ཀོང་སྤྲུལ་བློ་གྲོས་མཐའ་ཡས་
མཛོད་ལྔའི་ཤིང་རྟའི་ལམ་སྲོལ་གསར་དུ་འབྱེད་པ་པོ་ཀུན་མཁྱེན་པདྨ་གར་དབང་བློ་གྲོས་མཐའ་ཡས་སམ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་ནི། ཡབ་ཁྱུང་པོ་བླ་མ་གཡུང་དྲུང་བསྟན་འཛིན་དང༌། ཡུམ་བཀྲ་ཤིས་མཚོ་བྱ་བའི་སྲས་སུ་རབ་བྱུང་བཅུ་བཞི་པའི་ཆུ་མོ་བྱ་ཡི་ལོ་ཟླ་བ་བཅུ་པའི་ཚེས་བཅུའི་ཉི་ཤར་ལ་གནས་མཆོག་པདྨ་ལྷ་རྩེའི་མདུན་རོལ་དུ་ངོ་མཚར་བའི་ལྟས་དང་བཅས་ཏེ་ཡུམ་ལ་གནོད་པ་མེད་པར་སྐུ་འཁྲུངས། ཀ་ཁ་ཙམ་ཡང་མ་བསླབས་པའི་གོང་དགུང་གྲངས་བཞི་པའི་ཐོག་ནས་འཇམ་དཔལ་དཀར་པོའི་སྒྲུབ་ཐབས་རང་རྡོལ་དུ་གསུངས་པ་དང༌། བྱིས་པའི་རྩེ་ར་ཚུན་དུ་དབང་བསྐུར་བ། ཆོས་བཤད་པ། ལྷ་ཁང་བཞེངས་པ། རང་ཉིད་གུ་རུའི་རྣམ་འཕྲུལ་དུ་ཞལ་གྱིས་བཞེས་པ་སོགས་དམ་པའི་རྣམ་ཐར་སྒྲིབ་མེད་དུ་གསལ། དགུང་གྲངས་བཅོ་ལྔ་པའི་ཐོག་དག་པའི་གཟིགས་སྣང་དུ་ནམ་མཁར་ཨོ་རྒྱན་རིན་པོ་ཆེ་ཟ་ཧོར་མའི་ཆས་ཅན་འོད་ཀྱི་དཀྱིལ་འཁོར་དམར་སེར་གྱིས་ཁྱབ་པའི་གཟི་བརྗིད་ཉི་འོད་ལྟར་འབར་བ་ལས་འོད་མེ་ལོང་ཙམ་ཞིག་བྱུང་ནས་སྐུ་ལུས་ལ་ཕོག་པས་ཐུགས་གཏད་མེད་དུ་སོང༌། དེ་ལས་སད་ཙ་ན། བུད་མེད་འགས་ད་དུང་ནམ་མཁའ་ལ་ལྟོས་དང་སྲིད་པའི་རྒྱལ་མོ་དབུ་བརྒྱ་ཕྱག་སྟོང་བྱོན་འདུག་ཟེར་བ་དང་གཟིགས་པས་ནམ་མཁའ་འཇའ་ཚོན་གྱིས་གང་བའི་ནང་ན་སྐུ་ཅུང་ཟད་གསལ་ཉམས་བྱེད་པ་ཙམ་ལ་སད། དེ་ནས་བཟུང་དགོངས་གཏེར་གྱི་རིགས་དུ་མ་ཐུགས་ལས་བརྡོལ།བཅུ་དྲུག་པའི་ཐོག་སྦྱིན་བདག་ཁང་གསར་པའི་མཐུན་རྐྱེན་ཕྲན་བུ་དང་བཅས། ཞེ་ཆེན་སྒྲུབ་སྡེ་པདྨ་འོད་གླིང་དུ་པཎ་ཆེན་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གྱི་ཞབས་པད་བསྟེན་ཅིང༌། སྐུ་སྔོན་མ་གྲུབ་ཆེན་པའི་ཉེ་གནས་བླ་རྒན་ཨོ་རྒྱན་དཔལ་འབྱོར་གྱི་རྩར་བཞུགས། དེ་ནས་བཟུང་ལོ་དྲུག་གི་བར་དུ་པཎ་ཆེན་བླ་མ་མཆོག་ལས་ཕྱི་ཐ་སྙད་རིག་པ་ཡན་ལག་དང་བཅས་པ། ནང་ཐེག་པའི་རིམ་པ་དང་གྲུབ་མཐའ་རྒྱ་མཚོའི་རྣམ་བཞག