ཀླུ་སྦྱིན་དགེ་བཤེས་རིན་པོ་ཆེའི་རྣམ་ཐར་བཞུགས་སོ།། རླབས་ཕྲེང་དང་པོ།

རླབས་ཕྲེང་དང་པོ། རིགས་ཕུན་སུམ་ཚོགས་པ་སྐྱེ་བ་བཞེས་པ་ནས་དབུས་འགྱུར་ཆོས་ཀྱི་ཞིང་སར་གཤེགས་པའི་བར།

༡རིགས་ཕུན་སུམ་ཚོགས་པ་སྐྱེ་བ་བཞེས་པའི་ཚུལ།

རྒྱལ་ཀུན་མཁྱེན་རབ་དམར་སེར་ལི་ཁྲིའི་ཁམས།། ས་ཁྱོན་འགྲམ་པའི་ཐིག་ལེར་བརྡལ་མཛད་པའི།། འཇམ་མགོན་རྒྱལ་བ་གཉིས་པ་ཙོང་ཁ་པས།། རིགས་ཀྱི་སྤོབས་པ་བུ་ཡི་སྙིང་ལ་སྩོལད།། དེ་ཡང་རང་ཅག་གི་འདྲེན་མཆོག་རྗེ་བཙུན་བླ་མ་དམ་པ་འདི་ཉིད་གང་དུ་འཁྲུངས་པའི་ཡུལ་ནི་རྒྱ་ཆེར་རོལ་པའི་མདོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤར་ལུས་འཕགས་པོར་མི་སྐྱེ། ནུབ་བ་ལང་སྤྱོད་དུ་མི་སྐྱེ། བྱང་སྒྲ་མི་སྙན་དུ་མི་སྐྱེ། ལྷོ་འཛམ་བུ་གླིངཁོ་ནར་སྐྱེའོ།།ཞེས་རྒྱལ་སྲས་བདག་ཉིད་ཆེན་པོ་རྣམས་གཞན་དོན་དུ་དམ་པའི་ཆོས་ཚུལ་སྤེལ་བ་དང་རང་གི་རླབས་པོ་ཆེ་ཚོགས་གཉིས་ཡོངས་སུ་རྫོགས་པའི་ཆེད་གླིང་བཞི་ལས་འཛམ་གླིང་ཁོ་ན་སྐྱེ་བ་མངོན་པར་སྐྱེ་བར་བཞེད་ཅིང། ཛམུྦ་ན་དཱའི་ལྷོ་གླིང་འདི་ཉིད་ལ་ཡང་བཙན་པོའི་འཛམ་གླིང་རྒྱལ་བཤད་ལས་འབྱུང་བ་ལྟར། འཛམ་གླིང་དུམ་དྲུག་བགོས་པའི་དབུས་འགྱུར་རྡོ་རྗེགདན་ནས་བརྩིས་པའི་བྱང་ཕྱོགས་ལྷུན་སྟུག་གངས་ཀྱི་རི་བོ་ཏི་སི་དང། གངས་མཐོན་མཐིང་རྒྱལ་མོ། གངས་དཀར་ཤ་མེད། གཉན་ཆེན་ཐང་ལྷ། ཡར་ལྷ་ཤམ་པོ། གནས་ཆེན་ཙ་རི་ཏྲ། གནོད་སྦྱིན་གངས་བཟང། རོང་བཙན་ཁ་བ་དཀར་པོ། མི་ཉག་གངས་དཀར་རི་བོ། ཤར་སྟོད་ཁ་བ་ལང་རི། ཨ་མྱེས་རྨ་ཆེན་སྤོམ་ར་སོགས་མཐོ་ཞིང་བརྗིད་ཆགས་ལྡན་པའི་གངས་རི་ར་བས་ཕྱོགས་མཚམས་ཀུན་ནས་ཡོངས་སུ་བསྐོར་བ། ཆོས་མངོན་པ་མཛོད་ལས་མ་དྲོས་པ་ཞེས་བསྔགས་པ་བརྗོད་པ་མ་ཕམ་གཡུ་མཚོ་དང༌། ཡར་འབྲོག་གཡུ་མཚོ། བྱང་གི་གནམ་མཚོ། རྒྱལ་གྱི་ལྷ་མོ་བླ་མཚོ། མཚོ་ཁྲི་ཤོར་རྒྱལ་མོ་སོགས་ཆེ་ཆུང་གཅིག་ཏུ་མ་ངེས་པའི་མཚོ་དང༌། མཚེའུ་དུ་མ་ཕྱོགས་དང་མཚམས་རྣམས་སུ་གནམ་སྔོན་བཞུས་པའི་ཁུ་བ་ལྟར་འཁྱྀལ་བ་སྟོད་ཀྱི་མ་ཕམ་གཡུ་མཚོ་ལས་སི་ཏཱ་དང༌། སིནྡྷྀ། པཀྵི། གངྒཱ་སྟེ་ཆུ་བོ་ཆེན་པོ་བཞི་དལ་གྱིས་འབབ་ཅིང༌། སྨད་ཀྱི་གདང་ལ་རིགས་རྒྱུད་ནས་རྒྱལ་མོ་དངུལ་ཆུ་དང༌། རྫ་ཆུ། འབྲི་ཆུ་གསུམ། མཚོ་སྐྱ་རིང་སོྔ་རིང་གཉིས་ལས་རྨ་ཆུ་སྟེ་སྨད་ཀྱི་ཆུ་བོ་ཆེན་པོ་བཞི་ལ་ཆུ་ཕྲན་དུ་མ་འདུས་ནས་འབབ་པ། གཞན་ཡང་སྤང་རི་དང་རྫ་རི། ནགས་རི་རྣམས་སུ་རྩི་ཤིང་མེ་ཏོག་སྣ་ཚོགས་དང༌། ལྗོན་ཤིང་སྣ་ཚོགས་པའི་ནགས་ཀླུང་དང་སྨན་སྣ། ས་འོག་གཏེར་གྱི་ཁྱད་པ་དུ་མས་ཕྱུག་པ་དང༌། མཁའ་དབུགས་གཙང་ཞིང་གནམ་གཤིས་བསིལ་བ། འབྱུང་བཞི་མཉམ་ཞིང་བག་ཕེབས་པས་འཛམ་གླིང་གི་ཡུལ་གྲུ་གཞན་ལས་ཤིན་ཏུའང་ཁྱད་པར་འཕགས་པ་བོད་ཅེས་བྱ་བ་སྟེ། དཀོན་མཆོག་འབངས་ཀྱི་སྐྱེས་རབས་ལས། ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན།། གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད།། རི་མཐོན་པོ་གནམ་གྱི་ཀ་བ་ཡོད།། མཚོ་དམའ་པོ་གཡུ་ཡི་མཎྜལ་ཡོད།། གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད།། སྤང་སེར་པོ་གསེར་གྱི་གུར་ཁང་ཡོད།། དྲི་ཞིམ་པོ་སྨན་གྱི་གདུག་སྤོས་ཡོད།། སྟོན་བཀྲ་བ་གསེར་གྱི་མེ་ཏོག་ཡོད།། དབྱར་བཀྲ་བ་གཡུ་ཡི་མེ་ཏོག་ཡོད།། ཅེས་དང༌། བལ་བཟའ་ཁྲི་བཙུན་བོད་དུ་འགྲོ་ཁར་ཡབ་ཀྱིས་བརྩལ་བའི་བསླབ་བྱ་ལས། བོད་ཅེས་བྱ་བའི་ཁྱད་པ་འཕགས་པའི་ཡུལ།། རི་མཐོ་ས་གཙང་གངས་རི་གཉན་གྱི་ཡུལ།། བསིལ་ལ་མཛེས་པ་ལྷ་ཡི་གཞལ་ཡས་ཁང༌།། ངོ་མཚར་རྨད་བྱུང་ཕན་བདེ་བྱུང་བའི་གཞི།། ཆུ་བོ་བཞི་འབབ་རྩི་ཤིང་ནགས་ཀྱིས་མཛེས།། འབྲུ་སྣ་ལྔ་འཁྲུངས་རིན་ཆེན་སྣ་ཚོགས་འབྱུང༌།།ཞེས་དང༌། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས། ཤིང་རྟའི་དབྱིབས་འདྲ་འཛམ་གླིང་གི། བྱེ་བྲག་བརྗིད་ལྡན་གངས་རིའི་བྱང༌།། ལོ་ཧི་ཏ་འགྲམ་རིན་ཆེན་ཁུངས།། ཁ་བ་ཅན་གྱི་མིང་གྲགས་ན། བློ་ཆེན་སྟོབས་ལྡན་མི་ཡུལ་ལ།། བོད་ཅེས་བྱ་བ་གནས་པའི་ཕྱིར།། ཞེས་སོགས་ཚད་མའི་ལུང་གིས་ཡང་ཡང་བསྔགས་པ་ལྟར་ཡིན་ཞིང༌། དེ་ཡང་སྟོད་མངའ་རིས་བསྐཽར་གསུམ་རྫིང་དང་འདྲ་བ། བར་དབུས་གཙང་རུ་བཞི་ཡུ་བ་འདྲ་བ། སྨད་མདོ་ཁམས་སྒང་དྲུག་ཞིང་དང་འདྲ་བ་ཞེས་མེས་དབོན་སོ་གསུམ་པ་སྲོང་བཙན་སྒམ་པོའི་སྐབས་སུ་ཁོར་ཡུག་དང་འབྲེལ་བའི་ཐ་སྙད་དེ་ལྟར་གྲགས་པ་བྱུང༌། ལྷག་པར་སྲོང་བཙན་གྱི་རིང་ལ་ས་ཁྱོན་རྒྱ་བསྐྱེད་བྱུང་བ་ལས། ཤར་གྱི་ཆང་ལེན་དང༌། ལྷོ་ཡི་བལ་ཡུལ་དང༌། ཆུ་བོ་གངྒཱ་ཚུན་ཆད། ནུབ་ཀྱྀ་ལི་ཡུལ་དང་ཀ་ཤི་སྨི་རི། བྱང་གི་སོག་པོ་སོགས་མདོར་ན་འཛམ་གླིང་སུམ་གཉིས་ས་ཁྱོན་ཡོངས་རྫོགས་བོད་ཀྱི་མངའ་ཁོངས་སུ་གྱུར་ཅིང༌། དེ་ལ་ཡང༌། ཙོང་ཁ་ལ་གྱི་ཐང་དུ་བཏགས་པའི་ཁམས། མདོ་སྨད་གཡེར་མོ་ཐང་དུ་བཏགས་པའི་ཁམས། མདོ་ཁམས་ལ་སྨར་ཁམས་ཞེས་བཏགས་པའི་ཁམས་ཏེ་ཁམས་གསུམ། རྒྱལ་མོ་རྔུལ་ཆུ་དང༌། རྫ་ཆུ། འབྲི་ཆུ། རྨ་ཆུ་སྟེ་ཆུ་བཞི། ཉང་སྨད་ཉི་མ་མདོ། སྤོ་བོ་ཆུ་མདོ། ཆབ་མདོ། སྒ་སྐྱེ་རྒུ་མདོ། དར་མདོ་སྟེ་མདོ་ལྔ༌། སྨར་ཁམས་སྒང༌། ཚ་བ་སྒང༌། འབྲི་རྫ་ཟལ་མོ་སྒང༌། མི་ཉག་ར་བ་སྒང༌། ལི་ཐང་སྤོམ་འབོར་སྒང༌། དམར་རྫ་སྒང་སྟེ་སྒང་དྲུག ཤར་རྒྱལ་མོ་རོང༌། ལྷོ་ཚ་བ་རོང༌། ནུབ་ཀོང་པོ་རོང༌། བྱང་ཨ་སྟ་རོང་སྟེ་རོང་ཆེན་བཞི་དང༌། ཉག་རོང༌། རྔོད་ཨ་ལ་རོང༌། དགུ་རོང༌། སྡེ་རོང་བཅས་རོང་ཆུང་བཞི་སྟེ་རོང་བརྒྱད། རྒྱ་ཤོད་དང༌། དཔའ་ཤོད། རྟ་ཤོད། རྔོད་ཤོད། ཡག་ཤོད། ནགས་ཤོད། ཏྲེ་ཤོད། རྨེ་ཤོད། རྒྱངས་ཤོད། དེ་ཤོད། བཅས་ཤོད་བཅུར་ཕྱེ་ཚུལ་སྔོན་གྱི་ལོ་རྒྱུས་ཡིག་ཆ་དག་ལས་གསལ་ཞིང༌། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པའི་དུས་སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝས། ཧོར་སོག་འཇིགས་པའི་དམག་གིས་མཐའ་བསྐོར་ཚེ།།ཞེས་གསུངས་པའི་ལུང་བསྟན་དུས་ལ་བབ་སྟེ་ཧོར་སོག་ཇག་པ་ཁྲི་ཕྲག་མང་པོས་གངས་ཅན་པའི་བསྟན་སྲིད་ལ་ཆག་གྲུམ་ཅི་ཆེར་བྱེད་མཁན་ཀླ་ཀློའི་རྒྱལ་པོ་བློན་འཁོར་དང་བཅས་པ་རྗེ་འདིས་ནང་པར་བཙུད་དེ་ཀྱཻ༔རྡོ་རྗེའི་དབང་ཆེན་ཐེངས་གསུམ་བསྐུར་བ་ལས་བོད་ཤིང་སྒོ་ཅན་ཀུན་ཕྱག་མཚན་དུ་ཕུལ་བ་ནས། སྟོད་མངའ་རིས་ནས་སོག་ལ་སྐྱ་བོའི་བར་དབུས་གཙང་དམ་པའི་ཆོས་ཀྱི་ཆོལ་ཁ་དང༌། སོག་ལ་སྐྱ་བོ་ནས་རྨ་ཆུ་ཁུག་པ་ཡན་ཆད་ལ་མདོ་སྟོད་མགོ་ནག་མིའི་ཆོལ་ཁ། རྨ་ཆུ་ཁུག་པ་ནས་རྒྱ་མཆོད་རྟེན་དཀར་པོ་ཡན་ཆད་ལ་མདོ་སྨད་གྱི་ལི་རྟ་ཡི་ཆོལ་ཁ་གསུམ་དུ་ཕྱེས་པའི་མདོ་སྟོད་མགོ་ནག་མིའི་ཆོལ་ཁ། དེ་ལ་ཁམས་གསུམ་དུ་ཕྱེས་བའི་སྨར་ཁམས་དང་ཁད་ཉེ་བ། ཆུ་བཞི་ལས་རྫ་ཆུ་དང་རྨ་ཆུའི་བར། མདོ་ལྔར་ཕྱེ་བའི་ཆབ་མདོ་དང་སྐྱེ་མདོ་དར་མདོ་གསུམ་གྱི་བར། སྒང་དྲུག་ལས་མི་ཉག་ར་བ་སྒང་དང་འབྲི་རྫ་ཟལ་མོ་སྒང་གི་བར། རོང་བརྒྱད་ལས་ཤར་རྒྱལ་མོ་རོང་དང་ལྷོ་ཚ་བ་རོང་གི་བར། ས་ངན་ས་ཡི་མདུད་པ། ཉག་རོང་ལྕགས་ཀྱི་མདུད་པ། མགོ་ལོག་རླུང་གི་མདུད་པ། སྤོ་བོ་གངས་ཀྱི་མདུད་པ་སྟེ་ཁམས་ཀྱི་མདུད་པ་བཞིའི་དབུས་ན་གནས་པ། ཤོད་བཅུ་ལས་ཏྲེ་ཤོད་བུ་སྟོན་ཆོས་འབྱུང་སོགས་སྔོན་གྱི་ཡིག་རྙིང་དུ་མའི་ནང་ཀྲེ་ཞེས་བྲིས་པའང་སྣང༌།ཀྱི་ཁོངས། དུས་ཕྱིས་ཧོར་ཇི་གུ་གནམ་གྱི་རྒྱལ་པོའི་བུ་ལྔའི་ནང་ནས་ཆུང་བ་གུ་ཏེའི་ཚ་བོ་ཧོར་སེར་ཆེན་རྒྱལ་པོས་དབང་བསྒྱུར་བྱས་པ་ནས་ཧོར་སེར་ཞེས་གྲགས་པ་དེ་ལའང་ནང་གསེས། ཁང་སར། མ་ཟུར། བྲེ་བོ། བྲག་མགོ བེ་རི་བཅས་ཧོར་སེར་ད་ར་ཁག་ལྔ་ཡོད་པའི་ནང་ནས་མ་ཟུར་དཔོན་གྱི་ས་རིས་མདོ་ཁམས་དཀར་མཛེས་ནོར་བུའི་གླིང་ཞེས། མེས་དབོན་སྲོང་བཙན་སྒམ་པོས་བཞེས་པའི་མཐའ་འདུལ་བཞིའི་ནང་ཚན་ཀཿབྲག་ཇོ་བོ་ཞེས་བྱིན་རླབས་ཀྱི་འོད་སྣང་འབར་བ་གང་དུ་བཞུགས་པའི་ཡུལ། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པའི་སྐུ་རིང་ལ་ཏྲེ་ཤོད་མཎྜལ་ཐང་དུ་རྒྱལ་བའི་བསྟན་སྲུང་ཀུན་ཀྱི་ཡང་རྗེ་དཔལ་ལྡན་གུར་གྱི་མགོན་པོའི་གཙུག་ལག་ཁང་བརྟེན་དང་རྟེན་པ་བཅས་པ་གསར་བཞེངས་མཛད་དེ་བྱིན་རླབས་ཀྱི་ཚན་ཁ་འབར་བཞིན་བཞུགས་པ། རྒྱལ་དབང་ཀརྨ་པ་དུས་གསུམ་མཁྱེན་པ་སོགས་རིས་མེད་སྐྱེས་ཆེན་དུ་མ་བསམ་བཞིན་སྲིད་པ་འཛིན་པའི་ཡུལ། ལོ་ཆེན་བཻ་རོ་ཙཱ་ན་གང་དུ་ཟུང་འཇུག་བརྙེས་པའི་གནས་ཙཱ་བདག་སྒྲུབ་ཕུག་བཅས་པའི་ཞིང་ས། དགའ་ལྡན་ཁྲི་ཐོག་དགུ་བཅུ་པ་ཆོས་རྗེ་བྱམས་པ་ཆོས་གྲགས་ཀྱིས། ཁ་བ་ཅན་ནས་གཞལ་བའི་ཤར་ཕྱོགས་ན།། མཁོ་རྒུའི་འབྱོར་པ་ལྷ་ལ་ལྟ་བའི་ཡུལ།། དཀར་མཛེས་ཞེས་བྱ་ཏྲེ་ཡི་གྲོང་ཁྱེར་ཡོད།། རྒྱལ་དང་རྒྱལ་སྲས་སེམས་དཔའ་དུ་མས་མཛེས།། ཞེས་གསུངས་པ་ལྟར། སཱ་ལའི་ནགས་དང་ཀཻ་ལ་ཤའི་ཁྱད་པར་དུ་བྱས་པས་བསིལ་ལྡན་བོད་ཀྱི་ལྗོངས་འདི་ལ་བོད་དང་བོད་ཆེན་པོ་ཞེས་གཉིས་སུ་ཕྱེས་པའི་ཕྱི་མ་ཤར་ཕྱོགས་ནོར་འཛིན་གྱི་གཞི་ལག་མཐིལ་ལྟར་མཉམ་ཞིང་ཡངས་པ་ལ་སྤང་ལྗང་དང་མེ་ཏོག་སྣ་ཚོགས་པས་བཀྲ་བ་རྒྱ་བོད་ཀྱི་སྐྱེ་བོའི་ཚོགས་མང་པོའི་འགྲུལ་ལམ་པ་ཏྲའི་རིས་ལྟར་བཀྲ་བ། ཤར་ཕྱོགས་སུ་སློབ་དཔོན་པདྨ་སམ་བྷ་ཝའི་དམ་ཚིག་གི་གནའ་ཆུ་རེག་ཅིང༌། འཛམ་གླིང་སེང་ཆེན་ནོར་བུ་དགྲ་འདུལ་གྱིས་དཀར་མོ་ནས་ཀྱི་གཡང་སྒམ་གནང་བའི་འབྲུ་རིགས་སྣ་ལྔའི་ནོར་ལྷ། དབང་ཕྱོགས་ཏྲེ་ཤོད་འཛིན་མའི་ཁུལ་ཀྱི་མགོ་བོའི་དགྲ་ལྷ་ཤར་ཕྱོགས་ཁ་བ་ལང་རིའི་ཕོ་བྲང་སྲིད་པ་ཆགས་པའི་གངས་དཀར་གྱི་ལ་ཐོད་འཆང་བས་ཉི་ཟླའི་བགྲོད་ལམ་དུ་བསྙེགས་པ་ཞི་བའི་ལས་ཀྱི་སྒོ་དང་མཐུན་པ། ལྷོ་རུ་གྲུ་གསུམ་རྫ་རི་གྲི་སོ་འདྲ་བ་མ་རྒྱུད་ཀུན་གྱི་རྒྱལ་པཽ་ཡི་དམ་འཁོར་ལོ་སོྡམ་པའི་གནས་རི་བདེ་མཆོག་ཕོ་བྲང་མཐུ་རྩལ་ནུས་པའི་ཏིང་འཛིན་ལ་དབང་བསྒྱུར་བའི་རྣལ་འབྱོར་པས་དྲག་པོའི་གཏོར་ཟོར་གྱེན་དུ་སློང་འདྲའི་རྩེ་མོ་གནམ་གྱི་ལྟོ་བར་ཟུག་ཅིང༌། སྨུག་སྤྲིན་དང་འདབ་ཆགས་དག་གིས་སྐེད་པར་ལྡེང་བ་དྲག་པོའི་ལས་ཀྱི་སྒོ་དང་མཐུན་པ། ནུབ་ཕྱོགས་སུ་རི་བོ་དར་གྱི་ཡོལ་བ་བྲེས་པའམ་འདབ་ཆགས་མཁའ་ལྡིང་གིས་གཤོག་པ་བརྐྱངས་པ་དང་འདྲ་བས་ཁད་ཀྱིས་བསྐོར་བ་དབང་གི་ལས་དང་མཐུན་པ། བྱང་ཕྱོགས་སུ་ཧོར་ཁོག་ལུགས་གཉིས་སྐྱོང་བའི་ལྷ་གཅིག་ཧོར་ཕྲུག་དགྲ་ལྷ་འོད་ལྡན་དཀར་པོ་གང་ན་གནས་པའི་རི་རྒྱུད་མེ་ཏོག་དང་རྩི་ཤིང་སྣ་ཚོགས་ཀྱིས་ཚོམ་བུ་བཀྲ་བ་རྨ་བྱའི་སྒྲོ་ཐུལ་དང་འདྲ་བས་ཚེ་དང་བསོད་ནམས་རྒྱས་པའི་ལས་དང་མཐུན་པ་སྟེ། ཞི་རྒྱས་དབང་དྲག་གི་ལས་བཞི་ལྷུན་གྱིས་གྲུབ་པའི་དགེ་མཚན་གསལ་བ། ཤར་ངོས་ནས་ཆུ་བོ་གནམ་ཟླ་ཡར་འབབ་དར་དཀར་རླུང་གིས་བསྐྱོད་པ་ལྟར་འཕྱོ་བ། གཡས་ཕྱོགས་ནས་རྫ་སྟོད་ག་ཡུས་མགོའི་གནས་སྲུང་རྫ་ཉིན་རྡོ་རྗེ་རྟིང་དཀར་ལས་འབབ་པའི་རྫ་ཆུ་གཙང་ཆབ་སྔོན་མོ་དལ་གྱིས་བསྐོར་ནས་འབབ་པ། ཕྱོགས་བཞིའི་ཁྱོན་ཀུན་འབྲུ་སྣ་ལྔའི་སྙེ་མ་གཡུར་དུ་ཟ་བའི་ཞིང་ས་གཤིན་པ། གནམ་ལ་འཁོར་ལོ་རྩེ་དགུ་དང༌། བར་ལ་བཀྲ་ཤིས་རྟགས་བརྒྱད། ས་ལ་པདྨ་འདབ་བརྒྱད་ཀྱྀ་མཚན་དོན་བཀྲ་བ། ལྷག་པར་ཇི་སྐད་དུ། ཁང་ས་ཞིང་ས་ས་ཡི་དགེ ། འཐུང་ཆུ་ཞིང་ཆུ་ཆུ་ཡི་དགེ ། གམ་འབྲོག་རྒྱངས་འབྲོག་རྩྭ་ཡི་དགེ ། ཁང་ཤིང་བུད་ཤིང་ཤིང་གི་དགེ ། ཁང་རྡོ་འཐག་རྡོ་རྡཽ་ཡི་དགེ །ཞེས་པ་ལྟར། དགེ་བཅུ་གཡང་དུ་འཁྱིལ་བའི་ཞིང་ཁམས། དཀར་མཛེས་གྲོང་ཁྱེར་གང་དུ་ཆགས་པའི་ཤར་ཕྱོགས་རྫོང་ཀླུ་ནང་ཞེས་གྲགས་པའི་གྲོང་གསེབ་དེ་ནས་རྫོང་ཀླུ་ནང་ཚང་གི་རིགས་སྙུག་བུ་མོ་ཞིག་གང་དུ་གནས་ལ་སོང་བའི་རྗེས་སུ་ཁྱིམ་དུ་གནས་པའི་ཀླུ་མོ་ཞིག་ཀྱང་སོང་བ་ལས་གནས་དེར་ཆུ་མིག་གཅིག་སྦྱིན་པར་བྱས་པས་ཀླུ་སྦྱིན་ཞེས་ཐོགས་པ་དེ་ནའོ།། བདག་ཉིད་ཆེན་པོ་འདི་ཉིད་གང་ལས་འཁྲུངས་པའི་རིགས་རུས་ཆོ་འབྲང་ནི། ཇི་སྐད་དུ་ཁྲི་བརྒྱད་སྟོང་པ་ལས། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིགས་ཆེན་པོ་དག་ཏུ་སྐྱེ་བ་སྟེ། དེ་ནི་བྱང་ཆབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རིགས་ཕུན་སུམ་ཚོགས་པ་ཡིན་ནོ།། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོ་རིགས་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་དང༌། བྲམ་ཟེ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་ཏུ་སྐྱེ་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོ་རིགས་ཕུན་སུམ་ཚོགས་པ་ཡིན་ནོ།། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རུས་ཕུན་སུམ་ཚོགས་པ་གང་ཞེ་ན། རིགས་གང་ལས་སྔོན་གྱི་བྱང་ཆུབ་སེམས་དཔའ་སམས་དཔའ་ཆེན་པོ་དག་བྱུང་བ་གྱུར་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རུས་ཕུན་སུམ་ཚོགས་པ་ཡིན་ནོ།།ཞེས་གསུངས་པ་ལྟར། དེང་གི་མཁས་པ་ཁ་ཅིག་གི་བཤད་སྲོལ་ལྟར་བྱས་ན་འཛམ་གླིང་ཟླུམ་པོ་འདིའི་སྟེང་གི་མིའི་འགྲོ་བ་ཡོངས་ཀྱི་སྐྱེ་ཁུངས། ལང་ཀར་གཤེགས་པའི་མདོ་དང༌། ལྷ་མོ་དྲི་མ་མེད་པ། དཀོན་མཆོག་འབང་ཀྱི་སྐྱེས་རབས་སོགས་ལས་འབྱུང་བ་བཞིན། འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་རྣམ་འཕྲུལ་སྤྲེལ་བྱང་ཆུབ་སེམས་དཔའ་དང༌། རྒྱལ་ཀུན་ཡུམ་གཅིག་ཨརྱཱ་ཏ་རེའི་རྣམ་འཕྲུལ་བྲག་སྲིན་མོ་གཉིས་ལས་ཆད་དེ། ཇི་སྐད་དུ། དགའ་འབྲུ་གདོང་གསུམ་དབྲ་དང་བཞི། ། དབའ་ཟླ་གཉིས་ཏེ་རྩ་བ་དྲུག། རྒྱ་བོད་ཧོར་གསུམ་འཇང་དང་བཞི། ། འདོན་གིང་རི་གཉིས་ཏེ་ཡལ་འདབ་དྲུག ། རུས་ཆེན་རེ་ལ་གཏམ་རྒྱུད་རེ། ། ཞེས་བོད་རྒྱ་ཧོར་གསུམ་གྱི་ས་ཁྱོན་འདིར་རྩ་བ་ཆེ་བཞི་ཆུང་གཉིས་བསྡོམས་པའི་དྲུག་ལས། ཡལ་འདབ་ཆེ་བཞི་ཆུང་གཉིས་སྣོན་པས་དྲུག་ཏུ་བཤད་སྲོལ་ཡོད་པ་དེའི་ནང་ནས། ཆེ་བཙན་འགྲན་མེད་འབྲི། ། ཆེ་རྒྱུད་སྨུག་པོ་ལྡོང༌། ། མཁས་པའི་འབྱུང་ཁུངས་སྒ། ། དམུ་ཆ་སྒ་ཡི་རྒྱུད་འདི་ལྟོང་དང་དོན་འདྲ སྣ་མང་སེ་ཆུང་དབྲ། ། ནུ་བོ་དབས་ཟླ་སྟག་གཟིག་འཇིང་བསྣོལ། ། ཞེས་གྲགས་པའི་ནང་ནས་ཆེ་བཙན་འགྲན་མེད་འབྲུ་ཡི་གདུང་ལས་ཏྲེ་ཤོད་ཀྱི་མི་རྒྱུད་འདི་ཉིད་ཆད་པ་ཡིན་ཏེ། དེ་ཡང༌། འབྲུ་ཡིས་འབྲི་མོ་ཁྲོམ་ཁྲོམ་ཐོབ། །ཞེས་ཁྲི་དོ་ཆེན་མོའི་བུ་གསུམ་པ་ཨ་ལྕགས་འབྲུ་ལ་འབྲི་མོ་ཁྲོམ་ཁྲོམ་ཞེས་པའི་ས་ཆ་དེ་ཐོབ། འབྲུ་རིགས་ལ་དབྱེ་ན་རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་ལས། ཁྲི་ཟམ་འབྲུ་ཡི་ཆེ་དྲུག་དེ། ། ཤར་ན་གྱི་དང་རོང་པོ་གཉིས། ། ལྷོ་ན་བེ་དང་རི་ཐོ་གཉིས། ། སྨད་ན་འབྱོམ་དང་ངོ་ཀྲོ་གཉིས། ། ཆེ་དྲུག་བཙན་གྱི་བཙུན་དྲུག་དེ། ། སྤས་དང་སྤོས་དང་ཚ་ཁྲོམ་གསུམ། ། ཞུག་པ་སྟོང་ཉེ་ཉེ་སྒ་གསུམ། ། ཆེ་བཙུན་སྤེལ་མ་བཅུ་གཉིས་ཡིན། ། ཞེས་པ་ལྟར་ཤར་ན་གྱི་དང་རོང་པོ་གཉིས། ལྷོ་ན་བེ་དང་རི་ཐོ་གཉིས།

