ཀརྨ་ངེས་དོན་བསྟན་འཛིན་འཕྲིན་ལས་རབ་རྒྱས

ཀརྨ་ངེས་དོན་བསྟན་འཛིན་འཕྲིན་ལས་རབ་རྒྱས ཁོང་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་1770ལོར་མདོ་ཁམས་ཁུལ་དུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་དགུང་ལོ་ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ཞུགས་ཏེ་རབ་བྱུང་བསྒྲུབས་ཤིང་ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་བཅས་ལ་བྱང་བ་མཛད། དེ་ནས་ཡོངས་སུ་གྲགས་པའི་དགེ་བའི་བཤེས་གཉེན་མང་པོའི་ཞབས་པད་ལ་བསྟེན་ཏེ་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད། ཁྱད་པར་དུ་འཇམ་མགོན་བསྟན་པའི་ཉིན་བྱེད་ཀྱི་དྲུང་དུ་ཡུན་རིང་བསྟེན་ནས་གསོ་བ་རིག་པའི་གཞུང་ལུགས་མཐའ་ཀླས་པ་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་ཅིང་མཁས་པ་ཆེན་པོར་གྱུར། དགུང་ལོ་ཉེར་དགུ་པ་རབ་བྱུང་བཅུ་གསུམ་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ1789ལོར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་ཉེ་འདབས་དབེན་པ་ཟླ་རིས་སུ《འཆི་མེད་ནོར་བུའི་ཕྲེང་བ》ཞེས་པའི་སྨན་སྦྱོར་སྐོར་གྱི་ལག་ལེན་ཚད་ཐུབ་ལྗགས་བརྩམས་མཛད། དེའི་བུ་ཡིག་གི་ཚུལ་དུ《ལྷན་ཐབས་སྙིང་གི་ནོར་བུ》ཞེས་པ་བཅས་ལྗགས་བརྩམས་གནང་ངོ་།