ཀམ་ཀམ་དོན་གྲུབ་དཔལ་བ

ཀམ་ཀམ་དོན་གྲུབ་དཔལ་བ

ཁོང་ནི་རབ་བྱུང་དྲུག་པའི་ཤིང་མོ་སྦྲུལ་ལོ་སྟེ་སྤྱི་ལོ 1365ལོར་འཕན་ཡུལ་དུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་དགུང་ལོ་དགུ་པར་ཡི་གེའི་སྦྱོར་ཀློག་བསླབས་པས་ལེགས་པར་མཁྱེན་ཏེ་བྱིས་པ་ཤེས་རབ་ཅན་དུ་གྲགས། དགུང་ལོ་བཅུ་གསུམ་པར་མཁན་ཆེན་བློ་བཟང་དང་སློབ་དཔོན་གུ་རུ་གཉིས་ལས་རབ་ཏུ་བྱུང་ཞིང་མཚན་ལ་དོན་གྲུབ་དཔལ་བ་ཞེས་གསོལ། དགུང་ལོ་བཅུ་བཞི་པར་མཁན་ཆེན་བློ་བཟང་ལ་ལོ་ངོ་བརྒྱད་ཀྱི་རིང་དུ་བསྟེན་ཏེ་འདུལ་བ་ལ་སོགས་པའི་ཆོས་གཞུང་རྣམས་ལ་ལེགས་པར་སྦྱངས། དགུང་ལོ་ཉི་ཤུ་རྩ་གཉིས་པར་མཁན་ཆེན་ཤཱཀྱ་མི་ཏྲ་སོགས་ལས་བསྙེན་པར་རྫོགས། གཞན་ཡང་གསང་ཕུ་བ་བློ་གྲོས་བརྟན་པ་དང་། མཁས་གྲུབ་རྡོ་རྗེ་རྒྱལ་མཚན། རྡོ་རྗེ་འཛིན་པ་གཞོན་ནུ་རྒྱལ་མཚན། རྣལ་འབྱོར་དབང་ཕྱུག་གཞོན་ནུ་འཕེལ། བྱ་ཡུལ་བློ་གྲོས་རྣམ་དག མཁན་ཆེན་སེང་རྒྱལ་བ། རི་ཁྲོད་པ་མགོན་པོ་ཡེ་ཤེས། སྟག་ལུང་ལོ་ཙཱ་བ་ཤཱཀྱ་བཟང་པོ། ཐང་སག་པ་ཀུན་སྤངས་གཞོན་ནུ་རྒྱལ་མཚན། ཀུན་སྤངས་ཡེ་ཤེས་རྒྱལ་མཚན། མཁས་བཙུན་གཞོན་ནུ་འོད། སྟན་གཅིག་པ་ལུང་གི་རྒྱ་མཚོ་སོགས་ཡོངས་སུ་གྲགས་པའི་དགེ་བའི་བཤེས་གཉེན་རྣམས་ལ་བསྟེན་ནས་མདོ་ སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་མཛད་ཅིང་སྒྲུབ་པ་ཉམས་ལེན་ཡང་དེ་ལྟར་མཛད་པས་བསྟན་པའི་བདག་པོར་གྱུར། དགུང་ལོ་ཉི་ཤུ་རྩ་གསུམ་པ་རབ་བྱུང་བདུན་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ1387ལོར་ཀམ་ཀམ་གྱི་གདན་སར་ཕེབས་ཤིང་ཡུན་རིང་དུ་གདན་ས་བསྐྱངས། བསྟན་འཛིན་གྱི་སྐྱེས་བུ་མང་དུ་གསོ་སྐྱོང་མཛད་ཅིང་བཤད་སྒྲུབ་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད། དགུང་ལོ་ལྔ་བཅུ་ང་གཉིས་པ་རབ་བྱུང་བདུན་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ1417 ལོར《ཆོས་འབྱུང་བསྟན་པ་རིན་པོ་ཆེའི་གསལ་བྱེད》ཅེས་བསྟན་བཅོས་བརྩམས། ཁོང་ནི་ཀམ་ཀམ་གྱི་གདན་རབས་བཅུ་པ་ཡིན་ནོ།།