ཀ་གཞུང་གི་ས་མིང་ལོ་རྒྱུས


ཀ་གཞུང་གི་ས་མིང་ལོ་རྒྱུས།

༡༠༡༤ ༨ ༡༠







མདོ་སྟོད་ནང་ཆེན་ཀ་གཞུང་གི་ས་མིང་ལོ་རྒྱུས་དང་། ཁོར་ཡུག་སྲུང་སྐྱོབས།

གཅིག ཀ་གཞུང་ཡུལ་གྱི་ཆགས་རབས།

ཐོག་མར་ལོ་ངོ་ཐེར་འབུམ་བཞི་དང་དུང་ཕྱུར་དྲུག་གི་ཡར་སྔོན་ནས་ས་སྒང་ འདི་ཐོག་མར་ཆགས་པ་དང་། རིམས་བཞིན་གདོད་མའི་མཚོ་བྲི་ཤིང་། རང་བྱུང་ ཁམས་ཀྱི་རི་ཆུའི་བཀོད་པ་བྱུང་བ་ནས་བཅུད་ཀྱི་སེམས་ཅན་གདོད་མའི་སྤྲ་སྤྲེའུ་སོགས་འཚོ་ཤིང་གནས་པ་སྟེ་དེའི་དུས་སུ་ཀ་གཞུང་གི་ས་ཆ་འདིའང་རང་བྱུང་ ཁམས་ཀྱི་ཡུལ་གྲུའི་ཆ་ཤས་ཤིག་ཡིན་ལ། དེ་རྗེས་གདོད་མའི་སྤྲ་སྤྲེའུ་ཤེས་རིག་ དར་བའི་གོ་རིམ་ཁྲོད་ནས་ནར་སོན་ཤིང་། རང་བྱུང་ཁམས་འདུལ་སྦྱོང་སྣ་ ཚོགས་ལ་རྟེན་ནས་རྐང་གཉིས་འགྲོ་བ་མི་རུ་གྱུར་པ་ནས་ལོ་ངོ་ས་ཡ་དུ་མའི་རྗེས་སུ་བོད་བཙན་པོའི་སྐབས་ཡུལ་ཁམས་འདི་དག་ནི་བོད་རང་གི་ཐུན་མིན་ཡན་ ལག་གམ། ཆ་ཤས་ཏེ་མདོ་སྟོད་དུ་གྲགས་པའི་ནང་ཚན་ཡིན། དེ་རྗེས་བོད་སིལ་བུའི་དུས་སྐབས་སུ་ས་སྐྱ་ཆོས་རྒྱལ་འཕགས་པས་བོད་ཁམས་ ཡོངས་ལ་དབང་སྒྱུར་སྐབས་བོད་ཡུལ་སྟོད་སྨད་བར་གསུམ་ལས་མདོ་སྟོད་མི་ཡི་ ཆོལ་ཁར་གྲགས་པའི་བྱེ་བྲག་གི་ས་ཁུལ་ཞིག་ཡིན་ལ། སྤྱི་ལོ་༡༣༠༠ལོར་ཁམས་ ཀྱི་རྒྱལ་ཕྲན་ནང་ཆེན་རྒྱལ་པོ་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱོགས་འདིར་མངའ་དབང་སྒྱུར་བའི་དུས་སུ་རས་ཚང་སྒོམ་སྡེ་སམ། ནང་ཆེན་རྒྱལ་ཁམས་ཞེས་གྲགས་ པའི་ཡུལ་ཁམས་དེའི་གྲས་སུ་གཏོགས་ཤིང་། རྒྱལ་པོ་རྡོ་རྗེ་ཚེ་དབང་གི་སྐུ་དུས་སུ་ ནང་སྡེ་ཤོག་ཆེན་བཅོ་བརྒྱད་དང་ཕྱི་སྡེ་དེམ་ཆུ་ཉེར་ལྔ་ཞེས་པ་གྲངས་འདྲེན་དུ་ ཡོད་པའི་ནང་ཆེན་ཀྱི་མངའ་ཁོངས་སྟེ། ནང་སྡེ་ཤོག་ཆེན་བཅོ་བརྒྱད་ཀྱི་ནང་ ཕྱེས་ཤིག་ཡིན། བྱེ་བྲག་ཏུ་བཤད་ན་སྔོན་མ་གླིང་བྱང་ཆུབ་འདྲེ་བཀོལ་དང་། ཏཱ་ སི་བྱང་ཆུབ་རྒྱལ་མཚན་སོགས་ཕག་གྲུའི་གདུང་བརྒྱུད་ཀྱང་འདི་ནས་ཆད་པར་ གྲགས་ལ། སྤྱན་སྔ་གྲགས་པ་འབྱུང་གནས་སོགས་སྐུ་འཁྲུངས་པའི་ཕ་གཞིས་ དང་། ཉེ་རབས་སུ་བྱོན་པའི་མཁས་པའི་དབང་པོ་ཁྱུང་སྤྲུལ་པད་མ་ཕྲིན་ལས་རྒྱ་ མཚོ་སོགས་དམ་པའི་སྐྱེས་ཆེན་དུ་མ་སྐྱེས་པའི་གནས་གཞི་ཡིན་ལ། ལྷག་པར་དུ་ནང་ཆེན་གྱད་བློན་རྒྱལ་ཚབ་འབྲོང་པའི་བེ་ཧུ་ཁྲི་རྒྱལ་གྱིས་ཐད་སྐྱོང་འབངས་སྡེ་སུམ་བརྒྱ་ལྷག་གནས་སྡོད་བྱེད་པའི་ཡུལ་ཁམས་ཤིག་ཡིན་ནོ།། དེ་ཡང་འབྲོང་བློན་བེ་ཧུ་ཆེན་པོའི་ཐད་སྐྱོངས་བྱང་རོང་འབངས་སྡེ་སྟོང་ཕྱེད་ལྔ་ བརྒྱའི་ནང་ཚན། རོང་སྡེ་ཤོག་ཆེན་གཞུང་དྲུག་སྟེ་ཀ་གཞུང་སྡེ་བ། གནམ་ གཞུང་སྡེ་བ། ལྗིག་གཞུང་སྡེ་བ། རྨེ་གཞུང་སྡེ་བ། ནང་ཕྱེས་རྨེ་གཡས་ སྡེ་བ་དང་རྨེ་གཡོན་སྡེ་བ། སྦས་གཞུང་སྡེ་བ་སྟེ་ཤོག་ཆེན་དྲུག་ཅེས་གྲགས་པའི་ ཡུལ་གྲུ་དེའི་ས་ཡི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༡༠༠༠ལྷག་ཡོད་པ་ལ། རྫོང་ཐོག་ནས་ལམ་ཐག་སྤྱི་ལེ་༡༦༠ལྷག་གིས་ཆོས་པའི་སར་ཡོད་དེ་རྫོང་ཐོག་ནས་ ཆེས་ཐག་རིང་བའི་ཡུལ་ཤོག་ཅིག་ཡིན། མཚོ་ངོས་ནས་མཐོ་ཚད་སྨིས་༤༣༢༠ ཡས་མས་དང་། སྔོན་མ་ས་གནས་དེ་གར་རང་བྱུང་ཚོ་བ་གཅིག་བརྒྱ་བཅུ་མེད་ གཅིག མངའ་འབངས་ཁྱིམ་དུད་༣༠༠དང་མི་གྲངས་༨༠༠ཡར་ལྷག་གནས་བསྡོད་ བྱས་ཡོད། གསར་རྗེ་བཅོས་བསྒྱུར་རྗེས་ཡུལ་ཤོག་དང་རྫོང་ཁག་སོ་སོར་ཕྱེས་ཏེ་གཏན་ལ་ ཕབས་པ་སྟེ་དེའི་དུས་སུ་གོང་རིམས་གྱིས་ཀ་གཞུང་གི་ས་མིང་ལ་བརྟག་དཔྱད་ བྱེད་པར་སླེབས་ཤིང་། འདྲི་རྩད་བྱས་པར་བརྟེན་གུང་པ་དགེ་གྲགས་ཀྱིས་ཀ་ གཞུང་ཞེས་པའི་ས་མིང་ནི་ཀ་སྟོད་ཀྱི་བྲག་ལ་ཀ་ཡི་རང་བྱོན་ཡོད་པས་དེ་ལྟར་དུ་གྲགས་པ་སོགས་གསལ་བཤད་བྱས་པར་བརྟེན་དེ་ཉིད་རྒྱུ་མཚན་དུ་བྱས་ནས་རུ་ ཆེན་བཞིའི་གྲུབ་པའི་ཡུལ་ཤོག་དེ་ལ་ཀ་གཞུང་ཤོག་ཀ་ཞེས་བཏགས་པ་རེད། དེང་སང་ཡོངས་གྲགས་ཀ་གཞུང་ཞེས་གྲགས་པ་ནི་ཚྭ་ཐང་དང་། ཕྱེས་ཆེན། རྨེ་སྟོད། རྨེ་སྨད་སྟེ་རུ་ཆེན་བཞིའི་གྲུབ་པ་ཞིག་ཡིན་ལ། འབངས་དུད་ ༩༣༥དང་། མི་གྲངས་༤༧༡༨ བཅས་ཡོད་ལ། དེའི་སྲིད་འཛིན་གྱི་ལྟེ་གནས་ ནི་ཀ་གཞུང་ཤོག་ཀ་ཡིན། གཉིས། ཡུལ་མིང་གི་བྱུང་བ། ༡ ཀ་གཞུང་ངམ་ཀ་ཐ་ཞེས་པའི་ཡུལ་མིང་གི་གོ་དོན་ནི། གནས་མཆོག་ རྟ་རྣའི་ཕྱོགས་མཚམས་སུ་གསལ་བྱེད་སུམ་བཅུའི་རང་བྱོན་ཡོད་པ་ལས། གསལ་ བྱེད་དང་པོ་ཀ་ཡི་རང་བྱོན་ཀ་གཞུང་གི་བྲེ་གུ་ལ་གསལ་པོར་ཡོད་པས་ཡུལ་ལ་ཀ་གཞུང་དང་། འབངས་ལ་ཀ་ཐ། ཞེས་གནའ་ནས་ད་ལྟའི་བར་དུ་གྲགས་ པའི་ཡུལ་མིང་ཞིག་ཡིན། ཡུལ་ལུང་དེ་ཡི་སྟོད་ལ་ཀ་སྟོད་དང་། མཐིལ་ལ་ ཀ་གཞུང་། སྨད་ལ་ཀ་སྨད་ད་ལྟ་ཀ་སྨད་ནི་སྡོམ་པའི་མངའ་ཁུངས་ཡིན།ཅེས་ཡུལ་མིང་ས་ལ་ ཆགས་པས་དེ་ལྟར་འབོད། ཐ་ཞེས་པ་ནི་མཐའ་སྐོར་རམ་ཡུལ་འབངས་ཀྱི་དོན་ ཚོན་གྱི་ཡོད་པ་སྟེ། དཔེར་ན་ཡུལ་གྲུ་ལ་ཐ་གྲུ་དང་འབངས་ལ་ཀ་ ཐ་དང་། ལྗིག་ཐ། གནམ་ཐ། རྨེ་ཐ། སྦས་ཐ་ཞེས་གྲགས་པ་ལྟ་བུའོ།། དེང་སང་ཀ་གཞུང་ཞེས་པའི་གོ་དོན་ནི་ཀ་གཞུང་ཡུལ་ཤོག་གི་ཁུངས་གཏོགས་རུ་ཆེན་བཞི་སྟེ་རྨེ་སྟོད། རྨེ་སྨད། ཚྭ་ཐང་། ཕྱེས་ཆེན་ཡོངས་ལ་གོ་དགོས།

