ཀརྨ་དགོན་ཀརྨ་རིན་ཆེན་གླིང་།

ཀརྨའི་གདན་ས་བར་པ་ས་སྤྱོད་གསུང་གི་འཁོར་ལོ་འོག་མིན་ཀརྨ་རིན་ཆེན་གླིང་ནི། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་བྱང་ངོས་ཀརྨ་ཡུལ་ཚོའི་མངའ་ཁོངས་སུ་ཡོད་པའི་བཀའ་བརྒྱུད་པའི་དགོན་ཆེན་ཞིག་སྟེ། ཀརྨ་པ་དུས་གསུམ་མཁྱེན་པའམ་ཁམས་པ་དབུ་སེ་དགུང་ལོ་བདུན་ཅུ་དོན་དྲུག་རབ་བྱུང་གསུམ་པའི་ཤིང་མོ་སྦྲུལ་གྱི་ལོ་ཕྱི་ལོ་༡༡༨༥ལ་མཉམ་མེད་དྭགས་པོ་རིན་པོ་ཆེས་ལུང་བསྟན་པ་ལྟར་རྗེ་ཉིད་ཀྱི་གསང་མཚན་དང་མཐུན་པའི་གནས་ཆབ་མདོ་རྫ་རྒྱུད་གླེ་ཐུ་ཀརྨ་རུ་ཆག་བཏབ་སྟེ་བླ་མ་ལྷ་ཁང་གི་གཙུག་ལག་ཁང་བཞེངས་ལ། དེ་ནས་རིམ་པས་གྲྭ་བུ་སློབ་ནམ་མཁའི་སྐར་ཚོགས་བཞིན་འདུས་པ་ལ་སོ་སོའི་ཁམས་དབང་དང་འཚམས་པའི་བཤད་ཁྲིད་ཀྱིས་བསྐྱངས་ནས་ལོ་ལྔ་ཙམ་ལ་བཞུགས་པས་རྗེ་ཉིད་ཀྱི་གསང་མཚན་དང་མཐུན་པའི་གནས་མིང་གང་ཟག་ལ་དངོས་སུ་ཐོགས། དེ་ནས་རྗེ་དུས་མཁྱེན་ཉིད་དབུས་སུ་བྱོན་ཁར་གདན་སའི་འཆར་བཀོད་སོགས་ལེགས་པར་མཛད་དེ་བཀའ་བབ་བུ་ལྔའི་ཡ་གྱལ་བརྒྱུད་འཛིན་གྱི་བུ་ཆེན་འགྲོ་མགོན་རས་ཆེན་ཀརྨའི་གདན་ས་པར་བསྐོས་ཤིང་བསླབ་བྱ་རྒྱས་པར་གནང་ནས་དབུས་ཕྱོགས་སུ་ཕེབས། དེ་ནས་རྗེ་འགྲོ་མགོན་རས་ཆེན་གྱིས་གཙང་ཁང་གསུམ་དང་འགྲོ་མགོན་ཁྱམས་ཆེན་དུ་གྲགས་པ་དང་། བླ་མ་ལྷ་ཁང་དུ་དུས་མཁྱེན་འདྲ་སྐུ་ཁྱད་འཕགས་བདུན་ལྡན་སོགས་བཞེངས། ཀརྨ་པཀྴིས་བྱམས་པའི་སྐུ་ཆེན་ཐོག་བརྩེགས་ལྔ་ལྷག་ཡོད་པ་སོགས་བཞེངས་པ་དང་གདུང་འབུམ་གསུམ་ལ་གསེར་གདུགས་གསོལ། རྗེ་རང་བྱུང་ཞབས་ཀྱིས་གཙུག་ལག་ཁང་ཀ་བ་ལྔ་བཅུའི་ཁ་མལ་རྒྱ་བསྐྱེད་པ་དང་། ཆོས་གྲྭ་དང་སྒྲུབ་གྲྭ་བཙུགས་ཤིང་ཆོས་འཆད་ཉན་དང་སྒོམ་སྒྲུབ་སོགས་བྱེད་པའི་བསྟན་རྩ་དགེ་འདུན་གྱི་སྡེ་ཤིན་ཏུ་མང་པོ་འདུས་པ་སོགས་དར་རྒྱས་རྒྱ་ཆེར་མཛད། རྗེ་བདུན་པ་ཆོས་གྲགས་རྒྱ་མཚོས་གཙང་ཁང་དབུས་མའི་ནང་ཐུབ་ཆེན་འཛམ་གླིང་རྒྱན་ཐོག་བརྩེགས་བཞི་ལྷག་ཡོད་པ་སོགས་བཞེངས། སི་ཏུ་ཆོས་ཀྱི་རྒྱལ་མཚན་མཆོག་གིས་བསྟན་གཞི་གཙུག་ལག་ཁང་ཀ་བ་བརྒྱ་དང་ལྔ་བཅུ་ང་བརྒྱད་ཀྱི་རྒྱ་ཁྱོན་ཅན་མཐའ་བསྐོར་ལ་ཐོག་བརྩེགས་གསུམ་གྱི་ཚད་དང་གནམ་ཡོལ་ལ་བཞི། གཙོ་ཁང་གསུམ་ལ་བདུན་ཙམ་ཡོད་པ་སོགས་བཞེངས་ཤིང་དར་རྒྱས་རྒྱ་ཆེར་མཛད། དེ་བཞིན་གདན་རབས་རིམ་པར་བྱོན་པ་རྣམས་ཀྱིས་འཛིན་སྐྱོང་སྤེལ་གསུམ་ཚུལ་བཞིན་དུ་བྱས་ནས་ད་སྔོན་མི་ལོ་བརྒྱ་ཕྲག་མང་པོ་ཕྱིན། ད་སྐབས་ཀྱང་སྒྲུབ་ཁང་ཁག་གཉིས་དང་། དགོན་གཞུང་བཤད་གྲྭ་བཅས་ནས་བླ་གྲྭ་སུམ་བརྒྱ་ལྔ་བཅུ་ལྷག་གིས་བཤད་སྒྲུབ་འཁོར་ལོ་གསུམ་གྱིས་སྒོ་ནས་སྔར་མའི་སྲོལ་རྒྱུན་མ་ཉམས་པར་ལས་ལ་སྦྱོར་བཞིན་པ་ལགས་སོ།། གནས་འདིར་མཐོ་ཚད་ལ་མཚོ་འཕགས་སྨི་༤༠༥༠ཙམ་ཡོད་དོ།།