སྨད་ན་འབྱོམ་དང་ངོ་ཀྲོ་གཉིས་ཏེ་ཁྲི་ཟམ་འབྲུ་ཡི་ཆེ་དྲུག་དང༌། སྤས་

དང་སྤོས་དང་ཚ་ཁྲོམ་དང་གསུམ། ཞུག་པ་སྟོང་ཉེ་ཉེ་སྒ་དང་གསུམ་སྟེ་ཆེ་དྲུག་བཙན་གྱི་བཙུན་དྲུག་བསྡོམས་པས་ཆེ་བཙུན་སྤེལ་མ་བཅུ་གཉིས་ཡིན་ཚུལ་གྲགས་པ་དང༌། ཡང་སྟོང་ལས་གྱེས་པའི་རྗེ་བཞི་དང་ཁོལ་བརྒྱད་ནི། ཅོག་ས་རྗེ་དང༌། ཆང་རྗེ་ཐོད་དཀར་རྗེ། ཏེ་ཅོག་ཉལ་པོ་རྗེ། སྙགས་རྗེ་ཐོག་སྒམ་རྗེ་སྟེ་རྗེ་བཞི་དང༌། དམར་དང༌། མར་མར། སྙལ། སྙལ་དབེན། རྔོག ཕྲོག རོག སྦས་ཏེ་ཁོལ་བརྒྱད་དོ། ། ཞེས་བགྲངས་པའང་སྙང་ལ། སྟོང་དང་འབྲུ་གཉིས་ནི་དོན་གཅིག་ཏུ་སེམས་སོ། ། ཨ་ལྕགས་འབྲུ་ཡི་གདུང་རབས་དེ་དག་གི་ནང་ནས། འགྲུ་རྗེ་ལྷ་བུ་ཐོད་དཀར་གྱི་གདུང་སྲས་འབྲུ་ཉི་མ་དཀར་ནག་ཁྲ་ཞེས་གྲགས་པ་བྱུང༌། འབྲུ་བུ་དཀར་ནག་ཁྲ་གསུམ་ལས་འབྲུ་ཉི་མ་དཀར་པོའི་གདུང་ལས་ཏྲེ་ཡི་མི་རྒྱུད་འདི་ཉིད་ཆད་པ་ཡིན་ཏེ་ཏྲེ་རབས་ལས། འབྲུ་རྗེ་ཉི་མ་དྲི་མེད་ལས། ། རྒྱལ་རབས་དགུ་བཅུ་གོ་བརྒྱད་འཕེལ། ། ཕྱེད་དེ་ལྷ་ཡི་གདུང་རྒྱུད་ཡིན། ། ཞེས་འབྱུང་བ་ལྟར་འབྲུ་རྗེ་ཉི་མ་དྲི་མེད་དམ་དྲི་མེད་་དཀར་པོ་ལས་ཆད་པའི་འབྲི་ཡི་རྒྱལ་རབས་དགུ་བཅུ་གོ་བརྒྱད་བྱུང་བ་ཡིན་ལ། དེ་ཡང་འབྲུ་རྗེ་ཉི་མ་དཀར་པོ་འམ་ཉི་མ་དྲི་མེད་ལ་སྲས་གསུམ་བྱུང་བའི་ཆེ་བ་ལ་དཔའ་བོ་སོ་གད། འབྲིང་བ་ལ་ཡ་གད། ཆུང་བ་ལ་མ་གད་ཞེས་བཏགས། འབྲི་བུ་གསུམ་ལས་ཆེ་བ་སོ་གད་ནི་ཏྲེ་རབས་ལས། སྲས་ཆེ་བའི་རིགས་ལ་སྐྱུར་ར་བྱུང༌། ། འདན་སྟོད་བྲག་རྩ་སྐྱུ་རས་བཟུང༌། ། སྐྱུ་ར་མི་འགྱུར་འབྲུ་ཞིག་ཡིན། ། བྲག་རྩ་མི་འགྱུར་གནས་ཤིག་ཡིན། ། འབྲིང་པོའི་བུ་ལ་གོ་བོ་བྱུང༌། ། བྱང་ཁྲི་ལམ་སྐྱ་མོ་གོ་བས་བཟུང༌། ། གོ་རྗེ་དཀར་པོ་འབྲུ་ཞིག་ཡིན། ། ཁྲི་ལམ་མི་འགྱུར་གནས་ཤིག་ཡིན། ། ཆུང་བའི་རིགས་ལ་ཏྲེ་བོ་བྱུང༌། ། ཏྲེ་མ་ཐང་ཚོང་འདུས་ཏྲེ་བོས་བཟུང༌། ། ཏྲེ་རྗེ་སེ་བོ་འབྲུ་ཞིག་ཡིན། ། ཚོང་འདུས་མི་འགྱུར་གནས་ཤིག་ཡིན། ། ཞེས་འབྱུང་བ་ལྟར་འབྲུ་ཉི་མ་དཀར་པོའི་བུ་ཆུང་བ་མ་གད་རིགས་ལ། བུ་ཏྲེ་རྗེ་སེ་བོ་ཞེས་བྱ་བ་བྱུང༌། དེ་ཆེར་སྐྱེས་པ་དང་ཏྲེ་མ་ཐང་ཚང་འདུས་ཏེ། མཎྜལ་ཐང་ངམ་དེང་སང་སྡེ་མགོན་པོ་ཡོད་སའི་ས་ཁུལ་དེ་ཉིད་ལྟེ་བར་བྱས་ནས་ད་ལྟའི་བྲག་མགོ་རྫོང་ཁོངས་བྲེ་བོ་ཏྲེ་བོ་ཡན་ཆད་བུ་ཏྲེ་བོས་ཡོངས་སུ་བཟུང༌། དེ་ལྟར་བཟུང་མཁན་ཏྲེ་རྗེ་སེ་བོ་ནི་འབྲུ་ཡི་རིགས་ཀྱི་ནང་ཚན་ཞིག་ཡིན། ཚོང་འདུས་ནི་སྐབས་དེར་ས་ཁུལ་དེ་ཕྱོགས་ཀྱི་སྟོད་སྨོད་ཡུལ་མི་ཀུན་གྱིས་ཉོ་ཚོང་བྱེད་པའི་ཁྲོམ་ར་ཆེ་ཤས་དེ་ཡིན་པས། ཚོང་འདུས་ཞེས་འབོད་ཅིང་དོན་ནི་མཎྜལ་ཐང་ད་ལྟ་ང་ཚོའི་ཁ་སྐད་ལ་རྨ་ར་ཐང་སྟེ་ཐང་དེའི་ཐང་མགོ་ན་སོག་པོའི་དབང་བསྒྱུར་སྐབས་སྡེ་མགོན་པོ་བཞེས་ཚུལ་སྡེ་མགོན་པོ་དཀར་ཆགས་ན་གསལ་ཞིང༌། ཏྲེ་མཎྜལ་ཐང་དུ་ས་སྐྱའི་གདུང་སྲས་ངྷརྨ་པཱ་ལ་རཀྵི་ཏཱ་ཞི་བར་གཤེགས་ཚུལ་བདག་ཆེན་ཨ་མེས་པའི་ས་སྐྱའི་གདུང་རབས་རིན་ཆེན་དབང་མཛོད་སོགས་ན་གསལ། ཏྲེ་ཞེས་པའི་ས་མིང་ནི་ཏྲེ་རྗེ་སེ་བོ་འདིས་ས་གནས་དབང་བསྒྱུར་བྱས་པ་ནས་དབང་བསྒྱུར་བྱེད་མཁན་གྱི་མིའི་མིང་ས་གནས་ལ་བཏགས། ཏྲེ་དང་དབང་བསྒྱུར་བྱེད་པོ་ལ་བདག་སྒྲ་སྦྱར་བས་ཏྲེ་བོ་ཞེས་གྲུབ་པའམ། ཡང་ན་ཏྲེ་རྗེ་སེ་བོ་ཞེས་པས་དབང་བསྒྱུར་བྱས་པས་བསྡུས་མིང་ལ་ཏྲེ་བོ་ཞེས་འབོད་པ་ཡིན་ཟེར་ན་རིགས་པའི་ལམ་དང་འགལ་བ་མེད་ཅིང་ལུང་གི་ཁུངས་ནི་གོང་ལྟར་རོ། །དེས་ན་རང་རེ་ཡུལ་ལུང་ལ་ཏྲེ་བོ་ཞེས་པའི་མིང་འདི་གནམ་སྔོན་པོའི་འོག་ས་སྐྱ་མའི་གོང་འདིར་ཐོག་མ་འབྱུང་ས་དེ་འདི་ནས་ཡིན་ལ། དེའི་ཡར་སྔོན་དུ་མི་མེད་ལུང་སྟོང་ཡིན་མིན་མི་ཤེས་ཀྱང༌། རྫ་ཉིན་རྡོ་རྗེ་རྟིང་དཀར་ནས་ཉག་ཆུ་སྔོན་མོའི་ཁུག་སོ་བར་ས་ཁུལ་གཅིག་གྱུར་གྱི་ལུང་རྒྱུགས་པའི་དཔོན་རབས་དང་སྡེ་རབས་ནི་མེད་པ་འདྲ། མདོར་ན་ས་དགེ་རྙྀང་གསུམ་དང་བཀའ་འབྲུག་བོན་གསུམ་གྱི་ཆོས་འབྱུང་དང༌། བོན་འབྱུང་ཁག །ལྡོང་གི་རུས་མཛོད་སོགས་དེབ་གཏེར་དང་ཡིག་ཚང་འདྲ་མིན་སྙ་ཚོགས་ཀྱི་ནང་དུ་ཏྲེ་དང་ཀྲེ་ཏྲེ་སོགས་ཅི་རིགས་སྙ་ཚོགས་ཀྱི་ཡིག་གཟུགས་ཐོག་ནས་ཡུལ་ལུང་འདིའི་མིང་བྲིས་འདུག་པ་མཐོང་མོད། མིང་གི་བརྗོད་གཞི་འདི་ནས་ཆད་པའི་ས་ཁུལ་འདིར་བོད་བཙན་པོ་རིམ་བྱོན་གྱི་སྐབས་དང༌། རྒྱལ་ཁབ་སིལ་མ་འཐོར་བའི་སྐབས་དང༌། ཧོར་གྱིས་དབང་བསྒྱུར་བྱས་པའི་སྐབས། ཕག་རི་གཙང་གསུམ་གྱི་སྐབས། དགའ་ལྡན་ཕོ་བྲང་པའི་སྐབས་སོགས་སུ་རྦ་རླབས་སྟེང་གི་མཚོ་གྲུ་དང༌། རླུང་འཚུབས་ཁྲོད་ཀྱི་ཤིང་ལོ་བཞིན་ཆགས་འཇིག་འདུ་བྲལ་ངེས་མེད་སྙ་ཚོགས་བྱུང་བ། དཔེར་ན་བསྐལ་པ་ཡ་ཐོག་གི་སྐབས། ཏྲེ་ཉིན་སྲིབ་ཕུ་ཤོད་མདོ་དང་ལྔར་ཕྱེ་བ་དང༌། བོད་སིལ་བུའི་སྐབས་འབྲུའི་དབང་བསྒྱུར་གྱི་ནུས་པ་རྫོགས་ཏེ་དབྲ་རིགས་དཔོན་གྱིས་དབང་བསྒྱུར་བྱས་པ། ཧོར་གྱིས་དབང་བསྒྱུར་སྐབས་སྲིད་དབང་གི་རྟེན་གཞི་ཧོར་རིགས་ཀྱི་ལག་ཏུ་ཤོར་བ་ནས་ད་ར་ཁག་གསུམ་དང་ལྔ་དང་བདུན་སོགས་སུ་གྱེས་པ་དང༌། དོན་ཚན་བཅུ་བདུན་བཞག་པའི་རྗེས། རྒྱ་ནག་གི་ལུགས་ཀྱི་རྫོང་ཁག་དུ་མར་ཁག་བགོས་བྱས་པ་སོགས་ཀྱི་ཤིང་བརྒྱའི་རྩ་བ་དང་ཆུ་བརྒྱའི་འབྱུང་ཁུངས། ཆུ་མགོ་གངས་དང་ཆོས་མགོ་སངས་རྒྱས་ལ་ཐུག་པའི་དཔེ་ལྟར། ཏྲེ་ཡི་ཁུངས་གཏུགས་ས་ནི་འབྲུ་ཉི་མ་དཀར་པོ་འམ་འབྲུ་རྗེ་ཉི་མ་དྲི་མེད་ཀྱི་བུ་ཆུང་བ་མ་གད་ཀྱི་སྲས་ཏྲེ་རྗེ་སེ་བོ་ལ་ཐུག་པ་ཡིན། ཡུལ་ལུང་འདི་དག་རྗེ་འདིས་དབང་བསྒྱུར་བྱས་པ་ནས་ད་ལྟའི་བར་ཡུལ་ལུང་སྤྱིའི་མིང་ལ་ཏྲེ་ཞེས་པའི་མིང་འདི། ཏྲེ་བོ་ལུང་པར་ཆགས་འཇིག་འདྲ་མིན་བྱུང་ན། སྟག་ཤི་ནའང་རི་མོ་མི་ཡལ་བ་དང༌། མཆོད་རྟེན་མགོ་མཇུག་སློག་ནའང་བང་རིམ་སྐེད་པར་བསྡད་པའི་དཔེ་ལྟར་ད་ལྟའི་བར་དུ་ལུས་ཡོད།