༢ གནམ་གཞུང་ནི། གནམ་གཞུང་ངམ་གནམ་ཐ་ཞེས་པའི་མིང་གི་མཚོན་དོན་ནི། འདོད་རྒྱལ་གྱི་མིང་ལ་གནམ་གཞུང་དུ་གྲགས་པ་ལས། འབངས་ལ་གནམ་ཐ། རྒྱལ་རི་ལ་ གནམ་རྒྱལ། ཆུ་ལ་གནམ་ཆུ་ཞེས་འབོད་སྲོལ་ཆགས། ༣ལྗིག་གཞུང་ཡུལ་གྱི་མིང་གི་གོ་དོན། དེ་ཡང་ལྗིག་གཞུང་ཞེས་པའི་ཡུལ་མིང་གི་ གོ་དོན་ནི། འགག་ཤིན་ཏུ་དོགས་པའི་དཔེ་ཡིན་པས་དཔེར་ན་ལྗིག་ཀྱི་གནའ་རྭ་ འགག་ཞེས་པ་ནི་གནའ་བའི་རྭ་ཡང་ཐར་དཀའ་བའི་འགགས་ཤིག་ཡིན་པར་ བཤད་པ་ལྟར་ས་དེར་ལྗིག་གཞུང་དུ་གྲགས་པ་དང་། རྒྱལ་རི་ལ་ལྗིག་རྒྱལ། ཆུ་ལ་ ལྗིག་ཆུ། སྡེ་ལ་ལྗིག་ཐ་དེང་སང་ལྗིགས་སྨད་ཕལ་ཆེ་བ་སྡོམ་པའི་མངའ་ཁུངས་ཡིན། ཞེས་གྲགས་སོ།།

