཆ་ལང་འཁར་རྔ་གླིང་བུ་དང་། །རྫ་རྔ་པི་ཝང་ཕེག་རྡོབ་རོལ་མོའི་ཚོགས། །རྒྱལ་མཚན་བ་དན་ཕུར་མ་ཟུར་འཕན་དང་། །དར་ཁྲ་བསིལ་གཡབ་རླུང་བསྐྱོད་པུ་རུ་རུ། །”ཞེས་སོགས་འཁོད་ཡོད། དེས་ན་གོང་འཁོད་«རྒྱལ་རབས་གསལ་བའི་མེ་ལོང་»དང་«རྒྱལ་པོ་བཀའ་ཐང་»གཉིས་སུ་སྔ་མིན་དང་གཅིག་གིས་གཅིག་ལས་དྲངས་ཡོད་མེད་བཤད་མི་ཐུབ།


གང་ལྟར་གོང་གསལ་ལོ་རྒྱུས་ཁག་དཔགས་ཏེ་མིང་ལ་“རལ་པ་”ཞེས་འབོད་སྲོལ་ཡོད་མེད་ཇི་ལྟར་ཡང་། རལ་པ་དང་རྣམ་པ་ཕྱོགས་འདྲ་བའི་ལྟད་མོ་འཁྲབ་སྟོན་ཞིག་གནའ་ནས་ཡོད་པར་དཔོག་ནུས་ལ། «ཁྱུང་ཡུལ་རལ་བྲོའི་བྱུང་ཚུལ་དང་དེའི་སྒྱུ་རྩལ་སྐོར་ཅུང་ཙམ་གླེང་བ་»ལས་ཀྱང་། “ལོ་རབས་ལྔ་བཅུ་པའི་ནང་ལྷ་མོ་དང་རལ་བྲོ་ཆེད་དུ་ཞིབ་འཇུག་གནང་མཁན་བོད་ཀྱི་སྒྱུ་རྩལ་ཉམས་ཞིབ་ཆེན་མོ་ཞོལ་ཁང་བསོད་ནམས་དར་རྒྱས་ལགས་ཀྱིས་བོན་གྱི་དཔེ་རྙིང་<མཆོད་ཆས་>ཟེར་བ་ཞིག་ལག་སོན་བྱུང་བའི་ནང་རྩལ་རྩེད་དང་། རྔ་འཆམ། རླུང་སྒོ། གྲི་རྩེད་སོགས་རལ་པའི་སྒྱུ་རྩལ་རང་དུ་འདུག། རལ་པའི་སྒྱུ་རྩལ་འདི་ནི་བོན་གྱི་འཆམ་ལས་བྱུང་བ་བསྙོན་མེད་རེད། ཅེས་གསུངས་པ་དེ་ཡང་མཁས་པ་ཆེན་པོའི་བདེན་དོན་གཡོ་མེད་རི་འདྲ་བ་ཞིག་ཡིན་པར་འཁུམས།” ཞེས་གསུངས་པ་འདིར་བདེན་ཆ་ཅུང་ཡོད་པར་སེམས།

མི་རས་ལ་དང་རལ་པ་སྒྱུ་རྩལ། རྩོམ་སྒྲིག

ཡང་རལ་པ་འཁྲབ་སྟོན་འདི་རྗེ་མི་ལས་གསར་གཏོད་བྱས་ཚུལ་ནི་ཆོས་ལུགས་དད་མོས་ཅན་རྣམས་ཀྱིས་སྒྲ་འདྲ་བའི་གཞི་ཙམ་ལ་བརྟེན་ནས་རྟོག་བཟོ་བྱས་པ་ལས་དངོས་ཡོད་ལོ་རྒྱུས་རིག་པའི་ཁུངས་སྐྱེལ་གང་ཡང་མེད་ཚུལ་བཤད་པ་ཧ་ལམ་བདེན་མོད། བོད་འདིར་བར་སྐབས་ཤིག་ནས་རྗེ་མི་ལའི་སྙན་གྲགས་ས་ཁྱབ་རྡོ་ཁྱབ་ཏུ་སོང་བའི་རྐྱེན་གྱིས། རལ་པ་སྒྱུ་རྩལ་ཚོགས་པ་དེ་དག་གིས་ཀྱང་གཟིགས་མོ་བའི་དགོས་མཁོ་སྐོང་ཆེད། འཁྲབ་གཞུང་རྗེ་མི་ལའི་རྣམ་ཐར་བྱས་པའི་རལ་པའི་འཁྲབ་སྟོན་གཙོ་ཆེར་བྱས་པའི་ཤུགས་རྐྱེན་ལས། བདེན་མིན་ལ་མ་ལྟོས་པར་མི་རས་ལ་དང་རལ་པ་སྒྱུ་རྩལ་བར་གྱི་གཏམ་རྒྱུད་འདི་དག་བྱུང་བར་སེམས།

རལ་པའི་མིང་དངོས་བྱུང་ཚུལ། རྩོམ་སྒྲིག

འཁྲབ་སྟོན་འདིར་“རལ་པའི་”མིང་དངོས་བྱུང་ཚུལ་བཤད་ན། ཆེས་མ་མཐའ་ཡང་སྤྱི་ལོ་ 1277 ཙམ་ནས་བྱུང་ཡོད་པར་མངོན་ཏེ་ཆེས་སྙན་གྲགས་ཆེ་བའི་མདོ་ཁམས་རི་བོ་ཆེའི་ལྷ་ཁང་ཁྲ་འཁྱིལ་མ་རྗེ་བཙུན་སངས་རྒྱས་དབོན་གྲགས་པ་དཔལ་གྱིས་གསར་བཞེངས་གནང་གྲུབ་པ་དང་། དགའ་སྟོན་མཛད་སྒོའི་སྐབས་ཁྱུང་པོ་ཨོ་ཐོ་རལ་པའི་ཞབས་བྲོ་ཚོགས་པ་བོས་ཏེ་རལ་པ་གཟིགས་འབུལ་ཞུས་པའི་བཤད་རྒྱུན་ལྟར་ན། ད་བར་དུ་ལོ་ངོ་ 744 ཕྱིན་ཡོད། དེ་མིན་ད་ཆ་ཡིག་ཐོག་ལ་འཁོད་པའི་ལོ་རྒྱུས་ཁ་གསལ་མ་རྙེད་ཀྱང་རྗེས་སུ་རྙེད་སོན་བྱུང་ཁ་སྣོན་བྱ་ངེས་ཡིན།

ཁྱུང་ཡུལ་རལ་པའི་རྒྱུད་འཛིན། རྩོམ་སྒྲིག

ཡང་«ཁྱུང་ཡུལ་རལ་བྲོའི་བྱུང་ཚུལ་དང་དེའི་སྒྱུ་རྩལ་སྐོར་ཅུང་ཙམ་གླེང་བ་»ལས། “གཅིག ཐག་རྒྱུག་རལ་པ། ཆེས་དར་སྔ་བའི་རལ་བྲོ་ཞིག་ཡིན་པར་གྲགས། དེང་སང་རྒྱུན་ཆད་ནས་མེད་པར་སྣང་། གཉིས། ཨོ་ཐོ་རལ་པའམ་དབུ་མདོ་རལ་པ། ཁྱུང་ཡུལ་དཀར་སྨད་གྱང་སྔོན་ཁུལ་དུ་དར་སྲོལ་ཆེ་བ་འདུག བརྒྱུད་འཛིན་པ་ཨོ་ཐོ་ཚང་། སྔོན་དུས་རི་བོ་ཆེ་ལྷ་ཁང་ཁྲ་འཁྱིལ་མ་གསར་བཞེངས་སྐབས་ཆེད་དུ་རལ་བྲོ་འཁྲབ་མཁན་དེ་ཨོ་ཐོ་རལ་པ་ཡིན་པ་དང་དེང་སང་ཡང་དེའི་ལུགས་སྲོལ་མ་ཉམས་པར་དམིགས་བསལ་དུས་སྟོན་སྐབས་ཁྱུང་པོ་སྟེང་ཆེན་ནས་རལ་པའི་སྒྱུ་རྩལ་བ་ཆེད་ཕེབས་ཀྱིས་འཁྲབ་སྟོན་དགོས་པ་ཡིན་འདུག གསུམ། ལྡོང་ལུགས་རལ་པ། ཁྱུང་ཡུལ་ནག་རུའི་སྡེ་ཁོངས་ས་མདོ་ཤང་དུ་དར་ཁྱབ་ཆེ་བའི་རལ་པ་ཞིག བརྒྱུད་འཛིན་པ་ས་མདོ་ལྡོང་ལུགས་ཚང་ངམ་རལ་པ་ཚང་བཀྲ་ཤིས་ཆོས་སྒྲོན་འཁོར་དང་བཅས། བཞི། ཁྲ་ག་གཟི་རལ་པའམ་རྡོ་བཅངས་རལ་པ། ཁྲ་ག་གཟི་ནས་རལ་རྒན་བསོད་ནམས་མགོན་པོ། དེས་རལ་པ་སྐྱ་བདག་རྡོ་རྗེ། དེས་རལ་རྒན་ཚུལ་ཁྲིམས་རྡོ་རྗེ། དེས་རལ་རྒན་ག་ཁྲོ། དེས་བསྟན་འཛིན་ནོར་བུ་བར་བརྒྱུད་ཅིང་སྤྱི་ཚོགས་ཁྲོད་བསྟན་འཛིན་ནོར་བུའི་རལ་བྲོའི་སྒྱུ་རྩལ་ཁྱད་ཆོས་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་མཁན་མང་ལ་རལ་བྲོ་དེ་ནི་ཁྱུང་ཡུལ་སེར་ཚའི་ཡུལ་དུ་དར་སྲོལ་ཆེ་བ་ཞིག་ཡིན་འདུག ལྔ། མཛོ་པ་རལ་པ། ཁྱུང་སེར་གསེར་གཡུ་མདོ་སྐོར་དུ་དར་མྱོང་ཡོད་པའི་རལ་བྲོ་ཞིག་ཡིན་སྐད་ཐོས། དེ་ལ་སོགས་པ་ཁྱུང་ཡུལ་ས་གནས་མང་པོར་རལ་བྲོའི་སྒྱུ་རྩལ་འདི་དག་གནའ་ནས་ད་བར་ཤོག་བུ་ལ་སྣུམ་གྱིས་འཚོས་པ་བཞིན་དང་ཆུ་བོ་ལམ་དུ་ཞུགས་པ་ལྟར་རྒྱུན་མ་ཆད་པར་དར་སྲོལ་བྱུང་བ་ཡིན་འདུག མིང་མི་འདྲ་བར་ཐོགས་པའང་རལ་པའི་སྒྱུ་རྩལ་གྱི་སྲོལ་འབྱེད་མཁན་ངོས་ནས་མ་ཡིན་པར་བརྒྱུད་འཛིན་པའི་དུད་མིང་དང་རུས་མིང་བྲོ་ལ་སྦྱར་ནས་དེ་ལྟར་ཐོགས་པ་དཔྱད་པའི་ལམ་ནས་ཡོངས་སུ་བརྟགས་ཐུབ་པ་འདུག་གོ །”ཞེས་པར་བཤད་ལ་ལྟར་རོ། ། ད་དུང་རལ་པའི་སྐོར་ཤེས་འདོད་ན་ཁྱུང་ཡུལ་རལ་བྲོའི་བྱུང་ཚུལ་དང་དེའི་སྒྱུ་རྩལ་སྐོར་ཅུང་ཙམ་གླེང་བ་ཞེས་པ་འདིར་གཟིགས།

  1. https://www.himalayabon.com/review/comment/2020-02-12/1641.html
  2. «རྒྱལ་རབས་གསལ་བའི་མེ་ལོང་»ལས། (p. 215.5–11) “ཁྱེའུ་བུ་མོ་ཐམས་ཅད་ཀྱིས། །ཆས་བརྒྱན་ལག་ན་རྔ་མ་ཐོགས། །རྔ་བརྡུང་གླུ་ལེན་གར་སྟབས་བསྒྱུར། །གཡག་སེང་དར་སེང་སྟག་སེང་དང་། །འབྲུག་དང་སེང་ཕྲུག་གར་མཁན་དང་། །དཔལ་མཛེས་རྔ་ཐོགས་འཆམ་པོ་སོགས། །རྒྱལ་པོའི་སྐུ་ལ་མཆོད་པ་འབུལ། །”
  3. «ཆོས་འབྱུང་མཁས་པའི་དགའ་སྟོན་» (vol. Ka, pp. 355.21–336.1) “ཁྱེ་འུ་བུ་མོ་ཐམས་ཅད་ཀྱང་། །ཆས་བརྒྱན་ལག་ན་རྔ་མ་ཐོགས། །རྔ་བརྡུང་གླུ་ལེན་གར་སྟབས་སྒྱུ། །གཡག་གསེང་དར་གསེང་སྟག་གསེང་དང་། །འབག་དང་སེང་ཕྲུག་གར་མཁན་དང་། །སྤ་[=དཔའ]མཛེས་རྔ་ཐོགས་འཕྱམ་[=འཆམ་]པོ་སོགས། །རྒྱལ་པོའི་སྐུ་ལ་མཆོད་པར་འབུལ། །”
  4. «རང་རྣམ་དུ་ཀཱུ་ལའི་གོས་བཟང་» (vol. 3, p. 95.13–15) “ཁྱེའུ་བུ་མོ་ཐམས་ཅད་ཀྱིས། །ཆས་བརྒྱན་ལག་ན་རྔ་མ་ཐོགས། །རྔ་བརྡུང་གླུ་ལེན་གར་སྟབས་བསྒྱུར། །གཡག་སེང་དར་སེང་སྟག་སེང་དང་། །འབག་དང་སེང་ཕྲུག་གར་མཁན་དང་། །དཔའ་མཛེས་རྔ་ཐོགས་འཆམས་པ་སོགས། །རྒྱལ་པོའི་སྐུ་ལ་མཆོད་པ་འབུལ། །”
  5. «རྒྱལ་པོ་བཀའ་ཐང་» (p. 139.23–140.9).
"https://bo.wikipedia.org/w/index.php?title=རལ་པ།&oldid=139271"ལས་སླར་རྙེད་སོང།