བླ་མ་ནི་དེང་གི་སྐད་དོད་ལྟར་བཤད་ན། སློབ་དཔོན་ནམ་ཡོངས་འཛིན། ཡང་ན། དགེ་རྒན་ཞེས་པའི་དོན་ཡིན། མ་གཞི་བླ་ནི་སྟེང་གི་དོན་དང་མ་ནི་བདག་སྒྲ་ཡིན་པས། སྟེང་གི་མི་སྟེ་ཡོན་ཏན་གྱི་ཆ་ནས་གོང་དུ་ཡོད་པར་གོ ཡིན་ནའང་། དུས་ཀྱི་འགྱུར་འགྲོས་ཁྲོད་ནས་མང་ཚོགས་ཁྲོད་སྤྲུལ་སྐུ་ཡོད་ཚད་བླ་མ་ཡིན་པའི་གོ་ནོར་ཐེབས་ཡོད་པས། དེང་སྐབས་བོད་མིའི་ཁྲོད་དུ་བླ་མ་ཞེས་འབོད་སྐབས་སྤྲུལ་སྐུ་ཞིག་ཡིན་ངེས་བྱེད་ཀྱིན་འདུག

སྤྲུལ་སྐུའི་ལམ་ལུགས་ནི་བོད་བརྒྱུད་ནང་བསྟན་གྱི་ཁྱབ་ཁོངས་སུ་མ་གཏོགས་འཛམ་གླིང་གི་ཡུལ་གྲུ་གང་དུའང་མཐོང་རྒྱུ་མེད་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཁྱད་པར་བ་ཞིག་རེད། ང་ཚོས་བོད་ཀྱི་སྤྱི་ཚོགས་དང་རིག་གནས་ལ་རྒྱུས་ལོན་བྱེད་དགོས་ན་སྣང་ཚུལ་འདི་ལའང་ངེས་པར་དུ་རྒྱུས་ལོན་ལེགས་པོ་ཞིག་བྱ་དགོས།

༡ སྤྲུལ་སྐུའི་གོ་དོན།

   སྤྲུལ་སྐུ་ཞེས་པ་ནི་སངས་རྒྱས་རྣམས་རང་ཉིད་སངས་རྒྱས་ཟིན་པའི་རྗེས་སུ་སེམས་ཅན་གྱི་དོན་དུ་གང་འཚམས་པའི་སྤྲུལ་བ་སྣ་ཚོགས་བསྟན་ཏེ་འགྲོ་བའི་དོན་མཛད་པའི་བདག་ཉིད་ཅན་ཞིག་ལ་ཟེར།

༢ སྤྲུལ་སྐུའི་རིགས་དབྱེ།

   སྤྲུལ་སྐུ་ལ་དབྱེ་ན་མཆོག་གི་སྤྲུལ་སྐུ་དང་།  བཟོ་བ་སྤྲུལ་སྐུ།  སྐྱེ་བ་སྤྲུལ་སྐུ་བཅས་གསུམ་ཡོད།

