སྟོན་པ་གཤེན་རབ།

རྩོད་ལྡན་ཚེ་ལོ་བརྒྱ་པའི་སངས་རྒྱས་རྣམ་འདྲེན་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱི་མཛད་ཆེན་རྣམ་པ་མཛད་པའི་ཚུལ་ཞིབ་རྒྱས་སུ་སྟོན་པའི་གཞུང་དྲི་མེད་གཟི་བརྗིད་རབ་ཏུ་འབར་བའི་མདོ། གླེགས་བམ་བཅུ་གཉིས། ལེའུ་དྲུག་ཅུ་རེ་གཅིག་པ། མདོ་འདི་སྟོར་ཆེན་དམུ་ཚ་གྱེར་མེད་ཀྱིས་སྤྲུལ་སྐུ་བློ་ལྡན་སྙིང་བོ་ལ། ༡༣༦༠ལོར་སྙན་དུ་བརྒྱུད་པ་ཡིན། འབྲིང་པོ་འདུས་པ་རིན་པོ་ཆེའི་རྒྱུད་གཟེར་མིག གླེགས་བམ་གཉིས། ལེའུ་བཅོ་བརྒྱད་པ། མདོ་འདི་གཏེར་སྟོན་དྲང་རྗེ་བསྡུས་པ་གཡུང་དྲུང་ལྷ་ཡི་སྐད་ལས་སྙ་ཆེན་ལི་ཤུ་སྟག་རིང་གིས་བོད་སྐད་དུ་བསྒྱུད་བ། མདོ་འདི་ཡང་བསྟན་པ་དར་ནུས་ཀྱི་དུས་སུ་གཏེར་ཏུ་སོང་ནའང་། ཕྱིས་སུ་ཨ་ཙ་ར་མི་གཉིས་ཀྱིས་བསམ་ཡས་ཅ་ཏི་དམར་པོ་ནས་༢༦༡ལོར་གཏེར་ནས་བཞེས། གསུང་རང་འདི་རྣམས་ནས་རྒྱལ་བ་གཤེན་རབ་ཀྱིས་ཕྱི་ནང་གསང་གསུམ་མམ། སྤྱི་ཡི་མཛད་པ། སྒོས་ཀྱི་མཛད་པ། བྱེ་དྲག་གི་མཛད་པ་སོགས་མཐའ་ཡས་པ་གསལ་ཞིང་གཟིགས་ན་བློ་ལྡན་རྣམས་ཀྱི་མཁྱེན་ཐུབ་པ་ཡིན།

སྐུ་འཁྲུངས་ཚུལ།Edit

བདག་ཅག་གི་སྟོན་པ་སངས་རྒྱས་ཀྱི་བྱོན་ཚུལ་ཛི་ལྟར་ན། འདིས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས། མཐར་ཐུག་མངོན་པར་བརྫོགས་པའི་སངས་རྒྱས་པའོ། དེ་ལྟར་རྫོགས་པའི་སངས་རྒྱས་མངོན་དུ་བྱས་ནས་འགྲོ་བ་སེམས་ཅན་ཐམས་ཅད་རང་རང་གིས་བསགས་པའི་ལས་དང་ཉོན་མོང་བའི་དབང་གིས་ཁམས་གསུམ་གབ་རུང་དུ་འགྲོབ་འམ་འཁོར་བའི་སྡུག་བསྔལ་མི་འདོད་པ་དང་། བདེ་བར་འདོད་པ་ཅན་ཤ་སྟག་ཡིན་ཡང་སྡུག་བསྔལ་སྤང་བ་དང་། བདེ་བར་བསྒྲུལ་པའི་དབས་བསྟན་པའི་དོན་དུ་ཐུགས་བསྐྱེད་རླབས་པོ་ཆེ་བཞེས་ནས། རིགས་དྲུག་གི་ནང་ནས་མི་ཡི་ལུས་སུ་བྱོན་ན་དོན་ཆེ་བ་སོགས་དགོས་པའི་སྒོ་དུ་མ་ལ་གཟིགས་ཏེ་འགྲོ་དོན་མཛད་པའི་ཚུལ་ནི། དང་པོ་རྣམ་པར་བཞེས་པའི་མཛད་པ་ལ། འོད་གསལ་ལྷ་ལས་བབས་པ། གཟིགས་དགོངས་ཚད་ལྔ་ཐུགས་ལ་བཀྲམ་པ་དང་། སྐྱེ་བ་བཞེས་པ། རྒྱལ་སར་ཕྱུང་བ། རྒྱལ་ས་གནོན་པའི་མཛད་པའོ། །