གསང་བ་རྡོ་རྗེ་ཐེག་པ་ལམ་རིམ་པ་གཉིས་ཀྱི་མན་ངག་གི་སྐོར་སོགས་གསན་བསམ་མཐར་ཕྱིན་པར་མཛད། ཁྱད་པར་པཎ་ཆེན་བླ་མ་དེ་ཉིད་དུས་གསུམ་སྒྲིབ་མེད་དུ་གསལ་བའི་ཡེ་ཤེས་ཀྱི་གཟིགས་པ་ལ་ཆགས་ཐོགས་རྡུལ་ཙམ་ཡང་མི་མངའ་བས། ཕྱི་མཐར་གཟིགས་པའི་ལུང་བསྟན་ངོ་མཚར་བའི་དབུགས་དབྱུང་དང་བཅས། སྨད་འདུལ་སྔ་འགྱུར་པའི་སྡོམ་རྒྱུན་གྱིས་ཚིག་གསུམ་བར་མ་ཆོད་པའི་བསྙེན་རྫོགས་དང༌། འདུལ་བའི་ལག་ལེན་ཞིབ་ཁྲིད། བཀའ་བརྒྱད་དང་འདོད་བུམ་གཙོ་བོར་གྱུར་བའི་གསང་ཆེན་སྨིན་གྲོལ་ཞལ་ཤེས་དམར་ཁྲིད་དང་བཅས་པ། དེ་དག་གི་རྒྱབ་རྟེན་དུ། བཀའ་འགྱུར། རྙིང་རྒྱུད། བླ་མ་དགོངས་འདུས། ཀུན་མཁྱེན་ཡབ་སྲས་ཀྱི་བཀའ་འབུམ། དོལ་པོའི་རི་ཆོས། རང་བྱུང་ཞབས་ཀྱི་ནང་དོན། སྨིན་གླིང་པའི་སྡོམ་གསུམ་སོགས་ཀྱིས་མཚོན་ཆོས་བཀའ་མཐའ་ཡས་པ་སྩལ་ཅིང་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ་བའི་རྟེན་འབྲེལ་བཅས་བཤད་སྒྲུབ་ཀྱི་བསྟན་པ་གཏད། དེ་དག་གི་བར་མཚམས་རྣམས་སུ་དེར་བཞུགས་ཀྱི་མཁས་གྲུབ་དུ་མ་ལས་སྨིན་གྲོལ་བཤད་བཀའ་ཉམས་མྱོང་གོ་ཁྲིད་སོགས་ངོམས་མེད་དུ་གསོལ་བ་ལས་སྒྲུབ་ཆེན་བསྟན་འཕེལ་གྱིས་ཐུགས་ཆེན་བདེ་ཀུན་གྱི་དབང་བཞི་པའི་སྐབས་མེ་ལོང་ལ་བརྟེན་ནས་ངོ་སྤྲོད་ཞིབ་མོར་སྩལ་པས་གནས་ལུགས་ཀྱི་གོ་བའི་གཏིང་རྙེད། རི་བསྐོར་ལ་ཕེབས་སྐབས་སྔགས་རམས་པ་ཀུན་བཟང་གསང་སྔགས་ལ་བརྟེན་ནས་བདེ་སྟོང་ཕྱག་རྒྱ་ཆེན་པོ་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་གྱུར། གནས་འདིར་བཞུགས་རིང་བར་ཆད་ཀྱི་གཡུལ་ལས་རྒྱལ་བའི་རྟགས་མཚན་དང་དག་པའི་གཟིགས་སྣང་མཐའ་ཡས། ཁྱད་པར་གནས་ནང་དེར་གཏེར་རྟགས་དང་གཏེར་སྒོ་གསལ་བར་གཟིགས་ཀྱང་ཆེད་གཉེར་མ་མཛད་མོད། རྡོ་རྗེ་བེ་ཅོན་དང་ལྷ་མོའི་སྐོར་སོགས་དགོངས་གཏེར་གྱི་ཆོས་ཚན་ཆ་ཤས་གཏན་ལ་འབེབས་པར་མཛད་པ་བཅས་ཐོག་མའི་རྟེན་འབྲེལ་ལེགས་པར་འགྲིགས། དེ་ལྟར་ལོ་དྲུག་ཟིན་མཚམས་དེད་དཔོན་ཆེན་པོ་རྒྱ་མཚོ་ནས་དོན་ལེགས་པར་གྲུབ་པ་བཞིན་ལུང་རྟོགས་ཡོན་ཏན་གྱི་འབྱོར་པའི་སྐྱེས་ཚད་མེད་པ་དང་བཅས་གངས་རིའི་ཁྲོད་ཀྱི་ཤམ་བྷ་ལ་དཔལ་སྤུངས་ཡིད་དགའ་ཆོས་འཛིན་དུ་ཕྱག་ཕེབས། རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོས་ཐུགས་སྲས་ཀྱི་ཐུ་བོར་བཟུང་ནས། སླར་ཡང་སྟོད་འདུལ་ཁ་ཆེ་ལུགས་ཀྱི་སྡོམ་རྒྱུན་གྱིས་མཚོན་སྡོམ་པ་གསུམ་གྱི་རྒྱུད་སྡོམ་པ་སྔོན་དུ་འགྲོ་བས་ཟབ་རྒྱས