ཏྲེ་རབས་ལས། 

ཆུང་བའི་རིགས་ལ་ཏྲེ་བོ་བྱུང༌། ། ཏྲེ་མ་ཐང་ཚོང་འདུས་ཏྲེ་བོས་བཟུང༌། ། ཏྲེ་རྗེ་སེ་བོ་འབྲུ་ཞིག་ཡིན། ། ཚོང་འདུས་མི་འགྱུར་གནས་ཤིག་ཡིན། ། ཞེས་གོང་དུ་བགྲངས་པ་ལྟར་འབྲུ་རྗེ་ཉི་མ་དྲི་མེད་ཀྱི་བུ་ཆུང་བ་མ་གད་ཀྱི་སྲས་སུ་འཁྲུངས། ཆུང་ངུའི་མིང་ལ་སེ་བོ་བཏགས་ན་སོན་པ་དང་རང་གི་ཡབ་མེས་ཀྱི་རིགས་བསྙེགས་ཏེ་དཔའ་མཛངས་རྟུལ་ཕོད་གཞན་དྲིང་མི་འཇོག་པས་ཏྲེ་མ་ཐང་ཚང་འདུས་མཎྜལ་ཐང་གྱི་ས་རིས་བཟུང་ནས་ས་གནས་དེའི་མི་རྒྱུ་ཟོག་གསུམ་ལ་དབང་བསྒྱུར་བྱས་པས་ཏྲེ་རྗེ་ཞེས་གྲགས་པ་བྱུང་ཏྲེ་ཡི་རྗེ་བོ་གྱུར་པ་དང་མིང་ལ་སེ་བོ་བཏགས་པས། དེ་གཉིས་གཅིག་ཏུ་སྒྲིལ་ཏེ་ཏྲེ་རྗེ་སེ་བོ་ཞེས་འབད། ད་ལྟའི་དཀར་མཛེས་ཁུལ་དང་ཏྲེ་བོ་ད་ལྟ་ལྕག་རི་དགོན་པ་ཡོད་ས་དེ་ཡིན་བཅས་ལ་ལུང་རྒྱུགས་ཏྲེ་བོ་དཔོན་རབས་ཀྱི་ཐོག་མ་འདི་ནས་བྱུང༌། དེ་ནས་རིམ་པར་བཞིན་ཏྲེ་རབས་ལས། འབྲུ་ཏྲེ་བོ་སྟག་གི་བྱ་རོག་དང༌། ། མཛེས་པ་ཕྱི་མི་རི་མོ་དང༌། ། མོན་པ་མཆེ་སྡེར་ཡ་མེད་དང༌། ། བཙུན་པ་ཏྲེ་བོ་སྟག་དམར་བཞི། ། གནས་མཎྜལ་ཐང་དུ་འཛོམས་པ་ཡིན། ། རྒྱལ་པོའི་དུས་ཀྱི་ལས་ཀ་ལ། ། ཡུལ་ཆེན་སྐྱོང་བའི་བདག་པོ་ཡིན། ། རྒོད་པོ་བརྟུལ་པའི་གཤེད་མ་ཡིན། ། ཉམ་ཆུང་སྐྱོང་བའི་ཕ་མ་ཡིན། ། གནམ་ལྷ་ཆོས་དཀར་པོའི་གཞུང་ཤིང་ཡིན། ། ཏྲེ་ཉིན་ལ་མི་ཡི་ཚོགས་པ་ཡིན། ། སྲིབ་ལ་ནོར་གྱི་གཏེར་མཛོད་ཡིན། ། ས་མཐོ་མཁར་གྱི་ཁ་བད་མཐོ། ། ཕུ་ལ་འབྲོག་རུ་འཛོམས་ས་ཡིན། ། ཤོད་ལ་འབྲུ་དྲུག་སྨིན་ས་ཡིན། ། གནས་མཎྜལ་ཚོང་འདུས་སྤྱད་ས་ཡིན། ། སྐད་རིགས་མི་གཅིག་སྙ་དགུ་འཚོགས། ། ཏྲེ་རབས་ཁ་ཁྲིམས་ཀྱི་གནས་གཞི་ལ། ། ལས་ཀ་ཐོབ་པའི་མི་གསུམ་བྱུང༌། ། ཏྲེ་བོ་ཐང་ཆེན་ཨ་འབན་དེ། ། ཁྲིམས་ར་བཅུ་ཡི་མགོ་གནོན་ཡིན། ། ཁྲི་དཔོན་ཉི་མ་དཀར་ལེབ་དེ། ། རུ་བཞི་དམག་གི་དཔུང་གནོན་ཡིན། ། སྤྱི་ཕུད་འཁོར་ལོ་བཟང་པོ་དེ། ། གནམ་བསྐོས་རྒྱལ་པོའི་ནང་བློན་ཡིན། ། འབྲི་ཏྲེ་བོ་དགྲ་བླའི་མི་བདུན་ལ། ། གསེར་ཕྲེང་པོ་ཏི་བཅུ་གསུམ་ཡོད། ། ཅེས་འབྱུང་བ་ལྟར་དཔོན་རབས་དང་མི་རབས་རིམ་པར་བྱུང་ཞིང། དེ་དག་ཇི་ལྟར་བྱུང་ཚུལ་ཅུང་ཟད་རྒྱས་པ་ནི་ཁོ་བོས་ཏྲེ་རབས་བཀྲ་ཤིས་གཡས་སུ་འཁྱིལ་བའི་དུང་སྒྲར་བཀོད་ཡོད་པ་དེར་གཟིགས་དགོས། བོད་སིལ་བུའི་དུས་རབས་སྐབས། དབྲ་པ་དཔོན་རབས་རིམ་བྱུང་གིས་བོན་སྲིད་ཟུང་དུ་འབྲེལ་བའི་ཆབ་སྲིད་ཀྱི་གདུག་དཀར་སྡེ་བཞི་ སྲིད་ཀྱི་རྩིབས་མའི་ཁོ་ལག་ཡངས་པོས་སྡེ་འདིའི་མངའ་རིས་སུ་གཏོགས་པའི་ཁོལ་འབངས་ཀུན་ཀྱང་རྫོགས་ལྡན་ཞི་བསིལ་གྱི་དཔལ་ལ་སྤྱོད་བཞིན་མཆིས་པར་མངོན་ཏེ། སྐབས་དེར་སྡེ་འདིའི་ཡུལ་མིང་ལ་དབྲ་པ་དང༌། མཆོད་པའི་རྟེན་གྱི་དགོན་སྡེ་ལ་དབྲ་དགོན། སྡེ་འབངས་སྐྱོང་བའི་རྒྱལ་ པོ་ལ་དབྲ་པ་དཔོན་ཞེས་ཡོངས་གྲགས་སུ་འདོགས་པ་ལས་སྐབས་དེའི་དཔོན་རབས་རྣམས་ནི་བོད་ཀྱི་མིའུ་གདུང་དྲུག་ལས་དབྲའི་རིགས་སུ་གཏོགས་པ་ཤིན་ཏུ་གསལ། ལོ་རྒྱུས་འགའ་ཞིག་ཏུ་སྦྲ་ཞེས་བྲིས་འདུག་པའང་བརྡ་རྙིང་པར་འབྲི་ཚུལ་གྱི་རྣམ་གྲངས་ཙམ་སྟེ་དོན་དུ་གཅིག་པ་སྣང་ངོ༌།། དུས་ཕྱིས་སྡེ་འདིའི་མངའ་རིས་ཆ་ལག་དང་བཅས་པ་ཧོར་སོག་མཐའ་དམག་གི་ལག་འོག་ཏུ་ཤོར་ནས་གདོད་མའི་དཔོན་པོ་དང་བླ་མ་གཉིས་ག་ཡིན་པ་དབྲ་པ་དཔོན་ཡུལ་གྱར་དུ་ཕེབས་པ་ནས་གཟུང་ཧོར་ཁོག་དང་ཧོར་རིགས་ཅེས་པའི་མིང་བཙན་འགེལ་བྱས་པ་དང༌། དུས་ཕྱིས་ཧོར་ཆོས་རྗེ་ལྷ་དབང་ཕྱོགས་ལས་རྣམ་པར་རྒྱལ་བས་དགེ་ལྡན་བསྟན་པའི་མཛེས་རྒྱན་བཀྲ་ཤིས་དཀར་མཛེས་དར་རྒྱལ་ནོར་བུའི་གླིང་ཕྱག་བཏབ་པ་ནས་ཡུལ་དགོན་སྡེ་གསུམ་ག་ལ༌། དེ་སྔོན་དབྲ་པ་ཞེས་པའི་གདོད་མའི་མིང་གི་མཐར་དུས་ནམ་ཡང་ལྷག་བཅས་ཀྱི་ཚིག་ཕྲད་འཇུག་ཏུ་མེད་པའི་རྫོགས་ཚིག་དང་བཞི་ཤད་ཀྱི་ཕྱག་རྒྱས་བཏབ་སྟེ་ ད་ལྟའི་ཆར་རྒྱ་དཀར་ནག་སེར་གསུམ་དང་བོད་ཆོལ་ག་གསུམ་གར་དཀར་མཛེས་ཞེས་ཡོངས་སུ་གྲགས་པ་འདིའི་ཐོག་མའི་མི་རྒྱུད་འབྲི་ཡིན་པ་དང༌། བར་དུ་དབྲ་རིགས་ཀྱིས་དབང་བསྒྱུར་བྱས་པ་འདི་ཅིས་ཀྱང་ཤེས་ཤིག དེ་ནས་དཔལ་ལྡན་ས་སྐྱའི་གདན་རབས་དང་ཕག་གྲུ རི་སྤུངས། གཙང་པ། དགའ་ལྡན་ཕོ་བྲང་པའི་བར་རིམ་པར་བརྒྱུད་པ་ལས། དཔལ་ལྡན་ས་སྐྱ་བས་ཆོས་སྲིད་དཀར་འཇམ་དར་ཡུག་གཅིག་གིས་མདོ་ཁམས་འཛིན་མའི་ཁྱོན་ཀུན་ཡོངས་སུ་ཁྱབ་པའི་སྐབས་ཏྲེ་ཤོད་མཎྜལ་ཐང་དུ་དཔལ་མགོན་གུར་གྱི་གཙུག་ལག་ཁང་བརྟེན་དང་རྟེན་པ་བཅས་པ་གསར་གཞེས་དང་འབྲེལ་ཏྲེ་ཤོད་ཁུལ་དུ་ཧོར་སོག་གི་ཤིང་སཱ་ལ་ལྟ་བུའི་རྒྱལ་རིགས་ཀྱིས་དབང་བསྒྱུར་མ་བྱསཔའི་སྔོན་དུ་ མི་རྒྱུད་འདིའི་དཔོན་རབས་ལ་ཧོར་ཀྱིས་དབང་བསྒྱུར་བྱས་པ་ནས་གཟུང༌། ཧོར་མ་གསམ་བུ། ཧོར་ནོར་འཇའ། ཧོར་ལ་རྒྱས། ཧོར་གེ་རྒྱས། ཧོར་བླ་མ་སྐྱབས། ཧོར་ནམ་མཁའ་རྒྱལ་མཚན། ཧོར་མ་ཟུར་དབང་ལུ། ཧོར་ནམ་མཁའ་བསམ་འགྲུབ། དཔོན་བཱ་ཐིན་ནོ་ཡོན། དཱ་ཧན་ནོ་ཡོན། དཔོན་བསོད་ནམས། ཆོས་མཛད་སྟོབས་ལྡན། སྲས་བསྟན་འཛིན་དབང་པོ། ནམ་མཁའ་དབང་རྒྱལ། ཚེ་དབང་རྣམ་རྒྱལ། བསོད་ནམས་དབང་རྒྱལ། བཀྲ་ཤིས་དབང་རྒྱལ་བར་བྱུང་ཞིང་འདི་ཉིད་ནང་དམེ་བྱུང་བ་ནས་མ་ཟུར་དཔོན་རབས་རྫོགས་པ་ཡིན། མ་ཟུར་དཔོན་བཱ་ཐིན་ནོ་ཡོན་གྱི་སྐབས་བུ་ཆུང་བ་རྡོ་རྗེ་རབ་བརྟན་ཟུར་དུ་ཀྱེད་པས་ཁང་སར་མ་ཟུར་གཉིས་སུ་གྱེས་པ་ལས་ཁང་སར་ནི། དཔོན་བཱ་ཐིན་ནོ་ཡོན་གྱི་སྲས་ཆུང་བ་རྡོ་རྗེ་རབ་བརྟན། དེ་ནས་ཁང་སར་བསྟན་འཛིན། རྒྱལ་མཚན་རབ་བརྟན། བསོད་ནམས་ཆོས་ལྡན། སྐལ་བཟང་དར་རྒྱས། དངོས་གྲུབ་ཕུན་ཚོགས། དབྱངས་ཅན་མཁའ་འགྲོ དངོས་གྲུབ་བསྟན་འཛིན་འཇིགས་མེད། ཁང་སར་དཔོན་མོ་བདེ་ཆེན་དབང་མོའི་བར་རིམ་པར་བྱུང་བའི་མངའ་རིས་སུ། ཇའི་སང་བཅུ་གསུམ་དང༌། མདུན་སྐོར་ཉི་ཤུ་རྩ་གཅིག འགོ་པ་དགུ། ཤོག་པ་དགུ་ཡོད་ཅིང་དེ་དག་གི་ལོ་རྒྱུས་གཞན་ལས་ཤེས་པར་བྱ་དགོས། གོང་གསལ་མ་ཟུར་དཔོན་རབས་ཀྱི་མངའ་ཁོངས་སུ་གཏོགས་པ་ཇའི་སང་ཉེར་ལྔ། མགོ་པ་བཅུ་གཅིག ཤོག་ཀ་བཅུ་གཅིག་ཡོད་པའི་ནང་ནས་འབྲུ་མངའ་ཤོག་པ། དེ་ལ་གྲོང་སྡེ་ཁག་འགའ་ཡོད་པ་ལས་ཀླུ་སྦྱིན་ཞེས་དེ་སྔོན་རྫོང་ཀླུ་གྲོང་ནས་རྫོང་ཀླུ་ནང་ཚང་ཞེས་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པའི་བུ་མོ་ཞིག་གནས་ལ་བརྫངས་པ་དང་ཁྱིམ་གཞིས་དེར་གཉུགས་མར་གནས་པའི་ཀླུ་ཞིག་ཀྱང་བུ་མོའི་རྗེས་སུ་སོང་སྟེ། གང་དུ་སོང་བའི་ཁྱིམ་དེའི་སྒོ་ན་ཆུ་མིག་ཁམས་གཙང་བ་ཞིག་ཐོན་པར་མོ་ལུང་རྩིས་གསུམ་གྱིས་བརྟགས་པས་ཆུ་མིག་དེ་གནའ་མའི་ནང་ཚང་གི་ཀླུ་ཡིས་སྦྱིན་པར་ཤེས་པ་ན། དེ་ནས་བཟུང་ཁྱིམ་དེར་ཀླུ་སྦྱིན་ཚང་དང༌། གྲོང་པ་དེར་ཀླུ་སྦྱིན་གྲོང་ཞེས་ཚིག་བླ་དྭགས་སུ་བཏགས། གྲོང་དེར་སྐྱིད་སྡུག་འགྱུར་འགྲོས་སྣ་ཚོགས་པས་དུད་ཁྱིམ་གཉིས་ལས་མེད་པར་གྱུར་ཏེ་ཏྲེ་ཤོད་མབྱྡལ་ཐང་འདབས་སུ་ཆགས་ཡོད་པ་དུས་ཕྱིས་༡༩༥༡ལོར་གུང་ཁྲན་ཏང་སྲིད་གཞུང་གིས་ས་ཁུལ་དེ་རང་དུ་གནམ་གྲུ་འབབ་ཐང་བཟོས་ནས་དུད་ཁྱིམ་འདི་གཉིས་ལེ་དབར་འགའ་ཞིག་ཆོད་པའི་བྱང་རྒྱུད་དུ་གནས་སྤོས་དགོས་བྱུང༌། རྗེ་འདི་ཉིད་འཁྲུངས་གཞིས་ཀྱི་ཁང་པ་ལྟག་ཕྱོགས་ལ་ཡོད་པ་དང་ཀླུ་སྦྱིན་དངོས་ཚང་འོག་ཏུ་ཡོད་ཅིང༌། དེ་ན་དུད་ཁྱིམ་གཉིས་ལས་མེད་སྟབས་གཅིག་ཤོས་ལ་ཀླུ་སྦྱིན་ལྟག་མ་ཞེས་སྐབས་སྟོབས་ཀྱིས་ཐོགས་སོ།།བྱུང་རིམ་འདི་ཉིད་མི་ཤེས་པའི་སློབ་མ་འགའ་ཞིག་གིས། ཀླུ་གཞི་ཞེས་བྲིས་འདུག་པ་ནི་གནས་ལུགས་མ་གོ་བས་ཐུགས་ཁག་མེད་མོད། འདྲེན་མཆོག་དམ་པ་གང་ཉིད་ལས་གསུང་རབ་བདུད་རྩིའི་དགའསྟོན་མྱོང་བཞིན་ཀླུ་སྦྱིན་དངོས་ཚང་སར་གནས་གཡར་བྱས་ཏེ་ཕལ་ཆེར་མི་ལོ་ལྔ་ཙམ་བསྡད་མྱོང་བས་ཆ་རྒྱུས་ཅི་བས་ཆེ། གོང་ཞུས་ཆུ་མིག་དེ་ཉིད་ཀླུ་སྦྱིན་དངོས་ཚང་གིས་ད་ལྟའི་བར་དུ་གསོལ་བཞིན་འཆིས་པ་མཐོང༌། དེ་ལྟར་ཀླུ་སྦྱིན་ལྟག་ཚང་ཞེས་སྐབས་སྟབས་ཀྱིས་མིང་ཐོགས་པ་འདིའི་མི་ཐོག་མིས་བརྗེས། ཤིང་ཐོག་ལོ་མས་བརྗེས་པའི་མི་རབས་དུ་མའི་རིང་ནས་ཕ་རྒྱུད་མེས་པོ་ཚུན་ཆད་དཔའ་མཛངས་རྟུལ་ཕོད་ཆེ་ཞིང༌། མ་རྒྱུད་རྣམས་རང་བཞིན་གྱིས་སྙིང་རྗེ་དང་གཏོང་ཕོད་ཆེ་བ་ཤ་སྟག་བྱུང་འདུག་སྟེ། ཁོ་བོ་རང་ལོ་ཉེརགཅིག་པའི་སྐབས་དམ་པ་གང་གི་མ་ཡུམ་ལ་དངོས་སུ་དྲི་གཏུགས་ཞུས་ཏེ་མི་རབས་གསུམ་ཚུན་ཆད་ཀྱྀ་མི་རྒྱུད་རེ་རེ་བཞིན་ཟུར་བྲིས་སུ་ཕབ་པ་ལས་སྤྱི་ཁོག་ཙམ་ཞིག་ངེས་མོད། འོན་ཀྱང་ད་ཆ་ལེ་དབར་ཁྲི་ཕྲག་གི་ཡུལ་གྱི་རྣམ་པར་བསྐལ་བས་ལག་ཏུ་རེག་ཐབས་དཀའ་བ་དང༌། བགྲང་བྱ་བཅུ་ཕྲག་ལྷག་གི་དུས་ཀྱིས་བསྐལ་བས་བརྗེད་ངོས་ཀྱི་རྐུན་པོའི་ལག་འོག་ནས་དྲན་ཤེས་ཀྱིས་མི་གསལ་བས་ཞིབ་ཏུ་འབྲི་ཐབས་མ་བྱུང་བ་ཤིན་ཏུའང་ཕོངས་མོད། དེ་ལྟ་ནའང་ཕྱིས་ནས་ལག་ཏུ་རེག་པ་ན་རྣམ་པར་ཐར་བ་འདིའི་ཟུར་རྒྱན་གྱི་ཚུལ་དུ་ཅེས་ཀྱང་སྤེལ་བར་ཞུ་ཆོག རྗེ་འདི་ཉིད་གང་ལས་འཁྲུངས་པའི་ཡབ་ནི་བཀྲ་ཤིས་ཚེ་རིང་ཞེས་དཀོན་མཆོག་བླ་མར་འཛིན་པའི་དད་པ་བརྟན་པ། དཔའ་འཛངས་རྟུལ་ཕོད་ཀྱིས་གཞན་སྡེ་རྣམ་པར་གནན་པར་ཞུམ་པ་མེད་པ། ཕོ་རྩལ་སྣ་དགུ་ལ་མཁས་པ། རང་ཚུགས་ཐུབ་ཅིང་བཟོད་བསྲན་ཆེ་བ། འཇིག་རྟེན་སྲིད་པའི་ཚོང་དང་སོ་ནམ་ལ་མཁས་པ་སྟེ་ཡ་རབས་ཀྱི་སྤྱོད་པ་ལས་མི་འགོང་པ་དེ་ཉིད་དང༌། ཡུམ་སྤྲང་ཐར་མ་ཞེས་བླ་མ་དང་མཛའ་བོ་ལ་གུས་པ། བུད་མེད་ཀྱི་སྐྱོན་བརྒྱད་དང་བྲལ་ཞིང་མཛངས་མའི་ཡོན་ཏན་བརྒྱད་དང་ལྡན་པ། རྣམ་པར་དཀར་བའི་ལས་ལ་ངང་གིས་ཕྱོགས་པ། གཏོང་ཕོད་དང་སྙིང་རྗེ་ཆེ་བ་དེ་གཉིས་ལས་སོ།།ཁྱིམ་གྱི་འབྱོར་པ་ཆེ་ཆུང་ཡང་བརྟུལ་ཞུགས་དབང་པོ་ཤཱ་རིའི་བུས།

		ཧ་ཅང་ཕྱུག་པའི་ཁྱིམ་དང་ནི།།

དབུལ་པའི་གནས་སུ་མི་སྐྱེ་བར།། བར་མའི་ཁྱིམ་དུ་སྐྱེ་བར་ཤོག། ཅེས་ཐུགས་སྨོན་མཛད་པ་དང་མཐུན་པར་ཧ་ཅང་ཕྱུག་པ་དང་ཧ་ཅང་དབུལ་བའི་མཐའ་གཉིས་སྤངས་པའི་འབྱོར་པ་རེམ་པ་ཞིག་ཡིན་ནོ།། ནམ་ཞིག་འཁྲུངས་པའི་དུས་ཀྱི་ཁྱད་པ་ནི། རྒྱ་ཆེར་རོལ་པའི་མདོ་ལས། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དུས་རྣམ་པར་བལྟ་བ་ལ་བལྟ་ཞེ་ན།བྱང་ཆུབ་སེམས་དཔའ་ནི་ཐོག་མའི་སེམས་ཅན་འདུལ་བའི་ཚེ་མའི་མངལ་དུ་མི་འཇུག་གོ །གང་གི་ཚེ་སྐྱེ་བ་སྣང་བར་གྱུར། རྒ་བ་སྣང་བར་གྱུར། འཆི་བ་སྣང་བར་གྱུར་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་མའི་མངལ་དུ་འཇུག་གོ ཞེས་གསུངས་པ་ལྟར། བྱང་སེམས་བདག་ཉིད་ཆེན་པོ་རྣམས། དུས་དང་བསྐལ་བ་བཟང་པོ་ཚེ་ལོ་ཡར་འཕེལ་གྱི་སྐབས་རྣམས་སུ་བསམ་བཞིན་སྐྱེ་བ་མི་ལེན་ཞིང༌། དེ་ལས་ལྡོག་སྟེ། སེམས་ཅན་སྙིགས་མ། དུས་སྙིགས་མ། ཉོན་མོངས་སྙིགས་ པ། ལྟ་བ་སྙིགས་མ། ཚེ་སྙིགས་མ་བཅས་སྙིགས་མ་ལྔ་བདོ་བས་སེམས་ཅན་རྣམས་བསོད་ནམས་ཆུ་བས་དམན་པའི་དུས་ངན་པ་རྣམས་སུ་བསམ་བཞིན་སྐྱེ་བ་འཛིན་པ་ནི་རྒྱལ་དང་རྒྱལ་སྲས་རྣམས་ཀྱི་ཁྲོད་ནས་ཐུགས་བསྐྱེད་ཕུལ་དུ་བྱུང་བའི་རྣམ་པར་ཐར་པ་ཡིན་པ་ནི། སངས་རྒྱས་བྱང་སེམས་ཕལ་ཆེར།།དག་ཞིང་བཤེགས་པའི་སྐབས་འདིར།།ཐུགས་རྗེ་རྒྱལ་བའི་མཛད་པ།།སྒྲུབ་མཛད་དཔལ་ལྡན་བླ་མ།།ཞེས་གསུང་པ་དང་སྒོ་མཐུན་པར། རང་ཅག་གི་འདྲེན་མཆོག་དམ་པ་འདི་ཉིད་གངས་ཅན་པའི་བསྟན་སྲིད་གཉིས་ཀ་རླུང་ཁྲོད་ཀྱི་མར་མེ་ལྟར་གཡོ་བཞིན་པའི་གཉན་འཕྲང་ཅན་གྱི་དུས་རབས། རབ་བྱུང་བཅུ་དྲུག་པའི་བགྲང་བྱ་གསུམ་པ་དཀར་པོ་ཞེས་པ་ས་སྦྲུལ་༡༩༢༩ལོར་ཡ་མཚན་པའི་ལྟས་དུ་མ་དང་བཅས་ཁྱེའུ་གཟུགས་བྱད་མཛེས་ཤིང་ལྟ་ན་སྡུག་པ། དབུ་གདུགས་ལྟར་རྒྱས་པ། དཔྲལ་པའི་དབྱིབས་སྟོན་ཀའི་ཉ་ཟླ་ལྟར་ཆེ་བ། ལྟ་བས་ཆོག་མི་ཤེས་པ་ཞིག་བཙས་པར་གྱུར་ཏེ། དེ་ཡང་སྐྱེད་མ་འདི་ཉིད་ལ་རིགས་ཀྱི་མྱུ་གུ་རྒན་པ་མགོན་པོ་སྒྲོལ་མ་ནས་རིམ་པར་བཞིན། པདྨ་ཆོས་སྐྱིད། རྗེ་དམ་པ་ཉིད། ངག་དབང་བཀྲ་ཤིས། ངག་དབང་ལྷ་ཀླུ། བློ་བཟང་སྦྱིན་པ། ཚེ་རིང་ལྷ་མཚོ། ཚེ་དབང་བཀྲ་ཤིས། བློ་བཟང་ནོར་བུ་བཅས་དགུ་བྱུང་བའི་ནང་ནས་དམ་པ་འདི་ཉྀད་གསུམ་པ་དེ་ཡིན་ནོ།། མདོ་རྒྱུད་ཚད་མའི་ལུང་གིས་ཟིན་པ་ཡི།། བསིལ་ལྡན་གངས་ཅན་རྭ་བའི་ཤར་ཕྱོགས་ན།། ཏྲེ་ཤོད་ཧོར་སེར་ད་ར་ཁག་ལྔ་ཞེས།། གྲགས་པ་སྙན་པའི་བ་དན་ཕྱོགས་ཀུན་གཡོ།། རྨད་བྱུང་གླིང་དེའི་ཁོ་ར་ཁོར་ཡུག་ཀུན།། གནམ་སྔོན་འདེགས་པའི་ཤེལ་གྱི་ཀ་བ་ལ།། རབ་དཀར་དར་གྱི་འཕྱངས་འཕྲུལ་དགོད་པ་བཞིན།། སྤྲིན་གྱིས་འཁྱུད་པའི་གངས་རི་ཕྲེང་བས་བསྐོར།། ཆུ་འཛིན་སྔོན་པོས་སྐེད་རགས་འཆང་བ་ཡི།། སྤོམ་མཐོའི་གནམ་གྱི་ཀ་བར་སྙེམས་པའི་རི།། ས་འཛིན་ཕལ་བ་གཞན་གྱིས་མི་བཞལ་བའི།། རྩ་གསུམ་ལྷ་ཚོགས་འདུས་པའི་གནས་རི་མང༌།། གཡུ་ལོའི་དྲ་བ་འཕྱངས་པའི་ནགས་ཀླུང་དང༌།། རྣོ་ལྕགས་དྲག་བརྡུངས་བྱས་འདྲའི་རྫ་རི་དང༌།། མརྒད་ཐགས་སུ་བཏགས་པའི་སྤང་རི་སོགས།། དག་པའི་ཞིང་དུ་སྙེམས་པའི་ཁོར་ཡུག་གཙང༌།། སྣ་ལྔའི་མྱུ་གུའི་ཕོན་པོ་ནི།། རྒྱ་མཚོའི་རླབས་ལྟར་འཕྱོ་བ་ཡི།། གཤིན་ལྡན་ཞིང་ས་སྣུམ་པའི་དཔྱིད།། གླིང་འདི་འབྲུ་ཡི་གཏེར་དུ་གྲགས།།

གཞན་དུ་རྟ་མཛོ་འབྲི་གཡག་སོགས།། རྐང་བཞི་ནོར་གྱི་འབྱོར་པའི་དཔལ།། བྱང་ཕྱོགས་ནོར་ལྷའི་ཁེངས་པ་ཡང༌།། ས་འོག་མུན་པའི་རུམ་དུ་བཏུམས།། གསེར་དངུལ་གཡུ་བྱུར་ནོར་བུའི་རིགས།། ཚོང་ཟོག་འགྲིམས་པའི་ཁྲོམ་རྭ་ཡིས།། མིག་སྐྱའི་གན་མཛོད་སླུ་བྱེད་པའི།། འབྱོར་ཚོགས་དཔེ་ཡིས་གཞལ་ནུས་མིན།། ཚངས་ཆེན་རལ་པ་བཙིར་པ་ལས།། ཀླུང་བཞི་འཕགས་པའི་ཡུལ་དུ་འབབ།། རང་བྱུང་གངས་རིའི་སྙིང་པོའི་ཁམས།། རྫ་ཆུ་གཙང་པས་གླིང་འདི་མཛེས།། རིས་མེད་ས་དགེ་བཀའ་རྙིང་བོན་དང་བཅས།། དམ་པའི་སྐྱེས་མཆོག་གསེར་རིའི་ཕྲེང་བ་ལྟར།། རིམ་པར་བྱོན་པའི་བྱིན་རླབས་བདུད་རྩིའི་ཁམས།། མ་ཉམས་མི་ཉམས་ཉམས་པ་མེད་པའི་ཞིང༌།། དགེ་བཅུ་གཡང་དུ་འགུགས་པའི་གླིང་འདི་ན།། ཉི་ཟླ་རེས་ཀྱིས་བསྐོར་འདྲའི་དཔོན་རབས་དང༌།། སྐར་ཚོགས་ས་ལ་འཕོས་འདྲའི་སྡེ་གྲོང་གིས།། མིག་ཡིད་རྣ་བར་འདོད་པའི་དགའ་སྟོན་བསྐྲུན།། དེ་ལྟར་སྣོད་བཅུད་བཀོད་པ་ཕུན་ཚོགས་པས།། རྫོགས་ལྡན་ཁེངས་པ་སྟུངས་པའི་ཞིང་དེའི་དབུས།། རབ་ཡངས་མཎྜལ་ཐང་གི་ཉེ་འདབས་ན།། ཀླུ་སྦྱིན་ཞེས་གྲགས་ལིམྦུའི་དགའ་ཚལ་འཆིས།། དེ་ན་རིགས་རུས་ཆོ་འབྲང་དག་པའི་བརྒྱུད།། སྒྱུ་འཕྲུལ་མ་བཞིན་སྤྲང་ཐར་སྒེག་མའི་ལྟོར།། ཟས་གཙང་སྲས་སུ་སྙེམས་པའི་དམ་པ་ཁྱོད།། མཚན་དཔེ་སྐུ་ཡི་མེ་ཏོག་གསར་དུ་བཞད།། གང་ཁྱོད་མངལ་གྱི་སྤྲིན་རུམ་ལས་འཐོན་ཏེ།། མཚན་དཔེའི་ཟླ་གསར་གླིང་འདིར་ཤར་མ་ཐག། བཀྲ་ཤིས་དཔལ་གྱི་འོད་སྣང་འབྱེད་དང་ལྷན།། དགེ་ལེགས་རླབས་ཀྱི་ཕོན་པོའི་དགའ་སྟོན་བསྐྲུན།། ཅེས་པ་ནི་དམ་པའི་སྐུ་ཡི་སྐྱེ་བ་བཞེངས་པའི་ཚུལ་ལས་བརྩམ་པའི་བར་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ།།




