ཀླུ་ཀུན་ཏུ་དགའ་བའི་ཚིག་བཅད་གཞན་ཁག་གཅིག་གི་འགྲེལ་བརྗོད།

བེ་རི་འཇིགས་མེད།

མི་སྣའི་མཛེས་བཀོད་ཀྱི་དཔེ་མཚོན།

ནུ་མའི་ཁུར་ཉིད་ཁྱོད་ཀྱི་རྐེད་པ་ངལ་སླད་གྱུར་ན་དོ་ཤལ་གཞན་གྱིས་ཅི། ། བྱིན་པ་ཟུང་ནི་ཚང་རའི་ཁུར་གྱིས་གདུང་བར་བྱེད་ན་དྲིལ་ཆུང་འདིས་ཀྱང་ཅི། ། རྐང་གཉིས་དག་གིས་བྱིན་པ་ཟུང་ནི་ཁུར་ནུས་མིན་ན་རྐང་གདུབ་ག་ལ་ཞིག། རང་ལུས་ཉིད་ཀྱིས་བརྒྱན་པ་ཁྱོད་ནི་ཉོན་མོངས་སླད་དུ་རྒྱན་དག་ཅི་ལ་འཛིན། ། འདི་ནི་མ་ལ་ཡ་ཅན་གྱི་འབྲང་སྐྱེས་འབུར་བ་དང་འཚང་ར་ཆེ་བ་ལ་བསྟོད་པའི་སྙན་ཚིག་ཅིག་ཡིན། བསྟོད་སྟངས་ནི་ནུ་མ་ཧ་ཅང་འབུར་ཞིང་འཁྲང་ལ་ཆེ་བ་འདི་ཧ་ཅང་ཕྲ་བའི་རྐེད་པས་ཁུར་བ་ལ་ངལ་བ་ཇི་ཙམ་ཡོད་པ་དེའི་སྒང་ལ་ད་དུང་གསེར་དངུལ་མུ་ཏིག་གི་སྐེ་རྒྱན་དང་བྲང་རྒྱན་འདོགས་པ་འདིས་ལྗི་ཁོག་ཆེ་རུ་བཏང་པས་ཅིའི་ཕྱིར་འདོགས་པ་ཡིན། དེ་བཞིན་དུ། འཚང་རའི་ཁུར་ལྕི་བ་འདི་འགྱེན་དུ་འདེགས་པ་ལ་རྐང་པའི་བྱིན་པ་གཉིས་ངལ་བས་གདུང་བ་བྱེད་པ་དེའི་སྟེང་དུ་སྐེད་པ་ལ་དྲིལ་ཆུང་སོགས་ཀྱིས་རྒྱན་འདོགས་པ་འདིས་ཅི་ཞིག་བྱ། རྐང་པ་གཉིས་ཀྱིས་བྱིན་པ་འགྱེན་དུ་འདེགས་པའི་ངལ་བ་དེ་ཙམ་ཆེ་བཞིན་དུ་ད་དུང་གསེར་གྱི་རྐང་གདུབ་ཁུར་བ་ག་ལ་ནུས། རང་གི་ལུས་ཉིད་རང་བཞིན་གྱིས་མཛེས་པའི་ཡོན་ཏན་ཆེས་ཕུལ་དུ་བྱུང་བས་བརྒྱན་པ་ཁྱོད་ཀྱིས་ངལ་བའི་ཉོན་མོངས་པའི་སླད་དུ་རྒྱན་དེ་དག་འདོགས་པས་ཅི་ཞིག་བྱ་ཞེས་དགག་བྱ་རིན་པོ་ཆེའི་རྒྱན་ཆ་འདྲ་མིན་འདོགས་པ་དེ་དག་འགོག་བྱེད་རང་བཞིན་གྱིས་མཛེས་པའི་ཁྱད་ཆོས་ལྡན་པ་དེ་དག་བཀོད་ནས་མངོན་གྱུར་འགོག་པས་ན་མངོན་འགྱུར་འགོག་པའི་རྒྱན་གྱི་ཚིག་རྒྱན་ཡིན། མེ་ལོང་མའི་འགོག་རྒྱན་གྱི་མཚན་ཉིད་དག་ཀྱང་སྔོན་གྱི་སྙན་ངག་པ་ཚོས་བྲིས་པའི་ཕུལ་དུ་བྱུང་བའི་སྙན་ཚིག་འདི་དང་འདྲ་བ་དག་གི་གོ་བ་དང་ཉམས་འགྱུར་ལ་བརྟེན་ནས་མཚན་ཉིད་ཀྱི་གཞུང་སྒྲིག་པ་ཞིག་ཡིན། ཚིག་སྦྱོར་ཧ་ཅང་འཁྱོག་པའི་ཉམས་འགྱུར་དང་སྒྱུ་རྩལ་ཕུལ་དུ་བྱུང་བ་འདི་འདྲ་བ་ནི་འཕགས་ཡུལ་ཤར་པའི་ཤར་ཚིག་འབྲི་མཁན་ཚོས་དམིགས་བསལ་དོ་སྣང་གནང་ས་ཞིག་ཡིན་ལ་འཁྱོག་པའི་ཚིག་རྒྱན་འདི་འདྲ་འབྲི་བ་ནི་ལས་སླ་པོ་རྩ་བ་ནས་མིན། ཁོར་ཡུག་མཛེས་བཀོད་ཀྱི་དཔེ་མཚོན། རྒྱུན་གྱི་ཁང་པ་དག་དང་ཉེ་བར་མགྲིན་སྔོན་རྣམས་ཀྱི་སྒྲ་ནི་གསལ་བར་རྗེས་སུ་སྒྲོགས། ། འཁྲུལ་འཁོར་གྱིས་བཏང་ཆུ་ཡི་ཆོགས་ནི་མེ་ཏོག་རྡུལ་དག་བབས་པར་གྱུར་པའི་ཚོགས་པ་རྣམས། ། རོལ་པར་ཁྱེར་བས་སེར་བ་འདི་དག་ཡལ་ག་ཅན་གྱི་ཀྱོ་ར་འགྱེངས་ཤིང་མགྱོགས་པར་འབབ། ། གཞན་ཡང་འཁྲི་ཤིང་ཁང་བཟངས་ས་གཞི་གླུ་ཡི་བརྩོན་པས་མུ་ཅོར་དུ་བྱེད་ཅིང། ། མེ་ཏོག་རྡུལ་གྱིས་གསལ་བར་དགའ་སྟོན་རྟགས་དག་གིས་ནི་རེག་གྱུར་ཏེ། ། ལྷན་ཅིག་སྤྱོད་པ་དང་འགྲོགས་སྤྲང་རྩིའི