རྩོམ་རིག

  བརྩེ་དུང་འགྲོ་དྲུག་དཔེ་རུ་བླངས།
        རྩོམ་པ་པོ། དུང་དཀར་ཚེ་རིང་།
  

ལྷ།

བརྩེ་དུང་ནི་ལྷ་ཞིག་འདྲ་སྟེ། ནམ་ཡིན་ཡང་སྤྱན་ལམ་ན་མ་མཐོང་ལ། ག་དུས་ཡིན་རུང་ང་ཚོ་ལ་གདམས་ངག་དང་བདུད་རྩི་ གནང་བའི་བསྐལ་བ་བྲལ། མ་མཐོང་ན་ཡང་། མ་མངོན་ན་ཡང་། དེ་ལ་དད་པ་ནི་སྔར་བས་ཆེ། དེ་ལ་ཡིད་ཆེས་ནི་སྔར་བས་ཆེ། བརྩེ་དུང། ཕར་བལྟས་ན་རྩ་ཆེན་པོ་ཞིག ང་ཚོས་ཕྱག་འཚལ་ལ་གསོལ་བ་བཏབ། བརྩེ་དུང་། མ་དད་ན་མེད་དུ་མི་རུང་བ་ཞིག ང་ཚོས་རྟག་དུ་སེམས་ནས་གོང་དུ་སྨོན། བརྩེ་དུང་། རྫུ་འཕྲུལ་གྱི་ཕྱུག་པའི་དབང་པོ། ང་ཚོའི་ལུས་ངག་ཡིད་གསུམ་ལ་སྤྲུས་པ་བསྟན།

ལྷ་མ་ཡིན།

བརྩེ་དུང་དེ་ཡང་ལྷ་མ་ཡིན་འདྲ་སྟེ། རང་ཉིད་ཀྱི་དགའ་བའི་མི་དེའི་ཆེད་ཉིན་མཚན་དུས་དྲུག་ རྟག་དུ་འཐབ་རྩོད་བྱ་དགོས་ལ་འཐབ་རྩོད་དེར་ལོངས་ སུ་སྤྱོད་པར་བྱ། དེ་ནི་ནམ་ཡང་མཛད་མཐའ་མེད་པའི་ གཡུལ་འགྱེད་ཞིག་རེད། སེམས་ཀྱི་གཡུལ་ས་ན། བརྩེ་དུང་གི་དཔུང་ཚོགས་དམག་འཐབ་བྱེད། སུ་རྒྱལ་སུ་ཕམ་མ་ཤེས་ན་ཡང་། འཐབ་རྩོད་དེ་འཚམས་འཇོག་པའི་སེམས་པ་མེད། བརྩེ་དུང་གི་དམག་ཚོགས།

བརྩེ་དུང་གི་གཡུལ་ས།

བརྩེ་དུང་གི་དབང་གིས།

ཁྲག་མཚོ་འཁྱིལ།   རོ་ཕུང་གི་གང་།

དེ་ཡང་དྲག་པོའི་བརྩེ་དུང་ཞིག་རེད་ཨང་།

མི།

བརྩེ་དུང་ནི་མི་ཞིག་དང་མཚུངས་ཏེ། ཁོ་ལ་དགའ་སྐྱོ་ཆགས་སྡང་ལྡན་ལ། སྐྱེ་རྒས་ན་འཆི་ཡང་མཆིས། རེ་འགར་བརྩེ་དུང་དེ་བློ་སེམས་ལ་ཕན་ནས་བདེ་བ་ཅན་ གྱི་ཞིང་ལ་སླེབས་པ་དང་འདྲ། ཡང་རེ་འགར་སྙིང་ཁམས་མནར་ནས་དམྱལ་བའི་མཐིལ་ ལ་སླེབས་པ་བཞིན་བཟོ། བརྩེ་དུང་གི་རི་མོ་ནང་ལ་ཡོད་པས། སུ་ཡིན་ཡང་བརྩེ་དུང་དེ་དངོས་སུ་ངོ་མ་ཤེས། སུ་ཡིན་ཡང་བརྩེ་དུང་དེ་གསལ་པོ་མ་རྟོགས། བརྩེ་དུང་ལ་བྱང་ཆུབ་སེམས་དཔའ་ལྡན་ནས་ མི་སེམས་མང་པོ་འགུལ་ལ། བརྩེ་དུང་ལ་གཡོ་སྒྱུའི་ངན་སེམས་ལྡན་ནས་ མི་མང་པོ་ལུས་སེམས་སྡུག་ཐང་ལ་འདྲེན། དེ་ཡང་མིའི་ཆོས་ཉིད་ཚང་བའི་བརྩེ་དུང་མཚར་པོ་ཞིག