༢ བྱིས་པའི་སྐབས་ཀྱི་མཛད་སྤྱོད།


རྒྱལ་ཀུན་མཁྱེན་རབ་རལ་གྲི་རྣོན་པོའི་ཁམས།། དྷཱི་ཡིག་ཟོལ་དུ་འཁྱིལ་བའི་འོད་ཞགས་ཀྱིས།། བདག་བློའི་རྨོངས་པའི་དྲ་བ་གཅོད་དང་ལྷན།། མཐའ་དག་ཤེས་བྱའི་གནས་ཀུན་ཆིངས་བར་མཛོད།། རྗེ་བླ་མ་འདི་ཉིད་འཁྲུངས་མ་ཐག་ནས་སྐུ་བྱད་ལྟ་བས་ཆོག་མི་ཤེས་པས་ཀུན་ཀྱི་ཡིད་རང་དབང་མེད་པར་འཕྲོག་པ་དང༌། འཁྲུངས་ནས་ཡུན་རིང་མ་ལོན་པ་ཞིག་ལ་མ་ཡུམ་གྱིས་སྐུ་རྒྱབ་ཏུ་ཁུར་ཏེ། འཕགས་མཆོག་འཇིག་རྟེན་མགོན་པོའི་རྣམ་འཕྲུལ་བྲག་དཀར་སྐུ་ཕྲེང་གསུམ་པ་པཎྜིཏ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་དཔལ་བཟང་པོ་མཆོག་གི་མདུན་སར་དད་མཇལ་ཞུས་པས། སྐྱེས་མཆོག་དམ་པ་འདི་ཉིད་ཀྱིས་ཐུགས་ཤིན་ཏུ་དགྱེས་བརྩེ་ཆེན་པོས་ཕྱག་དབང་དང་བཅས། མི་ནུབ་བསྟན་པའི་རྒྱལ་མཚན་འཛིན་པའི་ཐུགས་སྨོན་རྒྱ་ཆེར་གནང༌། ཕྲུ་གུ་འདི་ཉིད་གཞན་དང་མི་འདྲ། སྐྱེ་བོ་ཕལ་བ་ཞིག་མིན། གཙང་སྒྲ་གང་ལེགས་གྱིས། ཕན་ཐོགས་པ་ཞིག་ཡོང་གསུངས་ཏེ་སྲུང་འདུད་ཅིག་དང་བཅས་མཚན་ལ་བློ་བཟང་འཇམ་དབྱངས་ཞེས་གནང༌། ཡང་ཉིན་གཅིག་མ་ཡུམ་གྱིས་སྐུ་རྒྱབ་ཏུ་བསྣམས་ཏེ་མདོ་ཁམས་བསྟན་པའི་གསལ་བྱེད་གྲུབ་པའི་གོ་འཕངས་མཐོན་པོར་གཤེགས་པ་ལམ་བྲག་རྡོ་རྗེ་འཆང་གི་སྐུ་མདུན་དུ་བཅར། གྲུབ་པའི་དབང་ཕྱུག་དམ་པ་འདིས་ཕྲུ་གུ་ལ་ཕྱག་དབང་གནང་ཞོར་འབྱུང་འགྱུར་བསྟན་འགྲོ་ལ་ཕན་པའི་སྐྱེས་བུ་ཁྱད་པར་ཅན་ཞིག་ཡོང་བའི་ལུང་གིས་ཡང་ཡང་བསྔགས། མ་ཡུམ་ལའང་ཐུགས་ཤིན་ཏུ་དགྱེས་པར་གནང༌། དེ་ནི་རྗེ་འདི་ཉིད་གཅིག་ན་བསྟན་འགྲོ་ལ་ཕན་པའི་འཕྲིན་ལསའདི་བཞིན་བརྟས་པ་དང༌། གཉིས་ན་ལམ་བྲག་རྡོ་རྗེ་འཆང་གི་ཡང་སྲིད་རིན་པོ་ཆེའི་དགེ་ཚུལ་གྱི་ཆོས་གྲོགས་སུ་མཁྱེན་པའང་ཡིན་སྲིད་སྙམ། རྗེ་འདི་ཉིད་སྐུ་ན་ཆུང་ངུའི་སྐབས། མ་ཡུམ་ཞོགས་པར་ལངས་ནས་ནང་ལས་ལ་གཞོལ་པའི་ཤུལ་དུ་དུས་རྟག་པར་འོད་དམར་པོ་བྱ་སྒོང་ཙམ་ཞིག་རང་གི་སྨིན་མཚམས་ནས་དོན་ཏེ་ཡར་འགྲོ་བ་དང་སྐབས་རེར་མར་ཡོང་ནས་སྨིན་མཚམས་སུ་ཐིམ་འགྲོ་བ་ལན་གཅིག་མིན་པར་ཡང་ཡང་སྣང་བ་བྱུང༌། དང་པོའི་སྐབས་ཅུང་ཟད་ཞོད་ནས་མ་ཡུམ་ལ་སྐད་བཏང་ནས་འདི་འདྲ་ཡོང་གི་འདུག་གསུང་ན་ཡང༌། མ་ཡུམ་གྱིས་ཁྱོད་རང་སྣང་བ་འཁྲུལ་བ་རེད། གང་ཡང་བྱེད་རྒྱུ་མ་རེད་གསུངས། རྗེས་ནས་གོམས་ཏེ་སྣང་མེད་འདྲ་ཆགས་སོང༌། དུས་ཕྱིས་བསམ་དུས་སྐྱེ་བ་སྔ་མར་རྩ་རླུང་དང་ཐིག་ལེ་ལ་ཅུང་ཟད་གོམས་པ་བྱེད་མྱོང་མཁན་ཞིག་ཡིན་པར་འདྲ་ཞེས་ཞལ་ནས་ཡང་ཡང་གསུངས་པར་ཐོས་ཤིང༌། འདི་ནི་ཚེ་རབས་མང་པོའི་སྔོན་ནས་རྗེ་འདིས་རྩ་རླུང་ཐིག་ལེ་ལ་ནང་བྱན་ཆུད་པའི་

བརྡ་རྟགས་སུ་གོར་མ་ཆགས། ད་དུང་བྱིས་པའི་སྐབས་ཀྱི་ཡ་མཚན་པའི་མཛད་པ་གང་ཡོད་སྐལ་ལྡན་བུ་སློབ་དང་ཡང་སློབ་ཚོའི་ཆེད་ཁོ་ནར་བསམ་ནས་རྗེ་བླ་མ་འདི་ཉིད་ལས་མདོ་སྔགས་གསུང་རབ་ཀྱི་དགའ་སྟོན་ལ་ཅི་དགར་སྤྱོད་བཞིན་ཀླུ་སྦྱིན་རི་ཁྲོད་དུ་ཡོད་སྐབས་མ་ཡུམ་སྤྲང་ཐར་མ་ལ་ནན་གྱིས་དྲིས་ཀྱང་མ་ཡུམ་འདི་ཉིད་ཀྱིས་ཆུང་དུས་སྐབས་དེ་ཤད་ཅིག་ལ་འོད་དམར་པོ་ཞིག་ཡོང་གི་འདུག་ཅེས་ཞེད་སྣང་འདྲ་བྱེད་པ་ཐེངས་འགའ་བྱུང་བ་དང༌། མ་སྐྱེས་བའི་སྔོན་དུ་རྨི་ལམ་ཡ་མཚན་པ་མང་པོ་ཞིག་བཏང་བྱུང་ཡང༌། དུས་ཡུན་རིང་པོ་སོང་བ་དང༌། ལོ་ན་ཧ་ཅང་ཆེན་པོ་ཆགས་སྟབས། ད་ནི་གཅིག་གཅིག་གཉིས་གཉིས་བྱས་ནས་མི་དྲན་པས་བཤད་ན་རྫུན་དུ་འགྲོ་ཉེན་བས་བཤད་རྒྱུ་མིན། གཞན་རྟགས་དང་མཚན་མ་བཟང་པོ་འདི་དང་འདི་བྱུང་ཟེར་པ་ཞིག་དོ་སྣང་མ་བྱུང༌། དེ་བས་བུ་ཆུང་ཤོས་བློ་བཟང་དཔལ་ལྡན་འདི་ཉིད་སྐྱེས་དུས་གོ་ཁའི་ཇ་ནག་ལན་གཅིག་མིན་པར་ལན་ཁ་ཡར་འོ་ཇར་གྱུར་པ་དང༌། མཚན་མོ་སྔས་མགོར་འོད་འཁྱུག་པ་སོགས་ཡ་མཚན་དགོས་པའི་ལྟས་དུ་མ་བྱུུང་བས་བུ་འདི་གྲྭ་པ་འདྲ་འོང་ན་ཐང་བསམ་སྟེ་རེ་བ་ཆེ་ཙམ་བྱས་ཀྱང་ཕན་ཐོགས་གང་ཡང་བྱུང་མ་སོང༌། ཞེས་གསུངས་པ་འདིས་རྗེ་བླ་མ་ཉིད་མ་ཟད་མ་ཡུམ་འདི་ཉིད་ཀྱང༌། ཆོས་བརྒྱད་ཀྱི་འདྲ་ཆགས་དང་རྫུན་གཏམ་གྱིས་རང་ཕྱོགས་ཆེ་བ་འདོན་པར་བག་ཚ་བའི་རྣམ་པ་ཤིན་ཏུའང་གསལ་བས། པཎ་ཆེན་བློ་བཟང་ཆོས་རྒྱན་ གྱིས། དུས་གསུམ་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལས།། གང་གི་བ་སྤུའི་བུ་ག་གཅིག་ཙམ་ཡང༌།། བདག་ཅག་བསོད་ནམས་ཞིང་དུ་ལེགས་བསྔགས་པའི།། སྐྱབས་མགོན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས།། ཞེས་གསུངས་པ་དང་མཐུན་པར་གང་གི་མ་ཡུམ་འདི་ཉིད་ཀྱང་རང་རེའི་བསོད་ནམས་ཀྱི་ཞིང་ས་ཉིད་དུ་བསྔགས་པར་འོས་སོ།། དགུང་ལོ་གསུམ་ལ་ཕེབས་པ་རབ་བྱུང་བཅུ་དྲུག་པའི་ལྕགས་ལུག་༡༩༣༡ལོར་འཕགས་མཆོག་འཇིག་རྟེན་མགོན་པོ་ཕྱག་བཞི་པའི་རྣམ་འཕྲུལ་དཔལ་ལྡན་སྨད་རྒྱུ་གྲྭ་ཚང་གི་མཁན་ཟུར་དབུས་འགྱུར་ཆོས་ཀྱི་ཞིང་སར་བོད་ཀྱི་སྤྲུལ་སྐུ་རྣམ་གསུམ་དང་གདན་ཐོབ་མཉམ་པ་ཁང་སར་སྐྱབས་མགོན་སྐུ་ཕྲེང་གཉིས་པ་ཐུབ་བསྟན་བློ་བཟང་འཇིགས་མེད་རྒྱ་མཚོ་ལས་ལམ་རིམ་གསེར་གྱི་ཤིང་རྟའི་ཁྲིད་ལུང་དང༌། དཀར་མཛེས་གཡུལ་རྒྱ་ཕོ་བྲང་གི་ཉེ་ཞོལ་དུ་ཧོར་སེར་ད་ར་ཁག་ལྔའི་སེར་སྐྱ་ཁྲི་ཕྲག་ཚོགས་པའི་ཁྲོད་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དང་རྒྱལ་བའི་བཀའ་ འགྱུར་རིན་པོ་ཆེའི་ལྗགས་ལུང་གསན།

ལོ་དེར་ ༡༩༣༡ དེ་སྔོན་ས་འབྲུག་ལོར་མདའ་དཔོན་ཁྱུང་རམ་པ་སོགས་ཀྱིས་བོད་གཞུང་གི་བཀའ་འཁྲོལ་འབུ་མང་མའི་སྐད་ཙམ་ཡང་མེད་པར་རྒྱལ་ཞེན་ལྷག་བསམ་དང་ལྐུགས་པའི་རང་སྣང་གཉིས་འཁྲུལ་ཏེ་བསྐལ་པ་ཆགས་འཇིགས་གཉིས་ཀར་ལུང་པ་གཅིག་ལ་མཉམ་དུ་སྡོད་ཅིང༌། སྟོད་གྲྭ་སའི་གྲྭ་ཚང་དུ་ཁང་ཚན་གཅིག་པ། གཞིས་ཕ་ཡུལ་ལུང་པར་ས་འདྲེས་སྡེ་འདྲེས་ཡིན་པའི་དར་བེ་གཉིས་ཀྱི་དབར། ཡང་པོས་ཡང་པ་བཀྱགས།།ཡང་པོ་གད་དུ་ལྷུང༌།།འབྲོག་པ་ཟུར་ལ་བཞག། ཁ་པ་གདོང་ལ་ཐོན་ཏེ། གོས་ཐོག་མེ་རྩ་ཤ་ཐོག་དང༌། ཨོང་མདོའི་མེ་རྩ་སྣ་མགོར་བླངས་ནས། རྩོད་གཞི་ཤིག་རོ་ཙམ་ལ་རྩོད་པ་གཡག་རོ་ཙམ་ཆགས་པའི་ཕུང་རྐྱེན་དང་རྒྱབ་ལངས་བྱས་ཏེ་འདྲ་འབྲེལ་གང་ཡང་མེད་པར་བེ་རི་ནས་མགོ་འཛུགས་སྟེ་དཀར་མཛེས། རྟའུ། བྲེ་བོ། བྲག་མགོ་བཅས་ཀྱིཐོག་ལ་བོད་དམག་རྒྱུག་ཁྱི་དང་བཅས་པས་དཔུང་འཇུག་བྱས་ཐོག་གཞུང་དམག་རྒྱུག་ཁྱི་དང་བཅས་པར་དམག་སྒྲིག་དང་ཡ་རབས་བཟང་སྤྱོད་ཀྱི་དྲི་མ་ཙམ་ཡང་མི་ཁ་བས་དཀར་མཛེས་དགོན་པའི་འདུ་ཁང་གསེར་ཇོ་ལ་བོའུ་འབེན་བྱེད་པ་དང༌། མི་ཚང་ཆེ་བ་མང་པོའི་ཕ་གཞིས་མེ་བསྲེགས་དང་མི་བསད་རྒྱུ་འཕྲོག་བཙན་གཡེམས་རྡུང་བརྡེབས་ཚབས་ཆེན་བྱས་པས། མགོ་གསེར་སྐུས་རྡུང་དང་རྡོ་ལིས་བརྡུང༌། བྱིན་རླབས་མེད་ལེ་འདྲ་འདྲ་ཡིན་པར་ཤེས་ནས་ཧོར་ཁོག་ཡུལ་དགོན་སྡེ་གསུམ་ག་ཞེན་པ་གཏིང་ནས་ལོག་པའི་ཐོག སི་ཁྲོན་ཙང་ཐང་ལིན་ཡན་ཧུའུ་ཡིས་འབྲི་ཆུའི་ས་ཐིག་དམ་འཛིན་གྱིས་རྒྱ་དམག་ཨང་ཉི་ཤུའི་དཔུང་སྡེ་ཤར་བསྐྱོད་བྱས་ཏེ་བཏང་བའི་ཐོག་རང་ས་རང་གིས་བརྩི་སྲུང་ཆེད་ཧོར་ཁོག་ཁུལ་གྱི་ཡུལ་དགོན་སྡེ་གསུམ་གྱི་རམ་འདེགས་དང་བཅས་དམག་འཐབ་ཚབས་ཆེན་ཤོར་བའི་མཐར། ནང་ཕུ་ནུའི་ཐོག་ཏུ་སྟག་ལས་ངར་བ་དེ་ཚོ་ཕྱི་དགྲ་བོ་དངོས་དང་ཐུག་པའི་སྐབས་དཀར་མཛེས་ཁུལ་ནས་རིམ་པར་བཞིན་ཁོག་རྩེ་མི་རུང་འདབ་དང༌། བེ་རི་མི་ཉན་འདབ། གོང་ལམ་མི་བཟང་ཐང་བཅས་བརྒྱུད་དེ་ཝ་རྔ་མ་འཕྱར་རེར་བོད་ཕྲུག་འགའ་ཞིག་ནེ་ཤོད་གྲུ་ཁ་ནས་འབྲུ་ཆུ་གཙང་པོའི་ནང་དུ་ལྷུང་ནའང་སྐྱོབ་ལོང་མེད་པར་བྲོས་པས།
ཨ་ཁུ་གཅོད་པ་ཐར་ཟེར་བ་ཞིག་གིས། 