༣ ཡང་སྤྲུལ་བྱུང་བའི་ལོ་རྒྱུས་རྒྱབ་ལྗོངས།

   བོད་ཀྱི་ཡང་སྤྲུལ་ངོས་འཛིན་ལམ་ལུགས་ནི་བོད་ཀྱི་སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་སྣང་ཚུལ་ཁྱད་པར་བ་ཞིག་སྟེ།  སྤུ་རྒྱལ་བཙན་པོ་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་བོད་ལ་སངས་རྒྱས་ཆོས་ལུགས་དར་བའི་མྱུ་གུ་འབུས་པ་ནས་བཟུང་།  བཙན་པོ་རྣམས་ཀྱི་ཆབ་སྲིད་དེ་སངས་རྒྱས་ཆོས་ལུགས་ཀྱིས་བསྐྱངས་བར་བརྟེན།  རྗེས་སུ་བཙན་པོ་རྣམས་མི་ལས་བརྒལ་བའི་ལྷ་རུ་སྒྲུབ་སྟེ་ལྷ་ཐོ་ཐོ་རི་གཉན་བཙན་འཕགས་པ་ཀུན་ཏུ་བཟང་པོའི་སྤྲུལ་བ་དང་།  སྲོང་བཙན་སྒམ་པོ་སྤྱན་རས་གཟིགས་ཀྱི་སྤྲུལ་བ།   ཁྲི་གཙུགས་ལྡེ་བཙན་ཕྱག་ན་རྡོ་རྗེའི་སྤྲུལ་བ་ཡིན་པ་སོགས་ཀྱི་ཆེ་བ་བརྗོད་པའི་སྲོལ་ཞིག་བྱུང་བ་རེད།
   བོད་སིལ་བུར་ཐོར་བའི་དུས་སྐབས་སུ་ཆབ་སྲིད་དང་ཆོས་ལུགས་ཐད་གཅིག་གྱུར་གྱི་དབང་འཛིན་མ་བྱུང་བས་སྔ་རྗེས་སུ་བཀའ་གདམས་པ་དང་།   ས་སྐྱ་པ།   བཀའ་བརྒྱུད་པ་སོགས་ཆོས་ལུགས་གྲུབ་མཐའ་སྣ་ཚོགས་ཤིག་གང་བྱུང་དུ་དར་བ་རེད།   གྲུབ་མཐའ་དེ་དག་བར་རང་རང་གི་འཚོ་བའི་རྟེན་གཞིར་གྱུར་བའི་མཆོད་གཞིས་དང་མངའ་ཁོངས་འཕྲོག་རྩོད་བྱེད་པའི་འཐབ་རྩོད་རྒྱུན་མ་ཆད་པར་བྱུང་བར་བརྟེན།   ཁོ་ཚོས་རང་རང་གི་གྲུབ་མཐའི་སྟོབས་ཤུགས་ཇེ་ཆེར་གཏོང་བ་དང་ཆབ་སྲིད་ཀྱི་དབང་ཆ་བརྩོན་ལེན་བྱེད་ཆེད།   སྤྱི་ཚོགས་སྟེང་དབང་འདུལ་དང་སྙན་གྲགས་ཆེ་བའི་ཆོས་ལུགས་མི་སྣ་བེད་སྤྱོད་དགོས་པ་བྱུང་།   དེའི་མཐའ་འབྲས་སུ་བླ་མ་གདུང་རྒྱུད་ཀྱིས་འཛིན་པ་དང་སྐྱེ་བས་འཛིན་པའི་ལམ་ལུགས་གཉིས་བྱུང་བ་རེད།   སྔ་མ་ནི་ས་སྐྱ་པའི་བདག་ཆེན་རིམ་བྱོན་ལྟར་ཆོས་སྲིད་གཉིས་ཀྱི་ཡོན་ཏན་དང་འཕྲིན་ལས་ཐམས་ཅད་ཕ་ཤུལ་བུ་འཇགས་ལྟར་མཚམས་མ་ཆད་པར་རྒྱུན་སྐྱོང་བའི་ལུགས་དང་།   ཕྱི་མ་ནི་བཀའ་བརྒྱུད་པ་དང་དགེ་ལུགས་པའི་ཡང་སྤྲུལ་ལམ་ལུགས་ལྟར་སྐྱེ་བས་འཛིན་པའི་ཡང་སྲིད་ངོས་འཛིན་གྱི་ལུགས་ལྟ་བུའོ།  །