༤ སེང་གཞུང་ཞེས་ཟེར་བའི་རྒྱུ་མཚན་ནི། 

ཡུལ་དེའི་ཆགས་དབྱིབས་ལ་ཕྱི་དབྱིབས་མེ་ཏོག་པདྨ་ཁ་ཕྱེས་བ་དང་འདྲ་ཞིང་། ནང་དབྱིབས་ཟེའུ་འབྲུའི་གེ་སར་དགོད་པ་ལྟ་བུ་ཞིག་ཡོད་ཅིང་། དེའི་ཟེའུ་འབྲུ་ ལྟ་བུ་ནི་མོ་བགད་གླིང་གི་རི་རྒྱུད་འདིའི་དབྱིབས་ལ་གངས་སེང་དཀར་མོ་ཐུར་དུ་ ཉལ་ཅིང་མགོ་བོ་གྱེན་དུ་བཏེགས་སྡེར་མོ་མདུན་དུ་བརྐྱངས་པ་ལྟ་བུའི་ས་དབྱིབས་ ཡོད་པའི་རྒྱུ་མཚན་གྱིས་སེང་གཞུང་ཞེས་ཡོངས་སུ་གྲགས་སོ་ཟེར། ཡང་རྨེ་གཞུང་ཞེས་ཐོག་པའི་རྒྱུ་མཚན་ནི། ཡུལ་མི་ནང་དམེ་བྱས་པས་མེ་གཞུང་དུ་གྲགས་ཅེས་ཁ་གཅིག་གིས་འདོད། ཡང་ ཡུལ་གཞན་གང་གིས་ཀྱང་མི་མཚོན་པའི་མེ་ཏོག་སྣ་ཚོགས་སྐྱེ་བས་མེ་གཞུང་ཞེས་གྲགས་པ་དེ་ཉིད་ཟུར་ཆག་ཅེེས་པའི་བཤད་སྲོད་ཡང་མཆིས། འོན་ཀྱང་ཡུལ་མི་ ནང་དམེ་བྱས་པ་མ་ཡིན་པར། དེང་སང་རྨེ་ལྷས་ཞེས་གྲགས་པའི་ས་དེར་ཡོན་ དགེ་མི་འགྱུར་རྡོ་རྗེས་གསོན་འདྲེ་མ་ཞིག་བསྒྲལ་ཏེ་དམ་ལ་བཏགས་པས། དམེ་བྱས་པའི་གཏམ་ངན་གྱིས་ཁྱབ་སྟེ་དམེ་གཞུང་དུ་གྲགས་སོ་ཞེས་ཡིག་ཆ་ འགའ་རེར་ཡོད་འདུག་མོད། སྔོན་མའི་ཡིག་ཆ་ཕལ་ཆེ་བར་རྨེ་གཞུང་ཞེས་བྲིས་འདུག་ལ། ས་དེར་རྨེ་གཞུང་ དང་རྒྱལ་རི་ལ་ཡང་རྨེ་རྒྱལ་དུ་གྲགས་པར་མ་ཟད། ཡུལ་སྡེ་དེར་རྨེ་ཐ་ཞེས་གྲགས་ སོ།། ༥ སྦས་ཐ་ཞེས་པའི་ས་མིང་གི་གོ་དོན་ནི། སྦས་ཡུལ་གྱི་ཆགས་དབྱིབས་ཡོད་པས་ན་ཡུལ་ལ་སྦས་ཡུལ་དང་འབངས་ལ་སྦས་ཐ་ཞེས་དོན་མཚུངས་ཀྱི་ཐ་སྙད་ཐོག་པ་ཡིན། གསུམ། གྲགས་ཅན་རི་ཆུའི་སྐོར། ༡ ཀ་གཞུང་གི་རི་ཆུ་གྲགས་ཅན། སྡོམ་རྒྱལ་ནོར་བུ་ཁྲ་ཡག རྫོང་ རྒྱལ། ཀ་རྒྱལ་མར་སྒམ། ན་བཀྲ་ཉི་མ་རང་ཤར། ལྗང་ལྗང་ཕུའི་དབུས་ རི་ཁམས་པ། རི་རྩེ་དེར་མཚོ་ཡོད། ཡང་རི་དབུ་དཀར། རྩེ་མོར་གངས་ ཏི་ཆགས་ཡོད། ནོར་ལྷ་དབུ་དཀར། སྒོམ་པ་ནང་། མགར་ནག བྲག་ བོན་པོ་དགུ་སྒྲིལ། ཁེ་ཚེ་སྒེར། ཆོས་འོག་བླ་སྨྱོན་གྱིས་མཆོད་རྟེན་ཞིག་གཏེར་ ནས་བཞེས་པར་གྲགས། རྐྱང་ཐོ་ཁ། རྐྱང་གི་རང་བྱོན་ཡོད་པས་དེ་ལྟར་གྲགས། སྤོས་གསེབ་ནགས་ཀློང་། ག་ཆེན་དམར་འབེལ་མ། རྫ་ནག་རལ་པའམ་ཟང་ རི་འབར་བ་རྩེ་དགུ ༢ གནམ་གཞུང་གི་རི་ཆུ་གྲགས་ཅན།གནམ་ཕུའི་རལ་པ་སྐྱ་བདུན། གནམ་གྱི་སྔོན་མོ་གཡུ་མདུང་། སྟོང་རྫོང་ཨ་བུ་རྒན་མོ། གནམ་གྱི་རྒྱལ་བ་ཐོད་ དཀར། གཉེན་ཆེན་ཐང་ལྷའི་སྐུ་མཆེད་ཡིན་པར་བཤད། གནམ་གྱི་ཤུགས་སྡོང་ གླང་སྒྲོན། གུ་རུའི་སྒྲུབ་གནས། གནམ་གྱི་ཆུ་ཚན་གླང་སྣ། རྐང་གི་ ཁྱུང་མཆུ་སྟག་རྩེ། རྐང་གི་ཕ་ཝྃ་སྟག་གཡག སྟོང་རྫོང་ཕུག་པ་སྟོང་ཤོང་། འབར་ ཟླའི་རྐང་རི་ཁམས་པ། རྒྱ་འབེལ་པདྨའི་སྒྲུབ་ཕུག གུ་རུ་པདྨ་འབྱུང་གནས་ཀྱི་ སྒྲུབ་ཕུག་ཡིན་པར་གྲགས་པའི་སྒྲུབ་ཕུག་བྱིན་ལྡན་ཡོད། ༣ ལྗིག་གཞུང་ལུང་དཀར་གཡུ་རྒྱལ་ཕྱུག་མོ། རྐང་གི་ལ་དགུ་ལུང་དགུ། ལྗིག་

གི་རྫ་དམར་མདུང་རྩེ། འཛམ་ཆེ་ཆུང་རྐྱང་གི་རང་བྱོན། ཤར་ཆེན་ཕ་ཝྃ་སྲིན་ཐོ། ལྗིག་གི་བཀྲ་ཤིས་དར་ཐང་།  ར་ཁ་སོགས་པོ་གནམ་མཐོང་།    སོགས་དམག་