་རོ་ནི་རྫོགས་པར་འཐུང་བྱེད་པའི། ། བུང་བ་འདི་དག་ཀུན་ནས་ཆང་འཐུང་ལོངས་སྤྱོད་ཉམས་སུ་མྱོང་བྱེད་བཞིན། ། འདི་ནི་རྒྱལ་སྲས་སྤྲིན་གྱི་བཞོན་པ་དང་འདྲེན་མ་ལྷན་ཅིག་སྐྱེད་མོས་ཚལ་མེ་ཏོག་གི་འབྱུང་གནས་སུ་སྤྲོ་འཆམ་ལ་སོང་བའི་སྐབས་སྤྲིན་གྱི་བཞོན་པའི་ཁོར་ཡུག་གི་མཛེས་ལྗོངས་རང་ཉིད་ཀྱིས་ཇི་ལྟར་སྣང་བ་ལྟར་སྙན་ཚིག་ཏུ་སྦྱོར་ནས་བཀོད་པ་ཞིག་ཡིན། དེ་ཡང་ཁོར་ཡུག་དེའི་བཀོད་པ་ནི་འཁྲི་ཤིང་གི་ཁང་པའི་མཐའ་ནས་ཙན་དན་གྱི་ཡལ་འདབ་དག་ལས་ཆུ་ཐིགས་ཟག་པ་དང་། ནེ་ཙོའི་སྒྲ་དབྱངས་སྙན་པར་སྒྲོག་པ། རྦབ་ཆུའི་སྙེགས་མ་དག་ནི་མེ་ཏོག་དཀར་པོ་འབབ་པ་དང་འདྲ་བ། ཆུའི་ཟེགས་མ་ཐོར་བ་རིལ་བུ་འདྲ་བ་དག་ནི་ལྗོན་པའི་ཤིང་གི་ཡལ་གའི་ངོས་སུ་མགྱོགས་པར་འབབ་པ་དང་། འཁྲི་ཤིང་གི་ཁང་བཟང་ལྡན་པའི་ས་ཕྱོགས་དེ་ན་འབབ་ཆུའི་རླབས་སྒྲའི་གླུ་དབྱངས་སྙན་པར་སྒྲོགས་པ། ཟེའུ་སྨིན་པའི་མེ་ཏོག་སྣ་ཚོགས་བཞད་པའི་དགའ་སྟོན་དང་མཉམ་དུ་འགྲོགས་པའི་བུང་བ་དག་གིས་སྦྲང་རྩིས་ངོམས་པར་འཐུང་བ་ནི། ཆགས་ལྡན་སྐྱེ་བོ་དར་མ་ཚོས་ཆང་གི་ལོངས་སྤྱོད་ཉམས་སུ་མྱོང་བ་བཞིན་ནོ༎ ཞེས་ཁོར་ཡུག་དེའི་འབབ་ཆུ་དང་ནགས་ཀླུང་མེ་ཏོག་སོགས་ཀྱི་བཀོད་པ་རྣམས་དེང་རབས་པར་ཆས་ཨང་གསར་ཅན་གྱིས་པར་བརྙན་ལེན་པ་བཞིན་ཡུལ་ལྗོངས་དངོས་ཉིད་ལས་ཀྱང་ཚད་གཞི་གསལ་བའི་སྣང་བརྙན་ཡིད་དབང་འཕྲོག་པ་ཞིག་གསར་བསྐྲུན་བྱས་པ་ཡིན། སྙན་ངག་ཆེན་པོའི་གྲུབ་ཆ་ལ་ཁོར་ཡུག་མཛེས་བཀོད་ཀྱི་ཆ་ཤས་ནི་མེད་ཐབས་མེད་པའི་ཡན་ལག་གལ་ཆེ་ཞིག་ཡིན་པས། སྔོན་གྱི་འཕགས་ཡུལ་སྙན་ངག་པ་ཆེན་པོ་ཚོས། རང་རང་གིས་བྱས་པའི་རྟོགས་བརྗོད་དང་། གཏམ། ཟློས་གར་སོགས་སུ་ཁོར་ཡུག་མཛེས་བཀོད་ཀྱི་རྣམ་པར་མི་འདྲ་བ་ཅི་རིགས་སྣ་ཚོགས་ཀྱིས་རྩོམ་ཆོས་མཛེས་པར་བྱས་སྣང་ཞིང་། དེ་དག་ཤེས་པ་གལ་ཆེ་བས་དཔེ་མཚོན་ཁ་ཤས་བགྲང་བར་འདོད་དེ། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ལས། ལི་ཤིའི་ཡལ་འདབ་དག་ནི་ཟོས་གྱུར་པའི། །ལག་ལྡན་ཆུ་སྲིན་སྒྲེགས་པའི་དྲི་བཟང་གི །ཆུ་དང་ལྡན་པ་རྒྱ་མཚོའི་དབའ་རླབས་འདི། །རིན་ཆེན་འོད་ཟེར་དག་གིས་སྤྲས་ཏེ་མཛེས། །ཞེས་པ་ལྟ་བུ་དང་། །རི་བོའི་བསྔགས་པ་ནི། རྒྱ་ཤུག་གི་གླིང་དུ་བགྲོད་པའི་ཡལ་འདབ་ལས། རྩེ་མོ་ཤིན་ཏུ་མཐོ་བ་ཡི། །ཤེལ་གྱི་ས་འཛིན་མདུན་དུ་མཐོང༌། །བྱ་རྣམས་ཀྱིས་ཀྱང་བགྲོད་དཀའ་བ། །འཇམ་པའི་བྲག་ནི་གཅིག་པུ་དེར། །ཞེས་དང༌། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ལས། སྟོན་གྱི་དུས་ཀྱི་ཆུ་འཛིན་ནི། །དཀར་བའི་སྒྲིབ་བྱེད་ཀྱིས་སྒྲིབ་པ། །མ་ཡ་ལ་ཡི་རྩེ་མོ་འདི། །གངས་ཅན་རི་རྩེའི་དཔལ་དག་འཛིན། །ཅེས་པ་ལྟ་བུ། དུས་ཀྱི་བསྡགས་པ་ནི། དགུན་ལ་སོགས་པ་དྲུག་སྟེ་འཕགས་སྐྱེས་པོའི་ཡལ་འདབ་ལས། དེ་ནས་ཡིད་སྲུབས་ལོངས་སྤྱོད་གྲོགས། །སྦྲང་རྩི་འཐུང་བ་རྣམས་ཀྱི་གཉེན། །སྐལ་བཟང་འཁྲི་ཤིང་འཁྱུད་བྱེད་པ། །ལེགས་ལྡན་དཔྱིད་ནི་མཐོང་བར་གྱུར། །མཛེས་མའི་ང་རྒྱལ་གཉིས་འཐུང་དགྲ། །དཔྱིད་ནི་རལ་པ་ལྡན་པ་དག །གླལ་བར་བྱེད་པའི་ལྕེ་བཞིན་དུ། །མྱ་ངན་མེད་པའི་དོག་པ་མཛེས། །གཞོན་ནུའི་འགྲམ་པ་མཛེས་པ་ཡི། །ཀུན་པོ་ཙམྤ་ཀ་ཡི་ཚོགས། །མིག་བཟང་མ་ཡི་སྐྲ་ཞགས་ལ། །བཅིངས་པར་འོས་པ་ཉིད་དུ་གྱུར། །ཅེས་དང༌། ཀུ་ན་ལའི་རྟོགས་བརྗོད་དུ། དེ་ནས་བུང་བའི་ཚོགས་ནི་གླུ་ལེན་ཅིང༌། །ཀིཾ་ཤུ་ཀ་དཔལ་ལི་ཁྲིའི་རྒྱས་པ་འདྲ། །ཁེངས་ལྡན་མ་ཡི་ཁེངས་པ་འཇོམས་ཆས་པ། །སྟོན་གྱི་དྲིས་མྱོས་གླང་པོ་དཔྱིད་འོང་གྱུར། །སྐྱེད་ཚལ་འཁྲི་ཤིང་གསར་པའི་ཡལ་འདབ་དང༌། །འབྲལ་བའི་གདུང་བ་རྒུད་པའི་ཆ་ཤས་དག །གསར་དུ་ཆགས་པས་རབ་བསྐྱེད་བཟོད་དཀའ་ཉིད། །འཕྲལ་ལ་ལྷན་ཅིག་ཉིད་དུ་བྱས་པར་གྱུར། །ཙམྤ་ཀ་འདབ་རླུང་གིས་སྤྱོད་པ་ཡི། །སྤྲིངས་ཡིག་གིས་ནི་བྱམས་པ་སྐྱེད་བྱེད་ཅིང༌། །འདོད་དང་ལྷན་ཅིག་དཔྱིད་ཀྱི་དངོས་པོ་ཡིས། །མངོན་འབྱོར་རྒྱས་བྱེད་བརྟན་འཇོམས་ཕྱོགས་སུ་གྲགས། །མེ་ཏོག་རབ་རྒྱས་དེ་དང་དེ་དག་ལས། །དཔྱིད་ཀྱི་གཉེན་ལ་མཆོག་ཏུ་ཕན་པ་ནི། །གྲགས་པའི་རྣམ་པ་བུང་བས་སྒྲ་སྒྲོག་པ། །ས་ཧ་ཀཱ་ར་ཉིད་ཀྱིས་བྱས་པར་གྱུར། །ལྟ་བུ་དང་། སྐྱེས་མོའི་ཚལ་གྱི་རོལ་པས་བརྒྱན་པ་ནི། །སྤྲིན་གྱི་བཞོན་པའི་ཡལ་འདབ་ཏུ། །བུང་བའི་ན་ཆུང་རྣམ་འཕྲུལ་ལོངས་སྤྱོད་ལྡན། །སྦྲང་རྩིས་མྱོས་ཤིང་རྣམ་པར་འཁྱམས་དུས་དེར། །མེ་ཏོག་རབ་རྒྱས་འཁྲི་ཤིང་ཚལ་གྱི་གཞིར། །རིག་འཛིན་རྒྱལ་པོའི་སྲས་ནི་རྣམ་པར་རྒྱུ། །ཞེས་པ་ལྟ་བུས་མཚོན་ཏེ། རང་རེ་བོད་ཀྱི་སྙན་ངག་པ་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱིས། རིན་ཆེན་སྐྱེད་མོས་ཚལ་གྱི་མཚོ་འགྲམ་གང༌། །དྲི་མེད་ནོར་བུའི་ལྗོོན་ཤིང་ཕྲེང་བ་ཅན། །ཤེལ་གྱི་ལྕུག་ཕྲན་འཁྲི་ཤིང་གཞོན་ནུས་འཁྱུད། །ཕན་ཚུན་ཡལ་ག་ལག་པས་འཐེན་པ་འདྲ། །གསེར་གྱི་མེ་ཏོག་རྣམས་ནི་མགོ་ལྕོག་ལྡེམ། །གཡུ་ཡི་བུང་བ་གླུ་ལེན་འཕུར་ཞིང་ལྡིང༌། །ངང་པའི་རྒྱལ་པོ་མཐའ་ཡས་རྫ་རྔ་བརྡུངས། །བཞད་དཀར་མགྲིན་རིང་རྣམས་ནི་སིལ་སྙན་སྒྲོག །མྱོས་པའི་ཁུ་བྱུག་ཟབ་མོའི་གླིང་བུ་བསྒྱུར། །ནགས་ཀྱི་བྱི་འུ་སྣ་ཚོགས་པི་ཝང་སྒྲོག །ཆུ་བྱ་མཐའ་ཡས་དགའ་ཞིང་རྣམ་པར་འཕྱོ། །སྤུ་སྡུག་རི་དྭགས་རྣམས་ནི་རྒྱུག་ཅིང་མཆོངས། །དྲེགས་པའི་གླང་ཆེན་ཕྱོགས་རྣམས་ཀུན་ནས་འགྲེང༌། །ལྷ་ཕྲུག་གཞོན་ནུའི་ཚོགས་རྣམས་སྒྱུ་རྩལ་རྩེ། །རི་དྭགས་མིག་ཅན་རྩེད་འཇོ་གླུ་གར་བྱེད། །དྲང་སྲོང་འཇིགས་མེད་དུ་མ་བསམ་གཏན་མཛད། །ཧ་རི་ཙནྡན་ལྗོན་པའི་བསིལ་གྲིབ་དང༌། །ལི་ཤིའི་མེ་ཏོག་གུར་གྱི་ལྡིང་ཁང་ཅན། །རིན་ཆེན་ནེའུ་གསིང་མཐིང་ཀའི་དབུས་མཐོ་བ། །ཟླ་བ་ནོར་བུའི་རྡོ་ལེབ་ཕྱོགས་བཅུར་དགྲམ། །པདྨ་དཀར་པོའི་ཕྲེང་བ་འཁྲིགས་པའི་གཞི། །ཞེས་པ་དང༌། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ལས། འཁྲི་ཤིང་ཁང་བཟང་ས་གཞི་ཀླུ་ཡི་བཙོན་པས་མུ་ཅོར་འགོད་བྱེད་ཅིང༌། །མེ་ཏོག་རྡུལ་གྱིས་གསལ་བར་དགའ་སྟོན་རྟགས་དག་གིས་ནི་རེག་གྱུར་ཏེ། །ལྷན་ཅིག་སྤྱོད་པ་དང་འགྲོགས་སྦྲང་རྩིའི་རོ་ནི་རྫོགས་པར་འཐུང་བྱེད་པའི། །བུང་བ་འདི་དག་ཀུན་ནས་ཆང་འཐུང་ལོངས་སྤྱོད་ཉམས་མྱོང་བྱེད་པ་བཞིན། །ཞེས་པ་ལྟ་བུས་མཚོན་ཏེ་ཁོར་ཡུག་མཛེས་བཀོད་ཀྱི་སྣང་བརྙན་བསྐྲུན་སྟངས་ལ་དམིགས་བསལ་དོ་སྣང་གནང་དགོས། །

དོན་བརྗོད་ཚིག་རྒྱན་གྱི་དཔེ་མཚོན། མཚན་མོ་མེད་པར་གཉིད་ཀྱི་རྒྱ་ཡིས་བཅིངས་པའི་གདུང་བ་སེལ་ཞིང་པདྨོའི་མཛོད་དག་ལས། ། རབ་མཆོག་རང་གི་ཟེར་གྱིས་ཕྱོགས་འགེངས་བྱ་བ་གཅིག་པུས་ཐམས་ཅད་མ་ལུས་ཚིམ་བྱེད་པ། ། རྒྱུན་དུ་བསྟོད་པའི་མུ་ཆོར་བཞིན་ལྡན་ གྲུབ་པ་རྣམས་ཀྱིས་བལྟས་པ་གང་གི་ངལ་དུབ་ནི། ། གཞན་ཕན་རྒྱུ་ཉིད་དུ་གྱུར་ཉི་མ་གཅིག་པུ་འདི་ནི་ནུབ་པར་གྱུར་ཡང་བསྔགས་པར་འོས། ། འདི་ནི་རྒྱལ་སྲས་སྤྲིན་གྱི་བཞོན་པས་རང་གི་ལུས་སྲོག་ཀླུ་དུང་གི་ཐོར་ཚུགས་ཀྱི་དོན་དུ་གཏོང་རྩིས་བྱས་པར། དབྱིག་གི་བཤེས་གཉེན་གྱིས་གཞན་གྱི་དོན་དུ་རང་གི་ལུས་སྲོག་སློང་མཁན་མེད་བཞིན་དུ་སྦྱིན་པ་གཏོང་པ་ནི་ལྐུགས་རྟགས་མཐའ་ཐུག་པ་དེ་ཡིན། ཞེས་མ་རངས་པ་ཆེན་པོ་བྱས་པར་ཐད་ཀར་འགྲེལ་བརྗོད་ཇི་ལྟར་བྱ་རྒྱུའི་ཐབས་ལམ་མ་རྙེད་པར། སྐབས་དེར་ནུབ་ལ་ཉེ་བའི་ཉི་མ་ལ་ཁ་ཕྱོགས་ཏེ་སྤྲིན་གྱི་བཞོན་པས་ཚིགས་བཅད་འདི་བརྗོད་པའི་ཟོལ་བྱས་པ་ཡིན། ཚིག་དོན་ནི། མཚན་མོ་མེད་པ་བཟོ་བ་དང་གཅིག གཉིད་ཀྱི་འཆིང་རྒྱ་ལས་འགྲོལ་བ་དང་གཉིས། མེ་ཏོག་པདྨའི་ཁ་འབྱེད་དང་གསུམ། འོད་ཀྱི་སྣང་བས་ཀུན་ཡིད་ཚིམ་པར་བྱེད་པ་དང་བཞི་སྟེ། བྱ་བ་བཞི་པོ་དེ་དག་སུས་ཀྱང་འབད་སྐུལ་བྱས་པར་མི་ལྟོས་པར་རང་འགུལ་གྱིས་བྱས་དང་བྱེད་བཞིན་པས། བསྟོད་པའི་མུ་ཅོར་སྒྲོགས་པའི་བཞིན་རས་འཛུམ་མདངས་དང་ལྡན་པ་ཉི་མ་ལྷ་རུ་བསྟེན་པའི་བྲམ་ཟེ་དང་རིག་པ་འཛིན་པ་གྲུབ་པ་རྣམམས་ཀྱིས་ཡང་ཡང་ངོམས་པར་མེད་་པར་བལྟས་ཤིང་བལྟ་བར་བྱ་བའི་ཡུལ། ངལ་ཞིང་གདུབ་པའི་བྱ་སྤྱད་གང་ཞིག་སྤེལ་བ་མཐའ་དག་གཞན་ཕན་ཁོ་ནའི་རྒྱུ་དང་ལྡན་པ་ནི་ཉི་མ་གཅིག་བུ་ཡིན་ཞིང་། དེ་ནི་འཆར་བའི་སྐབས་ཙམ་མ་ཟད་ཤར་ནས་ནུབ་ཟིན་ནའང་སྐྱེ་བོ་ཀུན་གྱིས་ནམ་ཡང་བསྔགས་བརྗོད་བྱེད་པའི་གནས་ཡིན། ཞེས་པ་དེ་ཡིན། ཚིག་གི་རྒྱན་ནི་རྩོམ་པ་པོས་ཚིག་གི་ངོ་གདོང་ནས་ནམ་མཁས་ཉི་མ་ལ་འབད་སྐུལ་ཞུ་མཁན་མེད་ནའང་འཇིག་རྟེན་འདིར་སྒྲུབ་འོས་པའི་བྱ་བ་དེ་དག་ངང་གིས་སྒྲུབ་པ་ལ་བརྟེན་ནས་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད། རང་ཉིད་ནུབ་པའི་རྗེས་སུའང་ད་དུང་ཀུན་གྱིས་བསྔགས་བརྗོད་བྱེད་དོ་ཞེས་བཀོད་ནས། དེས་བརྗོད་འདོད་སའི་དོན་སྙིང་དངོས་ནི་གཞན་ཕན་གྱི་བྱ་དཀའི་སྤྱོད་པ་རླབས་པོ་ཆེ་ལྷུར་བླངས་ན་སྐྱེས་བུ་དེ་ནི་གསོན་པོར་གནས་པའི་སྐབས་ཙམ་ཟད་འཆི་ནས་མི་རབས་མང་པོ་འདས་ཟིན་ནའང་སྐྱེ་བོ་ཀུན་གྱི་ཁ་ནང་བསྔགས་དབྱངས་སྙན་ནམ་ཡང་ནུབ་པ་མེད་དོ། །ཞེས་པ་དེ་གོ་བར་བྱས་པས་འདི་ནི་ཁྱད་ཆོས་ཐ་དད་པའི་བསྡུས་བརྗོད་རང་བཞིན་གྱི་ཚིག་རྒྱན་ཡིན། ཉམས་གྱི་དཔེ་མཚོན། གཡོ་བའི་མཆུ་ཡིས་དྲངས་ཤིང་ཕྱེད་ལྷུང་ཤ་ཡི་ཆ་ནི་ཟོས་པས་འདོད་པ་འཕེལ་གྱུར་པའི། ། བྱ་རྒོད་རྣམས་ཀྱི་གཤོག་པ་གཉིས་ནི་སྐྱོད་པར་བྱེད་པས་མུན་པ་སྟུག་པོ་ཉིད་བྱས་ཤིང། ། ཁྲག་གི་རྒྱུན་འབེབས་མང་པོའི་ཞག་ནི་རྒྱུན་དུ་ཟག་ཅིང་རུལ་པའི་དྲི་ང་ལྡང་བ་འདིར། ། ཅེ་སྤྱང་རྣམས་ཀྱི་ཁ་ནས་རབ་འབར་མེ་ཡི་ཕྲེང་བ་ལྟུང་ཞིང་ལྷབ་ཅེས་སྒྲོགས་པར་བྱེད། ། འདི་ནི་རྒྱལ་སྲས་སྤྲིན་གྱི་བཞོན་པ་ཀླུ་དུང་གི་ཐོར་ཚུགས་ཅན་གྱི་རོགས་ཚབ་ཏུ་རང་ཉིད་དང་བ་ཆེན་པོས་སྔོན་དུ་སོང་སྟེ། མཁའ་ལྡིང་གིས་ཀླུའི་ལུས་སྲོག་འཕྲལ་སའི་རྡོ་སྟེགས་དེའི་ཐོག་ཏུ་མཛེགས་ནས་ཉུང་རུམ་པ་ལ་ཁྱོད་རང་བློ་བདེ་བོར་བྱས་ནས་ཕྱིར་སོང་། ཕྱིས་ནས་ནམ་མཁའ་ལྡིང་གི་བདག་ཟ་བའི་ཚུལ་མཐོང་ན་ཁྱོད་ཧ་ཅང་འཇིགས་སྣང་ཡོང་སྲིད། གནས་འདིར་ཞེད་སྣང་ཚ་བའི་ཁོར་ཡུག་ཅིག་ཡིན་པས་ཅིས་ཀྱང་ཕྱིར་སོང་ཞེས་གདམས་པ་དང་སྦྲགས་ནས་ཁོར་ཡུག་དེའི་རྣམ་པ་ཇི་འདྲ་ཞིག་ཡོད་པ་དེ། སྙན་ངག་གི་ལམ་ནས་ངོ་སྤྲོད་བྱས་པ་ཞིག་ཡིན། བརྗོད་དོན་ནི། ཀླུ་ཡི་རིགས་སུ་གཏོགས་པའི་ཉ་དང་སྦྲུལ་སོགས་མཁའ་ལྡིང་དག་གིས་བསད་པའི་ཤ་ཁྲག་ལྷག་མ་ཚོར་སྤྱོད་བཞིན་མཁའ་ལ་འཚུབ་པའི་བྱ་རྒོད་བརྒྱ་སྟོང་མང་པོས་གཤོག་རླབས་ཀྱིས་ཉི་འོད་སྒྲིབ་ནས་མཚན་མོ་ནང་བཞིན་ཆགས་འགྲོ་བ་དང་། ཀླུ་ཤི་བོ་ཚོའི་ཁྲག་དང་རྐང་དང་ཆུ་སེར་སོགས་འཛགས་པས་རྒྱ་མཚོའི་ཆུ་རླབས་ལ་རུལ་དྲི་ཁ་བ་དང་། མཚོ་འགྲམ་དུ་འདུར་བའི་ལྕེ་སྤྱང་རྣམས་ཀླུའི་ཤ་ཁྲག་གི་ཡོངས་སུ་མྱོས་པས་ཁ་ནས་མཆེ་བ་བཙིག་པ་དང་། ལྕེ་གློག་ལྟར་འཁྱུག་བཞིན་མཛེར་བའི་ང་རོ་གང་སར་སྒྲོགས་ནས་རྒྱུགས་པར་བྱེད་དོ༎ ཞེས་པ་དེ་ཡིན། ཚིག་གི་ཉམས་འགྱུར་ནི་ཁོར་ཡུག་དེའི་རྣམ་པར་ཧ་ཅང་ཞེད་སྣང་ཚ་བས་མཐོང་བ་ལྟ་ཅི་ཐོས་པ་དང་དྲན་པ་ཙམ་གྱིས་ཀྱང་རང་དབང་མེད་པར་སྐྲག་ནས་འདར་དགོས་པ་དང་། ཧ་ཅང་ཞེ་མེར་པའི་རུལ་དྲི་དང་སྦག་བཙོག་གི་རྣམ་པ་ཆེས་གསལ་བས། སྐྱུགས་བྲོ་བ་མི་སྡུག་པའི་ཉམས་དང་འཇིགས་པ་འཕེལ་བ་འཇིགས་རུང་གི་ཉམས་གཉིས་མཉམ་དུ་བསྲེས་ཤིང་འདྲེས་པའི་ཉམས་གཙོ་བོར་བཏོན་ཐབས་བྱས་ཡོད། དེ་ནི་ཁོང་གི་ཟློས་གར་འདིའི་ནང་གི་ཉམས་ལ་གཙོ་བོ་དང་ཡན་ལག་གཉིས་སུ་ཕྱེས་པའི་ཡན་ལག་གི་ཉམས་ཡིན། མེ་ལོང་མར། རྩེ་མོ་དག་ལ་མེ་གནས་པ། ། བརྒྱ་བྱིན་གྱི་ནི་རྡོ་རྗེ་གང༌། ། འདི་ནི་དྲན་ན་ལྷ་མིན་གྱི། ། བུད་མེད་མངལ་ནི་ལྷུང་བར་བྱེད། །ཅེས་པ་དང་ཁོག་འདྲ།