བོད་དམག་སྐྱག་ཚ་རྐུབ་ལུག། ནང་ལ་སྟག་ལས་ངར་བ།། ནག་པོ་རྒྱ་དང་ཐུག་དུས།། ཝ་མོ་ལས་ཀྱང་སྡར་བ།། མི་ཉན་འདབ་ལ་སླེབས་དུས།། མ་ཉན་དགོས་ཙི་བསམ་བྱུང༌།། མི་བཟང་ཐང་ལ་སླེབས་དུས།། ཡིད་ཐང་གཏིང་ནས་ཆད་སོང༌།། ༈ ༈ ༈ ༈ ༈ ༈།། ༈ ༈ ༈ ༈ ༈ ༈།། ནེ་ཤོད་གྲུ་ཁར་སླེབས་དུས།། བོད་ཕྲུག་ཆུ་གཏོར་བཏང་སོང༌།།ཞེས་དང༌། མི་རུང་འདབ་ལ་སླེབས་དུས།། ཕྱི་བ་ཡིན་ན་བསམ་བྱུང༌།། མི་བཟང་ཐང་ལ་སླེབས་དུས།། ཨ་ར་ཡིན་ན་བསམ་བྱུང༌།། ༈ ༈ ༈ ༈ ༈ ༈།། ཁྱི་ལོྡམ་ཡིན་ན་བསམ་བྱུང༌།། ནས་ཤོད་གྲུ་གར་སླེབས་དུས།། ཉ་མོ་ཡིན་ན་བསམ་བྱུང༌།། ཞེས་པའི་གཞས་ཚིག་ཅིག་ཀྱང་བརྩམས་མྱངས་འདུག་པ་དེ་ཉིད་ད་ལྟའི་བར་དུ་སྤྱི་ཚོགས་ནང་གྲགས་ཆེ། རྒྱ་བོད་དམག་འཁྲུག་གི་རླུང་རླབས་ཁྲོད་དགའ་ལྡན་ཁྲི་ཆེན་རེ་བཞི་པ་ཆོས་རྗེ་བློ་བཟང་བཀྲ་ཤིས་སོགས་སྐྱེས་ཆེན་དམ་པ་དུ་མ་བྱོན་ཅིང་ལྷག་པར་དེང་གི་ཆར་འཛམ་གླིང་ཤར་ནུབ་ཡོངས་སུ་ཞྭ་སེར་བསྟན་དང་དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་གཉིས་ཀའི་ཐོག་རླབས་པོ་ཆེའི་མཛད་པ་རྒྱ་ཆེར་བསྐྱངས་དང་སྐྱོང་བཞིན་པའི་དགེ་བའི་བཤེས་གཉེན་གསེར་གྱི་རི་བོ་ལྟ་བུ་དུ་མ་གང་ལས་འབྱུང་བའི་གཞིས་དགོན་བཀྲ་ཤིས་དར་རྒྱས་དགོན་པ་ཞེས་མཚན་གྱི་སྙན་པ་ནུབ་ཁ་ཆེའི་གུར་ཀུམ་མེ་ཏོག་བཀྲ་བའི་ཞིང་ཁམས་ནས་ཤར་རྒྱ་ནག་དར་གོས་འཐག་སའི་རྒྱལ་ཁམས་བར་ཡོངས་སུ་གྲགས་པའི་ཆོས་སྡེ་ཆེན་པོ་དེ་ཉིད་ཀྱང་མེ་ལྷའི་ཞལ་དུ་བསྟབས་པ་སོགས། དཔལ་མགོན་ཀླུའི་སྐྱེ་བོ་གསོ་ཐིག་ལས། ཧ་ཅང་སྤྱང་པོ་འང་སྤྱང་པོ་མིན།། ཧ་ཅང་སྤྱང་པོ་སྤྱང་ཡིན་ན།། ཕ་རྒན་དུ་བས་བདུགས་རབས་མེད།། ཞེས་དང༌། ལུགས་ཀྱི་བསྟན་བཅོས་ལས། ངན་པ་རྣམས་ལ་བརྟེན་བྱས་ན།། ངན་པའི་ཤན་གྱིས་རང་ལ་གནོད།།ཞེས་དང༌། མི་གང་བྱས་པ་མི་བཟོ་བ།། དེ་ནི་གཞན་པས་རང་ལ་གནོད།། ལྟས་ངན་སྒྲུབ་པས་ཉེས་པ་འགའ།། དགྲ་ཡི་ཐོག་མར་རང་ལ་འབྱུང༌།། ཞེས་པའི་བསླབ་བྱའི་ལུང་བསྟན་དུས་ཐོག་ཏུ་བབ་སྟེ། ཧོར་སྨད་ཚོས་དེ་སྔོན་རྒྱུ་ཟ་ཟས་འཕྲོག་གི་ལེན་ལེ་རྔ་དང་རྔ་ལྕགས་ཀྱི་དཔེ་ལྟར་དར་དགོན་ནས་ཅ་ལག་དྲག་གྲས་གང་རགས་ཧབ་ཐོབ་ཀྱིས་ཁྱེར། ལོ་དེ་རང་དུ་མཚོ་སྔོན་ནས་མཱ་ཕུ་ཧཕང་གིས་ཇག་དམག་འབྲི་ཆུ་བརྒལ་ནས་ནང་ཆེན་དུ་དཔུང་འཇུག་བྱས་པར་ཁྱུང་རམ་མདའ་དཔོན་སོགས་ཀྱིས་གདོང་ལེན་བྱས་ཀྱང་བྱས་རྗེས་ཏིལ་འབྲུ་ཙམ་ཡང་བཞག་མ་ཐུབ་པར་ཕྱི་བྲོས་བྱས་ཏེ་ཁམས་བྱང་རྒྱུད་ཕལ་ཆེ་བ་རྒྱ་ལག་ཏུ་ཤོར། སྐབས་དེར་བེ་རི་དགོན་པའི་གྲྭ་རྒན་གཅོད་པ་ཐར་ཟེར་བ་ཞིག་གིས་བརྩམས་པའི་གཞས་ཚིག ཁྱུང་རམས་མདའ་དཔོན་རྩེབས་བྱུང༌།། མདའ་ཆད་སྨད་ཆད་ཁུར་ཐལ།། བདེ་སྨོན་སྲས་པོ་རྩེབས་བྱུང༌།། བདེ་པོ་ཞག་གསུམ་ལ་བྱུང༌།། ཁེ་སྨད་སྲས་པོ་རྩེབས་བྱུང༌།། ཁེ་ཁེ་ཉིན་ཅིག་མ་བྱུང༌།། ཞེས་པ་འདི་ཧོར་ཁོག་ཏུ་ཡོངས་གྲགས་ལྟ་བུར་གྱུར། མདའ་དཔོན་འདི་ཚོ་ྋགོང་ས་བཅུ་གསུམ་པ་ཆེན་པོས་བཀའ་བསྒྱུར་དྲག་པོ་གནང་བ་མ་ཟད། མདའ་དཔོན་གོ་གནས་ཕབ་སྟེ་དྲུང་དཀྱུས་སུ་གཡུག་པ་དང༌། ཁྱུང་རམ་པ་འདི་རྒྱལ་ཚབ་ར་སྒྲེང་ལ་ཡ་ལན་སློགས་རྐྱེན་མཐར་འབྱོར་ལྕག་སུམ་བརྒྱ་གཟེད་ནས་བཙོན་དོང་དུ་ལྷུང་བ་སོགས་འཛམ་བུ་གླིང་པ་འདི་ལས་ཀྱི་ས་བ་ཡིན་པས་རྣམ་སྨིན་དུས་ཐོག་ཏུ་སྨིན་འདུག་པའང་རྟ་རྒྱུགས་ཞོར་མེ་ཏོག་གི་དཔེ་ལྟར་ཞོར་འཕྲོས་སུ་བཀོད་ནས། ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ། བྱིས་པའི་སྐབས་སུ་གྲོང་ཕན་ཚུན་དང་ཁྱིམ་འཚེས་ལོ་ན་མཉམ་པའི་བྱིས་པ་སོགས་སུ་ལའང་སུན་བཙེན་དང་རྩོད་སྙོག་འཁྲུག་སློང་མི་བྱེད་པར་ཁུམ་སུ་མེར་བཞུགས་པ་དང༌། རྒན་རབས་ལ་རང་བཞིན་གྱིས་གུས་ཞབས་ཆེ་བ་དང༌། བྱ་དང་བྱེའུ། ཉ་དང་སྦལ་པ། ཨ་བྲ་དང་བྱི་ལོང་སོགས་ནི་སྐབས་དེར་ཚན་རིག་དང་ལག་རྩལ་ལས་འཐོན་པའི་རྩེད་ཆས་གཞན་མེད་སྟབས། རང་བྱུང་འབྱུང་བའི་ཀློང་ནས་བྱུང་བའི་སྲོག་ཆགས་དེ་རིགས་བྱིས་པ་ཚོས་རྩེད་ཆས་བཟང་ཤོས་ཡིན་པ་ལྟར། བྱ་དང་བྱེའུ་ལ་འགྱིག་མདའ་རྒྱག་པ། ཉ་ལ་ལྕགས་ཀྱུ་བཀན་པ། སྦལ་བའི་རྐུབ་ནས་ཕུ་རྒྱབ་སྟེ་རྡོ་ལ་བརྡེབས་པ། ཨ་བྲ་དང་བྱི་ལོང་གཉའ་བཅའ་ནས་རྨིས་དོར་བྱེད་པ། ཁྱི་དང་ལི་ལི་རྡོ་རྡུང་བྱེད་པ་སོགས། བསམ་མེད་ཀྱི་སྤྱོད་པས་གནར་གཅོད་འདྲ་མིན་གཏོང་སྲོལ་ཡོད་ནའང༌། རྗེ་འདི་ཉིད་བྱིས་པའི་གནས་སྐབས་ནས་དེ་འདྲའི་སྤྱོད་པས་གཞར་ཡང་མ་གོས་པས་ཡུལ་མི་རྒན་གྲས་ཚོས་བློ་བཟང་འཇམ་དབྱངས་སངས་རྒྱས་དངོས་རེད་ཅེས་ཀུན་གྱིས་མཐུན་པར་གླེང༌། གྲོང་ཕན་ཚུན་དུ་དགེ་འདུན་པ་དག་ཕེབས་པ་གཟིགས་སྐབས་གུས་ཞབས་ཞུ་བ་དང༌། ང་ཡང་ཁོང་རྣམ་པའི་རྗེས་སུ་འགྲོ་དགོས་ཞེས་ལན་ཁ་ཡར་དུ་གསུང་པ། བྱིས་པ་གཞན་དང་གཞན་ཚོས་ཐལ་འཚུབ་གནམ་ལ་ཕྱུར་བའི་རྩེད་མོ་ལ་འཐོམས་ནའང་སུ་ལའང་ཁ་ཡ་མི་བྱེད་པར་ཙོག་གེར་བསྡད་པ། རང་གི་སྐུ་མཆེད་ཚོ་ངང་རྒྱུད་ཅུང་ཟད་ཐུང་བས་བྱིས་པའི་སྐབས་ཕྲུ་གུ་གཞན་དང་གཞན་ལ་འཁྲུག་སློང་གིས་རྒྱབ་རེས་ཤོར་ནའང་བར་འདུམ་གནང་བ་མ་གཏོགས་ཕྱོགས་སུ་བཟུང་ནས་འཛིངས་མོ་བྱེད་པ་ལྟ་བུ་ནམ་ཡང་མི་མཛད་པས། ཕྲུ་གུའི་དུས་ནས་ཀྱང་ཀུན་ཀྱིས་རྩོད་མེད་དུ་བཀུར་པའི་ཞིང་དུ་གྱུར་ཅེས་ཀླུ་སྦྱིན་དངོས་ཚང་གི་ཨ་མ་ལྷ་དགའ་སོགས་འཁྲིས་སྡོད་རྒན་གྲས་ཚོས་ངག་ལས་ཐེངས་མང་དུ་གོ སྐབས་ཤིག་མ་ཡུམ་གྱིས་ཨ་ཞང་ཚང་ངམ་ཁྱིམ་གཞན་ཞིག་ཏུ་མངགས་པར་ཡབ་ཀྱི་གྲི་རིང་དེ་གྲས་སོ་ལས་ཕབ་སྟེ་སྐུ་སྐེད་ལ་གཟེར་ནས་གང་དུ་མངགས་པའི་ཁྱིམ་དེར་སོང་བ་དང༌། ཁྱིམ་དེའི་འདོགས་ཁྱིམ་བེའུ་ཙམ་པ་ཤིན་ཏུ་གཏུམ་པོ་ཞིག་ཡོད་པ་དེས་འཐེན་ཐེངས་གཅིག་གིས་ལྕགས་ཐག་གི་ལྷུག་ལག་ཐར་གྱིས་ཕྲལ་ཏེ་རྔམས་སྟབས་ཀྱིས་མཆོང་བྱུང་བར། རྗེ་ཉིད་ཞེད་སྣང་དང་བཅས་ཕྱི་སྒོར་བུད་ཀྱང་གྲི་རིང་དེ་སྒོ་གླེགས་ཕན་ཚུན་བར་དུ་ཐོགས་ནས་བྲོས་ཐབས་མ་བྱུང༌། ཡ་མཚན་པ་ཞིག་ལ་འདོགས་ཁྱི་གཏུམ་པོ་དེས་དྲི་མ་སྣུམ་ཙམ་བྱས་ཏེ། རྔ་མ་གཡུག་གཡུག་བྱེད་ཞོར་རང་གི་བདག་པོ་དང་འཁྲུལ་སོང་བ་དང་འདྲ་པ་བྱས་ཏེ་ཕྱིར་རྒྱུགས་སོང༌། དགུང་གྲངས་བདུན་ལ་སོན་པ་རབ་བྱུང་བཅུ་དྲུག་པའི་བགྲང་བྱ་ཉག་མ་དགུ་པ་ཤིང་ཕག་སྤྱི་ལོ་༡༩༣༥ ལོར་བྲག་དཀར་གསུམ་པ་པཎྜི་ཏ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ཀྱི་དངོས་སློབ་བྲག་དཀར་རི་ཁྲོད་པ་དགེ་ཚུལ་མ་ཆོས་སྐྱིད་ཅེས་སྤྱོད་ལམ་ཤིན་ཏུ་དུལ་ཞིང༌། སྦྱངས་པའི་ཡོན་ཏན་ལ་གནས་པ། བྱང་ཆུབ་ལམ་གྱི་རིམ་པས་རྒྱུད་སྦྱངས་ཤིང་མ་རྒྱུད་རྡོ་རྗེ་ཐེག་པའི་ལྷ་མཆོག་རྗེ་བཙུན་མཁའ་སྤྱོད་དབང་མོའི་རྣམ་འབྱོར་ལ་གོམས་པའི་དབང་གིས་རི་ཁྲོད་དེར་མཁའ་སྤྱོད་དབང་མོའི་རྣམ་འཕྲུལ་དང༌། གཞན་དུ་སྒྲོལ་མ་ལྗང་ཁུའི་རྣམ་འཕྲུལ་དུ་གྲགས་པ་དེའི་དྲུང་ནས་ཇི་སྐད་དུ་མཁན་པོས། བསླབ་པ་ཀུན་གྱི་གཞི་འཛིན་ཅིང༌།། རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ།། མིང་ཚིག་བརྗོད་པ་ཀུན་གྱི་གཞི།། ཡི་གེ་སྦྱོར་བ་ཞེས་དང༌། དེ་ཕྱིར་དང་པོ་འདི་ཉིད་བསླབ།། ཞེས་གསུངས་པ་ལྟར་བདེ་བར་བཤེགས་པའི་གསུང་རབ་སྡེ་སྣོད་ཡོངས་རྫོགས་དང་གངས་ཅན་པའི་སྐད་ཡིག་རིག་པའི་གཞུང་ལུགས་ཡོངས་ཀྱི་ཕྱི་མོ་ཀ་ཁ་ནས་མགོ་བཙུགས་ཏེ། བསླབ་ལ་བརྩོན་པའི་གང་ཟག་གིས།། དང་པོ་ང་རོ་རྣམས་ལ་སྦྱངས།། ཞེས་པ་ལྟར་སྦྱོར་ཀློག་སོགས་ལའང་བརྩོན་ནས། ཡི་གེ་ཀློག་སྦྱོར་ལེགས་པར་མཁྱེན་པར་མཛད་རྗེས། ཆོས་སྤྱོད་ཁག་འགའ་ཞིག་ཀྱང་ཐུགས་འཛིན་མཛད། རྗེ་བཙུན་མ་འདི་ཉིད་འཇིག་རྟེན་འདིར་ཤེས་བྱའི་གཟུགས་བརྙན་གང་ཞིག་མཐོང་བའི་མིག་ཟུང་ཐོག་མར་སྦྱིན་མཁན་དེ་ཡིན་པས་བཀའ་དྲིན་གཞན་ལས་ཆེ། སྔོན་སྒྲུབ་ཁང་དགེ་ལེགས་རྒྱ་མཚོ་ཞེས་འཇམ་མགོན་སྙན་བརྒྱུད་ཀྱི་མན་ངག་ལ་བརྟེན་ནས་གྲུབ་པའི་གོ་འཕངས་འཐོན་པོར་གཤེགས་པའི་སྐྱེས་ཆེན་བྱང་ཆུབ་ལམ་གྱི་རིམ་པའི་བསྟན་པའི་བདག་པོ་དེ་ཉིད་ཀྱང༌། ཐོག་མ་ཀ་ཁ་སློབ་མཁན་དགེ་ཚུལ་མ་ཞིག་ཡིན་པ་དང༌། ལམ་རིམ་བླ་མ་བསོྒམས་ནས་བདུད་རྩི་འབེབས་སྦྱངས་ཇི་ཙམ་བྱས་ཀྱང་སྒྲིབ་པ་དག་པ་དང་རྟོགས་པ་འཕེལ་བའི་རྣམ་པ་གང་ཡང་མ་བྱུང་བས། རྗེས་སུ་ཀ་ཁ་སློབ་པའི་དགེ་རྒན་དགེ་ཚུལ་མ་དེ་ཉིད་སྤྱི་བོར་སྒོམ་ནས་བདུད་རྩི་འབེབས་སྦྱངས་བྱས་པས་རིང་པོར་མ་ཐོགས་པར་སྡིག་པ་དག་པ་དང་རྟོགས་པ་བརྙེས་པའི་རྟགས་དང་མཚན་མ་གསལ་བོར་བྱུང༌། དེས་ན་དགེ་བའི་བཤེས་གཉེན་ཁྲི་ཐོབ་མཐོ་དམན་དང༌། གོ་ས་ཆེ་ཆུང༌། རྒྱུ་ནོར་མང་ཉུང་སྙན་གྲགས་ཆེ་ཆུང༌། ལུས་རྟེན་མཆོག་དམན་སོགས་ལ་བལྟ་རྒྱུ་མིན་པར་རང་ཉིད་ལ་དགེ་རྩ་འཕེལ་བའི་ལམ་སྟོན་གནང་མཁན་སུ་ཡིན་པ་དེ་དགེ་བའི་བཤེས་གཉེན་ཡིན་པས་དེས་ན་ཀ་ཁ་སློབ་མཁན་ཚུན་ཆད་ལ་དད་པ་དང་དག་སྣང་སྦྱངས། དེ་ལ་གཞུང་ལུགས་ནས་བཤད་པ་ལྟར་གྱིས་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་བསྟེན་དགོས་ཞེས་ལན་གཅིག་མིན་པར་ཡང་ཡང་གསུངས་པས་མཚོན། དམ་པ་འདིས་བཤེས་གཉེན་བསྟེན་ཚུལ་གྱི་ཆེ་བའི་ཡོན་ཏན་ནི་སེ་ར་ཐེག་ཆེན་གླིང་ན་རྩོད་མེད་དུ་གྲགས་པ་བྱུང་འདུག་སྟེ་འོག་ཏུ་འཆད་པར་འགྱུར་རོ།། སྤྱིར་བཙུན་དགོན་འདི་ཉིད་དུ་གཞི་གསུམ་གྱི་ཆོ་ག་ཚུལ་བཞིན་སྐྱོང་བ་དང༌། སྡོམ་གསུམ་གྱི་བསླབ་བྱ་ལ་ཤིན་ཏུ་གཅེས་པ། ཚོགས་དང་སྒྲུབ་མཆོད་ཙམ་མིན་པར་སྦྱོར་ཆོས་དང་ལམ་རིམ་གྱི་ཉམས་ལེན་ལ་ཤིན་ཏུ་དམར་བ། འབུམ་ལྔ་དང་འབུམ་དགུའི་སྔོན་འགྲོ་དང༌། མཁའ་སྤྱོད་མའི་དབང་བཞི་སྔོན་དུ་བཏང་ནས་ལས་རུང་དང་བསྙེན་ཆེན་གཏོང་མཁན་ཡང་དུ་མ་ཡོད་པ་སྟེ། དེ་དག་ལ་བརྟེན་ནས་ཞི་ལྷག་གིས་ལུས་སེམས་ལས་སུ་རུང་བ་དང༌། བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ཐོབ་པ། སྔགས་བསྐྱེད་རྫོགས་ཀྱི་རྟོགས་པས་རྒྱུད་གྲོལ་བ་ཡང་དུ་མ་བྱུུང་སྣང་སྟེ། སྐབས་ཤིག་དགེ་ཚུལ་མ་ཞིག་གི་ནང་མིའི་ཕྲུ་གུ་ཞིག་བཙུན་དགོན་འདིར་རྩམ་པ་དང་མར་བསྐྱལ་མཁན་སོང་སྐབས། ཤག་གི་ཕྱི་རོལ་ཏུ་བྱ་རྒཽད་མང་པོ་ཞིག་བབ་ནས་ཡོད་པར། ཕྲུ་གུའི་བག་ཆགས་ལ་བརྟེན་ནས་རྡོ་བརྡུང་བྱེད་འདོད་བྱུང་ཡང་དགེ་ཚུལ་མ་དེས་བྱ་རྒོད་རྡོ་རྡུང་མ་བྱེད། ཁྱོད་རང་ལ་སྡིག་པ་ཡོང་ཞེས་བཀག་ཀྱང་ཕྲུ་གུ་དེས་ལྐོག་ནས་བྱ་རྒོད་ཅིག་ལ་རྡོ་འཕངས་ནས་དེ་ཉིད་དུ་རིལ་བ་དང་ཤག་ཏུ་སླེབས་དུས། དགེ་ཚུལ་མ་དེ་ཉིད་དུ་བརྒྱལ་ནས་རེངས་ཡོད་པས་ཕྲུ་གུ་དེ་ཞེད་ཐག་ཆོད། ཤག་མཚེས་ཨ་ནེ་འགའ་ཞིག་འབོད་ནས་བལྟས་པས་ད་ཅིན་བྱ་རྒོད་ལ་རྡོ་བྱུག་སའི་ཤུལ་དེ་ག་རང་ན་སྐྲང་འབུར་དང་ཤ་མདོག་སྔོ་སྨེ་ཆགས་འདུག་པས་མཚོན་ཡ་མཚན་པའི་དངོས་བྱུང་གི་གཏམ་རྒྱུད་ཤིན་ཏུ་མང་ཡང་འདིར་སྐབས་སུ་མ་བབ་པས་དེ་ཙམ་གྱིས་ཆོག་པར་བྱས་སོ།།

