ཀོང་རོང་སྨན་བླ་དོན་གྲུབ་

ཀོང་རོང་སྨན་བླ་དོན་གྲུབ་ ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་ 1675 ལོར་ཀོང་སྟོད་བཀྲ་ཤིས་འབྲས་སྤུངས་སུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་གིས་སྨན་བླ་ཚེ་དབང་དང་། སློབ་དཔོན་གཞན་ཕན་བདེ་ཆེན་རྒྱལ་པོ། དྲུང་འཚོ་བ་སངས་རྒྱས་བཅས་ཀྱི་ཞབས་པད་ལ་བསྟེན་ནས་སྤྱིར་མདོ་སྔགས་རིག་གནས་དང་། སྒོས་སུ་གསོ་བ་རིག་པའི་གཞུང་ལུགས་ལ་ཐོས་བསམ་རྨད་དུ་བྱུང་བ་མཛད། དེ་ནས་གསོ་རིག་གི་གཞུང་ལུགས་དང་ལག་ལེན་གཉིས་ཟུང་དུ་སྦྲེལ་ཏེ་འགྲོ་བ་མང་པོའི་ནད་ཀྱི་སྡུག་བསྔལ་ཞི་བར་མཛད། ཁོང་གིས་སྦྱིན་བདག་མཛད་དེ་དཔལ་ལྡན་རྒྱུད་བཞིའི་དཔར་ཤིང་གསར་དུ་བསྐྲུན་ཏེ་སྒམ་པོའི་དཔར་མ་ཞེས་གྲགས་སོ། ཁོང་གི་གསུང་རྩོམ་ནི《དཔལ་ལྡན་གསོ་བ་རིག་པའི་མན་ངག་ཀུན་ལས་ཟབ་གཅེས་ཡང་བཅུད་བསྡུས་པ་ཕན་བདེ་འབུམ་ཕྲག་》དང་། 《མན་ངག་ཕན་བདེ་འབུམ་ཕྲག་ལས་འཕྲོས་པའི་བརྡ་ཚིག་གསང་རྒྱའི་ལྕགས་འབྱེད་གསེར་གྱི་ལྡེ་མིག་》། 《རེག་ཟིག་ནེའུ་ལེའི་རྐྱལ་བ་》། 《ཕྱི་རྒྱུད་ཕ་ལམ་རིན་ཆེན་འཁོར་ལོ་》བཅས་བཞུགས་སོ། །