འདོད་འཇོར། འཇིགས་པ་རབ་ཏུ་རྒྱས་པའི་བདག་ཉིད་ནི་འཇིགས་རུང་སྟེ། གསང་མཐོ་འཇིགས་པའི་སྒྲ་སྒྲོགས་སྲིན་པོ་ཡི་དྭགས་སོགས་མཐོང་དང༌། །ཁྱིམ་དང་འདུན་ཁང་སྟོང་པ་འབྲོག་དགོན་གསོད་དང་འཆིང་བ་མཐོང༌། །ལན་ཅིག་མིན་པར་འཇིགས་སྐྱོ་ལྕེ་སྤྱང་འུག་པ་སྒྲ་འབྱིན་སོགས། །རྣམ་སྐྱེད་ཀྱིས་བསྐྱེད་དམན་དང་བུད་མེད་རྣམས་ཀྱི་འཇིགས་བདག་ཉིད། །ཅེས་འབྱུང་བ་ལྟར། གནོད་སྦྱིན་དང་སྲིན་པོའི་ཆ་ལུགས་དང༌། སེངྒེ་གླང་ཆེན་སྟག་ལ་སོགས་པའི་སྤྱོད་ཚུལ་འཇིགས་སུ་རུང་བ་དང༌། གཡང་ས་དང་འབྲོག་སྟོང་དང་ནགས་འཐིབས་པོ་དང་ཆུ་རླུང་མེ་ཆེན་འཇིགས་པའི་དུས་ཀྱི་རླུང་ལ་སོགས་པ་འཇིགས་ཤིང་སྐྱི་གཡའ་བ་རྣམས་ནི་འཇིག་རྟེན་པའི་འཇིགས་སུ་རུང་བའི་རྒྱུ་ཡིན་ལ། ཐམས་ཅད་སྒྲོལ་གྱིས་བུ་དང་བུ་མོ་དང༌། ཤི་པི་བའི་རྒྱལ་པོས་མིག་དང༌། བྱམས་པའི་སྟོབས་ཀྱིས་ཤ་དང༌། རྒྱལ་པོ་ཟླ་འོད་ཀྱིས་མགོ་དང༌། སྤྲིན་གྱི་བཞོན་པས་ལུས་སྲོག་དང་། གསེར་མདོག་གིས་ལུས་ཀྱི་སྟོད་སྨད་བཅད་ནས་སྦྱིན་པ་བཏང་བ་ལྟ་བུ་འཇིག་རྟེན་ཕལ་བས་མཐོང་བ་ལྟ་ཅི་བསམ་པའང་མི་ཕོད་པའི་འཇིགས་རུང་བ་དང༌། དེ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པ་གཞན་ཡང་གཞན་གྱིས་སྤྱད་པར་དཀའ་བ་བློའི་ཡུལ་ལས་འདས་པ། སྐྱི་བུང་ཞེས་བྱེད་པ་ཐམས་ཅད་ཆོས་ཀྱི་འཇིགས་སུ་རུང་བ་སྟེ། མདོར་ན་སྐྲག་ཅིང་བག་འཁུམ་པར་བྱེད་པའི་རྣམ་པ་སྟེ། དེ་ཡང་སེམས་ཀྱི་ཆོས་ལའང་ཡོད་མོད་ཀྱི་གཙོ་བོར་ལུས་ངག་གི་རྣམ་འགྱུར་ཕུལ་དུ་བྱུང་བ་ཉིད་ཡིན་ཅིང༌། །དེའི་ཤེས་བྱེད་ནི། ལག་པ་རྐང་པ་བཞིན་འདར་ཅིང༌། །ལུས་རེངས་སྙིང་ནི་རབ་གཡོ་དང༌། །མཆུ་དང་རྐན་དང་མགྲིན་པ་སྐམ། །རྟག་ཏུ་འཇིགས་རུང་ཤེས་པར་བྱ། །ཞེས་པ་རྣམས་སོ། །འདི་ལྟ་བུ་ཡང་ནོར་བཟང་གི་རྟོགས་པ་བརྗོད་པའི་ཡལ་འདབ་ཏུ། 

ཁྲོ་བོ་སྨ་ར་སྨིན་མ་སེར། ། ལྟ་བྱེད་སེར་སྐྱ་གློག་ལྟ་བུ། ། དུས་མིན་དུས་དང་མཚུངས་པ་ཡི། ། སྡུག་པ་འདི་ནི་ག་ལས་འོངས། །ཞེས་པ་ལྟ་བུས་ཀྱང་མཚོན་ནོ། །

རྒྱན་གྱི་དཔེ་མཚོན། རབ་དཀར་འཁྱོག་པོ་གཡོ་ཞིང་བསྐྱོད་པ་ལྦུ་བ་ལྡན་པའི་ཆུ་དང་མཚུངས་པ་འཛིན། ། ན་ཚོད་མཚུངས་ཤིང་བསོད་ནམས་ཆེ་ལྡན་ལྷ་མོས་རྣམ་མཛེས་ཛཧྣུའི་བུ་མོ་བཞིན། ། ཇི་ལྟར་རླབས་ཀྱིས་མཛེས་བཞིན་གང་གི་དྲུང་ན་མ་ལ་ཡ་ཅན་ཉེ་བར་གནས། ། སྤྲིན་གྱི་ཏོག་འདི་ཉིད་ནི་ཆུ་གཏེར་དག་དང་རབ་ཏུ་མཚུངས་པའི་དཔལ་འདི་འཛིན། ། ལྟ་བུ་མ་ལ་ཡ་ཅན་མས་རང་གི་མཛའ་བོ་རྒྱལ་སྲས་སྤྲིན་གྱི་བཞོན་པ་ཡབ་ཡུམ་གཉིས་ཀྱི་གམ་དུ་ཞབས་ཞུ་ཞུས་ནས་བསྡད་པའི་རྣམ་པ་དེ་ཉིད་དཔེ་རྒྱན་ཁོ་ནའི་ལམ་