	དགུང་ལོ་བརྒྱད་ལ་ཕེབས་པ་རབ་བྱུང་བཅུ་དྲུག་པའི་མེ་བྱི་༡༩༣༦་ལོར་རྒྱ་ནག་གཞུང་འཛིན་གོ་མིན་ཏང་དང་ཕྱོགས་འགལ་གུང་ཁྲན་ཏང་གཉིས་དབར་ནང་འཁྲུགས་ཚབ་ཆེན་ཤོར་ཏེ་གུང་ཁྲན་ལྟོ་གོས་གནས་བབ་དང་སྟོབས་ཤུགས་ནུས་པ་གཉིས་ཀས་མ་འདང་ནས་ནུབ་ཕྱོགས་སུ་རྒྱངས་བསྐྱེད་བྱེད་དགོས་བྱུང་བ་དེར་དུས་ཕྱིས་ལོ་རྒྱུས་ཐོག་དམར་དམག་རྒྱངས་བསྐྱེད་དུ་གྲགས་པ་དེ་ཉིད། དམག་སྤྱི་ཆེན་མོ་ཀྲུའུ་ཏེ་ཡིས་མགོ་འཁྲིད་དེ་བོད་རྒྱའི་ས་མཚམས་བརྒལ་ཐོག་ཁམས་དར་རྩེ་མདོ་ནས་རིམ་པར་བཞིན་རྟའུ་དང་བྲག་མགོ། བྲེ་བོ། ཉག་རོང༌། འབའ། ལི་ཐང༌། དཀར་མཛེས་ཁུལ་བཅས་སུ་གུང་དམག་འབུམ་ཕྲག་ལྷག་ཙམ་ཉིན་མཚན་འཐུད་ནས་བཤར་བྱུང་བར་ལུང་པ་སོ་སོ་ནས་ཐོག་མར་འགོག་རྒོལ་བྱས་ཀྱང་མང་ཉུང་གིས་ཁ་གཏོད་ལྕོག་མེད་པར་རང་དགར་མ་བཞག་རང་བཞག་ཏུ་གྱུར་ཐོག བོད་པ་ཚོས་འདི་ལ་གོམས་པ་རིང་པོ་དང་རྒྱ་ཇག་ཅེས་ཟེར་ཞིང༌། དཀར་མཛེས་ཁུལ་དུ་སླེབས་སྐབས་མང་ཉུང་གི་ཡ་ལན་བྱེད་ཐབས་མ་བྱུང་བར་ཧོར་སེར་དཔོན་ཁག་དང་དགོན་ཁག་ཚོས་སྲིབ་ངོ་ཆུ་འདབས་ཐབ་བསུའི་ཇ་ཐུག་གིས་སྣེ་ལེན་བྱས་ཀྱང་དཔོན་གཡོག་ཆས་རྫུས་བྱས་སྟབས་ཕེབས་བསུའི་གཙོ་བོ་སུ་ལ་ཞུ་དགོས་མིན་ངོ་ཐག་མ་ཆད་པ་ལུས་འདུག སྐབས་དེར་ཡུལ་དགོན་སྡེ་གསུམ་ཀྱིས་ཅ་དངོས་དྲག་གྲས་ཕལ་ཆེར་ས་འོག་ཏུ་སྦས་པ་དང༌། ཡང་ན་ཡུལ་གྱར་དུ་འགྲོ་བ་དང་སྟབས་གཅིག་ཏུ་ཁུར་བ་སོགས་བྱས། ལྷག་པར་གྲགས་ཚད་ངན་པ་ཞིག་ལ་གུང་ཁྲན་གྱིས་མི་ཤ་ཟ་བ་རེད། ད་དུང་ཕྲུ་གུ་ཆུང་ཆུང་གི་ཤ་ཟ་རྒྱུར་ཤིན་ཏུ་དགའ་ཚུལ་གྲགས་ཆེ་སྟབས་གྲོང་སྡེ་སོ་སོ་ནས་ཕྲུ་གུ་ཡོད་པ་ཚོས་ཕྲུ་གུ་རི་ཁྲོད་དང་བྲག་གསེབ། ཤིང་ནགས་སོགས་སུ་ཁྲིད་ནས་གབ་ཡིབས་བྱེད་དགོས་བྱུང་བ་ལྟར་རྗེ་འདི་བ་ནང་གི་སྤུན་མཆེད་རྒན་གཞོན་ཚོ་དང་མཉམ་དུ་མ་ཡུལ་གྱིས་རི་ལ་གབ་ཡིབས་བྱེད་པར་ཁྲིད་དགོས་བྱུང་འདུག ཆེས་ཡ་མཚན་དགོས་པ་ཞིག་ལ་རྒྱ་དམག་དེ་དག་གིས་ཕྲུ་གུའི་ཤ་ཟ་རྒྱུ་དང༌། མི་བསད་རྒྱུ་འཕྲོག་ཕར་ཞོག སུ་དང་ཐུག་ནའང་འཛུམ་མདངས་ཀྱིས་སྔུན་བསུ་བ་དང༌། ལྷག་པར་ཕྲུ་གུའི་རིགས་ལ་མངར་ཆའི་ཟས་རིགས་ཀྱི་རྔན་སྟེར་པ་མ་ཟད། རྒྱ་དམག་འགའ་ཞིག་གིས་ལག་ནས་དུ་བ་འཐེན་འཕྲོ་ཚུན་བླངས་ནའང་གད་མོ་དགོད་པ་མ་གཏོགས་རྣམ་འགྱུར་སྡུག་སྐྱག་ཙམ་ཡང་མི་སྟོན་པ་སོགས་དམག་ཁྲིམས་ཤིན་ཏུ་དམ་པས། དེ་སྔོན་གོ་མིན་ཏང་དང་བོད་སྡེ་པ་གཞུང་གི་དམག་མིའི་ངན་སྤྱོད་ལ་བརྟེན་ནས་ཡུལ་མིར་སྡུག་ནད་སྣ་དགུ་བྱུང་པ་དེ་རིགས་དང་མི་འདྲ་བ་ཤེས་རྗེས་གཞི་ནས་ཡུལ་མི་དགོན་སྡེ་དང་བཅས་པ་ལྷིངས་སུ་འཇགས། ཡིན་ནའང་དམར་དམག་ཧ་ཅང་མང་པོ་ཞིག་སྡེབས་གཅིག་ཏུ་ལུང་ཆུང་ཞིག་ཏུ་མཉམ་འཛོམས་བྱས་པར་ལྟོ་ཆས་ཀྱི་དཀའ་ངལ་འབྱུང་བ་ཆོས་ཉིད་ཡིན་པ་ལྟར། དམར་དམག་དེ་དག་གིས་དུར་ཁྲོད་ཀྱི་རྩམ་སྲིར་ཡང་མེ་བསད་ལོངས་ཡོད་མེད་ཀྱིས་ཟ་བ་དང༌། ཁྱི་ཤ་དང་བོང་ཤ་སོགས་ནི་ཡུལ་གོམས་ལྟར་ཟ་རྐྱང་བྱེད་པས་ཡུལ་མི་ཚོས་ཡི་དྭགས་གསོན་པོ་རང་དུ་རྩིས་ཏེ་ཟ་འཐུང་གི་སྦྱིན་པ་གང་ནུས་བྱས། དགོན་པ་དང་དཔོན་ཁག་ཚོས་འབྲུ་རིགས་ཀྱི་གནང་སྦྱིན་ཡང་བྱས། སྐབས་དེར་ཀླུ་སྦྱིན་ལྟག་ཞབས་སོགས་རྒྱ་ཇག་དེ་ཚོ་ལ་སྙིང་རྗེ་ནས་རྩམ་པ་སྒྲོ་བ་འགའ་རེ་རྫིས་ཏེ་སྤྲོད་སྐབས་དེ་དག་ད་དུང་མེ་བསྲེགས་བཏང་ནས་ཟ་བ་སོགས་བྱས་ཚུལ་ཡང་ཐོས་ལ་བར་ལམ་ནས་དམར་དམག་ཚོ་འཚོ་བས་བཀྲེན་དྲགས་ནས་ཡུལ་དགོན་སྡེ་གསུམ་ལས་འབྲི་རིགས་སྐྱིན་བ་དང༌། དངུལ་རྫོགས་རྗེས་འཛིན་བྱང་རེ་སྤྲོད་ནས་འདི་ཉར་རོགས། ད་ལྟ་ང་ཚོ་དཀའ་ངལ་ནང་ལྷུང་ཡོད་པ་རེད། ལོ་བཅུ་ཕྲག་གཉིས་ཀྱི་རྗེས་ང་ཚོས་བུ་ལོན་བསབ་ཐུབ་རྒྱུ་རེད། ཅེས་གདེང་ཚོད་ཡོད་པའི་ཐོག་ནས་བཤད་དེ་འབྲུ་རིགས་ཚད་མེད་སྦྱིན་སྒྲུབ་བྱས་རྐྱེན་ཡུལ་མི་མང་ཆེ་བས་བར་མཚམས་ཤིག་ནས་འབྲུ་རིགས་སྦས་སྐུངས་བྱས་པར་དམར་དམག་གིས་ཡུལ་མིང་བྱབ་ཆུང་འགའ་རེ་ལ་སློབ་གསོ་གཏོང་ནས་རྒྱུས་ཡོད་མཚམས་སྦྱོར་བྱེད་བཅུག་པས་དཀར་མཛེས་ཁུལ་གྱི་འབྲུ་རིགས་ཕལ་ཆེར་རྫོགས་པ་ཉེ་བར་སོང༌། འོན་ཀྱང་རྒྱ་ཇག་དེ་དག་གིས་ཁྱད་བསད་དང་རྐུན་འཕྲོག་གི་རྣམ་པར་ཅུང་ཟད་ཙམ་ཡང་མི་བྱེད། ཀྲུའུ་ཏེ་མིང་བྲིས་པའི་རྒྱ་ཡིག་སྙན་ཚིག་རྡོ་རིང་ངོས་སུ་བཀོད་པ་ཞིག་གི་འདྲ་བཤུས་མཐོང་རྗེས་གཞི་ནས་ཁོང་སྟོན་པ་བདེ་བར་གཤེགས་པ་ལ་དད་པ་ཡོད་པའི་ནང་པ་ཞིག་ཡིན་པ་ཤེས་བྱུང་བ་དེའི་སྐོར་གཞན་དུ་བཤད་པར་བྱའོ། །བར་མཚམས་ཤིག་ལ་དཀར་མཛེས་གཡུལ་རྒྱལ་ཕོ་བྲང་ནང་བེ་རི་དགེ་རྟག་སྤྲུལ་སྐུ་དང་ཀྲུའུ་ཏེ་མཇལ་འཕྲད་སྐབས་ཀྲུའུ་ཏེ་ཡིས་དམག་དཀྱུས་ཆས་རྫུས་སྤྲས་ཡོད་ནའང་མངོན་ཤེས་ཀྱིས་མཁྱེན་པར་མ་ཟད། ད་དུང་ཁོང་གི་ཕ་མ་སྤུན་ཚུན་ཆད་ཀྱི་ལོ་རྒྱུས་ཀྱང་ཤར་ཤར་དུ་གསུངས་པས་ཁོང་ཧ་ལས་ཏེ་དགེ་རྟག་བླ་མ་ལ་གསང་བའི་སྒོ་ནས་དམར་དམག་མདུན་བསྐྱོད་དང་ཕྱིར་སྐྱོད་གང་ཞིག་བྱས་ན་དགའ་ཚུལ་ཞུས་པའི་ལན་དུ་ཕྱིར་བསྐྱོད་བྱས་ན་དགེ་མཚན་ཆེ་བའི་ལུང་དང་དེའི་མཐུན་རྐྱེན་གང་ནུས་ཐོག་དམག་མི་ནད་པའི་རིགས་ཡོན་བདག་ཁག་ལ་གསོ་ཉར་དུ་སྤྲོད་རྒྱུ་ཞལ་བཞེས་གནང་འདུག མཚན་མོ་ཞིག་ལ་རྒྱ་དམག་རྣམས་ཁུར་སིམ་མེར་ཐོན་ཚར་བ་དང་གོ་ཐོས་ལ་ཨུ་རུ་སུའི་རོགས་རམ་འོག་ཀན་སུའུ་ཁུལ་དུ་བསྐྱོད་པ་རེད་ཟེར། དཀར་མཛེས་ཁུལ་དུ་རྒྱའི་ལྐོག་རྔན་ཟ་མཁན་ཚོ་ནང་ཁུལ་དམར་གསོད་དང་མིག་འབྲས་བཏོན་པ་སོགས་ཀྱི་སྡུག་སྦྱོང་སྣ་ཚོགས་བཏང་འདུག དེ་ནས་ཟླ་ཤས་རིང་ཡུལ་དགོན་སྡེ་གསུམ་ག་རེ་ཞིག་ལྷིང་འཇགས་ལྟ་བུར་གྱུར། ལོ་དེར་གདོང་ ༢༧༨་༢༧༩་དེ་སྔོན་བཀྲ་ཤིས་དར་རྒྱས་དགོན་པའི་གྲྭ་མང་བྲོས་བྱོལ་དུ་སོང་བ་རྣམས་ཕྱིར་ལོག་རྒྱུའི་གྲ་སྒྲིག་ཆེད་ཨ་ཁུ་བསྟན་རྒྱམ་གྱིས་སྣེ་འཁྲིད་པའི་གྲྭ་དམག་ཉིས་བརྒྱ་ཙམ་སྔོན་དུ་རོང་པ་ཚ་ལ་ཡོང་ནས་གྲོང་གསེབ་ཁག་ཏུ་མངོན་ཆུང་གིས་བསྡད་ཅིང༌། ཨ་ཐུབ་སྲས་པོ་དབང་དགའ་ལགས་ཀྱིས་བར་དཔང་གནང་རྒྱུ་བྱས་ཏེ་བསྟན་རྒྱམ་ཨ་ཐུབ་ཕོ་བྲང་ནང་གོ་མིན་ཏང་དང་ཞི་མོལ་བྱེད་པར་སོང་ཤུལ་དུ། གྲྭ་དམག་ཚོས་དཀར་མཛེས་དགོན་པའི་དྲེལ་པ་ལམ་སྒུག་རྒྱབ་པར་ཚོང་དཔོན་བསམ་ཤེས་ཡོད་མཁན་ཞིག་གིས་ལུང་པ་གཅིག་པའི་ནང༌། མིས་བེད་སྤྱོད་འོག་ནང་འཁྲུགས་རྒྱབ་ན་དོན་དག་མེད་ལུགས་བཤད་ནས་རང་འོག་ལག་དོར་ཚོ་བཀག་ཀྱང་ཕར་ཕྱོགས་ནས་མཚམས་འཛིན་མ་བྱས་པར་རྟ་དྲེལ་རྒྱབ་ཅ་དང་བཅས་པ་འཕྲོག་བཅོམ་དང་ལག་རྡོ་ཁ་ཤས་བསད་རེས་བྱས་ནས་བྲོས། དེའི་རྐྱེན་གྱིས་ཨ་ཁུ་བསྟན་རྒྱམ་གོ་མིན་ཏང་གིས་ཨ་ཐུབ་ཚང་གི་ཕོ་བྲང་དུ་བཟང་བཙོན་བྱས་ནས་ཉར་བའི་མཐར་དགུང་མོ་ཞིག་ལ་ཨ་སྡུག་ཚང་གིས་ལྐོག་བསད་བཏང་སྟེ་ཁང་སྟེང་ཁ་ལམ་ནས་ཕྱི་ལ་གཡུགས་ཏེ། སྤྱི་ཚོགས་ནང་བསྟན་རྒྱམ་མ་ཁ་ལམ་ནང་ནས་མཆོང་སྟེ་འདས་གྲོངས་སོང་ཚུལ་ཁྱབ་བསྒྲགས་བྱས། དེ་རྗེས་བསྟན་རྒྱམ་མའི་ཚ་བོ་དཔའ་ཆེན་ཟེར་བས་ཨ་ཐུབ་སྲས་པོ་ལ་དགྲ་ཤ་རྩོད་རྩིས་བྱས་ཀྱང་མི་རིང་བར་གོ་མིན་ཏང་གིས་བྲེ་བོ་དཔོན་ལ་སྡེ་བ་གཞུང་གིས་གོ་གནས་སྤྲོད་ཡོད་པ་ཤེས་ནས་དམར་བསད་བཏང་པ་དེ་ཉིད། རྒྱ་ལ་གསང་བ་སྐྱེལ་མཁན་ཨ་སྡུག་ཚང་ཡིན་པར་ངོས་འཛིན་བྱས་ཏེ་བྲེ་བོ་དཔོན་གྱི་གཉེན་ཚན་སྡེ་དགེ་བྱ་རྒོད་ཚང་གིས་ཨ་སྡུག་སྲས་པོ་ལམ་སྒུག་རྒྱབ་ནས་ལྐོག་བསད་བཏང་བས་རྙོག་གླེང་དེ་དག་རེ་ཞིག་ལྷིངས་འཇགས་སུ་གྱུར་པ་སོགས་ཀྱི་ལོ་རྒྱུས་གྲགས་ཆེ་བས་འཕྲོས་གླེང་དུ་ཐལ། མདོར་ན་ཆུ་མགོ་རྙོག་མཁན་དང་སྡེ་མགོ་བཀྲུགས་མཁན་སུ་ཡིན་མི་ཤེས་པར་ཧོར་ཁོག་གྲོང་སྡེ་དང་དགོན་སྡེ་ཡན་མན་དབར་སྣང་བ་དགྲ་ལངས་དང་རྣམ་རྟོག་འདྲེ་ཤར་གྱིས་འཁྲུག་རྩོད་དང་འཁོན་འཛིན་གྱི་རྨུ་ཐག་ལ་ཤི་འཐམས་བྱས་ཀྱང༌། སྟབས་ལེགས་པ་ཞིག་ལ་ཡུལ་དགོན་ཡས་མས་ཀྱི་བླ་སྤྲུལ་སྐྱེས་ཆེ་དུ་མས་བར་ཆིངས་ལ་བརྟེན་ནས་རིམ་བཞིན་ཞི་འཇམ་དུ་གྱུར་ཏེ། དར་རྩེ་མདོ་ཇ་བདག་རིག་འཛིན་རྡོ་རྗེ་བར་དཔང་ལ་བསྡད་ནས་དར་བེ་ཞི་འགྲིགས་ཀྱི་ཆིངས་ཡིག་དོན་ཚན་བཅུ་གཉིས་བཞག་སྟེ་དགོན་པ་སྐྱར་བཞེངས་ཀྱི་མགོ་འཛུགས་བྱས། དར་དགོན་སྤྱི་གཉེར་སྟག་ལྷས་དགོན་སྡེ་འདིར་གད་ཆགས་སྟུད་མར་མི་ཡོང་པའི་ཆེད་གསར་རྙིང་མཁས་གྲུབ་དུ་མར་ཐུགས་བརྟགས་ཞུས་པས།  མི་རྒོད་ཀྱིས་ས་རྒོད་བཟུང་པ་ལས་སྐྱེས་ཆེན་དམ་པ་ཞིག་གིས་དགོན་པ་སྐྱོང་ན་ཡུལ་དགོན་གཉིས་ཀར་དུས་བདེ་གནས་འཇགས་ཡོང་པའི་ལུང་རྟགས་ཕྱིར་ཕེབས་སྤྱི་དང༌། ལྷག་དོན་སྐྱབས་རྗེ་བདེ་ཆེན་རྙིང་པོ་དང་ཁྱབ་བདག་ཧེ་རུ་ཀ་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ཟུང་གི་བཀའ་ལུང་ལྟར། སྙན་བརྒྱུད་བསྟན་པའི་མཛོད་འཛིན་འཇམ་མགོན་རྒྱལ་བ་གཉིས་པའི་ལུགས་བཟང་ཕྱོགས་མཐར་སྤེལ་བའི་དར་ཆེན་སངས་རྒྱས་མི་ཡུལ་དུ་བྱོན་པ་དང་འདྲ་བའི་བཤེས་གཉེན་ཆེན་པོ་བྱམས་པ་མཁས་གྲུབ་མཆོག་དགོན་པ་འདིར་ཕེབས་པ་ནས་རིམ་བཞིན་ངེས་དོན་གྱི་བསྟན་པའི་རྨང་གཞི་གསར་དུ་ཚུགས་པར་སེམས་ཏེ། སློབ་མ་ཡང་སྐྱབས་རྗེ་བདེ་ཆེན་སྙིང་པོས། ཡོངས་རྫོགས་ལམ་བཟང་མི་ལོ་བཅུ་གཉིས་དང༌།།ལོ་གསུམ་ཕྱོགས་གསུམ་ཙམ་ལའང་ཟུང་འཇུག་གི།གོ་འཕང་བདེ་བླག་འགྲུབ་པའི་ཉེ་ལམ་མཆོག།བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག།ཅེས་པའི་དགོངས་དོན་དང་མཐུན་པར་ཚེ་གཅིག་ཉིད་དུ་ཟུང་འཇུག་འོད་ལུས་ཀྱི་གོ་འཕངས་མངོན་དུ་བྱས་པའི་གྲུབ་པའི་དབང་ཕྱུག་ཨ་ཆོས་རིན་པོ་ཆེ་དང༌། འཕྲིན་ལས་མཁའ་ལྟར་ཡངས་པའི་ཁྱབ་བདག་བཀའ་འགྱུར་བ་སེར་བྱེས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཐུབ་བསྟན། མཁས་པའི་ཁྱུ་མཆོག་རྒྱ་དཔོན་ཆོས་མཛད་ངག་དབང་རྡོ་རྗེ། རྒྱུད་སྨད་མཁན་ཟུར་རིན་པོ་ཆེ་བྲག་གཡབ་དགེ་བཤེས་ཨོ་རྒྱན་བསྟན་འཛིན། བཤེས་གཉེན་ཆེན་པོ་རྟ་མགྲིན་རབ་བརྟན། སེར་བྱེས་མཁན་པོ་ལས་ཐོབ་པ་ཕྱིན་དྲུག་བསྡུ་བཞིས་མཚོན་པའི་ལུགས་གཉིས་གནས་ལ་གཟིགས་པ་གཞན་ལས་ཡངས་པའི་བདག་ཉིད་ཆེན་པོ་བློ་བཟང་དཔལ་ལྡན་སོགས་སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོ་བྱོན་སྣང་སྟེ་འཕྲོས་གླེང་ཙམ་མོ།།

དགུང་ལོ་དགུ་ལ་ཕེབས་པ་རབ་བྱུང་བཅུ་དྲུག་པའི་མེ་གླང་༡༩༣༧་ལོར་པཎ་ཆེན་སྐུ་ཕྲེང་དགུ་པ་ཆོས་ཀྱི་ཉི་མ་སྡེ་པ་གཞུང་གི་བཀག་རྒྱའི་འོག་རང་གི་གདན་སར་ཕེབས་མ་ཐུབ་པར་སྒ་སྐྱེ་རྐུ་མདོར་དགོངས་པ་ཆོས་དབྱིངས་སུ་ཐིམ་རྗེས་གོ་མིན་ཏང་གི་གཡེམ་དཀྲུག་ལ་བརྟེན་ནས་པཎ་ཆེན་ནང་མ་སྒང་གི་མི་སྣ་རྣམས་བོད་ཏུ་ལོག་ཐབས་བྲལ་བས་པཎ་ཆེན་གོང་མའི་སྐུ་གདུང་རིན་པོ་ཆེ་ཁང་སར་སྐྱབས་མགོན་སྐུ་ཕྲེང་གཉིས་པ་བློ་བཟང་འཇིགས་མེད་རྒྱ་མཚོ་དང༌། ཁང་གསར་དཔོན་མོ་བདེ་ཆེན་དབང་མོ་གཉིས་ཀྱིས་བོད་ཟླ་ ༡༢ ཚེས་ ༢༥ ཉིན་དཀར་མཛེས་ཁུལ་དུ་གདན་དྲངས་བའི་སྐབས་སྐུ་གདུང་རིན་པོ་ཆེ་མཇལ་ཁ་ཞུ་རྒྱུའི་སྐལ་བཟང་ཐོབ། དགུང་ལོ་བཅུ་ལ་ཕེབས་པར་རབ་བྱུང་བཅུ་དྲུག་པའི་ས་སྟག་༡༩༣༨་ལོར་ཁང་གསར་དཔོན་མོ་བདེ་ཆེན་དབང་མོ་དང་པཎ་ཆེན་ནང་མ་སྒང་གི་དྲུང་ཆེ་ཡེ་ཤེས་རྡོ་རྗེ་གཉིས་ལུགས་མཐུན་གྱི་གཉེར་སྒྲིག་ལ་གོ་མིན་ཏང་གིས་གཙང་པ་བོད་ཕྱི་མ་དང་དཀར་མཛེས་བོད་ནང་མ་ཡིན་པས་རང་དབང་གིས་གཉེན་སྒྲིག་མི་ཆོག་པའི་འགོག་རྐྱེན་བྱས་པར་མ་ཟད། གཉེན་སྒྲིག་ཉིན་རྒྱ་དམག་གིས་ཕོ་བྲང་བསྐོར་ཏེ་དེ་ནས་བཟུང་མི་ལོ་གཅིག་ལྷག་ཙམ་རིང་བཟང་བཙོན་ལྟ་བུ་བྱས་ནས་བཞག་པའི་རྗེས། དཀར་མཛཻཻས་དགོན་པའི་གྲྭ་པ་འགའ་ཞིག་སྐྱིད་སྡུག་ནས་འཐེན་པ་དང་ཡུལ་མི་ཁས་ལེན་པ་མང་པོ་ཐོན་ཏེ་ཕོ་བྲང་སྐོར་སྲུང་བའི་རྒྱ་དམག་རྣམས་གཅིག་ཀྱང་མ་ལུས་པར་བསད་ཐོག་ཁང་གསར་ཚང་དང་པཎ་ཆེན་ཚང༌། དཀར་མཛེས་དགོན་པའི་གྲྭ་སྐྱིད་སྡུག་འཐེན་ཟིན་པ་བཅས་གསུམ་ཀ་མཉམ་རུབ་ཀྱིས་གོང་དམག་སྟོང་ཕྲག་ལྷག་ཙམ་བསད་རྨས་ཐོག་གོ་མིན་ཏང་རེ་ཞིག་དཀར་མཛེས་ཁུལ་ནས་མཐར་བསྐྲད་བཏང༌། སྐབས་དེ་རྗེ་དམ་པ་འདི་ཉིད་བྲག་དཀར་བཙུན་དགོན་དུ་ཡི་གེ་བསླབ་གཞིན་ཡོད་ཅིང༌། བཙུན་དགོན་ཁག་ཏུའང་ཟིང་ཆེན་པོ་ལངས་དགོས་བྱུང༌། མདོར་ན་དགུང་ལོ་བདུན་ནས་བཟུང་བཅུ་གཅིག་གི་བར་དུས་ཟིང་དང་དམག་འཁྲུག་གི་རླུང་རླབས་ཆེས་ཆེར་གཡོ་བའི་གསེབ་བཙུན་དགོན་དེ་ཉིད་དུ་ཆོས་སྤྱོད་ཆོ་ག་སོགས་ལ་བསླབས་ནས་བཞུགས་པས་ཚེགས་མེད་དུ་མཁྱེན་པ་བྱུང༌། ན་ཚོད་སྐུ་ཡི་ལྗོན་པ་ཕྲ་ན་ཡང༌།། ལྷན་སྐྱེས་དམ་པའི་རང་རྟགས་མངར་མོའི་དྲི།། མ་འབད་ངང་གིས་འཁྱིལ་བའི་ཙནྡན་ཤིང༌།། ཏྲེ་ཤོད་མ་ལ་ཡ་རིའི་ནགས་སུ་སྨིན།། བྱིས་པའི་དུས་ནས་བཟང་པོའི་མཛད་སྤྱོད་ཚུལ།། ཕལ་གྱི་བློ་གྲོས་རྭ་བ་ལས་འགོངས་པས།། རྒན་གཞོན་དར་མ་ཀུན་གྱིས་མགྲིན་གཅིག་ཏུ།། བསྔགས་པའི་དབྱངས་ཀྱི་མེ་ཏོག་ཁྱོད་ལ་འཐོར།། མདོ་ཁམས་གྲུབ་པའི་གཙུག་རྒྱན་ལམ་བྲག་དང༌།། གནས་ལྔ་རིག་པ་བྲག་དཀར་པཎ་ཆེན་གྱིས།། སྡེ་འདིའི་བསྟན་འགྲོའི་མགོན་དུ་འགྱུར་པའི་ལུང༌།། ལེགས་གསུང་གཡས་འཁྱིལ་དུང་གི་སྒྲ་དབྱངས་སྙན།། ལྷ་འདྲེའི་ལུང་དང་ཟན་བརྟག་སྒྲིལ་པ་ཡིས།། མཐོན་པོའི་ཁྲི་ལ་བསུས་པ་ཟོག་པོའི་བུ།། མ་ཡིན་ས་འོག་གནས་པའི་གསེར་རྡོག་བཞིན།། དམ་པའི་རང་འོད་འགོག་མེད་མཁའ་ལ་འཕྱོ།། ཆེ་བཙན་སྟོབས་འབྱོར་དར་བས་མ་བསྐུལ་པར།། སྡེ་གྲོང་དམངས་ཀྱི་ངག་སྒོ་ལས་གྱེར་པའི།། མཆོག་གི་སྤྲུལ་པའི་སྐྱེས་ཆེན་གང་ཞིག་གི། རྣམ་པར་འཕྲུལ་བའི་རོལ་གར་རྩེན་པར་གླེང༌།། གོ་མིན་ཏང་དང་སྡེ་པ་གཞུང་གི་དབར།། རྐང་རྩེད་སྤོ་ལོ་འདྲ་བའི་ཏྲེ་ཤོད་འདིར།། ཕྱི་ནང་དམག་འཐབ་མཚོ་བཞིན་འཁྲུགས་པའི་གསེབ།། སྐྱོན་མེད་ལང་ཚོའི་འདབ་མ་རིམ་གྱིས་གྲོལ།། གསེར་རིའི་གྲངས་ལྡན་དུས་ཀྱི་ཁུག་པ་ནས།། འཛད་དུ་མེད་པའི་ཤེས་བྱའི་སྤང་ལྗོངས་ངོགས།། དབྱངས་གསལ་སོ་བཞིའི་མེ་ཏོག་བཏུས་བྱས་ཏེ།། ཆོས་ཀུན་རིག་པའི་གཏན་གྱི་རྩ་བ་ཚུགས།། ཞེས་པ་ནི་བྱིས་པའི་དུས་ཀྱི་མཛད་སྤྱོད་ལས་རྩོམ་པའི་བར་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ།།


༣ ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་མཛད་པ།

མཚན་གྱི་མེ་ཏོག་རྣ་བའི་སྐྱེད་ཚལ་ན།། བཞད་པ་ཙམ་གྱིས་དགེ་ལེགས་སྦྲང་རྩིའི་གཏེར།། འབད་མེད་འཇོ་མཛད་ལྷག་པའི་ལྷ་མོ་མཆོག། ཨརྱཱ་ཏཱ་རེས་ཤིས་པའི་གྲུ་ཆར་སྙིལ།། རྗེ་བླ་མ་འདི་ཉིད་དགུང་གྲངས་བཅུ་གཅིག་པ་རབ་བྱུང་བཅུ་དྲུག་པའི་ཉག་མ་དྲུག་པ་ས་ཡོས་༡༩༣༩ལོར་ཧོར་ཁོག་གསེར་ལྗོངས་འཛིན་མའི་རྒྱན་གཅིག གསེར་མདོག་ཅོད་པཎ་འཆང་བའི་ཆོས་སྡེ་བཅུ་གསུམ་གྱི་མ་དགོན་ཧོར་སྲས་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱི་གདན་ས་ཧོར་དཀར་མཛེས་བཀྲ་ཤིས་དར་རྒྱས་ནོར་བུའི་གླིང་གི་གྲྭ་ཚང་གསུམ་གྱི་ནང་ནས་མཚན་ཉིད་གྲྭ་ཚང་གི་ཆོས་སྒོར་ཞུགས། ཆོས་སྡེ་ཆེན་པོ་འདི་ཉིད་ཇི་ལྟར་ཕྱག་བཏབ་པའི་ཚུལ་ཡང་ཅུང་ཟད་གླེང་བར་འདོད་དེ། དེ་ཡང་ཡུལ་འདིར་སྔོན་བླ་མ་དགེ་ལེགས་བློ་བཟང་ཕུན་ཚོགས་ཞེས་བྱ་བ་ཞིག་གིས་ཤུག་རི་བྲག་ཕུག་གི་སར་དགོན་པ་ཞིག་བཏབ་ནས་མཚན་ལ་བྲག་ངོས་དགོན་ཞེས་འདོགས་པ་དེར་ཧོར་བཀའ་བཅུ་ནམ་མཁའ་འོད་ཟེར་བྱ་བ་སྐུ་ན་ཆུང་དུས་ནས་དབུས་སུ་ཕེབས་འབྲས་སྤུངས་སུ་སློབ་གཉེར་མཐར་ཕྱིན་པ་གནང་སྟེ་ཕྱིར་རང་ཡུལ་དུ་ལོག་ནས་དགོན་པ་དེར་སྒོམ་སྒྲུབ་འཆད་ཉན་མཛད་ནས་བཞུགས་པའི་སྐབས་ཤིག ཕྱོགས་མེད་རྒྱལ་མཐའ་བསྐོར་བའི་བྱ་བཏང་རྣལ་འབྱོར་པ་ཞིག་གིས། བཀའ་བཅུ་ནམ་མཁའ་འོད་ཟེར་ལ་ཁྱོད་ཀྱིས་དགོན་པ་འདི་ཡ་གི་དཀར་ཞིང་མཛེས་པའི་རྡོ་ཕུང་ཡོད་ས་དེར་སྤོས་ན་བཤད་སྒྲུབ་མཆད་ཉན་རྒྱས་པར་འོང་ཞེས་ལུང་བསྟན་པ་ལྟར་གནས་དེར་དུར་ཁྲོད་ཞིག་ཡོད་པ་རིའི་སྟེང་ཕྱོགས་སུ་སྤོས་ཤུལ་དུ་འདུ་ཁང་གསར་བཞེངས་བྱས་ཏེ་དཀར་མཛེས་དགོན་པ་ཞེས་བཏགས། དེ་རྗེས་ཆོས་རྗེ་ངག་དབང་ཕུན་ཚོགས་ཉིད་གོང་ས་རྒྱལ་དབང་ལྔ་པའི་མདུན་ནས་དུ་དགོན་སྡེ་བཅུ་གསུམ་འདེབས་པའི་དམ་བཅའ་ཕུལ་ནས་དབུས་ནས་རང་ཡུལ་དུ་ཕེབས་ཏེ། ཐོག་མ་དཀར་མཛེས་དགོན་པ་འདི་བཞིན་རབ་བྱུུང་བཅུ་གཅིག་པའི་ཆུ་སྟག་༡༦༦༢ལོར་སྔར་ཡོད་རྒྱ་བསྐྱེད་བྱས་ནས་གཙུག་ལག་ཁང་ཆེན་པོ་འདི་ཉིད་ཀྱི་རྟེན་དང་བརྟེན་པར་བཅས་པ་ལེགས་པར་བཞེངས་ཏེ་མཚན་ལ་དཀར་མཛེས་བཀྲ་ཤིས་དར་རྒྱས་ནོར་བུ་གླིང་ཞེས་གསོལ། ཏྲེ་ཤོད་འཛིན་མའི་ཁྱོན་འདིར་ཞྭ་སེར་ཅོད་པན་འཆང་བའི་ལུགས་བཟང་གི་མདོ་སྔགས་རིག་གནས་པའྀ་འཆད་ཉན་གྱི་བསྟི་གནས་སམ་མ་དགོན་མཚན་ཉིད་གྲྭ་ཚང་དུ་བྱས་ཏེ། དེའི་ལེ་ལག་གམ་བུ་དགོན་དུ་རིམ་གྱིས་བཀྲ་ཤིས་དགོན། བེ་རི་འགྲོ་ཕན་གླིང༌། བྲག་མགོ་རྒྱལ་རབ་རྒྱ་གླིང༌། རྟའུ་ཉ་མཚོ་དགོན། ལྕོག་རི་དགོན། ཁང་དམར་དགོན། རྩེ་གསུམ་དགོན། གྲྭ་ལྕོག་དགོན། བསམ་འགྲུབ་དགོན། གླིང་རུ་དགོན། ཉ་འགེ་དགོན།སྙི་དར་རྒྱས་དགོན་ཞེས་བགྲངས་པའང་མཐོང༌། དུས་ཕྱིས་སྐུ་ཚ་རྫ་ཆོས་རྗེ་ངག་དབང་ཕུན་ཚོགས་པས་རྫ་དགོན་གསར་བཀྲ་ཤིས་དགའ་ལྡན་གླིང་བཏབ་པས་ཧོར་དགོན་སྡེ་བཅུ་གསུམ་ཞེས་ཡོངས་སུ་གྲགས་པ་བྱུང༌། དགོན་སྡེ་དེ་དག་ཏུ་གཞི་གསུམ་གྱི་ཕྱག་ལེནདང༌། བཅའ་ཡིག་ཆེན་མོ་སོགས་འཇོག་པར་མཛད། ལྷག་པར་དུ་དཀར་མཛེས་དགོན་པ་འདི་ལ་གོས་ཆེན་སེར་པོའི་བཅའ་ཡིག་ཞེས་པ་དུས་ཕྱིས་ཀྱང་ཡོད་པར་བཤད། ད་དུང་རྣམ་རྒྱལ་གྲྭ་ཚང་དང་སྔགས་པ་གྲྭ་ཚང་ཡང་ཆོས་རྗེ་འདིས་ཕྱག་བཏབ་པར་གསལ་ཏེ། རྣམ་རྒྱལ་གྲྭ་ཚང་ནི་ཆོས་རྗེ་ཉིད་ཀྱིས་རྒྱལ་བ་ལྔ་པའི་ཐུགས་དགོངས་ལྟར་མཁར་དཀར་པོ་ཐོག་བརྩེགས་དགུ་ཡོད་པ་ཞིག་གསར་བསྐྲུན་མཛད་དེ་ལ་རྣམ་རྒྱལ་གྲྭ་ཚང་ཞེས་བཏགས། རྒྱལ་བ་རིན་པོ་ཆེའི་སྐུ་ཞབས་གྲྭ་ཚང་དང་འདྲ་བར་དགོན་པ་གཞུང་ནས་འདོན་བཟང་སྐད་བཟང་ཟུར་འཛུགས་ཀྱིས་སྐུ་རིམ་ཞབས་བརྟན་སོགས་སྒྲུབ་མིའི་ཞབས་ཕྱི་ལ་བཞག་པ་ཡིན་ལ། བསྐང་གསོ་དང་ལྷ་མོའི་འདོས་ཆེན། འཆམ་གཏོ་ཆེན། གནམ་ལོ་གསར་པའི་ཚེས་གཅིག་ཉིན་དམག་ཟོར་མ་ལ་ཚེས་གཏོར་འབུལ་རྒྱུ། ཟླ་རེར་ཡར་ངོ་མར་ངོའི་ཚེས་བཅུའི་དུས་མཆོད་སོགས་ཕལ་ཆེ་བ་ཀུན་གཟིགས་ལྔ་པའི་དུས་སྐབས་ཀྱི་རྣམ་རྒྱལ་གྲྭ་ཚང་གི་ཕྱག་ལེན་ལྟར་བཙུགས་ཐོག ཕྱིས་སུ་ཚེ་གཏོར་སྐོར་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཕྱག་ལེན་ལྟར་བཙུགས་པ། ལོ་རེ་བཞིན་ལྷ་མོའི་མདོས་ཆེན་བཙུགས་ཏེ་ཆོས་རྗེ་རང་ཉིད་ཚོགས་དབུར་མཛད་ནས་འཆམ་དང་གཏོར་རྒྱག་སོགས་གནང་བ་དང།་ དེའི་ཕྱག་སྲོལ་ད་ལྟའི་བར་མ་ཉམས་པར་གནས། སྔྔགས་པ་གྲྭ་ཚང་ནི་ཧོར་ཆོས་རྗེ་ཉིད་ཀྱིས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཕྱག་ལེན་བཞིན་སྔགས་ཕྱོགས་བདེ་གསང་འཇིགས་གསུམ་སོགས་ཀྱི་སྒྲུབ་མཆོད་དང༌། བདག་འཇུག །ཆོས་སྐྱོང་སོ་སོའི་བསྐང་གསོ་གཏོང་བར་གྲྭ་པ་ཁ་ཤས་ཟུར་དུ་བཙུགས་པ་ལས། ཕྱིས་སུ་ཇེ་འཕེལ་དུ་སོང་སྟེ་སྔགས་པ་གྲྭ་ཚང་འདི་བྱུང་བ་མངོན། ཧོར་ཆོས་རྗེ་ཉིད་ཀྱིས་དཀར་དགོན་དུ་གྲྭ་ཚང་གསུམ་བཏབ་པ་ནས་མཁས་གྲུབ་སྐྱཻས་ཆེན་རིམ་བྱོན་དང་སྟོབས་འབྱོར་དབང་ཐང་གིས་ཕྱུག་པའི་དཔོན་རབས་དུ་མ་བྱུང་བ་ཚོས་བཤད་སྒྲུབ་ལས་གསུམ་གྱི་འཕྲིན་ལས་བཟང་པོའི་མཐུ་ལ་བརྟེན་ནས་ཕྱིས་སུ་དགོན་པ་འདིར་གྲྭ་ཚོགས་ཤིན་ཏུ་རྒྱས་ཏེ། དུས་འགྱུར་མ་བྱུང་གོང་གྲྭ་པ་སུམ་སྟོང་བདུན་བརྒྱ་ལྷག་ཙམ་ཡོད་པ་བཤད་དེ་བདེན་ངེས་སྙམ།

 ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་དཀར་མཛེས་དགོན་འདི་བཏབ་ནས་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་ལེགས་པར་བསྐྱངས་ཏེ་ཉིད་ཀྱིས་གདན་རབས་དང་པོ་མཛད། དེ་རྗེས་རྒྱལ་ཚབ་ཧོར་ཀུན་འདུལ་ནས་རིམ་པར་བཞིན་ད་ལྟའི་མཁན་རིན་པོ་ཆེ་སངས་རྒྱས་བཀྲིས་བར་མཁན་རབས་རིམ་པར་བྱོན། གཞན་ཡང་དགོན་སྡེ་འདིར་ལམ་བྲག་སྐུ་ཕྲེང་རིམ་བྱོན་དང༌། གཟིགས་རྒྱབ་སྐུུ་ཕྲེང་རིམ་བྱོན། འཁྲུངས་གསར་སྐུ་ཕྲེང་རིམ་བྱོན། རོང་ཚ་སྐུ་ཕྲེང་རིམ་བྱོན། ནག་ཚང་སྐུ་ཕྲེང་རིམ་བྱོན། བྲག་དཀར་སྐུ་ཕྲེང་རིམ་བྱོན། ཁང་གསར་སྐྱབས་མགོན་སྐུ་ཕྲེང་རིམ་བྱོན། འབྲུག་ལང་སྐུ་ཕྲེང་རིམ་བྱོན། བུ་རམ་སྣ་སྐུ་ཕྲེང་རིམ་བྱོན་སོགས་བསམ་བཞིན་སྲིད་པ་འཛིན་པའི་རྒྱལ་སྲས་སྤྲུལ་པའི་སྐུ་ཡང་མང་པོ་བྱོན་སྣང་ཞིང༌། བཤད་སྒྲུབ་འཆད་ཉན་དང༌། སྤང་པ་བསམ་གཏན། གཞི་གསུམ་ཆོ་ག ཚོགས་དང་སྒྲུབ་མཆོད་སོགས་གང་ས་ཅི་ཐད་ནས་ཀྱང་ཐུབ་བསྟན་སྤྱི་དང་ཞྭ་སེར་རིང་ལུགས་འཆང་བའི་མཛེས་རྒྱན་ཁོ་ནར་ངེས་ཏེ། གཞན་དུ་རྟ་བོའུ་ལག་ཆ་ལ་སྐུ་གསུང་ཐུགས་རྟེན་དང༌། དམག་འགྲོ་ཇག་འདུག་ལ་བཤད་སྒྲུབ་འཆད་ཉན། མི་བསད་རྟ་སྒྲིལ་ལ་སྒྲུབ་པ་ཉམས་ལེན་གྱི་གཙོ་བོར་འཛིན་པའི་དམག་སྒར་ལ་དགོན་པའི་མིང་གིས་བསྙད་པ་དེ་དང་དེའི་རིགས་ཀྱིས་གཞར་ཡང་མ་གོས་པའི་ཆོས་སྡེ་འདི་ཉིད་ལས་གདན་ས་གསུམ་དང༌། བཀྲ་ཤིས་ལྷུན་པོ། རྒྱུད་གྲྭ་སྟོད་སྨད་སོགས་ཀྱི་ཆོས་ཁྲིར་མཛེས་པའི་མཁས་པ་དང་ཕྱོགས་མེད་རྒྱལ་ཁམས་ཉུལ་བའི་རྣལ་འབྱོར་པ། ངེས་མེད་དབོན་གནས་འགྲིམ་པའི་བྱ་བཏང་པ། འཕྲིན་ལས་ཕྱོགས་བརྒྱ་འཕེལ་བའི་སྐྱེས་མཆོག་དམ་པ་ཤིན་ཏུའང་མང་པོ་བྱུང་སྣང་ཡང་སྐབས་དོན་སྟོར་བ་དང་མངས་སུ་དོགས་ཤིང་གཞན་དུ་རྒྱས་པ་འབྲི་བར་འདོད་ནས་ཀྱང་འདིར་མ་བྲིས་སོ།། 

དེ་ལྟར་ཆོས་སྡེ་ཆེན་པོ་དེ་ཉིད་ཀྱི་ཆོས་སྒོར་ཞུགས་ནས་ཀྱང་དགོན་སྡེ་འདིའི་ཆོས་སྤྱོད་ཆོ་ག་ཁག་དང༌། རྒྱན་འཇུག་སོགས་གཞུང་ཆེན་པོ་ཁག་གི་རྩ་བ་རྣམས་བརྟུན་པ་ཆེན་པོས་ཐུགས་འཛིན་མཛད། ལོ་དེར་༡༩༣༩མདོ་ཁམས་བསྟན་པའི་གསལ་བྱེད་འཁྲུངས་གསར་སྐུ་ཕྲེང་བཞི་པ་བློ་བཟང་དཔལ་ལྡན་ངག་གི་དབང་ཕྱུག་དཔལ་བཟང་པོའི་ཞབས་དྲུང་ནས། བསྒྲུབ་བྱ་བརྒྱ་ཕྲག་གི་ཁྲོད་དུ་གྲུབ་པའི་དབང་ཕྱུག་ཆེན་པོ་ལམ་བྲག་མཆོག་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་བྱམས་པ་མཁས་གྲུབ་མཆོག་དང་ལྷན་དུ་དགེ་བསྙེན་དང་བར་མ་རབ་བྱུང༌། དགེ་ཚུལ་བཅས་ཀྱི་བསླབ་སྡོམ་ཞུས་པའི་མཚན་ལ་བླཽ་བཟང་བསམ་གཏན་གནང༌། དེ་ཡང་བསྟན་པའི་གསལ་བྱེད་དམ་པ་འཁྲུངས་གསར་སྤྲུལ་པའི་སྐུ་རིན་པོ་ཆེ་འདི་ཉིད་སྔོན་སྟོན་པའི་དྲུང་དུ་འཕགས་པ་ཀ་ཏ་ཡ་ན་དང༌། འཕགས་པའི་ཡུལ་དུ་གྲུབ་ཆེན་ཏིལ་རྡུང་བ། ན་ལེན་དྲའི་པཎ་ཆེན་བྱང་ཆུབ་བཟང་པོ། བོད་དུ་གླང་ལུང་པ་དང༌། སྣར་ཐང་མཁན་ཆེན་གྲགས་པ་ཤེས་རབ། གནས་བརྟན་ཆེན་པོ་དགེ་འདུན་རྒྱལ་པོ། དགེ་སློང་མཁར་སྐྱེ་བ་སོགས་ཀྱི་སྐྱེ་སྲིད་ཡིན་ཞེས་ཀེའུ་ཚང་སྤྲུལ་པའི་སྐུ་རིན་པོ་ཆེ་དང་ཡོངས་འཛིན་སྟག་བྲག་པཎྜི་ཏས་མཛད་པའི་རྗེ་འདིའི་འཁྲུངས་རབས་གསོལ་འདེབས་སུ་གསལ་ལ། བླ་མ་འདི་ཉིད་ཀྱི་དྲུང་ནས་ཚེ་དབང་དང་སྨོན་ལམ་གསུང་ཆོས་སྐོར་ཀྱི་ཆོས་ཚུལ་དུ་མ་གསན། རྣམ་ཀུན་དགོན་སྡེ་འདིའི་སྒྲིག་ལམ་ཀུན་སྤྱོད་ཚུལ་བཞིན་ཁུར་བ་ལས་ཚུལ་ལས་འགོངས་པའི་སྤྱོད་ངན་གྱིས་གཞར་ཡང་མ་གོས་ཤིང་རྒན་ལ་གུས་ཞབས་དང་གཞོན་ལ་བྱམས་སྐྱོང་སོགསུ་ང་གཞོན་ནུ་ཉིད་ནས་སྐྱེས་བུ་དམ་པའི་རྣམ་པར་ཐར་བ་རྨད་དུ་བྱུང་བ་ ཁོ་ན་བདག་གིར་བཞེས། དགུང་ལོ་བཅུ་གསུམ་དུ་ཕེབས་པ་རབ་བྱུང་བཅུ་དྲུག་པའི་༡༩༤༡་ལོར་སླར་ཡང་གོ་མིན་ཏང་གི་དམག་དཔུང་བརྟས་ཆེན་སླེབས་པར་ཁང་སར་ཚང་དང་དཀར་མཛེས་དགོན་པ་པཎ་ཆེན་ནང་མ་སྒང་གཅིག་ཏུ་བསྒྲིལ་ཏེ་ཟླ་བ་གཅིག་ལྷག་དམག་འཐབ་དྲག་པོ་བྱས་ཏེ་རྒྱ་དམག་ལྕགས་རྒོད་ལ་འདབ་བར་ཕྱིར་དེད་བྱས་ཀྱང་རང་ཕྱོགས་ཁ་ཐུག་མདའ་རྫས་རྫོགས་པ་དང༌། མང་སྣེ་ཉུང་བརྟན་མ་ཐུབ་པར་ས་བཏང་དགོས་བྱུང་པས་རྒྱ་དམག་རིམ་པར་བཞིན་ལམ་འོག་གྲོང་པ་དང༌། དེ་ནས་འཐིང་མཁར། ཁུངས་རུང༌། ལྷ་གཤིས། ལྷོ་པ། དགེ་ཆུང༌། འབྲུག་ལོང༌། འབྲུ་མངའ། སྲིབ་ངོ་བཅས་ཀྱི་གྲོང་དུ་འཛུལ་ནས་འཕྲོག་བཅོམ་ཅི་རིགས་བྱེད་བཞིན་དཀར་མཛེས་འཐིལ་དུ་སླེབས་པ་དང༌། ཁང་གསར་དཔོན་མོ་བདེ་ཆེན་དབང་མོ་དང་ཁང་གསར་སྐྱབས་མགོན་སྐུ་ཕྲེང་གཉིས་པ། གཙང་ཁ་ཚང་ངག་དབང་བློ་གྲོས་སོགས་ཁང་གསར་མ་ཟུར་གཉིས་ཀྱི་ཇའི་སང་དང་འདུན་སྐོར་དཀར་མཛེས་དགོན་པའི་བྱེད་གཏེ་ཁག་གཅིག་དང་པཎ་ཆེན་ནང་མ་སྒང་བཅས་གློ་བུར་དུ་བྲོས་བྱོལ་ལ་སོང་ནས་སྒ་སྐྱེ་རྒུ་མདོ་དང་དེ་ནས་རིམ་བཞིན་རྒྱ་ཟི་ལིང་སོགས་སུ་མོ་ལོ་ལྔ་ལྷག་ཙམ་འཁྱམས་དགོས་བྱུང་འདུག་ཅིང༌། ཁང་གསར་སྐྱབས་མགོན་ནི་སྒ་སྐྱེ་རྒུ་མདོ་ལ་མཛད་པ་འཕྲིན་ལས་ཆེས་ཆེར་འཕེལ་བཞིན་པའི་སྐབས་ལྷ་མོའི་ལུང་བསྟན་ལྟར་དབུས་སུ་ཕེབས་ཏེ་མཛད་པ་ཧ་ཅང་རྒྱས་པོ་བྱུང་ནའང་ཡུན་རིང་མ་བཞུགས་པར་དགོངས་ལོ་ཞེ་དྲུག་པ༡༩༤༣ལོར་ཞི་བར་གཤེགས་འདུག གོ་མིན་ཏང་དཀར་མཛེས་གྲོང་ཁྱེར་ལ་འཛུལ་ནས་ཁང་སར་ཕོ་བྲང་བདག་བཟུང་བྱས། པཎ་ཆེན་ནང་མ་སྒང་བྲོས་ནས་འགྲོ་སྐབས་འཆར་གཞི་དང་གོ་སྒྲིག་གང་ཡང་མེད་སྟབས་རྟ་མཛོ་བརྒྱ་ཕྲག་མང་པོ་རི་ཁར་བདག་མེད་དུ་ལུས་པ། དཀར་མཛེས་དགོན་པ་ཤག་ཚང་ཆེ་ཁག་ཕལ་ཆེ་བར་རྒྱུ་དངོས་ཤིན་ཏུ་མང་པོ་བཅོལ་འཇོག་བྱས་ཡོད་པ་དེ་རིགས་ལས་དངུལ་སྒམ་གཅིག་པོ་སྟོང་ཕྲག་དུ་མར་ཡོད་པ་རྣམས་མི་ཧམ་ཆེན་འགའ་རེས་དངུལ་སྒམ་གསོན་པོ་ཕྲག་ཏུ་ཁུར་ནས་དབོར་བ་དང༌། འགའ་རེས་དངུལ་སྒམ་གཏོར་ཏེ་དངུལ་དཀར་པོ་རུམ་དུ་བླུགས་ནས་ཁུར་བ་སོགས་བྱས་པར་མ་ཟད། དངུལ་སྒམ་ཡོད་པའི་ཤག་ཚང་ཕྱི་ནང་ཁག་ཏུ་དངུལ་དཀར་པོ་འཐོར་ནས་ཁ་བ་འབབ་པ་ནང་བཞིན་རེད་ཡོད་ལུགས་དཀར་མཛེས་མི་རྒན་ཞིག་གིས་བསྐུར་གནང་བའི་ཀྲེ་ཐག་ཅིག་ཏུ་བཤད་འདུག་པ་དེ་ཉིད་ཕྲན་གྱི་ལག་ཏུ་ད་ལྟའང་ཡོད། ཤག་ཚང་ཆེ་ཁག་གི་གྲྭ་པ་རྣམས་ཤག་ཏུ་བསྡད་དབང་མ་བྱུང་རིང་པཎ་ཆེན་ནང་ལ་སྒང་གི་ཅ་དངོས་ཡོངས་རྫོགས་རྩམ་པ་གནམ་ལ་འཕྱར་བ་ལྟ་བུར་གྱུར་འདུག སྐབས་དེར་ཡུལ་དགོན་སྡེ་གསུམ་གྱི་ལུས་སེམས་གཉིས་ཀར་མི་བདེ་བ་ཅི་ཆེར་བྱུང་བར་མ་ཟད། དཀར་དགོན་གྲྭ་པ་ཚོར་དེ་བས་གནོན་བཙིར་ཆེ་བ་བྱུང་ཞིང༌། སྐབས་དེར་རྗེ་བླ་མ་འདི་ཉིད་དཀར་མཛེས་དགོན་དུ་སློབ་གཉེར་གནང་ནས་བཞུགས་པའི་སྐབས་ཡིན་ཡང་དེ་སྔོན་ང་རང་དགེ་རྒན་དམ་པ་གང་གི་འཁྲིས་ལ་བསྡད་པའི་སྐབས། འདིའི་སྐོར་གྱི་གནས་ཚུལ་འདྲི་རྒྱུ་མ་བྱུང་བ་ད་ཆར་བསམ་ཚེ་ཤིན་ཏུའང་འཕངས། རྒྱ་གོ་མིན་ཏང་དང་བོད་སྡེ་པ་གཞུང་གི་དབར་རྐང་རྩེད་སྤོ་ལོ་འདྲ་བའི་ཏྲེ་ཤོད་དཀར་མཛེས་ཡུལ་ལྗོངས་འདིར་དཔོན་ས་སྡེ་རིས་དང་ས་མཚམས་ཆུ་རྩོད་ཀྱི་མཚོ་རླབས་ཕྱུར་ཞིང་རླུང་རླབས་གཡོ་བའི་སྒང་དུའང་ཆོས་སྡེ་འདིའི་ནང་གཞི་གསུམ་གྱི་ཆོ་གའི་ཉམས་བཞེས་ནས་བཟུང་བཤད་སྒྲུབ་འཆད་ཉན་གངས་ཆུ་གཙང་མའིརྒྱུན་བཟང་འཇོ་ཞིང༌། དེ་ན་གྲྭ་ཚོགས་རྒན་གཞོན་བར་མ་ཀུན་གྱིས་རྩོད་མེད་དུ་བསྔགས་པའི་ཡུལ་དུ་གྱུར་ཏེ། བློ་བཟང་འཇམ་དབྱངས་འདི་གྲྭ་བ་གཞན་དང་མི་འདྲ་ཞེས་དགོན་འདིའི་གནས་བརྟན་རྒན་གྲས་ཚོའི་ངག་ནས་ཁོ་བོས་ཀྱང་ལན་ཁ་ཡར་དུ་ཐོས་མྱོང་བས་མཚོན། སྐུ་ན་གཞོན་ནུའི་དུས་ནས་མཁས་གྲུབ་ཐམས་ཅད་མཁྱེན་པས། གཞོན་ནུ་ཉིད་ནས་རྒྱལ་བའི་བརྟུལ་ཞུགས་ཀུན།། མ་སྨད་ཚུལ་ཁྲིམས་མཆོག་གིས་ལེགས་བསྡམས་ཤིང༌།། སྐྱེ་བ་ཀུན་ཏུ་གཅིག་ཏུ་བག་ཡོད་ལ།། གོམས་པའི་མཐུ་ལྡན་ཁྱོད་ལ་གསོལ་བ་འདེབས།། ཞེས་གསུངས་པ་དང་སྒོ་མཐུན་པའི་རྣམ་པར་ཐར་བ་རྨད་དུ་བྱུང་བ་ཁོ་ན་བདག་གིར་སྐྱོང་སྟེ། མདོར་ན་དགུང་ལོ་བཅུ་གཅིག་ནས་ཉི་ཤུའི་བར་སྔ་ཕྱི་ལོ་ངོ་བཅུའི་རིང་ལ་དུས་འཁྲུག་དང་ཟང་ཟིང་གི་རླུང་རླབས་གཡོ་བའི་ཁྲོད་མདོ་ཁམས་འཛིན་མའི་ལྟེ་བ་དཀར་མཛེས་ས་ཡི་ཐིག་ལེ་ཧོར་ཁོག་ད་ར་ཁག་ལྔའི་དབུས་ན་གསེར་མདོག་ཆེད་པཎ་འཆང་བའི་ཆོས་སྡེ་ཡོངས་ཀྱི་མ་དགོན་རིག་གྲོལ་འདུས་ཚོགས་སྟོང་ཕྲག་མང་པོ་བཤད་སྒྲུབ་འཆད་ཉན་གྱི་རླབས་སྟོང་རྒོད་པའི་ཞིང་ས་དམ་པ་དཀར་མཛེས་བཤད་སྒྲུབ་ནོར་བུའི་གླིང་དུ་བཞུགས་པའི་རིང་ལ་ཕྱིའི་ཀུན་སྤྱོད་དང་ནང་གི་སློབ་གཉེར་གཉིས་ཀ་དམ་པའི་སྤྱོད་པ་ལས་མི་འགོངས་པ་ཁོ་ནར་མཛད་སྣང་ངོ༌།། སྔོན་གྱི་གོམས་པའི་བག་ཆགས་བཟང་པོ་ལ།། བཤེས་བཟང་དམ་པའི་འཕྲལ་གྱི་མཚམས་སྦྱོར་གྱིས།། མདོ་ཁམས་ཆོས་སྡེ་བྱེ་བའི་རབ་དང་ཕུལ།། དཀར་མཛེས་བཤད་སྒྲུབ་ནོར་བུའི་གླིང་དུ་ཞུགས།། ཧོར་རིགས་བཙན་པོའི་གདུང་བརྒྱུད་ལས་མཆེད་པའི།། ཆོས་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བ་ཡི།། བཤད་སྒྲུབ་བསྟན་པའི་གདན་ས་ཆེན་པོ་འདིར།། ཆོས་སྡེ་ཕལ་བ་གཞན་གྱིས་འགྲན་བཟོད་མིན།། རྟ་བོའུ་ལག་ཆ་ཐུགས་དམ་མཐིལ་དུ་འཛིན།། དམག་འགྲོ་ཇག་འདུག་ཉམས་ལེན་གནད་དུ་བཟུང༌།། མི་བསད་རྟ་སྒྲིལ་བསྟན་དོན་འཛིན་པའི་གྲས།། མ་ཡིན་འདི་ནི་ཆོས་ཀྱི་གདན་ས་དངོས།། ཕྱི་རུ་ཉན་ཐོས་སྤྱོད་པའི་རྣམ་ཐར་གཙང༌།། ནང་དུ་བསླབ་པ་གསུམ་གྱི་ཉམས་ལེན་གཙང༌།། རྒྱུན་དུ་གཞི་གསུམ་ཆོ་གའི་ལག་ལེན་གཙང༌།། རྣམ་དག་ཆོས་སྡེ་འདི་འདྲ་གཞན་དུ་དཀོན།། སྡེ་འདི་ལས་མཆེད་འཆད་རྩོད་རྩོམ་པའི་འཕྲུལ།། རྨད་བྱུང་མཁས་བཙུན་བཟང་པོའི་འཕྲིན་ལས་འོད།། འགོག་མེད་ཕྱོགས་མཐར་འབར་བའི་སྐྱེས་ཆེན་ཕྲེང༌།། གནམ་གྱི་སྐར་མའི་གྲངས་དང་སྡེབ་ནས་བྱོན།། ཕུལ་བྱུང་རྣམ་ཐར་གཙང་མའི་ཆོས་སྡེ་དེར།། ཞི་དུལ་སྤྱོད་པས་གཞན་ཡིད་འགུགས་པ་དང༌།། སྐྱེས་སྦྱངས་རྩལ་གྱིས་སྡེ་འདིའི་སྲོལ་རྒྱུན་རླབས།། བརྩོན་པའི་འགྲོས་དང་ལྷན་ཅིག་ལང་ཚོ་དར།། ངེས་འབྱུང་རླུང་གིས་ཡིད་མཚོ་གཡོ་བ་ལས།། འཁྲུངས་གསར་མཆོག་གི་སྤྲུལ་པའི་གདེངས་ཀ་ནས།། བསླབ་གསུམ་ནོར་བུའི་ཏོག་གི་སྙིང་པོའི་ཁམས།། རབ་བྱུང་ངུར་སྨྲིག་མཐོན་པོའི་རྒྱལ་མཚན་འཆང༌།། ཞེས་བྱ་བ་ནི་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་མཛད་པ་ལས་བརྩམས་པའི་བར་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ།།