མགོ་འཁོར་བའི་ ཡུལ་ཡིན་སྐད། འཕང་ངུ་སྟག་ཡག སྐང་རྫ་ཞིག་ལ་གོང་། ཐུད་ལྐོག་མར་འབུར། ༤ རྨེ་གཞུང་སྦས་སྒོ་རུ་གྲགས་པའི་བྲག་དཀྱིལ་དུ་ལྷ་ཤིང་ཤུགས་པ། སྦས་སྒོའི་ལྡེའུ་མིག་ ཏུ་གྲགས་པ་ཡིན། རྐང་ཆེན་འཕེན་པོ། ཆང་བཙོང་། ཁྱུང་པོ་དང་ནང་ཆེན་གྱི་ས་མཚམས་བོར་ལ། གནའ་ནས་ད་བར་སོག་དན་ གཉིས་ཀྱི་ས་འཚམས། མགར་ནག མགར་དམར། མགར་ཆུང་ སྟེ་མགར་བ་དམར་ནག་སྤུན་ཞེས་རྨེ་གཞུང་གི་གཞི་བདག་གྲགས་ཅན་ཡིན་ལ། ཕྲིན་ལས་ཕུར་པའི་སྲུང་དམ་ཅན་གྱི་ གནས་རི་ཡང་ཡིན། རྨེ་གཞུང་རྒྱུས་ཀྱི་རི་དམར། རྒྱུས་ལ་ཐུང་རྩ། གུང་པ་རྒན་པོའི་འཚེར་ས། ཁྲེབ་ལུང་ཇོ་མོ་སྤུན་གསུམ། ནག་པོ་ཤོག་དྲུག བདུད་རི། དམར་པོ་མཆོད་རྟེན། བཙན་རི། དཀར་པོ་མདུང་ རྩེ། ཀླུ་རི། མ་མོ་དམར་འབལ། མ་མོའི་ གནས་སུ་གྲགས། བེ་ཧུ་ཐང་དཀྱིལ། རྨེའི་མགར་ནག་གི་བུ་ཆུང་བ་ ཕྱི་དགྲ་ངོ་ལེན་གྱི་དཔའ་བོ་རེད།རྨེ་ཐའི་བུ་སྤུན་ལས་བུ་ཐ་ཆུང་དྲག་རྩལ་ཆེ་བའི་རྟེན་འབྲེལ་ཡོད་ཟེར། ཏི་ཆུང་ནོར་བུ་དཔལ་འབར། ཏི་ཆེན་དམར་རྒོད་མགོ གཟུངས་ཞ་མ། རྨེ་འབོ་སྒལ་དམར་ལ་ཁ། གནའ་ནས་ད་བར་སོ་དན་ གཉིས་ཀྱི་ས་མཚམས། རྨེ་འབོ་དཀྱིལ་ལ། གནའ་ནས་ད་བར་སོ་དན་གཉིས་ ཀྱི་ས་མཚམས། གྲོད་པ་ལ། གནའ་ནས་ད་བར་སོ་དན་གཉིས་ཀྱི་ས་མཚམས། བཞི་འདུས་ལ། རྨེ་འབོ་ཀ་གནམ་ བཅས་ཀྱི་མཐོ་སྒང་གི་ས་མཚམས། ༥ སྦེ་གཞུང་གི་སྨྱུག་རྐྱང་ཁྲ་བ་དྲེད་མགོ། ལྕུམ་ཆུང་ཁེམས་མཛོ་སྟག་རྩེ། ལྕུང་ཆེན་ཡང་ནེ་ལྷ་ རི། ལུང་སྔོན་རྒྱལ་བ་ཐོད་དཀར། གླ་འཕོག་གེ་སར་རང་བྱོན། གླ་འཕོག་བྲག་ ངོས་ལ་གེ་སར་མི་རྟ་གཉིས་ཀྱི་རང་བྱོན་གསལ་པོར་ཡོད། ར་བྲང་ ལྷ་རི་མཐོན་པོ་རྟ་རྣའི་གནས་ཀྱི་སྲུང་མ་ཡིན། དབེ་ཝམ་ཁྲོ་བོ་སྟག་རྩེ། རྒྱན་ དམར་གབ་ཀྱི་མདུང་རྩེ། མོན་རྫོང་གནམ་གྱི་ཀ་བ། མོན་དམག་སྒར་ཤུལ་ཡོད། སོག་རུ་ས་ཡི་ལྟེ་བ། སོགས་དམག་གི་སྒར་ཤུལ་ ཡོད། གཤེན་མཁར་བོན་གྱི་ཆོ་ལོ། བོན་དགོན་ཆགས་ཤུལ་ཡོད། ཚྭ་ཆེན་ནོར་བུ་དགྲ་འདུལ། གནས་སྲུང་ བློན་པོ་རིན་པོ་ཆེ། ཚྭ་ནང་གླང་པོ་རིན་པོ་ཆེ། མང་ཡག་ནོར་བུ་རིན་པོ་ ཆེ། གླང་པོའི་སྣ་ཞགས་ཆུ་ཚན། འཁྱགས་རོམ་ཆུ་འགོ་དམར་པོ། རྒྱན་དམར་ མཆོད་རྟེན་ དམར་པོ། གབ་ཀྱི་འབྲོང་ཤུགས་རྒྱ་ར། འབྲོང་པའི་བླ་ཤུགས་ཡིན། གབ་རྒྱལ་གཡུ་ཡི་སྒྲོན་མ། སྒྲོན་སྔོན་གྱི་རང་བྱོང་ཅན་གྱི་རྒྱལ་རི་ཡིན། གེར་ ཕུའི་ཇོ་གཞུང། ཇོ་བོ་གདན་དྲངས་པའི་ལ་ཡིན་སྐད། གེ་མཛོད་ གླིང་གི་བརྩེགས་མལ། གེ་མཛོད་གླིང་ནི་གླིང་དམག་ བགྲོད་པའི་གསང་ ལམ་ཡིན་ཚུལ་གྱི་ངག་རྒྱུན་ཡོད། བྲག་ཆུང་ལྷ་རི་དཀར་པོའམ་བྲག་ཆུང་ དཀར་ལི་ཀྱང་ཟེར། ཨེ་སྤོག་རྩྭ་རྒྱལ་ཕྱུག་མོ། ཡི་གེ་ཨེ་ཡི་རང་བྱུང་ཡོད་ པས་དེ་ལྟར་འབོད། བཞི། ཁྱད་འཕགས་གནས་རིའི་ལོ་རྒྱུས། ཀ་རྒྱལ་རྡོ་རྗེ་ལྷ་བཙན། འདི་ཕུར་པའི་གནས་ཡིན་ལ། ནང་ཆེན་རྒྱལ་རབས་ རིམ་བྱོན་གྱི་སྐུ་ལྷ་རྒྱལ་ཆེན་བཅོ་བརྒྱད་ཀྱི་གྲས་ཞིག་ཡིན། འབྲོང་པ་ས་སྐྱོང་ ཆེན་པོའི་རྒྱལ་རི་དང་ཀ་གཞུང་འབངས་སྡེ་དང་བློན་ཆེན་ཁག་གི་མཆོད་ཅིང་ བསྟོད་པའི་གནས་རི་དང་ཡུལ་སྐྱོངས་ཀྱི་རྒྱལ་རི་ཆེན་པོ་ཞིག་ཡིན་ནོ།། བློན་པོ་ཐོད་དཀར། ཤིང་ལུང་དཀར་འབེལ། ཐུགས་རྗེ་ཆེན་པོའི་གནས་ མཆོག་ཤིང་ ལུང་དཀར་འབེལ། བྲང་རྗེ་མ། ཀ་ཡི་རྡ་མགོ་དམར་པོ། གུར་སྡོམ་ལུག་ལྷ་དཀར་ཆུང་། རྟ་རྣའི་གནས་ལག་རྡོ་རྗེ་སེམས་པའི་གནས་ཡིན་ ལ། ལུག་གི་བླ་རི་ཡིན་པར་གྲགས། རྫིང་རྒྱལ་ནོར་ལྷ་ཤམ་ཡག ནོར་གྱི་ བླ་རི་ཡིན་པར་གྲགས། ཀ་ལྗང་ཤྭ་ཕོ་དུང་རི། ཕུར་པའི་སྲུང་མ་ཡིན་པར་བཤད། སྤོས་སེབ་ཚེ་རེ་ར་རྫོང་། ར་ཡི་བླ་རི་ཡིན་པར་གྲགས། ཡོག་རྒྱལ་མཚོ་མོ་ལུགས་ གསུམ། ནང་ཆེན་རྒྱལ་རབ་རིམ་བྱོན་གྱི་སྐུ་ལྷ་རྒྱལ་ཆེན་བཅོ་བརྒྱད་ཀྱི་གྲས་ ཞིག་ཡིན། ལྷ་ཀླུ་བཙན་གསུམ་གྱི་གནས་ཀྱང་ཡིན། ཀ་ཡི་ཚ་མིག་དཀར་མོ། ཚ་སྨན་ཀླུ་མོ་མཆེད་གསུམ། ཀ་ལྗང་ཁད་ཚེ་སྒལ། སྔོན་ཁད་དར་གྱིས་ཤེལ་གྱི་ཚེ་ བུམ་གཏེར་ནས་བཞེས་པས་ཁད་ཚེ་སྒེར་ཟེར་ཕྱིས་སུ་ཆོས་སྒེར་ཟེར་ཕྱིས་སུ་ཆོས་འོག་བླ་སྔོན་གྱིས་ཤེར་གྱི་མཆོད་རྟེན་ གཏེར་ནས་བཏོན་པའི་གཏེར་གནས་ཡིན། གནམ་རྒྱལ་གསང་བ་ལྷ་རྩེ། ཕུར་པའི་གནས་རི་ཡིན་ལ་ནང་ཆེན་རྒྱལ་པོ་སྐུ་ལྷ་ རྒྱལ་ཆེན་བཅོ་བརྒྱད་ཀྱི་གྲས་ཤིག་ཡིན། ལྗིག་རྒྱལ་གྭ་པ་དངུལ་མདོག་རྒྱལ་རི་ འདི་ནང་ཆེན་རྒྱལ་རབས་རིམ་བྱོན་གྱིས་མཆོད་ཅིང་བསྟོད་པའི་སྐུ་ལྷ་རྒྱལ་ཆེན་བཅོ་བརྒྱད་ཀྱི་གྲས་ཞིག་ཡིན། ལྗིག་ཐའི་ལྷ་འབངས་ཡོངས་དང་ཡུལ་དཔོན་བློན་ ཆེན་ཁག་གིས་ལོ་ལྟར་མཆོད་བསྟོད་བྱེད་པའི་ཡུལ་བདག་གདོང་གྲོགས་ཅན་ཞིག་ཡིན། རྨེ་གཞུང་དུ་སྐད་གྲགས་ཆེ་བའི་གནས་རི་ནི། རག་ནེ་མཆེད་གསུམ། རྐང་ ཆེན་ཏི་སེ་གངས་རི་ལ་བཅོམ་ལྡན་ཐུབ་པའི་དབང་པོའི་རང་བྱོན་ཡོད། མི་ཡི་ གྲོང་སྡེ་གཏན་ནས་མེད་པར་གངས་རི་ལས་བབ་པའི་ཆུ་རྒྱུན་དུ་རིལ་རྫིང་དང་རྡང་ཆད་མཐོང་རྒྱུ་ཡོད། རྨེ་རྒྱལ་ནོར་བུ་དབང་རྒྱལ། ཚེ་དཔག་མེད་ཀྱི་གནས། གངས་རི་ཤེལ་གུར་ གྱི་དབྱིབས་ཅན། ཕྱོགས་བཞིར་མཚོ་བཞི་དང་ཚེ་ཆུ་བཞི་བཅས་ཡ་མཚན་གྱི་ བཀོད་པ་བསམ་གྱིས་མི་ཁྱབ་པ་མངའ། རག་ནེ་མཆེད་གསུམ། རྐང་ཆེན་ ཏི་སེ་གངས་རི་ལ་བཅོམ་ལྡན་ཐུབ་པའི་དབང་པོའི་རང་བྱོན་ཡོད། མི་ཡི་གྲོང་སྡེ་ གཏན་ནས་མེད་པར་གངས་རི་ལས་བབ་པའི་ཆུ་རྒྱུན་དུ་རིལ་རྫིང་དང་རྡང་ ཆད་མཐོང་རྒྱུ་ཡོད། སྦས་སྒོ་རུ་གྲགས་པའི་བྲག་དཀྱིལ་དུ་ལྷ་ཤིང་ཤུག་པ། སྦས་སྒོའི་ལྡེའུ་མིག་ཏུ་གྲགས་པ་ཡིན། རྐང་ཆེན་འཕེན་པོ། ཆང་བཙོང་། འདི་ན་སྔོན་གྱི་དུས་སུ་གྲོ་མའི་གཏེར་ཁ་ཡོད་པ་སྟེ། གྲོ་མ་རེར་ལུག་མགོ་ཙམ་ ཡོད་པའི་བཤད་སྲོལ་འདུག དུས་ཕྱིས་སྤྱི་ལོ་༡༩༥༠ནང་སྐོར་ཡང་གྲོ་མ་ལུག་ལ་གའི་ར་ཅོ་ཙམ་རེ་ཡོད་པ་དངོས་སུ་མཐོང་མཁན་འདུག འདིའི་རི་རྩེར་དཔལ་བེའུ་རང་བྱོན་གསར་པོར་ཡོད། ཁྱུང་པོ་དང་ནང་ཆེན་གྱི་ས་མཚམས་བོར་ལ། གནའ་ནས་ད་བར་སོག་དན་ གཉིས་ཀྱི་ས་འཚམས། སྦས་རྒྱལ་ནོར་བུ་སྟག་རྩེ་སྦས་ཡུལ་འབངས་མི་ཀུན་དང་ རོང་བློན་རྒན་ཁག་རྣམས་ཀྱིས་ལོ་ལྟར་མཆོད་བསྟོད་བྱེད་པའི་རྒྱལ་རི་གཙོ་བོ་ ཡིན། སྦས་ཀྱི་ཀླུ་མོ་དུང་ཐོག སྦས་ཀྱི་ལྷ་གཡག་རང་བྱོན། ནོར་ གཏེར་ཡོད་པའི་གནས་རི་ཡིན་སྐད། སྦས་ལུང་ཀུན་ལ་ནོར་གནག་འཕེལ་ ཆེ་བས་ཀུན་གྱིས་ནོར་གྱི་བླ་རི་ཡིན་ཚུལ་བཤད། སྦས་ཀྱི་ཕོ་ནད་སེལ་བའི་གཏེར་ ཆབ། ཕོ་ཆུ་ངོ་མཚར་ཅན་གྱི་གཏེར་རྫས་སྨན་ཆབ། འཛམ་ནག་ནོར་བུ་ལྷ་རྩེ། འཛམ་ བྷ་ལྷ་ནག་པོའི་རང་བྱོན་བཞུགས་པའི་གནས་རི་བཅས་སོ།། ལྔ། རང་བྱུང་མཚེའུ་འགའ།

རྨེ་གཞུང་གི་མཚེའུ་འགའ་ཡི་སྐོར། ཚེ་དཔག་མེད་ཀྱི་གནས་སུ་གྲགས་པའི་རྨེ་རྒྱལ་ནོར་བུ་དབང་རྒྱལ་གྱི་ཕྱོགས་ བཞིར་མཚོ་བཞི་དང་ཚེ་ཆུ་བཞི་བཅས་ཡ་མཚན་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པ་མངའ། སྦས་ཀྱི་མཚོ་ནག་མ། རྨེ་རྒྱལ་ནོར་བུ་དབང་རྒྱལ་གྱི་མདུན་དུ་ཤྭ་ཕོ་ མཚོ། གཡས་སུ་རྐང་ཆུང་མཚོ། རྒྱབ་ཏུ་ཆོས་འཕེལ་མཚོ། པད་ འབྱུང་གི་ཕྱག་རྗེས་གསལ་པོར་ཡོད། གཡོན་དུ་རྐང་ཆེན་མཚོ་དཀར་དང་ བོར་གྱི་མཚོ། རྒྱུས་ཀྱི་མཚོ་གཉིས། ཁྲེབ་ལུང་ཇོ་མོའི་བླ་མཚོ། སྒལ་ དམར་གཞུང་གི་མཚོ་གོང་འོག་གསུམ། འདི་ན་མཚོ་ལུགས་དང་མཚོ་གླང་ ཡོད་ཟེར། གེར་མཛོའི་མཚོ། འདི་ན་མཚོ་ལུག་དང་མཚོ་གླང་ཡོད་པར་འདུག སེང་སྦོ་མཚོ། རྐང་གི་མཚོ་མོ་སྤུན་གསུམ། ལྗང་ལྗང་ཤུག་གུ་ཕྱིར་སྒེར་གྱི་མཚོ། དུང་རིའི་བླ་མཚོར་གྲགས། དབུས་རི་ཁམས་པའི་རི་རྩེའི་མཚེའུ། གཞའ་ ཆེན་ཕུའི་མཚེའུ། ཀ་རྒྱལ་གྱི་བླ་མཚོར་གྲགས།