སྐུ་ཡི་མཛད་པ།Edit

གཉིས་པ་རྣམ་པར་སྤེལ་བའི་མཛད་པ་ལ། ཕྱྭ་གཤེན་ཐེག་པ། སྣང་གཤེན་ཐེག་པ། འཕྲུལ་གཤེན་ཐེག་པ། སྲིད་གཤེན་ཐེག་པ། དགེ་བསྙེན་ཐེག་པ། ཨ་དཀར་ཐེག་པ། ཡེ་གཤེན་ཐེག་པ། ཡང་རྩེན་བླ་མེད་རྫོགས་པ་ཆེན་པོ་རྣམས་རིམ་པར་གདུལ་བྱའི་བློ་ལ་འཚམས་པའི་བོན་ཐེག་པ་རིམ་དགུ་གསུངས་སོ། གསུམ་པ་རྣམ་པར་འདུལ་བའི་མཛད་པ་ལ། རང་ཉིད་ངོ་གཅིག་ལས་མ་གཡོས་ཀྱང་། སྤྲུལ་བ་བྱེ་བ་ཕྲག་བརྒྱ་འགྱེད་པའི་ཕྱིར། དབུ་ཡི་གཙུག་རུམ་ཞབས་ཀྱི་མཐིལ་རིམ་དང་། སྐུ་ཡིས་གནས་དང་རྣམ་ཤེས་ཚོགས་དྲུག་ལས། དབུ་གཤེན་ཡེ་གཤེན་གཡེན་འདུལ་སུམ་ཅུ་གསུམ། འབྱུང་བའི་གཤེན་བཞི་ཕྱོགས་བཞི་དབུས་སྔའི་གཤེན། འཛམ་གླིང་འཇིག་རྟེན་བྱེ་བ་ཕྲག་བརྒྱ་རུ། སྤྲུལ་བའི་སྐུ་མཆོག་བྱེ་བ་ཕྲག་བརྒྱ་ཡིས། འགྲོ་བ་སེམས་ཅན་འདུལ་བར་མཛད་པའོ། བཞི་བ་རྣམ་པར་འདྲེན་པའི་མཛད་པ་ལ། འཇིག་རྟེན་ཁམས་ན་ཤིན་ཏུ་སྡིག་ཆེ་བ། ཉོན་མོངས་ཆགས་སྲེད་གདུངས་པར་གྱུར་པ་རྣམས། འཁོར་བའི་གནས་ནས་ཐར་པར་དྲངས་པའོ། ལྔ་བ་རྣམ་པར་ངེས་པའི་མཛད་པ་ལ། འགྲོ་བ་རང་མཐུན་ཆ་ལུགས་བསྟན་པའི་ཕྱིར། རྒྱལ་བོ་གྲོང་ཁྱེར་ཁབ་ཀྱི་དམ་པ་ནས། དཔལ་འབར་སུམ་སརྒྱ་དྲུག་ཅུར་བཞེས་པའོ། དྲུག་པ་རྣམ་པར་སྤྲུལ་བའི་མཛད་པ་ལ། རྒྱལ་བོ་གདུང་རྒྱུད་མི་བཅད་པ་ཡི་ཕྱིར། འགྲོ་བ་སེམས་ཅན་འདུལ་བའི་དོན་ཆེད་དུ། སྐུ་བའི་སྤྲུལ་པའི་སྲས་མཆོག་བསྐྱེད་པར་བྱས། བདུན་པ་རྣམ་པར་འཇོམས་བའི་མཛད་པ་ལ། གཉིས་མེད་མཉམ་པའི་ངང་ལ་གནས་མོད་ཀྱང་། བོན་ཅན་ཚད་མ་འགྲོ་བ་འདུལ་བའི་ཐབས། མ་རྟོག་ལོག་པར་འགྱུར་བ་བདུད་ཀྱི་ཚོགས། བདུད་འདུལ་བསྟན་པའི་བར་ཆད་བསལ་བའོ། ། བརྒྱད་པ་རྣམ་རྒྱལ་བའི་མཛད་པའི་མཚད་པ་ནི། འཁོར་ལོ་བསྒྱུར་བའི་བསྟན་འཛིན་རྒྱལ་པོ་ལ། བདེ་བར་གཤེགས་པའི་སྐུ་གདུང་སྐུ་གཟུགས་དང་། བཀའ་འགྱུར་གསུང་རབ་གླེགས་བམ་གྲངས་དང་བཅས། བསྟན་པ་རྣམ་གསུམ་རྗེས་སུ་བཞག་པའོ། དགུ་བ་རྣམ་པར་རིག་པའི་མཛད་པ་ལ། རྒྱལ་པོའི་གྲོང་ཁྱེར་ཁབ་ཀྱི་དམ་པ་ན། སྡུག་བསྔལ་ཆུ་བོ་བཞི་ལ་གཟིགས་པ་དང་། འཁོར་བའི་གནས་ན་ཁྱིམ་སྤངས་རབ་བྱུང་ཕྱིར། དཀའ་བ་རྣམ་སྤྱད་དག་པ་མཐར་ཕྱུངས་ནས། འཁོར་དང་བདག་ཉིད་རབ་དུ་བྱུང་བ་འོ། བཅུ་བ་རྣམ་པར་དབེན་པའི་མཚད་པ་ལ། གཡེང་བའི་ཚོགས་སྤངས་གཅིག་པུར་དགོན་པར་གཤེགས། དམ་པའི་འཁོར་ལ་སྡེ་རིགས་གཉིས་སུ་ཕྱེས། དབང་པོ་རབ་ལ་ཚེ་གཅིག་སངས་རྒྱས་ཐབས། ཐིག་ལེ་ཉག་གཅིག་དོན་དམ་དབྱིངས་སུ་བསྟན། སྐྱེ་བ་གཅིག་ལ་བླ་མེད་བསྒྲུབ་པ་བསྟན། དབང་བོ་ཐ་མར་རིག་པའི་ཡེ་ཤེས་བསྐྱེད། དོན་ལ་མི་འགལ་འབྲས་བུ་རིམ་པར་བསྟན། དབེན་པའི་གནས་སུ་ནགས་ཚལ་དགོན་པ་བརྩེགས། མཚོ་གླིང་ནགས་ཚལ་དུར་ཁྲོད་ལུང་ཕུག་དུ། རི་དྭགས་རྨས་མ་བཞིན་དུ་ཉམས་སུ་བླངས། གཅིག་པུར་མ་གཡེང་དོན་དམ་རྙེད་པར་བསྟན། བཅུ་གཅིག་རྣམ་པར་གྲོལ་བའི་མཛད་པ་ལ། བདག་དང་གཞན་མེད་འཁོར་དང་གང་ཟག་རྣམས། ལྟ་བ་ཡང་ཕུབ་སྤྱོད་པ་མས་འཛེགས་ཤིང་། སྙིང་རྗེས་གཞི་བླང་ཕར་ཕྱིན་བཅུ་ལ་སྤྱོད། ཐེག་པ་གོང་སྤར་འཇུག་པའི་རིམ་པ་བསྟན། བླ་མེད་ཐེག་ཆེན་དོན་ལ་བསྒོམས་པ་ཡིས། བོན་ཉིད་དོན་རྟོགས་སྐད་ཅིག་དབྱིངས་སུ་གྲོལ། ཕྱི་སྣོན་ནང་བཅུད་འཁོར་འདས་དབྱེར་མེད་ཅིང་། སྤངས་མ་མཐར་ཕྱིན་བླངས་པ་གྲུབ་མཐར་ཕྱིན། བཅུ་གཉིས་རྣམ་པར་གྲུབ་པའི་མཛད་པ་ལ། བོན་ཉིད་ངང་ལ་སྐྱེ་འཆི་མི་མངའ་ཞིང་། སེམས་ཉིད་ཡི་ཤེས་འཆི་མེད་བདུད་དང་བྲལ། མི་རྟག་རྟག་ཏུ་རེ་བའི་སེམས་ཅན་རྣམས། ལན་གཅིག་རྟག་ཏུ་རེ་བའི་སུན་འབྱིང་ཕྱིར། འཁོར་བའི་གནས་ནས་མྱ་ངན་འདས་ཚུལ་བསྟན། ཞེས་སོ། །