དུད་འགྲོ།

བརྩེ་དུང་དེ་ཡང་དུད་འགྲོ་འདྲ་སྟེ། གང་འདྲའི་བརྩེ་བ་ཡི་རྦ་རླབས་འཕྱུར་རུང་ ཕ་རོལ་ལ་སྨྲ་མ་ཤེས། ཅི་འདྲའི་ལྷག་བསམ་གྱི་ཕྱུག་རུང་ གཞན་དེ་ལ་བརྗོད་ཐབས་མེད། ནམ་ཡང་བརྩེ་བ་ལྷད་མེད་དེ་སེམས་སུ་ཉར་ནས་རུས་ བར་བྱས་ན་ཡང་། ནམ་ཡང་ཁུ་སིམ་གྱི་བརྩེ་དུང་གི་ཆེད་དུས་བློས་བཏང་བྱེད་བ་ལས་གཞན་གང་ཡང་མ་ཤེས། སྐབས་རེར། བརྩེ་དུང་དེ་དེ་འདྲ་ཉམ་ཆུང་ཞིག ལེན་རེར། བརྩེ་དུང་དེ་དེ་འདྲ་བློས་བཏང་ཞིག

ཡི་དྭགས།

བརྩེ་དུང་ནི་ཡི་དྭགས་འདྲ་པོ་རེད། ལོ་མང་རིང་ལྟོགས་སྐོམ་གྱིས་མནར་བས་ ཕ་རོལ་ནས་གང་ཡོད་གང་མང་ཐོབ་ན་བསམ་ལ། གཞན་དེའི་ཡོད་ཚད་རག་ནས་རང་ཉིད་གྱིས་ཚོད་འཛིན་ དང་བཀོད་སྤྱོད་བྱ་བསམ་གྱི་ཡོད། བརྩེ་དུང་དེ་ལྟོགས་དྲག་པས། མིའི་ལུས་ཕུང་དང་རྣམ་ཤེས་བཅོམ་པར་བྱེད། བརྩེ་དུང་དེ་སྐོམ་དྲག་པས། མིའི་ཟུངས་ཁྲག་དག་ཚ་བོར་བཏུང་བ་བྱེད། ཡིན་ཡང་། གང་འདྲ་བྱས་རུང་མཐའ་མ་ཕམ་ཉེས་ལས་ དེ་ལ་བདེ་སྐྱིད་མ་ཡོང་ལ་ལེགས་གྲུབ་ནི་དེ་བས་ཀྱང་ངོ། སྤྲིས་སྐོམ་གྱི་བརྩེ་དུང་དེ་ནམ་ཡང་སུ་ལ་མཁོ་ཨང་།

དམྱལ་བ་།

བརྩེ་དུང་ཡང་དམྱལ་བ་དང་འདྲ་སྟེ། དེས་མི་སེམས་ལ་མནར་གཅོད་དང་སྡུག་བསྔལ་ ཚད་མེད་གཏེར་ལ་ཤི་མ་ཤི་གསོན་མ་གསོན་གྱི་ སྣང་བ་འབྱིན་ངེས། དེས་མི་མང་པོ་མནར་ནས་འཆི་རུ་ཅོག་ལ། མི་མང་པ་འུ་ཆད་འུ་ཐུག་གིས་རང་ཤིའི་ལམ་ལ་བསྐྱ མུན་ནག་གི་བརྩེ་དུང་། དེ་ན་སྡུག་བསྔལ་ཐམས་ཅད་ཚང་ཡོད། མནར་གཅོད་གྱི་བརྩེ་དུང་། མི་སེམས་དུམ་བུ་དུམ་བུར་བཏང་འགྲོ། བརྩེ་དུང་དེས་ལུས་སེམས་ལ་དམྱལ་བ་ཚ་ཚ་དང ་གྲང་གྲང་ཡོད་དོ་རྒྱག་ནུས། རྣམ་ཤེས་ཡང་དེ་དུས་གཞི་ནས་ཅི་ཞིག་ལ་ སྡུག་བསྔལ་དང་ཅི་ཞིག་ལ་བདེ་བ་ཟེར་བ་ཤེས་སུ་ཅོག

མདོར་ན། མི་རེར་བརྩེ་དུང་རེ་ཡོད། བརྩེ་དུང་རེར་རྣམ་པ་རེ་མཆིས། ལ་ལའི་སེམས་ནང་བརྩེ་དུང་ནི་མགོན་སྐྱབས་འདྲ་བར་ བྱིན་རླབས་ཆེ་ལ་རིན་ཐང་བྲལ་བ་ཡིན་ངེས། ཡང་ལ་ལའི་སེམས་ནང་བརྩེ་དུང་ནི་བདུད་འདྲེ་བཞིན་ འཇིགས་སྣང་དང་མུན་ནག་གི་མནར་བ་ཡིན་སྲིད། ཡིན་ཡང་། བརྩེ་དུང་བཟང་ངན་སུ་ཡིས་མཁྱེན། གང་ལྟར་བརྩེ་དུང་དེ་གནས་པ་ཡིན་པས་དེར་རང་གི་ དགོས་དབང་དང་རིན་ཐང་ཞིག་ལོས་ཀྱང་ཡོད་སྙམ།