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུས་རྗེས་སུ་བཟུང་ཞིང༌། རྗེ་ཆོས་ཀྱི་འབྱུང་གནས་ཀྱིས། རྒྱལ་དབང་བདུད་འདུལ་རྡོ་རྗེ་དང༌། དེས་རྗེ་ཉིད་ལ་བསྟན་པ་གཏད་པ་བཞིན་ངེས་གསང་སྙིང་པོའི་བསྟན་པ་གཏད་ནས་དོན་གྱི་རྒྱལ་ཚབ་གཅིག་པུར་དབང་བསྐུར། གཞན་ཡང་རིས་མེད་ཀྱི་སྐྱེས་ཆེན་བརྒྱ་ཕྲག་ཕྱེད་ཀྱི་ཞབས་པད་བསྟེན་ནས། བོད་འདིར་ཡོངས་སུ་གྲགས་པའི་བཤད་རྒྱུན་འདེགས་པའི་ཀ་ཆེན་བཅུ་དང༌། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་རྗེས་འབྲང་དང་བཅས་པ་རིང་ལུགས་དེང་སང་རྒྱུན་གང་བཞུགས་ཐུགས་མཚོར་བསྐྱིལ། དེ་དག་ཀྱང་སྒྲུབ་པ་ཉམས་ལེན་གྱི་སྒོ་ནས་གཏན་ལ་ཕབ་སྟེ། གསར་རྙིང་གི་དཀྱིལ་འཁོར་ཆེན་པོ་བརྒྱ་ཕྲག་ཏུ་ཉེ་བའི་ལྗགས་བསྙེན་དང༌། དེ་དག་གི་རྫོགས་རིམ་ཟབ་མོ་རྣམས་ཀྱི་ཉམས་བཞེས་མཐར་ཕྱིན་པར་མཛད་པས་སའི་སྟེང་ན་འགྲན་ཟླ་དང་བྲལ་བའི་མཁས་གྲུབ་ཆེན་པོར་གྱུར། དེ་དག་གི་སྐབས་སུ་དངོས་ཉམས་རྨི་ལམ་གྱི་ཚུལ་དུ་གྲུབ་པའི་མངོན་རྟགས་མཐའ་ཡས་པ་བྱུང་བ་ནི། རྗེ་ཉིད་ཀྱི་རྣམ་ཐར་ཞལ་གསུང་མར། ལར་འདི་སྐོར་ནས་དབང་ལུང་གསར་ཐོབ་དང་འདོན་བྱ་ཆེ་ཆུང་གང་བྱས་ཀྱང་དེའི་ལྟས་མཚན་རེ་རྒྱུན་དུ་འོང་བ་ཞིག་ཡོད་ཅེས་གསུངས་པས་མཚོན་ནུས་ལ། གུ་རུ་རིན་པོ་ཆེའི་གཏེར་ལུང་ནས་གསལ་བ་ལྟར་ངེས་གསང་སྙིང་པོའི་བསྟན་པའི་བཙས་གཅིག་པུར་དགོངས་པས་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་རྟེན་དང་བརྟེན་པར་བཅས་པ་གསར་བསྐྲུན་དང༌། སྙིང་པོའི་སྒྲུབ་པ་པོ་རྒྱུན་འཇོག དེ་དག་གི་ཉམས་ལེན་གྱི་ཁྲིད་ཀ་སོགས་ཞིབ་པར་ཡང་ཁྲོད་དཀར་ཆག་ཆེན་མོར་གསལ་བ་དང༌། རྫོང་ཤོད་བདེ་གཤེགས་འདུས་པའི་གནས་སུའང་ཕལ་ཆེར་དེ་མཚུངས།བོད་ཁམས་བདེ་བའི་ཕྱིར་མདོ་ཁམས་གནས་ཆེན་རྣམས་གཙོ་བོར་གྱུར་པར། སྔ་རྗེས་བཀའ་གཏེར་གྱི་སྒྲུབ་ཆེན་ཁོ་ནའང་བརྒྱ་ཕྲག་ཕྱེད་གཉིས་ལྷག་བཅས་མཚོན་ཨོ་རྒྱན་དུས་གསུམ་མཁྱེན་པའི་ལུང་དོན་བཞིན་བསྟན་འགྲོའི་བདེ་ཐབས་འབའ་ཞིག་ཏུ་བརྩོན་པའི་རྣམ་ཐར་གཅིག་པུའང་སུས་ཀྱང་འགྲན་བྱར་མ་གྱུར་ཞིང༌། དེ་དག་གི་སྐབས་སུ་རྩ་བ་གསུམ་གྱི་ལྷག་པའི་ལྷས་ཞལ་སྟོན་པ་དང་དབང་བསྐུར་བྱིན་གྱིས་བརླབས་ཤིང་རྗེས་སུ་གདམས་པ་དང་ལུང་སྟོན་པ་སོགས་ཐུན་མོང་མ་ཡིན་པའི་གསང་བ་ཟབ་མོ་རྣམས་ཕལ་གྱི་སྤྱོད་ཡུལ་དུ་མི་འགྱུར་ནའང༌། ངོ་མཚར་བའི་རྟགས་མཚན་ཀུན་གྱི་མཐུན་སྣང་དུ་གྲུབ་པར། སྔར་མཐོང་མ་མྱོང་བའི་འཇའ་འོད་ཀྱི་གུར་དང་མེ་ཏོག་གི་ཆར། དམ་རྫས་ར་ས་ཡ་ན་སྒྲུབ་པའི་དྲིས་རྒྱང་རིང་དུ་ཁྱབ་པ། ཉིན་མཚན་དུ་སྙིང་པོ་སྔགས་ཀྱི་རང་སྒྲ་དིར་དིར་དུ་སྒྲོགས་པ། བདུད་རྩི་ཁོལ་ཞིང་རཀྟ་ཕྱུར་བ། ཚོགས་འཁོར་གྱི་སྐབས་སུ་ཌཱ་ཀི་འདུ་རྟགས་བྱ་རྒོད་མང་པོ་ཚོགས་ལ་ལོངས་སྤྱོད་པ་སོགས་ཆེར་མང་ཞིང༌། གཞན་ཡང་སྒྲུབ་ཁང་ལ་ཟང་ཐལ་དུ་གཤེགས་པ།རྡོ་ལ་ཕྱག་ཞབས་ཀྱི་རྗེས་འཇོག་པ། མངོན་ཤེས་སྒྲིབ་མེད་དུ་གསལ་བ། སྙིགས་དུས་ཀྱི་དམ་སྲི་གདུག་པ་ཅན་རྣམས་ཚར་གཅོད་པ་སོགས་གྲུབ་པའི་མངོན་མཚན་སྨོས་ཀྱིས་མི་ལང༌།ཁྱད་པར་སྔོན་གྱི་སྨོན་ལམ་དུས་སུ་སྨིན་པའི་དབང་གིས་ཐུན་མིན་མཛོད་ལྔའི་བཀའ་བབས་ཚུལ་ནི། རིགས་ཀུན་ཁྱབ་བདག་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་རྩལ་དང་སྐུ་ཆུང་ངུའི་དུས་ནས་ཕན་ཚུན་ཕ་བུ་འཕྲད་པ་བཞིན་དུ་ཐུགས་ཤིན་ཏུ་ཉེ་བས་དབང་ཆོས་ཀྱི་བདུད་རྩི་སྟོབས་རེས་དང༌། ཕྱིས་གོང་དུ་སྨོས་པ་བཞིན་སྒྲུབ་བརྒྱུད་བརྒྱད་དང་བཀའ་བབས་བདུན་གྱི་གསང་མཛོད་ཟབ་མོའི་སྒོ་དབྱེ་བའི་སྐབས་ལུང་ཟིན་རྩ་བའི་ཆོས་བདག་གཅིག་པུར་དགོངས་ནས་ཟབ་རྒྱས་ཀྱི་གདམས་པ་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་སྩལ་ཅིང་བསྟན་པ་གཏད། དེ་བཞིན་དུ་གོང་སྨོས་ལུང་གིས་གསལ་བ་བཞིན། ལྷ་སྲས་རྣམ་འཕྲུལ་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པ་ལའང་བཀའ་བབས་བདུན་གྱི་གསང་མཛོད་སྤྱི་དང༌། ཁྱད་པར་སྔ་འགྱུར་བཀའ་གཏེར་གྱི་བཀའ་བབས་ཐུན་མོང་མ་ཡིན་པ་མངའ་བས་དེ་དག་གི་སྨིན་གྲོལ་གྱི་རྒྱུན་དང་བཀའ་རྒྱ་གདམས་གཏད་ཐུན་མིན་སྩལ་པ་དང༌། གུ་རུ་རིན་པོ་ཆེས་ཀྱང༌།ལས་འཕྲོ་དང་སྨོན་ལམ་གྱི་ཤུགས་ཡིན་པས་གང་འདོད་བསྡུ་སྒྲིགས་ཆོག་པའི་བཀའ་ལུང་ཐོབ་པ་བཅས་ཀྱིས་ཐུགས་སྤྲོ་བ་བརྟས་ཏེ་བཀའ་ཡི་བསྡུ་བར་ཞུགས་བའི་སྐབས། རབ་ཚེས་མེ་ཡོས་ཟླ་བ་བཅུ་གཅིག་པའི་དགའ་བ་དང་པོར་ཡང་ཁྲོད་སྒྲུབ་ཁང་གི་རབ་གནས་སུ་རྗེ་མཁྱེན་བརྩེ་རིན་