གསུང་རྩོམ་གྱི་སྐོར།Edit

མྱ་ངན་ལས་འདས་ཚུལ།Edit

དེ་ཡང་གཤེན་ལོ་བརྒྱད་ཅུ་གྱ་གཉིས་བཞུགས་ཏེ་མྱ་ངན་འདས། མཛད་ཆེན་དེ་རྣམས་ཀྱི་ཁོངས་སུ་བོན་འཁོར་རིམ་པ་གསུམ་བསྐོར་བའི་ཤིང་རྟའི་སྲོལ་འབྱེད་དུ་ལུང་བསྟན་པའི་གདུང་འཚོབ་མུ་ཆོ་ལྡེམ་དྲུག་གིས་མདོ་སྡེ་འབུམ་སྡེ་རྒྱུད་སྡེ་མཛོད་སྡེ་དང་བཞིར་ཕྱེས་ནས། དེ་དག་སོ་སོ་ལ་དོན་གྱི་དགོངས་འགྲེལ་བཀའ་བརྟེན་བརྩམས་ཤིང་སློབ་ཚོགས་བསྐྱངས་པའི་འཛམ་གླིང་མཁས་པའི་རྒྱན་དྲུག་བྱུང་སྟེ། དམུ་ཙ་ཏྲ་ཧེ། ཁྲི་ཐོག་སྤར་ཙ། འགུ་ཧུ་འགུ་ཧུ་ལི་སྤར་ཡ། འདི་གསུམ་སྟག་གཟིག་པའོ། རྒྱ་གར་མཁས་པ་ལྷག་པ་ལྷག་བདག་སྔགས་གྲོལ། རྒྱ་ནག་ལ་མཁས་པ་ལེགས་བཏང་རྨང་པོ། ཕྲོམ་ལ་མཁས་པ་གསེར་ཐོག་ལྕེ་འབྱམས། དང་དྲུག་བྱུང་ནས་རང་རང་གི་ཡུལ་དུ་བསྟན་པ་སྤེལ་བ་ཡིན་ནོ། བོད་གངས་ཅན་གྱི་ཞིང་འདིར་གཡུང་དྲུང་བོན་གྱི་བསྟན་པ་དར་ཚུལ་ནི། དང་པོ་སྟོན་པ་གཤེར་རབ་ཞལ་བཞུགས་པའི་དུས་སུ། བདུད་ཁྱབ་པས་ཆོ་འཕྲུལ་སྣ་ཚོགས་བསྟན་པའི་ནང་ཚན་ཞིག་ལ། གཤེན་གྱི་ཆིབས་པ་བདུན་འོལ་མོ་ལུང་རིང་ནས་བདུད་ཕྲུག་གཤོར་བ་སྐྱ་བདུན་གྱིས་བརྐུས་ཏེ་ཀོང་ཡུལ་དུ་དེད། གཤེན་རབ་ཉིད་རྟ་ལ་ཆགས་ཆེ་བ་མ་ཡིན་ཀྱང་། བོད་ཡུལ་གྱི་འགྲོ་བ་འདུལ་བའི་སྐབས་ལ་བབ་པ་སོགས་དགོས་པའི་སྒོ་དུ་མ་ལ་གཟིགས་ཏེ། སྟག་གཟིག་འོལ་མོ་ལུང་རིང་ནས་གངས་ཏི་སིའི་མདུན་དང་ཆུ་བོ་རྟ་མཚོག་ཁ་འབབ་ཀྱི་རྒྱུད་ནས་ཀོང་ཡུལ་དུ་འཆག་ཕེབས་སོ། དེའི་དུས་སུ་འགྲོ་བ་རྣམས་དྲངས་ཀྱང་ཕྱི་རབས་ཀྱི་དད་རྟེན་དུ་ཐུགས་ལས་བོན་རི་སྤྲུལ་ཞིང་སྐུ་གསུང་ཐུགས་རྟེན་རྗེས་བཞག་མཛད། དེ་དུས་བོད་ལ་ཤིང་རྩི་སོགས་ཀྱིས་ལྷ་གསོལ་བ་དང་། རྒྱུ་བོན་འགའ་ཞིག་ཙམ་ལས་དྲང་ངེས་ཀྱི་བོན་གསུངས་པའི་སྐབས་ལ་མ་བབས་པ་གཟིགས་ནས་དྲང་ངེས་ཀྱི་བོན་སྡེ་རྣམས་དར་བའི་སྨོན་ལམ་མ་མཛད་ནས་སླར་རྟག་གཟིགས་སུ་གཤེགས་སོ། །

མཛད་རྗེས།Edit

དེའི་རྗེས་སུ་རྫོགས་པའི་སངས་རྒྱས་ཀྱི་སྨོན་ལམ་གྱི་མཐུ་ལ་བརྟེན་ནས་ཞང་ཞུང་སྒོ་ཕུགས་བར་གསུམ་གྱིས་གནས་སུ་གཡུང་དྲུང་གི་བོན་དར་ཞིང་རྒྱས། དུས་དེང་སང་ཡང་མངའ་རིས་གྱི་གནས་སུ་ཡང་མཉམས་པར་ཡོད། དེ་ནས་རྟག་གཟིག་དང་ཞང་ཞུང་སོགས་ཀྱི་མཁས་པ་ཆེན་པོ་ཞང་ཞུང་སྟོང་རྒྱང་མཐུ་ཆེན་སེ་ཤ་རི་དབུ་ཆེན། མེ་ཉག་ལྕེ་ཚ་རྨ་ཆུང་། དང་བཞི་ཡིས་གཡུང་དྲུང་གི་བོན་བསམ་གྱིས་མི་ཁྱབ་པ་ཞིག་ཞང་ཞུང་སྨར་གྱི་སྐད་ལས་སྤུ་རྒྱལ་བོད་ཀྱི་སྐད་དུ་བསྒྱུར་ཏེ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བོན་གྱི་འཁོར་ལོ་བསྐོར་རོ། །

འབྲེལ་ཡོད་སྦྲེལ་མཐུད།Edit

སྟོན་པ་གཤེན་རབ་ཀྱི་མཛད་རྣམ་སྐོར།