Open main menu

༄༅།    །ཨོ་རྒྱན་ཆེན་པོ་སྟག་ཤམ་བསམ་གཏན་གླིང་པའི་གཏེར་ནས་སྤྱན་དྲངས་པའི་ཆོས་སྐོར་ཚན་ཐོ་ནི།  །

དེའང་ཤིང་མོ་ལུག་གི་ལོར་བར་ཁམས་ལྷོ་རོང་སྤར་གྱི་ཡུལ་དུ་སྐུ་འཁྲུངས། དགུང་ལོ་བཅོ་ལྔ་པ་བྱ་ལོར་རྡོའི་ཆོས་ལོངས་སྤྲུལ་གསུམ་སྟོང་སྐུ་ལུང་ནས་རྙེད། བཅུ་བདུན་ཕག་ལོར་ཁྲ་མོ་བྲག་ནས་རྡོར་སེམས་སྙིང་ཐིག་སོཊ་ཀྱི་ཁ་བྱང་བཏོན། ༡༽བཅུ་དགུ་ཆུ་གླང་ལོར་ཁྲ་མོ་བྲག་ནས་རྡོར་སེམས་སྙིང་ཐིག་ཅེས་ཞི་བ་རྡོར་སེམས། དྲག་པོ་ཀཱི་ལ་ཡ་བཅས་རྫོགས་རིམ་གཙོར་བཏོན་པོད་གཅིག་དང་། ༢༽དགུང་གྲངས་ཉི་ཤུ་ཤིང་སྟག་ལོར་གནས་མདའི་ཕ་ཝཾ་ནས་ཁ་བྱང་བྱུང་བ་ལྟར། གླང་ལུང་ཙིཏྟའི་བྲག་གི་བྱང་ངོས་པདྨ་ཤེལ་ཕུག་ནས་པདྨ་ཡོངས་གྲོལ་ཞི་བ་ཆོས་ཚན་བདུན་ཅུ་རྩ་དགུ་པ་དང་། བཀའ་སྲུང་སེང་གདོང་ཡབ་ཡུམ་ཆོས་ཚན་ལྔ་བཅུ་པ་བཅས་པ་བཏོན། ༣༽ཉེར་གཉིས་མེ་འབྲུག་ལོར་སྲོག་མཁར་སྐྱོག་ཕུག་ནས་དྲག་པོ་ཧཱུྃ་ནག་གི་ཆོས་སྐོར་ཐོན་ཅིང་སྒྲུབ་ཐབས་ལས་བྱང་བླ་ཕུར་སྦྲགས་མའི་ལས་བྱང་སྒྲུབ་སྐོར་དང་། ༤༽བསྐང་བཟློག་ཕལ་ཆེར། སེང་གདོང་མའི་ཆོས་སྐོར་བཅས་ཤོག་སེར་ནས་ཕབ་ཀྱང་གསང་སྒོ་འཆལ་བའི་སྟབས་ཀྱིས་འཕྲོ་བཞག་ལ། ཡོངས་གྲོལ་ཞི་དྲག་གཉིས་གཏེར་དུ་སྦས་སོ། ༥༽བཀའ་ཐང་བསམ་གཏན་གླིང་པ་དང་ཡོངས་གྲོལ་དྲག་པོའི་སྐོར་དང་ལྷན་ཅིག་ངང་པ་ཕུག་ནས་གདན་དྲངས། ༦༽ ཉེར་གསུམ་མེ་སྦྲུལ་ལོར་སྤར་གྱི་བྲག་བྱ་ཁྱུང་ཕུག་ནས་ཕྱག་རྡོར་དཀར་པོའི་ལྟོ་བ་ནས་ཐུགས་སྒྲུབ་གསུམ་གྱི་གཙོ་བོ་གསང་སྒྲུབ་གསེར་གྱི་ཞུན་ཐིག་བསྐྱེད་རྫོགས་ཟབ་འདྲིལ་དང་། ༧༽ དགོངས་འདུས་འགྲོ་བ་ཀུན་གྲོལ་ཀྱང་བཙན་རི་ནས་སྤྱན་དྲངས་པས་འདི་གཉིས་ལ་པོད་ཆེན་རེ་བཞུགས། ༨༽ ས་རྩིབ་དཔའ་ཤོད་རོང་ལ་རྒྱལ་མཚན་གྱི་མས་མདོའི་བྲག་ནས་མཚོ་རྒྱལ་རྣམ་ཐར་སྤྱན་དྲངས། ༩༽ སྲོག་རྫོང་ཙིཏྟའི་བྲག་ནས་ཞི་བ་པདྨ་གསང་ཐིག་བསྐྱེད་རྫོགས་ཆ་ལགས་དང་བཅས་པ་བཏོན། ༡༠༽ བྲག་དཀར་སྒྲོན་ཆུའི་ཆུ་དོང་ནས་དྲག་པོ་རྡོ་རྗེ་ཐེག་པ་བསྐྱེད་རིམ་ལས་མཐའ་དང་བཅས་པ་སྤྱན་དྲངས། ༡༡༽རྟ་མགྲིན་སྙིང་པོ་དོན་སྦྱོར་ཡང་འདི་ལོ་བཀའ་བབས་ཀྱི་རྟེན་འབྲེལ་བྱུང་ཞིང་། ཉེར་ལྔ་ལུག་ལོར་དཔེ་རྙིང་ཕྱག་ཏུ་འབྱོར། ༡༢༽ཉེར་དྲུག་ལྕགས་སྤྲེལ་ལོར་ཀུང་ལུང་བྱང་སྒོ་གདམས་ཕ་གངས་ར་ནས་ཕྱག་རྡོར་དྲེགས་འདུལ་བསྐང་བཟློག་གི་སྐོར་སྤྱན་དྲངས། ༡༣༽ ཉེར་བདུན་ལྕགས་བྱ་ལོར་བྲག་དཀར་སྒྲོན་ཆུའི་གསང་ཕུག་ནས་དྲག་མཐིང་གི་སྐོར་སྤྱན་དྲངས་པའི་གནས་དེ་ནས་རྟ་མགྲིན་སྙིང་ཐིག་གི་ཆ་ལགས་གྲོ་ལོད་སྙིང་པོ་དོན་སྦྱོར། མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་སྐོར་བཅས་སྤྱན་དྲངས་ནས་རྩ་གསུམ་སྐོར་འདི་གཏེར་ཆེན་གྱི་ཐུགས་དམ་རྨད་དུ་བྱུང་བའོ། །སུམ་ཅུ་ཤིང་བྱིའི་ལོར་དགའ་བ་ལུང་གི་རྟ་མགྲིན་ཁྲོས་མ་སོགས་ཀྱི་སྐུ་རྟེན་རྣམས་ཐོན། ༡༤༽ སོ་བཞི་འབྲུག་ལོར་དགའ་བ་ལུང་ཕ་བོང་ཀླུའི་ཕོ་བྲང་ནས་ཡི་དམ་དགོངས་འདུས་མ་ལུས་པ་སྤྱན་དྲངས། ཆོས་འབྱུང་ཁོག་དབུབ་སྐོར་པོད་གཅིག་དང་། ༡༥༽རྒྱུད་ཀྱི་སྐོར་པོད་གཅིག ༡༦༽ ཞུས་ལེན་སྐོར་པོད་གཅིག ༡༧༽ ན་རག་དོང་སྤྲུགས་སྐོར་པོད་གཅིག ༡༨༽ སྒྲུབ་པའི་ཁོག་དབུབ་སྐོར་པོད་གཅིག ༡༩༽ སྒྲུབ་ཐབས་སྐོར་པོད་གཅིག ༢༠༽ ལས་བྱང་བསྐང་བཟློག་སྐོར་པོད་གཅིག ༢༡༽ དབང་གི་སྐོར་མ་ཧཱ་ཡོ་གར་གཏོགས་པ་ལ་པོད་གཅིག ༢༢༽  ཁྲོས་མའི་སྐུ་རང་བྱུང་གི་གསང་བ་ཆོས་འབྱུང་འབར་བའི་ཧོམ་ཁུང་ནས་མཁའ་འགྲོ་གསང་བ་སུམ་དྲིལ་བསྐྱེད་རྫོགས་ལས་ཕྲན་དང་བཅས་པ་པོད་གཅིག ༢༣༽ མགོན་པོ་འོད་དཔག་མེད་ཀྱི་སྒྲུབ་སྐོར་དང་། མཁའ་ལྡིང་ཁྱུང་གི་སྐོར་ལས་མཐའ་དང་བཅས་པ་པོད་གཅིག་བཅས་ཨ་ནུ་ཡོ་གའི་སྐོར་གཏོགས་ལ། ༢༤༽ ཁྲོས་མའི་ཕག་ཞལ་གདེང་ཀའི་འོག་ནས་རྫོགས་ཆེན་འཁོར་འདས་རང་གྲོལ་རྒྱུད་དང་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་ཆོས་སྐོར་ཟབ་རྒྱས་པོད་ཆེན་གཅིག་དང་། ༢༥༽ ༢༦༽ ༢༧༽ མགོན་པོ་ཕྱག་བཞི་པའི་རྒལ་ཁུང་ནས་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་རྒྱུད་དང་བསྐྱེད་རྫོགས་ཟབ་ལ་འདྲིལ་བ་པོད་དང་། ༢༨༽ ༢༩༽ གཞན་གཏེར་གནས་གསང་རྒྱའི་གནས་ནས་ཆོས་སྐྱོང་དགོངས་འདུས་སྐོར་པོད་གཉིས་བཏོན། ༣༠༽ སོ་བདུན་ལྕགས་ལུག་ལོར་མདོ་ཁམས་གཙང་གཤིས་རྡོ་རྗེ་གྲོ་ལོད་ཀྱི་རྒྱལ་བ་རྒྱ་མཚོའི་དབུ་ཐོད་ནས་ཟབ་མོ་གསང་བ་ཡོངས་འདུས། གྲོ་ལོད་ཞི་དྲག །ཛམ་དམར་སྟག་ཞོན་བཅས་ཀྱི་སྒྲུབ་སྐོར་ལས་མཐའ་པོད་གཅིག ༣༡༽ ༣༢༽ གནས་དེའི་ཕ་བང་མཁལ་མ་འདྲ་བ་ནས་མཁའ་འགྲོ་བདུད་བདུལ་དྲག་མོའི་རྒྱུད་དང་སྒྲུབ་ཐབས་ལས་མཐའ་པོད་གཉིས། ༣༣༽ ཞེ་དགུ་ཆུ་ལུག་ལོར་སྤོ་བོ་འདུང་ཆུའི་ལྷ་ཁང་ནས་ཐུགས་རྗེ་ཆེན་པོ་མི་ཏྲ་སྙིང་ཐིག་གི་ཆོས་སྐོར་ལས་གཞུང་སེམས་བསྐྱེད་ཀྱི་ཁྲིད་བཅས་པོད་གཅིག །འདི་ལོར་ཤེལ་ལེབ་ནས་དམ་རྫས་ཨ་མ་རིལ་བུ་སོགས་སྤྱན་དྲངས། ༣༤༽ དགུང་གྲངས་ལྔ་བཅུ་ཤིང་སྤྲེལ་ལོར་ཟལ་མོའི་རི་སྒྲོལ་མ་ལ་ཁ་ནས་གུ་རུ་ཟིལ་གནོན་གྱི་བསྐང་བཟློག་སྒྲུབ་སྐོར་སྤྱན་དྲངས་པ་དེ་དང་། དགུང་གྲངས་ཞེ་གསུམ་མེ་གླང་ལོར་ཚ་བ་སྒང་སྒྲོལ་མ་བྲག་ཨྱོན་སྒྲུབ་ཕུག་ཆོས་དབྱིངས་མཛོད་ནས་དམ་ཅན་དང་གཡུ་སྒྲོན་མའི་སྒྲུབ་ཐབས་ལས་ཕྲན་དང་བཅས་པ་སྤྱན་དྲངས་པ་པོད་གཅིག་དང་ཡོངས་བསྡོམས་པོད་སོ་བཞི་ཐམ་པ་ལེགས་པར་བཞུགས་ཡོད་དོ།། །།