པོ་ཆེ་ཕེབས་པར་དག་པའི་སྣང་བ་མུ་མེད་པར་ཤར། སྐབས་ཤིག་རི་བོ་ལྟ་བུའི་མཆོད་རྟེན་ཞིག་གི་ཕྱོགས་བཞིར་སྒོ་བཞི། ནང་དུ་མཛོད་ལྔ་ཡོད་པའི་མཛོད་རེ་རེ་བཞིན་ཆོས་གཏེར་གྱིས་གཏམས་པ་ལ་པཎ་གྲུབ་དང་མཁའ་འགྲོ་མང་པོས་བརྡ་སྤྲད། རྗེ་ཉིད་ནས་ཀྱང་གཟིགས་པ་བཙལ་བས་དེ་དག་ལ་དོན་གང་ཡོད་ཐུགས་ལ་ངེས་ཤིང་དེའི་སྲུང་མ་ཆོས་སྲུང་ཁྱད་པར་ཅན་བཞི་ཡོད་པ་སོགས་ཀྱི་གཟིགས་སྣང་ལ་བརྟེན་མཛོད་ལྔའི་བཀའ་བབས་སུ་ལུང་བསྟན་ཅིང་ཆོས་སྡེ་སོ་སོའི་དཀར་ཆག་གནང་བས་མཚོན་སྔ་རྗེས་ཡང་ཡང་གསུང་བསྐུལ་གནང་བ་བཞིན། གཞི་ལམ་འབྲས་བུའི་བར་གྱི་ཤེས་བྱ་མཐའ་དག་ལ་ཁྱབ་ཅིང་གསལ་བར་སྟོན་པའི་གཞུང་སྐབས་བཅུ་ལ་རྐང་པ་རེ་བཞི་ཡོད་པ་རྩ་བ་དང་འགྲེལ་པར་བཅས་པ་ཐུན་མོང་ཤེས་བྱའི་མཛོད་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་སྟེགས་ལྟ་བུ། མངའ་བདག་མར་པ་ལོ་ཙཱ་ནས་བརྒྱུད་པའི་བདེ་དགྱེས་གསང་གསུམ་གཙོས་བླ་མེད་ཀྱི་རྒྱུད་སྡེ་ཟབ་ཅིང་གཉན་ལ་ཆེས་དཀོན་པ་རྣམས་ཀྱི་སྨིན་གྲོལ་དང་ལྷག་པའི་ལྷ་འགའ་ཞིག་གི་རྗེས་གནང་སྐོར་ཕྱོགས་གཅིག་བསྡུས་པ། ཕྱོགས་དེར་གཏོགས་པའི་ནང་བརྟགས་རྒྱུད་གསུམ་གྱི་འགྲེལ་པ་སོགས་བཀའ་རྒྱུད་སྔགས་མཛོད་ཆེན་མོ། རྙིང་མ་བཀའ་མའི་གྲས་ཡང་དག་དང་ཕུར་པ་འཁོན་ལུགས། ཡང་དག་སོག་ལུགས་ཀྱི་སྒྲུབ་ཁོག་དང་བསྙེན་ཡིག གཤིན་རྗེ་གདོང་དྲུག་སྒྲུབ་དཀྱིལ་དབང་ཆོག རྣམ་འཇོམས་ཁྲོ་དཀར་ནག་སོགས་ཀྱང་བཀའ་མཛོད་འདིར་གཏོགས་པ་དང༌། གཏེར་སྟོན་སངས་རྒྱས་བླ་མ། རྒྱ་ལོ་ཙཱ། རྡོར་འབུམ་ཆོས་གྲགས་ནས་བཟུང༌། མཆོག་གི་སྤྲུལ་སྐུ་གསུམ། གླིང་པ་བཅུ་གཉིས་གཙོ་བོར་གྱུར་པའི་གཏེར་ཆེན་གཏེར་ཕྲན། དེང་སང་བྱོན་པའི་གཏེར་སྟོན་རྒྱལ་པོ་ལྔའི་ཡ་གྱལ་པདྨ་འོད་གསལ་མདོ་སྔགས་གླིང་པ་དང༌། མཆོག་གྱུར་བདེ་ཆེན་གླིང་པའི་བར་གཏེར་སྟོན་ཉིས་བརྒྱར་ཉེ་བའི་གདམས་ཕྲན་རིགས་ཕྱོགས་གཅིག་བསྡུས་པ་རིན་པོ་ཆེ་གཏེར་གྱི་མཛོད་དེ་འདི་གཉིས་ནི་རིན་པོ་ཆེ་འབྱུང་བའི་མཚོ་ལྟ་བུའོ། ། སྐབས་འདིར་དགོས་དབང་ཁྱད་པར་ཅན་དང་རྗེས་སུ་འབྲེལ་བར་དྲན་པ་ཡབ་སྲས་ཀྱི་བླ་སྒྲུབ་ཙམ་འཇོག་གནང་བར་དཔྱོད་ལྡན་ཁ་ཅིག་གི་ཐུགས་ལ་དོགས་པ་འཁྲུངས་བར་སྣང་མོད། ཚུལ་འདི་ལྟ་བུ་ནི་རྒྱལ་བ་རྣམས་ཀྱི་གསང་བ་ཟབ་མོའི་རྣམ་ཐར་ངོ་མཚར་རྨད་དུ་བྱུང་བ་ཡིན་ཏེ། ཕལ་པོ་ཆེ་ལས། ཀྱེ་རིགས་ཀྱི་བུ། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་ཚད་མེད་དེ་འགྲོ་བ་གང་དང་གང་འདུལ་བ་དེ་དང་དེའི་གཟུགས་དང་ཁ་དོག་དང་མིང་གིས་དོན་མཛད་དོ། ། ཡང་སྔ་འགྱུར་རྙིང་མ། བཀའ་གདམས་གསར་རྙིང༌། ལམ་འབྲས་བུ་དང་བཅས་པ། བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད། ཤངས་པ་བཀའ་བརྒྱུད། ཞི་བྱེད་དང་གཅོད་ཡུལ། རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་པ། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་བཅས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་དང༌། མི་ཏྲའི་གདམས་ཁྲིད་སོགས་ཁྲིད་ཕྲན་མང་པོའི་གཞུང་དང་དབང་གདམས་ངག་ཡོངས་སུ་རྫོགས་པ་ཕྱོགས་གཅིག་ཏུ་བསྡུས་པ་གདམས་ངག་རིན་པོ་ཆེའི་མཛོད་ནི་གང་དུ་ཉེ་བར་བགྲོད་པའི་གྲུ་གཟིངས་བཟང་པོ་ལྟ་བུ་དང༌། ཞུགས་ནས་རིན་པོ་ཆེ་བླངས་སྟེ་རང་གཞན་གྱི་དབུལ་བ་སེལ་བ་ལྟ་བུ་ཐུན་མིན་གསང་བའི་མཛོད་ནི། ཉིད་ཀྱི་ཟབ་གཏེར་གྱི་སྐོར་ཏེ། དེ་ཡང་གོང་སྨོས་སྟར་སྐུ་ཆུང་ངུ་ནས་བཀའ་བབས་བརྙེས་ཀྱང༌། བར་སྐབས་རྐྱེན་འགའ་ཞིག་ལ་བརྟེན་ནས་བཏང་སྙོམས་སུ་ལུས་པར། ཕྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་གནས་ཞལ་ཐོག་མར་འབྱེད་བའི་སྐབས་གཏེར་ཆེན་རྣམ་གསུམ་ཞལ་འཛོམས་ཀྱིས་བཀའ་བརྒྱད་ཀྱི་སྒྲུབ་ཆེན་གྲུབ་པའི་རྗེས་ཐོག་དེར། གཏེར་ཆེན་རྣམས་གཉིས་ནས་ཙིཏྟ་གསང་ཕུག་ཏུ་རྡོ་ཁྲི་མཐོན་པོ་བརྩེགས་པའི་ཁར་བཞུགས་སུ་གསོལ་ནས། སྐུ་གསུང་ཐུགས་རྟེན། རིན་ཆེན་དང་པོའི་མཎྜལ་བཅས། རྗེ་ཉིད་ལ་གུ་རུ་རིན་པོ་ཆེས་གསོལ་བའི་མཚན་ཨོ་རྒྱན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་ཡིན་པས་ཕྱིན་ཆད་མཚན་དེ་ལྟར་འདོགས་པ་དང༌། ཟབ་གཏེར་གྱི་རྟེན་འབྲེལ་ཉམས་པ་སོར་ཆུད་དགོས་པའི་གསུང་ནན་བཅས་ཞབས་བརྟན་གནང་བར་མཛད་པ་སོགས་ཀྱིས་དགུང་གྲངས་ང་བརྒྱད་པར་ལྷ་མདོ་འབུམ་མོ་བདེ་ཆེན་པདྨོ་བཀོད་པ་ནས་རྩ་གསུམ་དགོངས་པ་འདུས་པའི་ཆོས་སྡེ། འཕགས་པ་ཀུན་དགའ་བོའི་སྐུ་ཆོས་སློབ་དཔོན་ཧཱུྃ་ཀ་རའི་གསང་