ནས་གསལ་བར་བྱས་པ་ཡིན་ཏེ། དེ་ཡང་མ་ལ་ཡ་ཅན་མའི་སྐུ་མདོག་དཀར་ཞིང་འཁྱོགས་པའི་འགྲོས་ཀྱིས་རྒྱུ་བ་དེ་ལྦུ་བ་ལྡན་པའི་ཆུ་དང་མཚུངས་པར་བྱས། རང་གི་མཛའ་བོ་དང་ལོ་ན་མཉམ་ཞིང་བསོད་ནམས་ཆེན་པོ་དང་ལྡན་པ་དེ་གངྒཱའི་ལྷ་མོའི་དཔེར་བྱས། ཡབ་སྤྲིན་གྱི་ཏོག་ཉིད་རྒྱ་མཚོ་ཆེན་པོ་ཞིག་གི་དཔེར་བྱས་ཏེ་རང་ཉིད་དེའི་རྦ་རླབས་ལྟར་དྲུང་དུ་གཡོ་བའི་རྣམ་པར་བཅས་པ་སྟེ། མཚུངས་དཔེ་དམིགས་བསལ་ཞིག་གི་སྒོ་ནས་མཚོན་ཐབས་བྱས་པ་ཞིག་ཡིན། འཕགས་ཡུལ་སྙན་ངག་གི་རྒྱན་གྱི་ཤིང་རྟ་ཆེན་པོ་བྷ་མ་ཧ་མ་བྱོན་པའི་སྔོན་གྱི་སྙན་ཚིག་ཁྲོད་ནས་ཚིགས་བཅད་ཧྲིལ་པོ་དཔེ་རྒྱན་གྱིས་བཅིངས་པར་མ་ཟད་ཁྱད་གཞི་ཁྱད་ཆོས་ཕན་ཚུན་གཅིག་ལ་གཅིག་ལྡན་པའི་ངག་དོན་གྱི་དཔེ་རྒྱན་དམིགས་བསལ་བ་ཞིག་ཡིན་ཟེར་ན་འགྲིགས། ཚིག་རྒྱན་གྱི་དཔེ་མཚོན། དུང་གི་གཙུག་འདི་འདབ་ཆགས་བདག་པོའི་ཁ་ལས་བསྐྱབས་ཤིང་བི་ན་ཏ་ལས་སྐྱེས་པ་བཏུལ། ། དེ་ཡིས་སྔར་ཟོས་དུག་འཛིན་བདག་པོ་གང་ཡིན་དེ་དག་རྣམས་ཀྱང་ཐམས་ཅད་སོས་པར་བྱས། ། བདག་སྲོག་རྙེད་པས་བླ་མ་རྣམས་ཀྱི་འཚོ་བ་མ་བཏང་འཁོར་ལོས་སྒྱུར་བ་ཉིད་དག་ཐོབ། ། ཁྱོད་ཀྱང་མངོན་སུམ་དུ་མཐོང་འདི་ལས་དགའ་བ་གཞན་གང་བདག་ནི་ཅི་ཞིག་དོན་དུ་གཉེར། ། འདི་ནི་རྒྱལ་སྲས་སྤྲིན་གྱི་བཞོན་པས་ལུས་སྲོག་བློས་བཏང་གིས་བྱ་དཀའ་སྤྱོད་པ་རླབས་པོ་ཆེ་བསྐྱངས་པའི་མཐའ་མའི་མཇུག་འབྲས་སམ། ཡང་ན་མཐའ་མའི་རྒྱལ་ཁ་གང་ཞིག་ཐོབ་པ་དེ་ངོ་སྤྲོད་བྱས་པ་ཞིག་ཡིན། གཏམ་དང་བརྗོད་པ་གང་ཞིག་ཡིན་ཡང་དང་པོ་ལྷིང་འཇགས་ནས་མགོ་བཙུགས། བར་དུ་དཀའ་སྤྱད་དང་རྙོག་འཛིང་གི་རླུང་གཡོས། མཐའ་མ་རྒྱལ་ཁ་དང་འཛུམ་མདངས་ཀྱིས་མཇུག་བསྡུ་བ་ནི་སྤྱིའི་འཆིངས་རྒྱ་ལྟ་བུ་ཞིག་ཡིན། ཀླུ་དུང་གི་ཐོ་གཙུག་མཁའ་ལྡིང་གི་ཁ་ནས་སྲོག་སྐྱབས་ཐུབ་པ་དང་གཅིགདེས་སྔར་ཟོས་ཟིན་པའི་ཀླུ་རིགས་ཀུན་སླར་སོས་པ་དང་གཉིས། སྤྲིན་གྱི་བཞོན་པ་རང་ཉིད་ཚེ་སྲོག་སླར་སོས་ནས་རྙེད་པ་དང་གསུམ། ཕ་མ་གཉིས་སེམས་སྡུག་གིས་མནར་ནས་རང་སྲོག་བཏང་དགོས་མ་བྱུང་བ་དང་བཞི། ལྷའི་དངོས་གྲུབ་ལས་རང་ཉིད་འཁོར་ལོས་བསྒྱུར་བའི་གོ་འཕང་ཐོབ་པ་དང་ལྔ། རང་གི་སྙིང་ནས་བརྩེ་བའི་དགའ་མ་མ་ལ་ཡ་ཅན་མ་སླར་ཡང་མངོན་སུམ་དུ་མཐོང་བའི་སྐལ་བཟང་ཐོབ་པ་དང་དྲུག་སྟེ། ཧ་ཅང་དགའ་འོས་པའི་ཆ་རྐྱེན་དྲུག་པོ་དེ་དག་རེ་བ་དང་ཡིད་ཆེས་ཙམ་མ་ཡིན་པར་མངོན་སུམ་དུ་ཐོབ་པ་ལ་བརྟེན་ནས་སྨྲ་བསམ་བརྗོད་ལས་འདས་པའི་དགའ་བ་ཆེན་པོ་འདི་འདྲ་ཐོབ་ན། དེ་ལས་གཞན་པའི་དགའ་བ་གཞན་ཞིག་དོན་དུ་གཉེར་རྒྱུ་གང་ཡང་མེད་དོ༎ ཞེས་ཤིན་ཏུ་དགའ་འོས་པའི་རེ་བ་དག་དངོས་སུ་ཐོབ་པ་ལ་བརྟེན་ནས་དགའ་བ་ཁྱད་པར་ཅན་སྐྱེས་པས་དངོས་ཐོབ་ཀྱི་དགའ་བའི་རྒྱན་ཏེ། མེ་ལོང་མར། གོ་བིནྡ་ཁྱོད་ཁྱིམ་འོངས་པ། ། དེང་བདག་དགའ་བ་སྐྱེས་པ་གང༌། ། དགའ་བ་འདི་ནི་སླར་ཡང་ཁྱོད། ། དུས་ཀྱིས་འོངས་ན་འབྱུང་བར་འགྱུར། ། དེ་འདྲའི་དགའ་བ་བི་དུ་རས། ། གཞན་ལས་མིན་ཞེས་རིགས་པར་སྨྲས། ། དེ་ལ་གུས་པ་ཙམ་གྱིས་ནི། ། རབ་བསྟེན་འཕྲོག་བྱེད་ཤིན་ཏུ་དགེས། །ཞེས་པ་ཁོག་འདྲ། གཞན་ཡང་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་དུ། ཇི་ལྟར་མངོན་པར་འདོད་དོན་འགྲུབ་པའི་སླད། ། གསོད་པའི་རྡོ་འདི་ལ་འཛེགས་དགའ་བ་ལྟར། ། མ་ལ་ཡ་ཡི་ཙནྡན་རོས་བརླན་པའི། ། མ་ལ་ཡ་ཅན་མས་ཀྱང་དགའ་མི་བྱེད། ། ཅེས་བྱང་ཆུབ་སེམས་དཔའ་སྤྲིན་ལ་ཞོན་གྱིས་ཀླུ་དུང་གི་གཙུག་གི་གླུད་དུ་རང་གི་སྐུ་ལུས་བཏང་བ་ན་གསུངས་པར་སྙན་ངག་མཁན་གྱིས་བཀོད་པ་དེ་ལྟ་བུ་ཡིན་ནོ། །ཞེས་རྗེ་སི་ཏུ་པཎ་ཆེན་གྱིས་གསུང་རྒྱུན་བཞིན་སྙན་ངག་ཁམས་འགྲེལ་དབྱངས་ཅན་ངག་གི་རོལ་མཚོ་དུའང་བཀོད་སྣང་ངོ་།། གཞན་ཡང་། ཁྱོད་ཀྱི་གྲགས་པ་འདི་དག་ཙན་དན་ནགས་ཚལ་འདིར་ནི་ཀླུ་ཡི་ན་ཆུང་རྣམས། ། ལི་ཁྲིས་བྱུགས་བཞིན་རབ་རྣོ་ཉི་མའི་འོད་ཟེར་རེག་པས་འགྲམ་པ་དམར་བ་དང་ལྡན་ཞིང། ། སྐྲ་ཡི་ཚོགས་པ་རབ་འཛིན་དགོད་པའི་ངལ་དུ་བདག་གིས་ལུས་དམན་གདུང་བ་མི་རྩི་བར། ། ཏིང་ཏིང་ཤག་ལྷུང་བླངས་ནས་ཁུ་བྱུག་བཞིན་དུ་ཤིན་ཏུ་རབ་སྙན་ཆགས་ལས་སྒྲོགས་གྱུར་ཅིག། སྤྲིན་གྱི་བཞོན་པའི་ལུས་སྲོག་བློས་བཏང་གིས་གཞན་སྲོག་སྐྱོབ་པའི་གྲགས་པ་སྙན་པོ་དེ། ལི་ཁྲིའི་མདོག་ལྟར་དམར་པོའི་ཉི་འོད་ཀྱི་གཟུགས་སུ་བྱས་ནས་དེས་རེག་པས་མ་ལ་ཡ་ཅན་གྱི་ནགས་ཁྲོད་ན་གནས་པའི་ཀླུའི་བུ་མོ་ཚོའི་ཁུར་ཚོས་དམར་རྐྱང་བྱས་ཞིང་། ཧ་ལས་ནས་མགོ་བོ་འཕྲེད་དུ་གཡུག་གཡུགས་བྱས་པའི་སྐྲའི་ལན་བུ་གང་སར་བསྐྱོད་ཅིང་དགོད་པའི་ངལ་བ་ནང་དུ་བླངས་པ་དེ་དག་གིས། དཀའ་གདུང་ལ་མི་འཛེམས་པར་ཏིང་ཏིང་གི་སྒྲ་སྙན་ལྡན་པའི་ཏིང་ཤག་གི་རོལ་ཆས་འཁྲོལ་བ་ལྷུན་བླངས་པ་དང་མཉམ་དུ། ཁུ་བྱུག་གི་གླུ་ལྟར་ཤིན་ཏུ་སྙན་པའི་བསྟོད་པའི་གླུ་དབྱངས་ནམ་ཡང་སྒྲོགས་པར་གྱུར་ཅིག། ཅེས་ཟློས་གར་གྱི་འཁྲབ་གཞུང་རྨད་དུ་བྱུང་བ་འདི་ཉིད་འགྲོ་བ་ཀུན་གྱི་མིག་ཡིད་རྣ་བའི་དགའ་སྟོན་ཀྱི་དཔྱོད་དུ་འཇོ་བཞིན་ཇི་སྲིད་འཁོར་བ་ནམ་གནས་ཀྱི་བར་དུ་ཀུན་ཀྱི་ཡིད་དབང་འགུག་པའི་དཔལ་དུ་གནས་པའི་སྨོན་འདུན་གྱིས་མཇུག་བསྡུས་པ་སྟེ། མེ་ལོང་མར། མངོན་པར་འདོད་པའི་དངོས་པོ་ལ། །སྨོན་པ་ཤིས་བརྗོད་ཞེས་བྱ་དཔེར། །ངག་ཡིད་སྤྱོད་ཡུལ་མ་ཡིན་པའི། །སྣང་བ་དམ་པས་ཁྱོད་ལ་སྲུངས། །ཞེས་འབྱུང་བ་དང་ཁོག་འདྲ་བར་ཤིས་བརྗོད་ཀྱི་རྒྱན་དུ་བཀོད་པ་ཡིན། འདིའི་མཚན་མ་དང་པོ་ལས་གཞན་ལྷག་མ་རྣམས་ཚིགས་བཅད་རེ་རེ་བཞིན་ཚིག་འགྲེལ་ཞིབ་འབྲི་བྱེད་ལོང་མ་བྱུང་ཡང་། མེལོང་མ་ལེའུ་གསུམ་ཀ་སྦྱངས་པ་སྔོན་དུ་སོང་བའི་སློབ་མ་ཚོས།་རང་ངོས་ནས་འགྲེལ་བརྗོད་གནང་ཤེས་པ་བྱེད་དགོས།