དྲུག ངོ་མཚར་རང་བྱོན་གྱི་ངག་རྒྱུན།

ཀ་གཞུང་གི་ངོ་མཚར་རང་བྱོན་འགའ་ཞིག སྡོམ་ཕུའི་སུ་རུའི་ཉི་ཟླ། སྡོམ་ཕུའི་རྡོ་ཡི་མཆོད་རྟེན། ཀ་སྟོད་ཀ་ཡི་རང་བྱོན། ཀ་སྟོད་ཕ་ཝྃ་གུར་འདྲ། སྒོམ་མདའི་ཀ་རྒྱལ་གསོལ་ཐབ། ཀ་འགག་མུ་ཟི་ཆུ་ཚན། འཇའ་འགག་ཅོང་ཞི་ཆུ་ཚན། ཀ་འགག་དམྱལ་བའི་ཆགས་ཚུལ། ཕྱེས་ ཆེན་བྱེ་མ་མི་ལངས། ཕྱེས་ཆུང་ཤུག་གུ་ལྷ་མོ། སྤོས་འགག་བྲེ་གུ་ནུ་མ། བཙན་གྱི་ཕ་ཝཾ་སུ་ཀྱང་ཉེ་སར་འགྲོ་འདུག་མི་ཕོད་པའི་བྲེ་གུ་ཞིག དྲིལ་ལྟག་དུང་དཀར་རང་། ཀ་གསུམ་མདོ། མཁས་པའི་ལྕེ་སྦྱངས་པ་འདྲ་ བས་ཀ་གཞུང་གི་མི་རྣམས་ཞལ་ལྕེ་བདེ་བའི་བཤད་སྲོལ་ཡོད། གནམ་ལ་སྒ་རུ་རང་བྱོན། གནམ་གྱི་འཁྱགས་རོམ་ཞུ་མེད། རས་ཟླའི་གད་ པ་པ་ཏྲ། རྨེ་གཞུང་གི་ངོ་མཚར་རང་བྱོན་འགའ། རྨེ་གཞུང་གྲོད་པ་ལ། གནའ་ནས་ད་བར་ སོ་དན་གཉིས་ཀྱི་ས་མཚམས།བཞི་འདུས་ལ། རྨེ་འབོ་ཀ་གནམ་བཅས་ཀྱི་མཐོ་ སྒང་གི་ས་མཚམས། མ་ཎི་རང་བྱོན། བྲག་འདིའི་ལོགས་སུ་མ་ཎིའི་ རང་བྱོན་གསར་པོར་ཡོད། ཡི་གེ་ནང་དང་ཡི་གེ་མདའ་ཡི་ཕུ་ཞེས་ས་ཆ་གྲགས་ པ་ཆེ། དེའི་རྒྱུ་མཚན་ཡི་གེ་ཆུ་འཛུལ་བྲག་འགག་ལ་དབྱངས་གསལ་གྱི་ཡི་གེ་ཆ་ཚང་ བའི་རང་བྱོན་ཡོད་པའི་རྒྱུ་མཚན་གྱིས་རེད་ཅེས་ཟེར། ངེར་སྒམ་བྲག བྲག་ དཀར་གྲུ་བཞི་འདི་ནི་སྔོན་དུས་དུད་ཕྱུག་པོའི་ངོ་རུ་རྩེགས་ས་ཡིན་ཟེར། ཚོགས་ དིལ་ཕུག ཕུག་པ་འདི་གུ་རུའི་སྒྲུབ་ཕུག་རེད་ཅེས་པའི་བཤད་སྲོལ་ཡོད། དུས་ ཕྱིས་སུ་གྲུབ་ཆེན་ཚོགས་གཉིས་ཀྱི་སློབ་མ་འབྱོ་མི་ཕམ་བརྩོན་གྲུས་ཀྱིས་ལྷ་མོ་དུད་སོལ་མ་བསྒྲུབ་པས་གྲུབ་པ་ཐོབ། གང་ལྟར་ཡ་མཚན་ཆེ་བའི་སྒྲུབ་ཕུག་ཅིག་རེད། ཀ་ཧ་སྒལ་ཞེས་པའི་ས་འདིར་ཀ་དང་ཧ་ཡི་རང་བྱོན་གསལ་པོར་ཡོད། ཧེ་རུ་ ཁྲ་འཕྲུ། ཧེ་རུ་ཀ་ཡི་ཞེས་པ་འཁོར་ལོ་བདེ་མཆོག་སྟེ་བདེ་མཆོག གསུང་གི་ གནས་རི་ཡིན། བཛྲ་ཕུག་པ། གནས་འདིར་འབྱོ་བླ་མ་ཟིལ་གནོན་གྱིས་ པདྨ་བཛྲ་བསྒྲུབ་པས་པདྨ་བཛྲ་གྱི་རང་སྒྲ་གྲགས་པའི་རྒྱུ་མཚན་གྱི་བཛྲ་ཕུག་ཏུ་གྲགས་སོ།། ཧེ་རུ་དགོན། ཧེ་ཡི་རང་བྱོན། ཧེ་རུ་བྲག་ཆེན་མ། བྲག་འདིར་སྐུ་དང་ ཡིག་འབྲུའི་རང་བྱོན་མང་པོ་ཡོད་ལ། གཡུ་ཡི་གཏེར་ཁ་ཡོད་ཟེར། ཡར་ཀའི་ཁ། གེར་མཛོད་ཀླུ་རྒྱལ། རི་འདིའི་མགུལ་དུ་ཨ་མྱེས་བྱང་ཆུབ་དྲེལ་བཀོལ་དང་གླིང་ གེ་སར་གཉིས་ཐོག་མའི་མཇལ་འཕྲད་བྱས། ད་དུང་དུས་རབས་ཉི་ཤུ་བའི་ལོ་རབས་སུམ་བཅུ་པའི་ནང་རྨེ་གཞུང་འབྱོ་རུ་སྟོད་མའི་ཚ་མོ་མེ་བཟའ་གན་དགའ་མ་ཟེར་བ་ཞིག་ཀླུ་རྒྱལ་ཚང་གིས་དངོས་སུ་མགྲོན་དུ་བོས་པའི་ལོ་རྒྱུས་ཡོད། རྨོག་རྒྱལ་ལྷ་རྩེ། ཝྃ་ལུང་དགོན། རི་འདིར་ཝྃ་ ཡིག་གི་རང་བྱོན་ཡོད། དུར་ཆེན་མ། འདི་གནས་བོའི་དུར་ས་སྟེ་རྨེ་གཞུང་ གི་དུར་ཁྲོད་ཆེ་ཤོས་ཡིན། དགོན་ལུང་ཁ། འདི་ནི་ནུབ་དགོན་ལུང་སྟེ། ཡེལ་པ་ཡེ་ཤེས་རྩེགས་ཀྱི་གདན་ས་ཁག་བཞིའི་ཡ་གྱལ་ཡིན། དགོན་ལུང་ནང་། ནུབ་དགོན་ལུང་གི་ཕུ་ནི་སངས་རྒྱས་ཡེལ་པའི་སྒྲུབ་གནས་རི་ ཁྲོད་ཡིན། སྔོ་སྐམ་མ། འདི་རྟོག་ལྡན་ཆོས་སྐྱོང་དར་རྒྱས་ཀྱི་སྒྲུབ་གནས་ཡིན། འབྲུ་དྲུག་བྲག སངས་རྒྱས་ཡེལ་པའི་སྐུ་གདུང་ཞག་མལ་ཕབ་པའི་གནས་སུ་མ་ ཎི་འབྲུ་དྲུག་གི་རང་བྱོན་ གསལ་པོར་ཡོད། རྡོ་ཡི་ལིངྒ། རོང་ལྷས་ལ་ དུས་རབས་བཅུ་དགུ་པའི་སྨད་ཙམ་ནས་གསར་དུ་སྐྱེས་པར་གྲགས་པའི་རྡོ་ཡི་ ལིང་ག་ཧ་ཅང་སྒྲོས་ཉམས་ཅན་མཐོ་ཚད་ལ་ཧ་ལམ་མི་ཚད་ཙམ་ཡོད། རྨེ་གཡས་དང་རྨེ་གཡོན་གཉིས་ཀྱི་ཆུ་གཉིས་འདུས་པའི་མདོ་ལ་ཆུ་འདུས་ལྐོག་ ཟེར། རྨེ་ཆུ་དང་སྦས་ཆུ་འདུས་པའི་མདོ་ལ་སྦས་མདའ་སྣ་ཟེར། རྨེ་ཆུ་དང་ ཡོ་ཆུ་འདུས་པའི་ས་ཆར་ཡོ་ཀུ་སྟེང་ཟེར། ས་གནས་འདི་ནི་གེ་སར་གྱི་བླ་མ་ རླངས་སྟོན་བྱང་ཆུབ་འདྲེ་བཀོལ་གྱི་ཕ་ཞིས་ཡིན་ལ། ཁོང་གི་གདུང་རྒྱུད་ལྷ་ གཟིགས་ཁག་གི་རིགས་ཀྱི་སྨྱུ་གུ་རིམ་བྱོན་གྱི་གཞེས་ཀའང་ཡིན། དུས་ཕྱིས་ བོད་སྣེ་གདོང་གི་རྒྱལ་པོ་ཏཱ་སི་བྱང་ཆུབ་རྒྱལ་མཚན་སོོགས་བོད་ཕག་གྲུའི་རྒྱལ་ རབས་རིམ་བྱོན་ཀྱང་འདི་ནས་ཆད་པ་ཡིན། གཞན་ཡང་གླིང་གི་བླ་མ་རྟ་རྣ་བྲམ་ ཟེའི་གདུང་རྒྱུད་རིམ་བྱོན་གྱི་ཕ་གཞིས་ཡིན་ལ་སྤྱན་སྔ་གྲགས་པ་འབྱུང་གནས་ཀྱི་ཕ་གཞེས་ཀྱང་ཡིན། རྨེ་ཆུ་དང་ལྕི་ཆུ་གཉིས་འདུས་པའི་མདོ་ལ་རྨེ་མདའ་སྣ་ཟེར། བདུན། རང་བྱུང་གཏེར་ཁ་དང་ཐོན་སྐྱེད།

ཀ་གཞུང་གི་རང་བྱུང་གཏེར་ཁ་ཕུན་སུམ་ཚོགས་ཤིང་། ཤུགས་པ་དང་། གསོམ་ ཤིང་སོགས་ཤིང་སྣ་སྣ་ཚོགས་དང་། དབྱར་རྩྭ་དགུན་འབུ་དང་། གངས་ལྷ་མེ་ ཏོག་སོགས་རྩྭ་སྣ་སྨན་སྣ་རིགས་བརྒྱ་ཕྲག་དང་། རྟ་ནོར་ལུག་སོགས་སྒོ་ཕྱུག་ གཡུང་དྭགས་སྣ་ཚོགས་དང་། ཤ་རྣ་དགོ་གསུམ་སོགས་རི་དྭགས་དང་། གཅན་ གཟན། འཕར་སྤྱང་ཝ་སོགས་རི་སྐྱེས་སྲོག་ཆགས་ཕུན་སུམ་ཚོགས་ཤིང་། མདོར་ན་ཡུལ་གྲུ་འདི་ནི་གནའ་ནས་ད་བར་རང་བྱུང་གི་གཏེར་ཁ་ཕུན་གསུམ་ ཚོགས་པའི་གནས་ཤིག་ཡིན་པར་མ་ཟད། རང་བྱུང་སྐྱེ་དངོས་ཀྱི་ཐོན་བསྐྱེད་དབྱར་རྩྭ་དགུན་འབུ་དང་། རྫ་ཡུང། གང་ ལ་མེ་ཏོག ཐོན་བསྐྱེད་སྣ་ཚོགས་དང་། ཤ་མར་ཐུད་གསུམ། ཞོ་འོ་སྐྱུར་ གསུམ་སོགས་འབྲོག་ལས་ཐོན་བསྐྱེད་ཧ་ཅང་བཟང་བའི་གནས་ཞིག་ཡིན།