༤ བོད་ཀྱི་ཆེས་སྔ་བའི་སྤྲུལ་སྐུ།

   བོད་དུ་ཡང་སྤྲུལ་འཚོལ་བའི་སྲོག་ཐོག་མ་འབྱེད་མཁན་ནི་བཀའ་བརྒྱུད་པའི་གྲུབ་མཐའ་སྟེ།   ༡༡༢༡ལོར་རྗེ་བཙུན་མི་ལ་རས་པའི་སློབ་མ་མཉམ་མེད་དྭགས་པོ་ལྷ་རྗེས་ལྷ་སྒམ་པོའི་དགོན་པ་བཏབ་སྟེ་གཞི་བཟུང་བར་བརྟེན།   དྭགས་པོ་བཀའ་བརྒྱུད་པའི་གྲུབ་མཐའི་སྲོལ་བྱུང་།   དེ་ནས་༡༡༨༩ལོར་དྭགས་པོ་ལྷ་རྗེའི་སློབ་མ་ཀརྨ་དུས་གསུམ་མཁྱེན་པས་སྟོད་ལུང་དུ་མཚུར་ཕུ་དགོན་པ་བཏབ་སྟེ་གཞི་ཚུགས་པ་ནས།   བཀའ་བརྒྱུད་པའི་གྲུབ་མཐའི་བྱེ་བྲག་ཀརྨ་བཀའ་བརྒྱུད་པ་བྱུང་བ་རེད།
   ཀརྨ་དུས་གསུམ་མཁྱེན་པ་སྐུ་གཤེགས་ནས་ལོ་བཅུ་གཅིག་འགོར་རྗེས་ཀརྨ་སྐུ་ཕྲེང་གཉིས་པར་གྲགས་པ་ཀརྨ་པཀྵིའམ་ཆོས་ཀྱི་སློབ་དཔོན་འཁྲུངས་ཤིང་།  དེས་ཆོས་རྗེ་སྤོམ་བྲག་པ་དང་སྤྱན་སྔ་མང་ཕུ་བ་སོགས་བླ་མར་བསྟེན་ཏེ་བཀའ་བརྒྱུད་པའི་གདམས་པ་ཡོད་ཚད་ཐུགས་སུ་བཞེས་སྟབས།   བཀའ་བརྒྱུད་པའི་གྲུབ་མཐའི་སྲོག་ཤིང་ལྟ་བུར་གྱུར་པ་རེད། 
  དེའི་རྗེས་སུ་བོད་ལ་མཚོན་ན།   གྲུབ་མཐའ་ཁག་གི་བར་དབང་རིས་རྩོད་པའི་འགལ་བ་ཧ་ཅང་ཛ་དྲག་ཡིན་པར་བརྟེན།  བཀའ་བརྒྱུད་པའི་གྲུབ་མཐས་ཀརྨ་པཀྵིའི་ཞྭ་ནག་གསེར་ཏོག་ཅན་དང་གུ་ཤྲིའི་གསེར་ཐམ་གྱི་དབང་ཆ་རྒྱུད་འཛིན་བྱེད་ཆེད།   ལ་སྟོད་མང་ཡུལ་གུང་ཐང་འོ་མ་ལུང་དུ་འཁྲུངས་པའི་ཀརྨ་རང་བྱུང་རྡོ་རྗེ་བྱ་བ་ཀརྨ་པཀྵིའི་ཡང་སྤྲུལ་དུ་ཐུགས་ཐག་བཅད་ཐོག    ཀརྨ་བཀའ་བརྒྱུད་པའི་གྲུབ་མཐའི་སྲོལ་འབྱེད་པ་པོ་ཀརྨ་དུས་གསུམ་མཁྱེན་པ་ཀརྨ་སྐུ་ཕྲེང་དང་པོར་ངོས་འཛིན་བྱས་ཤིང་།   དེ་ནས་བཟུང་བོད་ལ་ཡང་སྤྲུལ་ངོས་འཛིན་གྱི་སྲོལ་དངོས་སུ་དར་བ་རེད།
   མཆན།   འདིར་སྤྲུལ་སྐུའི་ལམ་ལུགས་སྐོར་གླེང་བ་ནི་༼བོད་སྤྱི་བཤད་༽ལས་བཤུས་པ་ཡིན།