གོས་སོགས་སྤྱན་དྲངས་པ་ནས་བཟུང་རིམ་པར་གཏེར་ཀ་བཅུ་གཅིག་ཙམ་ཕྱག་ཏུ་སྨིན་པ་ལས། ཁྱད་པར་རྩ་གསུམ་དགོངས་འདུས་ཉིད་མཛོད་ལྔ་ཡོངས་སུ་རྫོགས་པའི་ཆོས་སྡེ་ཟབ་ཅིང་རྒྱ་ཆེ་བར་བཞུགས་ཤིང༌། བརྡ་ཡིག་ཀྱང་དེ་མཚུངས་རིགས་མི་འདྲ་བ་མང་དུ་བཞུགས་པ་ཡིད་ཆེས་ཤིང་ཐེ་ཚོམ་གྱི་དྲི་མ་བསལ་བའི་ཕྱིར་ཡབ་སྲས་ཞལ་འཛོམས་ཀྱིས་འབེབས་བཞེད་སྐབས། ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེས། འདི་ལ་མཁའ་འགྲོའི་བརྡ་སྒྱུར་ཆེན་མོའི་དབང་དུ་བྱས་ན་སངས་གླིང་བླ་མ་དགོངས་འདུས་ཙམ་ཞིག་འབྱུང་བར་སྣང་ཡང་བརྡ་བསྒྱུར་འབྲིང་པོའི་དབང་དུ་བྱས་པའི་རྒྱས་བསྡུས་འཚམ་པ་ཞིག་ལེགས་གསུངས་ནས། མཛོད་ལྔའི་ནང་ནས་གལ་ཆེ་བའི་ལུང་གཏེར་གྱི་མཛོད་ལ་རྩ་གསུམ་ཆོས་སྐྱོང་གི་སྐོར་བཞི་བཞུགས་པ་ལས་བླ་མ་རིག་འཛིན་མཆོག་སྒྲུབ་ཀྱི་ཆོས་སྡེའི་ཚན་དྲུག་ཙམ་འབེབས་གནང་སྐབས་ཡབ་སྲས་གཉིས་ཀར་དག་པའི་གཟིགས་སྣང་དང་བྱིན་རླབས་ཀྱི་བབས་སོགས་ངོ་མཚར་རྨད་དུ་བྱུང་བའི་ལོ་རྒྱུས་ཀྱིས་མཚོན་རྣམ་ཐར་ཆེན་མོར་གསལ་བ་ལྟར་ལ། ལེགས་པར་གཏན་ལ་ཕབ་གྲུབ་པ་ནི། གང་སྨོས་རྩ་གསུམ་དགོངས་འདུས་ཀྱི་ཆོས་ཚན་དྲུག །ཙཱ་འདྲའི་གཏེར་བྱོན་གསང་ཐིག་ཡབ་བཀའ་ཡུམ་བཀའ། རོང་མེ་དཀར་མོ་སྟག་ཚང་གི་གྲོ་ལོད་སྒྲུབ་ཐབས། ལམ་ཟབ་ལེའུ་བདུན་མ། དག་སྣང་ཚིག་བདུན་ཡབ་བཀའ་ཡུམ་བཀའ་སོགས་ཡིན་ལ། དེ་དག་དང་ལྷན་དུ་བྱོན་པའི་དམ་རྫས་རིགས་སོགས་ཀྱི་འགྲོ་ཕན་གྱི་ཕྲིན་ལས་ཀྱིས་ནི་ཁམས་དབུས་གཙང་གསུམ་དུ་ཁྱབ་པར་གྱུར་ཏོ། ། མཛོད་ཆེན་ལྔ་དེ་དག་ཅི་རིགས་པ་དང་རྗེས་སུ་འབྲེལ་བའི་གསུང་ཐོར་བུའི་སྐོར་བསྟོད་ཚོགས་ནས་བསྔོ་སྨོན་ཤིས་བརྗོད་ཡན་འཇམ་མགོན་མཁྱེན་བརྩེ་རིན་པོ་ཆེས་དཀར་ཆག་ཏུ་མཛད་པ་ཟླ་བ་ཉ་བའི་གྲངས་ལྡན་བཅས་གསུང་རབ་ཀྱི་གླེགས་བམ་བགྲངས་ན་བརྒྱ་ཕྲག་ཏུ་ཉེ་བ་དང༌། དེ་དག་འཆད་སྤེལ་གྱི་ཕྲིན་ལས་ཀྱང༌། སྤྱིར་སྒྲ་ཀ་ཙན་དབྱངས་གསུམ། སུམ་རྟགས། སྡེབ་སྦྱོར། སྙན་ངག གསོ་རིགས་རྒྱུད་བཞི། རྩིས་དཀར་ནག་སོགས་ཐ་སྙད་རིག་གནས་ཀྱི་སྐོར་འཆད་པ་ཆེས་མང་ཞིང༌། ཁྱད་པར་རྒྱུད་གསང་སྙིང༌།ནང་བརྟགས་རྒྱུད་གསུམ་སོགས་ཀྱི་བཤད་པ་ལན་གྲགས་མང་བ་དང༌། རྒྱལ་བཀའ་རིན་པོ་ཆེའི་བཀླགས་ལུང་ཚར་གཅིག