བརྒྱད། ཁོར་ཡུག་སྲུང་སྐྱོབས་ཀྱི་འབོད་སྐུལ།

སྤྱིར་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་འགྲོ་བ་མིའི་རིགས་སྤྱིའི་ཧ་ཅང་གལ་ཆེན་རང་བཞིན་བྱེད་དགོས་པ་ཞིག་ཡིན་ལ། ལྷག་པར་དུ་ཀ་གཞུང་གི་རང་བྱུང་ཁོར་ཡུག་ མཛེས་སྡུག་ལྡན་པ་འདི་ལྟ་བུ་ནི་རང་ཡུལ་གྱི་མི་བུ་རྣམས་ཀྱི་བགོ་སྐལ་ཡིན་པ་མ་ཟད། འགྲོ་བ་མིི་སྤྱིའི་མིག་ལྟོས་དང་། ལྗོངས་རྒྱུའི་གནས་སུ་གྱུར་དང་ འགྱུར་བཞིན་པའི་སྐབས་འདིར་རང་ཅག་གིས་སྲུང་སྐྱོབས་དང་། འཛུག་སྐྲུན་གང་ ལེགས་བྱས་ཏེ་སྔར་ལས་ལྷག་པའི་མཛེས་སྡུག་ལྗང་མདོག་གི་གླིང་ག་ཞིག་བསྐྲུན་ཏེ། ཐོན་སྐྱེད་དང་ཡོངས་བབ་རང་གིས་བླངས་ནས་རང་ཅག་མཐོ་སྒང་དུ་གནས་ པའི་མི་སེར་དཀྱུས་པ་རྣམས་ཀྱིས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ གསོས་སུ་བྱེད་པ་ནི་རང་ཅག་གི་འོས་བབ་ཀྱི་ཐོབ་བཀལ་ཡིན་ལ། རྒྱལ་ཁབ་ཀྱི་ རྩ་ཁྲིམས་དང་ཡང་མཐུན་པ་ཞིག་རེད། དེ་བས་འཛམ་གླིང་གི་ལྷག་འཕྲོར་ལུས་ པའི་ ས་གཙང་ཆུ་གཙང་གངས་ཅན་ས་མཐོའི་ཡུལ་གྲུ་དང་། ལྷག་པར་རྒྱལ་ཁབ་རིམ་ པའི་ཁོར་ཡུག་སྲུང་སྐྱོབས་ཀྱི་ནང་དུ་ཚུད་ཡོད་པའི་མདོ་ཁམས་གཙང་གསུམ་ འབྱུང་ཡུལ་གྱི་ས་ཆ་དང་། བྱེ་བྲག་ཀ་གཞུང་གི་ཡུལ་གྲུ་འདིི་ནི་རི་ཆུའི་བཀོད་པ་ དང་། རང་བྱུང་གཏེར་ཁ། ཐོན་སྐྱེད་སོགས་ས་ཆ་གཞན་ལས་ཁྱད་དུ་ འཕགས་པའི་གནས་ཤིག་ཡིན་པས་ན་འདིར་འཚོ་སྡོད་བྱེད་པའི་ཡུལ་མི་རྣམས་ ཀྱིས་རང་གི་འཚོ་གནས་བྱེད་པའི་ས་ཆ་འདི་ལ་བདག་གཅེས་དང་། སྲུང་སྐྱོབས། འཛུགས་སྐྲུན་ལེགས་པར་བྱས་ཏེ། མུ་ནས་མུ་རུ་བུ་རབས་ཚ་རྒྱུད་དག་གི་རྟེན་ གཞིར་འཇོག་རིགས་སོ།།

དགུ། ཞར་བྱུང་།

ཀ་གཞུང་གི་སྔོན་རབས་མཁས་དབང་གཅིག སྤྱན་སྔ་གྲགས་པ་འབྱུང་གནས། ཀ་གཞུང་གི་ཉེ་རབས་མཁས་དབང་གཅིག ཁྱུང་སྤྲུལ་པདྨ་ཕྲིན་ལས་རྒྱ་མཚོ། ཀ་གཞུང་གི་སྨྱུག་འཛིན་དམ་པ་བཞི། འབྱོ་པད་འགྱུར། གོང་པ་བྱང་ཆུབ། ཧོར་དགའ་རྡོར། གུང་པ་དགེ་གྲགས། ཀ་གཞུང་གི་སྨན་རྩིས་མཁས་པ་བཞི། བུ་ཐུང་སྙིང་རྗེ། བུ་ཐུང་བསྟན་བཀྲ། གུང་པ་དགེ་གྲགས། ཡེས་མཐར། ཀ་གཞུང་གི་བླ་ཆེན་བཞི། བླ་མ་ཕུར་དགའ། བླ་མ་ཨོ་རྒྱན། བླ་མ་སིན་དགའ། བླ་མ་པད་འགྱུར། ཀ་གཞུང་གི་དེང་རབས་སྒྱུ་རྩལ་པ་གྲགས་ཅན་གཅིག མི་ཕམ་རྣམ་རྒྱལ།

ཀ་གཞུང་གི་རྒྱལ་རི་གྲགས་ཅན་བཞི། རྨེ་རྒྱལ་ནོར་བུ་དབང་རྒྱལ། ཀ་རྒྱལ་རྡོ་རྗེ་ལྷ་བཙན། གནམ་རྒྱལ་གསང་བ་ལྷ་རྩེ། ལྗིགས་རྒྱལ་གྭ་པ་དངུལ་མདོག ཀ་གཞུང་གི་ཆུ་བོ་བཞི། རྨེ་ཆུ། ཀ་ཆུ། གནམ་ཆུ། ལྗིགས་ཆུ། ཀ་གཞུང་གི་འགག་འཕྲང་དོགས་པོ་བཞི་ནི། ཀ་ཡི་འཇའ་གུར་འགག གནམ་གྱི་ས་སེར་འགག ལྗིགས་ཀྱི་རྣ་ར་འགག སྨྱུག་ཅང་འགག ཀ་གཞུང་གི་མཚེའུ་བཞི། ཀ་གཞུང་གིི་ཆུ་ཚན་ལྔ་ནི། ཀ་འགག་ཆུ་ཚན། འཇའ་གུར་འགག་ཆུ་ཚན། གནམ་གཞུང་ཆུ་ཚན། རྨེ་གཞུང་གླང་པོ་ཆུ་ཚན། སྦེ་འགག་ཆུ་ཚན། ཀ་གཞུང་གི་རུ་ཆེན་བཞི་ནི། ཉིན་ཐ།༼ཕྱིས་ཆེན༽ སྲིབ་ཐ།༼ཚྭ་ཐང་༽ རྨེ་ བསྟོད།༼སེང་བསྟོད།༽ རྨེ་སྨད།༼སེང་སྨད།༽ ཀ་གཞུང་གི་གཞུང་ཆེན་པོ་བཞི་ནི། རྨེ་གཞུང། ཀ་གཞུང། གནམ་གཞུང། ལྗིགས་གཞུང། སྔོན་དུ་གྲགས་པའི་རོང་སྡེ་ཤོག་ཆེན་གཞུང་དྲུག་སྟེ་ཀ་གཞུང་སྡེ་བ། གནམ་གཞུང་སྡེ་བ། ལྗིག་གཞུང་སྡེ་བ། རྨེ་གཞུང་སྡེ་བ། ནང་ཕྱེས་རྨེ་གཡས་སྡེ་བ་དང་རྨེ་གཡོན་སྡེ་བ། སྦས་གཞུང་སྡེ་བ་སྟེ་ཤོག་ཆེན་དྲུག་གོ། ཀ་གཞུང་གི་དགོན་སྡེ་བཞི་ནི། ཝྃ་ལུང་དགོན། ཧེ་རུ་དགོས། བཀྲ་ཤིས་དགོན། ཚངས་གསར་དགོན། ད་ལྟ་སྡོམ་པ་ཡུལ་ཤོག་གི་མངའ་འོག་ཡིན། དེང་སང་བཀྲ་ཤིས་དགོན་གྱི་དགོན་ལགས་དགེ་དགོན་བཅས་དགོན་ཁག་བཞི་ཡིན། ཀ་གཞུང་གི་ཚྭ་གཏེར་ཆེན་པོ་གསུམ། ཚྭ་ཐང་ཁའི་ཚྭ། ལྡང་ཧྲཱི་ཁའི་ཚྭ། ན་ཅག་ཁའི་ཚྭ། ཚྭ་ཁ་ཕྱི་མ་འདི་གཉིས་ནི་སྔོན་མ་དངོས་སུ་ལེན་རྒྱུ་ཡོད་ལ། ན་ཅག་ཁའི་ཚ་ནི་དུས་ཕྱིས་ཀྱང་ལེན་མྱོང་ ལ་དེང་སང་བདག་བཟུང་མ་བྱས་པས་རྗེས་ཤུལ་ཙམ་དུ་གྱུར་པ་རེད།