རྙིང་རྒྱུད་ཚར་གཉིས། བསྟན་འགྱུར་ལས་མཁོ་བཏུས་ཚར་ཁ་ཤས། ཤེས་བྱ་མཛོད་ཀྱི་བཤད་ལུང་ལན་བཞི། བཀའ་བརྒྱུད་སྔགས་མཛོད་ཚར་བདུན། རིན་ཆེན་གཏེར་མཛོད་ཚར་ལྔ། གདམས་ངག་མཛོད་ཚར་གསུམ། སྨིན་གླིང་འདོད་བུམ་ཚར་བརྒྱད། ཇོ་ནང་རིན་འབྱུང་ཚར་གསུམ། གཞན་བཀའ་བརྒྱུད་དང་རྙིང་མ་གཙོར་བྱས་གང་གསན་ཕལ་ཆེར་ལན་གྲངས་དང༌། ཐ་ན་ཚར་རེ་མ་འཆད་པ་ནི་གང་ཡང་མི་མངའ་ཞིང༌། གོང་སྨོས་མཛོད་ཆེན་བཞི་གཙོར་གྱུར་གསུང་འབུམ་ཡོངས་རྫོགས་སྤར་དུ་འཁོད་པ་དང༌། བརྒྱུད་འཛིན་བུ་སློབ་ཀྱིས་ནི་ཤར་ནུབ་རྒྱ་མཚོའི་མཐའ་ཚུན་ཆོད་ཁྱབ་ཅིང༌། བསྟན་པ་འཛིན་སྐྱོང་སྤེལ་གསུམ་ནུས་པའི་སྐྱེས་ཆེན་བཟང་ལ་མང་བ་བཅས་སྒོ་དུ་མ་ནས་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ལྟ་བུའི་རྣམ་ཐར་ནི་ཚུར་མཐོང་བྱིས་བློའི་སྤྱོད་ཡུལ་ལས་བརྒལ་བ་སྟེ། གསན་སྦྱོང་དང༌། འཆད་སྤེལ། སྒོམ་སྒྲུབ། བསྟན་བཅོས་རྩོམ་པ་རྣམས་རེ་རེའང་མི་ཕལ་པའི་ཚེ་གཅིག་ལ་གཏན་ནས་རྫོགས་ཐབས་མེད་པ་ནི་མངོན་སུམ་གྱིས་གྲུབ་པ་འདི་ལྟར་ན། འདི་ལྟ་བུའི་གྲུབ་པའི་སྤྱོད་པ་ལས་གོང་ན་གཞན་མེད་པ་ནི་བློ་གཟུ་བོར་གནས་པ་རྣམས་ཀྱིས་བརྟགས་པས་ཤེས་པར་ནུས་སོ། ། དེ་ལྟར་སྐུ་ཚེ་དང་ཕྲིན་ལས་མཐར་ཕྱིན་ཅིང༌། དེའི་རིང་ལ་མཐའ་དམག་ཀླ་ཀློའི་འཚེ་བ་ཟློག་པར་མཛད་པ་སོགས་གོང་གི་ལུང་དོན་མཐའ་དག་མངོན་དུ་གྱུར་ཅིང༌། མཐར་དགུང་གྲངས་གྱ་བདུན་པར་ངོ་མཚར་བའི་ལྟས་དང་བཅས་ནུབ་ཕྱོགས་ཤཱནྟ་པུ་རིར་དཔའ་བོ་ཐོད་པའི་དུམ་བུ་རྩལ་གྱི་ཐུགས་ཀར་ཐིམ་པའི་ཚུལ་བསྟན་ཅིང༌། གང་འདུལ་གདུལ་བྱའི་སྐལ་བ་དང་འཚམ་པའི་རྣམ་འཕྲུལ་ཚད་མེད་པས་འཁོར་བ་མ་སྟོང་གི་བར་དུ་འགྲོ་བའི་དོན་རྟག་ཁྱབ་ལྷུན་གྲུབ་ཏུ་མཛད་པ་དང༌། ཁྱད་པར་སྐལ་བཟང་འདིའི་རྣམ་འདྲེན་སྟོང་གི་ཐ་མར་བདེ་གཤེགས་མོས་པར་སྣང་དུ་འཚང་རྒྱ་བའི་ཚུལ་བསྟན་ཏེ་སངས་རྒྱས་སྔ་མ་རྣམས་ཀྱི་སྐུ་ཚེ་དང་མཛད་ཕྲིན་མཐའ་དག་བདག་གིར་བཞེས་ཏེ། ད་ལྟའི་དུས་ཀྱི་མི་མཇེད་ཞིང་འདིའི་འགྲོ་བ་འབུ་སྲིན་ཕྲ་མོ་ཡན་ཆད་ཀྱང་རྣམ་གྲོལ་གསུམ་གྱི་ལམ་ལ་འགོད་པར་མཛད་པ་ནི་བསླུ་མེད་རྡོ་རྗེའི་ལུང་གིས་གྲུབ་པ་ཉིད་དོ། །༼ཞེ་ཆེན་རྒྱལ་ཚབ་ཆོས་འབྱུང་ལས་དྲངས།༽