༤དབུས་འགྱུར་དམ་པའི་ཆོས་ཀྱྀ་ཞིང་སར་བསྙེགས་པའི་ཚུལ།

མཐུ་སྟོབས་རྭ་རྩེ་རྣོན་པོ་གདེངས་ཙམ་གྱིས།། མཐའ་དག་སྲིད་པའི་གདོན་བགེགས་འབྱུང་པོ་ཀུན།། བསྐལ་པའི་མེ་དང་འཕྲད་པའི་བུད་ཤིང་བཞིན།། འཇིགས་མཛད་རྡོ་རྗེ་རྣོན་པོས་ཤིས་པ་སྒྲུབས།། དགུང་ལོ་ཉི་ཤུ་པ་རབ་བྱུང་བཅུ་དྲུག་པའི་ཉག་མ་བཅུ་གསུམ་པ་བྱི་༡༩༤༨་ལོའི་ཆོ་འཕྲུལ་ཟླ་བའི་ནང༌། བདེ་བར་གཤེགས་པའི་གསུང་རབ་དགོངས་འགྲེལ་དང་བཅས་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་གསན་བསམ་སློབ་གཉེར་རྒྱ་ཆེར་མཛད་པའི་ཆེད་དབུས་འགྱུར་དམ་པའི་ཆོས་ཀྱི་ཞིང་ས་ལ་སྙེགས་པའི་སྟ་གོན་བྱས་ཏེ། དེ་ཡང་མདོ་ཁམས་གྱི་དགེ་ལྡན་པའི་ཆོས་སྡེ་ཕལ་བོ་ཆེའི་གྲྭ་རྒྱུན་རྣམས། གཞོན་ནུའི་དུས་སུ་ངེས་པར་དུ་དབུས་འགྱུར་ཞིང་གི་གདན་ས་ཆེན་པོ་གང་ཡང་རུང་བ་ཞིག་ཏུ་འཛུལ་ཞུགས་བྱེད་དགོས་ཏེ། དེ་ཡང་གཞུང་ལུགས་རྒྱ་མཚོ་ལ་གསན་བསམ་དང༌། བཀའ་ལུང་དབང་གསུམ་གྱི་མན་ངག འགྲོ་འདུག་གྱི་སྤྱོད་ལམ་སོགས་ཀྱི་ཆེད་དུ་ཡིན་ཏེ། དུས་ཡུན་རིང་མོ་ཞིག་ནས་གྲྭ་རྒྱུན་ནད་ཅོང་རིགས་ཕུད་པའི་དེ་བྱིངས་སྟོད་གྲྭ་སའི་གྲྭ་ཚང་དུ་མི་འགྲོ་ན་ཧ་ལམ་མི་ཆོག་པའི་ལུགས་སྲོལ་དེ་ཉིད་རྒྱུན་འཇགས་ལྟ་བུར་གནས། ཕྱོགས་གཞན་ཞིག་ནས་བཤད་ན་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེས་དུས་རབས་བཅོ་བརྒྱད་པའི་ནང་གཞི་ནས་ཕྱག་བཏབ་པའི་མདོ་སྨད་ལྷོ་རྒྱུད་ཀྱི་གདན་ས་ཆེན་པོ་བླ་བྲང་བཀྲིས་འཁྱིལ་གླིང་དུ་མདོ་སྔགས་གཉིས་ཀྱི་འཆད་ཉན་ཙམ་དུ་མ་ཟད་ད་དུང་སྨན་རྩིས་སྒྲ་སྙན་སོགས་ཐ་སྙད་རིག་པའི་གནས་དང་བཅས་པ་ཤིན་ཏུའང་དར་ཞིང༌། དུས་ཕྱིས་གངས་ཅན་པའི་བཅུ་ཕྲག་ཤེས་བྱ་ཀུན་གྱི་ཕྱི་མོ་གཅོལ་ས་ལྟ་བུར་གྱུར་ན། ཁམས་ཁུལ་གྱི་ཆོས་སྡེ་ཆེན་པོ་དག་ཀྱང་དེ་འདྲའི་རྟེན་གཞིར་ཆགས་འོས་པ་ལ། རྒྱུ་མཚན་གང་ཞིག་གིས་དེ་ལྟར་ཆགས་མ་ཐུབ་པ་ཡིན་ནམ་སྙམ་མོད། གང་ལྟར་ས་ཐག་ཤིན་ཏུ་རིང་བའི་ལམ་དུ་མི་རབས་ནས་མི་རབས་བར་དུ་རྒྱུན་འགྲིམ་བྱེད་དགོས་པའི་ལམ་སྲོལ་ལ་ཆ་རྐྱེན་སྣོན་མ་ཞིག་ཀྱང་སྤྲོད་པ་ནི་ལུང་པའི་དཔེ་ལ། གྲྭ་པའི་གྲྭ་ས་དང༌།།བུ་མོའི་གནས་ས།། ཞེས་དང༌། རྒྱལ་སྲས་ཐོག་མེད་བཟང་པོས། གཉེན་གྱི་ཕྱོགས་ལ་འདོད་ཆགས་ཆུ་ལྟར་གཡོ།། དགྲ་ཡི་ཕྱོགས་ལ་ཞེ་སྡང་མེ་ལྟར་འབར།། བླང་དོར་བརྗོད་པའི་གཏི་མུག་མུན་པ་ཅན།། ཕ་ཡུལ་སྤོང་པ་རྒྱལ་སྲས་ལག་ལེན་ཡིན།། ཞེས་གསུངས་པ་དང་མཐུན་པར་སྐུའི་གཅུང་པོ་ངག་དབང་བཀྲིས་དང་མཉམ་དུ་དགོན་སྡེ་འདིའི་གྲྭ་པ་ཚོ་གྲྭ་སར་འགྲོ་དུས་ཀྱི་ལུགས་སྲོལ་ལྟར། ལུས་ལ་ལྭ་བ་དཀར་པོའི་ཕྱུ་བ་རེ་དང༌། སྐེད་པར་འུར་རྡོ་ཆུ་མིག་དགུ་སྒྲིལ། ལགཏུ་མདུང་རིང་རེ་བསྣམ་རྒྱུ་བཅས་གྲ་སྒྲིག་བྱས། གཞིས་དགོན་ནས་འཐོན་ཁར་བླ་བྲང་ཁག་ལ་ཐོན་མཇལ་གཅར་རྒྱུའི་ལུགས་སྲོལ་ལྟར་ཕེབས་སྐབས། འབྲུག་ལངས་བླ་མ་སྐུ་གོང་མ་བློ་བཟང་བསྟན་འཛིན་འཕྲིན་ལས་རིན་པོ་ཆེའི་ཞལ་ནས། ཁོང་གཉིས་ལ་གྲོ་མ་མར་ཁུ་རེ་དྲོངས་ཞེས་གསོལ་དཔོན་ལ་མངགས། ཐུགས་ཤིན་ཏུ་དགྱེས་བརྩེ་ཆེན་པོ་གནང་སྟེ་ཁྱེད་གཉིས་ཨ་ཞང་གིས་གྲྭ་སར་གཏོང་བ་ཤིན་ཏུ་ལེགས། འོན་ཀྱང་ཁོང་གིས་གནང་བའི་རྟ་ངང་པ་དེ་བོད་ཉི་མ་ལྷ་སར་ཆིབས་ནས་འགྲོ་ན་ཕན་ཐོགས་མི་ཡོང༌། དེ་བས་རྟ་གཞན་ཞིག་དང་བརྗེས་ན་དགའ་མ་གཏོགས་ལམ་དུ་དཀའ་ངལ་འཕྲོད་འོང་གསུངས། ཁྱིམ་གཞིས་སུ་ཡོང་ནས་འབྲུག་ལངས་བླ་མས་ཇི་སྐད་གསུངས་པ་རྣམས་ཡབ་ཡུམ་ལ་ཞུས་པས། ཡབ་ཀྱིས་ཨ་ཞང་ལགས་ཀྱིས་འདི་འདྲ་གཟིགས་པ་ཆེན་པོ་གནང་བཞིན་དུ། ད་དུང་རྟ་ངང་པ་དེ་གཞན་ཞིག་དང་བརྗེ་དགོས་ཞེས་ངས་ནི་ཞུ་ཕོད་ས་མ་རེད་གསུངས། མ་ཡུམ་གྱིས་འབྲུག་ལངས་བླ་མ་མངོན་ཤེས་ཐོགས་མེད་རེད། རྟ་ངང་པ་དེས་བར་ལམ་ནས་ཕྲུ་གུ་འདི་གཉིས་ལ་དཀའ་ངལ་བཟོ་རྒྱུ་གཏན་འཁེལ་བས་ཅིས་ཀྱང་ཨ་ཞང་ལ་ཞུ་དགོས་ཞེས་ནན་ཏན་དུ་ཞུས་ཀྱང་ཡབ་ཀྱིས་མ་གསན། རྗེས་སོར་རྟ་ངང་པ་དེ་ཉིད་ལམ་ནས་རྐང་པ་ཞར་སྟེ་དྲེལ་པའི་རྗེས་ལ་མ་བསྙེགས་སྟབས་འབྲོག་པ་ཞིག་ལ་རྟ་དཀར་པོ་ན་སོ་རྒན་པ་ཞིག་དང་བརྗེ་དགོས་བྱུང༌། ལྷ་སར་སླེབས་ནས་རྟ་རིན་དངུལ་ཊམ་ཁ་ཤས་མ་གཏོགས་མ་རགས་པས་འབྲུག་ ལང་བླ་མ་སྐུུ་གོང་མ་དེ་མངོན་ཤེས་ཐོགས་མེད་ཡིན་ཞེས་གསུངས། སྤྱིར་མདོ་ཁམས་ཏྲེ་ཤོད་ཡུལ་ནས་དབུས་འགྱུར་ཆོས་ཀྱི་ཞིང་སར་སློབ་གཉེར་ལ་ཕེབས་མཁན་གྲྭ་རྒྱུན་རྣམས་ཁྱིམ་གཞིས་ཀྱི་ཁ་ཐེབས་ལ་བརྟེན་ནས་ཅུང་ཟད་དྲག་གྲས་རྣམས་དྲེལ་བ་དང་མཉམ་དུ་འགྲོ་སྲོལ་དང༌། ཁྱིམ་གཞིས་འཁོས་ཞན་རྣམས་རང་མཉམ་གྲྭ་གྲོགས་བཅུ་ཕྲག་ནས་བརྒྱ་ཕྲག་བར་མཉམ་དུ་རྒྱབ་ཏུ་རྡོ་ཁྲེས་ཁུར། སྐེད་པར་འུ་རྡོ་འདོགས། ལག་ཏུ་མདུང་རིང་བསྣམས་ནས་རུ་བསྒྲིགས་ཏེ་སྒར་དཔོན་གྱི་བཀོད་པ་ཧ་ཅང་བཙན་པོའི་འོག་ནས་འགྲོ་སྲོལ་ཡོད་པ་ལས། རྗེ་འདི་ཉིད་ནང་ཁྱིམ་གྱི་འཁོས་བབ་དང་བསྟུན་ནས་ཏྲེ་ཧོར་དཀར་མཛེས་གཟིགས་རྒྱབ་བླ་བྲང་གི་དྲེལ་པའི་བརྒྱུད་ནས་ལྷ་སར་ཕེབས། དེ་ཡང་དེང་སང་ལྟར་མིན་པར། ཏྲེ་ཤོདནས་དབུས་ལྗོངས་སུ་ལེ་དབར་ཁྲི་ཕྲག་གིས་ཆོད་པ་དང༌། རྗེ་མར་པས། བཅའ་འཕྲང་དང་ཆུ་ལ་ཐར་དུས་མེད།། ནགས་འཐུག་པོ་ཞིག་ལ་ཐོན་དུས་མེད།། ཤིང་སྡོང་པོ་མི་རོ་རིལ་པ་འདྲ།། ལམ་དེ་ཀུན་གྱི་འཇིགས་པ་མཐོང་བ་ན།། དུས་དེང་སང་དྲན་ཡང་གློ་སྙིང་འདར།། ཞེས་གསུང་པ་དང་མཐུན་པར་ལ་དང་ལུང་པ་ཆུ་དང་ཟམ་པ། རི་ཕྲང་དང་བྲག་ཕྲང་སོགས་བགྲང་གིས་མི་ལངས་ཤིང༌། ད་དུང་རྫ་གསེབ་དང་གྲོག་རོང༌། ནགས་ཁྲོད་དང་ལུང་སྟོང་སོགས་སུ་རྐུ་མ་དང་ཇག་པ། ལྷ་འདྲེ་དང་གདོན་བགེགས། སྟག་གཟིགས་དང་དམ་དྲོད་འདྲ་མིན་གྱི་འཚེ་བའི་འཇིགས་པ་ཤིན་ཏུ་མང་སྟབས། གནས་སྐོར་བ་དང་གྲྭ་རྐྱང་རེ་གཉིས་ཙམ་རེ་སོང་ན་རྐུ་ཇག་དང་ལྷ་འདྲེའི་ཉེན་ཁ་ཤིན་ཏུ་ཆེ་བ་བཤད་དེ། དེ་སྔོན་ཡིག་དྲུང་ཞིག་གྲོགས་མེད་གཅིག་པུར་དབུས་ལྗོངས་སུ་བསྐྱོད་པའི་སྐབས་ཇག་པ་སྐྱ་མི་བཅོ་ལྔ་ཙམ་ཞིག་མི་དེ་དང་རྒྱང་ཐག་མི་རིང་ཙམ་ནས་ཕྱིར་བཞིན་དུ་རྗེས་སུ་ཡོང༌། ཡིག་དྲུང་པ་དེ་དོགས་པ་ཟོས་པར་མ་ཟད། རང་ཉིད་ཇག་པའི་ལག་འོག་ཏུ་ཚུད་ལ་ཉེ་བ་ཤེས་ནའང༌། མི་ཧྲེང་གཅིག་གིས་གོ་མཚོན་ལྡན་པའི་སྐྱ་མི་བཅོ་ལྔ་ལ་ཡ་ལན་ཕྲད་ཐབས་མེད་པས། འགྱོགས་པར་སོང་སོང་བ་ན་ཆུ་འགྲམ་ཞིག་ཏུ་ཕྲུ་གུའི་རོ་ཞིག་ཐོགས་འདུག་པ་མཐོང༌། ཁོས་རོ་དེའི་མགོ་བཅད་ནས་ས་ཁུག་ཅིག་ཏུ་ཚྭ་འབོགས་རྒྱག་ཁུལ་གྱིས་ཧ་ཡང་ནང་དུ་བཙོ་བཞིན་པའི་སྐབས་ཇག་པ་སྐྱ་མི་ཚོ་འཁྲིས་ལ་སླེབས་ཏེ། ཤག་པོ་ང་ཚོ་ལའང་ཇ་བླུད་རོགས་ཟེར། ཁོས་ཁ་གང་ཡང་མ་གྲགས་པར་གང་འཚམས་སྡོད་རྗེས། ཧ་ཡང་ཁ་གཅོད་ཕྱེས་ཙམ་བྱས་མི་མགོ་དེའི་ཨ་ཆོག་ནས་འཇུས་ཏེ་དཀྲུག་དཀྲུག་ཅིག་བཏང་ཞོར། ཁོ་རེ་ད་དུང་འཚོས་མི་འདུག་ག་ལབ་སྟེ་ཧ་ཡང་ཁ་གཅོད་ཕྱིར་བཀབ། མིག་གཉིས་ཀ་བཙུམས་ནས་ཙོག་གེར་སྡོད་པས། ཇག་པ་དེ་ཚོས་ཡིག་དྲུང་པ་དེ་སྔགས་འཆང་གྲུབ་ཐོབ་ནུས་པ་ཅན་ཞིག་རེད་བསམ་ནས་སྐྲག་ཐག་ཆད་དེ། རྐུན་འཕྲོག་བྱེད་རྒྱུ་ཕར་ཞོག་གཅིག་གིས་གཅིག་ལ་ལྟ་བཞིན་ག་ལེར་ལངས་ནས་བྲོས་སོང་སྐད། ཡང་དེ་སྔོན་གྲྭ་སར་ཕེབས་མཁན་གྲྭ་པ་ཁེར་རྐྱང་ཞིག་ལམ་དུ་ བསྐྱོད་པའི་སྐབས་མི་མེད་ལུང་སྟོང་ཞིག་ནས་ཟོམ་དཀྲིས་ཤིག་སྙེད་པ་དེ་ཚ་འབོག་རྒྱབ་དུས་མེ་ཤིང་ལ་བསམ་ནས་ཁུར་ཤིང་སྟེང་དུ་བསྒར། དེའི་དགོངས་མོར་ནགས་འདབས་ཤིག་ཏུ་ཞགས་ས་སྡོད་རྩིས་ཀྱིས་ཇ་སྐོལ་བཞིན་པའི་སྐབས་གློ་བུར་དུ་ནགས་ཁྲོད་དེ་ནས་མི་རྒོད་འཇིགས་སུ་རུང་བ་ཞིག་ཚམ་ཚོམ་མེད་པར་ཐོན་ནས་ཁོའི་འཁྲིས་ལ་སླེབས། གང་ཙམ་ཕྱིན་རྗེས་མི་རྒོད་དེའི་མཆན་ཁུངས་ནས་རྡོ་ལོག་ཅིག་བླངས་ཏེ་འཕུར་འཕུར་བྱེད་ཞོར་གྲྭ་པ་དེའི་གདོང་ལ་ཅེར་ནས་ཡང་ཡང་ཧ་རྒོད་བྱས་བྱུང་བ་དང༌། གྲྭ་པ་དེ་ཉིད་བྲོས་ས་དང་གབ་ས་གཞན་གང་ཡང་མེད་སྟབས་འུ་ཐུག་སྟེ་ད་ཅིན་ཁུར་འོང་བའི་ཟོམ་དཀྲིས་དེ་ཉིད་ཐབ་ཏུ་མེ་འབར་བཞིན་ཡོད་པ་ཉིད་ཚུན་བླངས་ནས་ཧོབ་སྟེ་མི་རྒོད་དེའི་སྐེ་ལ་བསྐོན་པས། མི་རྒོད་དེ་ཞེད་སྣང་གིས་སྐད་ངན་ཆེས་ཆེར་འཛེར་བཞིན་ནགས་ཁྲོད་དུ་བྲོས་སོང་པའི་ཤུལ་ནས་ཁོ་རང་ཡང་ཐབ་ཆས་རྣམ་བསྡུ་བསོགས་བྱས་ཏེ་བྲོས། སྐབས་གཞན་ཞིག་ཏུ་མགོ་ལོག་གསེར་ཐར་ནས་ཡིན་པའི་འབྲོག་ཕྲུག་ལོ་ན་བཅུ་བདུན་བཅོ་བརྒྱད་ཅན་གཉིས་དབུས་གཙང་ཁུལ་དུ་མཆོད་འཇལ་དང་གནས་སྐོར་ལ་སོང་བའི་ལམ་བར་དུ་ལམ་རོགས་ན་ནས་འགྲོ་མི་ཐུབ་པར་གྱུར་ཀྱང་ས་སྟོང་ལུང་སྟོང་ཡིན་སྟབས་ཅི་བྱ་མེད་པར་རོགས་པ་བརྒལ་པ་ལ་ཁུར་ནས་སོང་སོང་ཡང་གྲོང་པ་ཡོད་སར་མ་སླེབས་གོང༌། མི་མེད་ལུང་སྟོང་ཞིག་ན་བྲག་ཕུག་ཅིག་གི་འོག་ཏུ་ཚེ་ཡི་དུས་བྱས། ལམ་རོགས་དེས་ཕུང་པོ་ས་སྦས་གཏོང༌། མ་ཎི་དང་སྒྲོལ་མ་སོགས་ཁ་ནས་གང་ཤེས་འདོན། རོགས་པའི་ཅ་ལག་རྣམས་ཁུར་ནས་དགོན་སྡེ་ཁག་དང་བླ་མ་དགེ་བཤེས་སོགས་ལ་བསྔོ་བརྟེན་དང་ངན་སློང་རྣམས་ལ་སྦྱིན་ནས་རྫོགས་པར་བྱས། སླར་ཡང་མི་མེད་ལུང་སྟོང་གི་འབྲོག་དགོན་ཞིག་ཏུ་སླེབས་ནས་འགྲོ་བཞིན་པའི་སྐབས། རྒྱབ་ལོག་ནས་ཁོ་རེ་ངོ་ཚ་ཁྲེལ་མེད་ཁྱེད་ཀྱིས་ང་མ་ཤི་གོང་ནས་ས་འོག་ཏུ་སྦས། ངའི་རྒྱུ་རྫས་ཡོངས་རྫོགས་དོན་མེད་མི་ལ་སྟེར་རང་གིས་ཟོས་ནས་མེད་པ་བཟོས། ད་རེས་ངས་ཁྱེད་རང་དགར་མི་བཞག་ཐག་གཅོད་ཡིན་ཟེར་ནས་འཆོང་བྱུང་ཡང༌། འགྲམ་ལ་སླེབས་དུས་ཁ་ཐུག་གནོད་པ་བྱེད་མ་ནུས། འབྲོག་ཕྲུག་དེས་ཐབས་ཤེས་གང་དྲག་གིས་ཉིན་མཚན་དྲུག་ཙམ་མཉམ་འགྲོ་མཉམ་འདུག་བྱེད་དགོས་བྱུང་བའི་མཐར་རི་སྟོང་ཞིག་ན་ཁེར་རྐྱང་དུ་བཞུགས་པའི་བླ་མ་ཞིག་དང་མཇལ། དེས་དམ་རྫས་དང་སྲུང་མདུད་གནང་ནས་དམ་རྫས་དེ་རོ་ལོང་གི་ཁར་འགྲོ་ངེས་བྱེད་དགོས་པ་དང༌། སྲུང་མདུད་དེ་རང་ལུས་དང་མི་འབྲལ་བར་བྱེད་དགོས། ཁ་སང་ནས་ཁྱོད་རོ་ལངས་དེས་གསོད་རྒྱུ་གཏན་འཁེལ་ནའང་ཁྱེད་རང་གི་སྐེ་ལ་ཡོད་པའི་སྲུང་མདུད་དེའི་སྐུ་དྲིན་ལས་གླགས་མ་སྙེད་པ་རེད་ཅེས་དང༌། འདི་ནས་གང་མཚམས་ཕྱིན་རྗེས་མཆོད་རྟེན་ཞིག་གི་རྩར་གཡུ་དང་བྱུ་རུ་མང་པོ་འཐོར་ཡོད། དེ་དག་རོ་ལངས་ནང་ཞུགས་མཁན་གདོན་འདྲེ་དེའི་སྐྱེ་བ་སྔོན་མའི་ཅ་དངོས་ཡིན་པས་ཁྱོད་ཀྱིས་སྒྲུག་ཁུལ་གྱིས་དང་ཁོས་ཀྱང་སྒྲུག་ཡོང༌། དེ་དུས་ཁྱེད་ཀྱིས་ཁོ་རེངས་ཐུབ་པ་བཟོ་དགོས། དེ་གར་རེངས་མ་ཐུབ་ན་ཁྱོད་རོ་ལངས་ཀྱི་ལག་འོག་ནས་མི་ཐར་ཞེས་མངགས་པ་ལྟར་བྱས་པས། མཆོད་རྟེན་དེའི་འཁྲིས་ལ་རེངས་ཐུབ་ཙམ་བྱུང༌། ལྷ་སར་མཆོད་མཇལ་གནས་སྐོར་གྲུབ་ནས་རང་ཡུལ་ལོག་ཉེ་མཚམས། སྔོན་གྱི་བླ་མ་དེ་ཉིད་ལྷ་ས་མ་ནག་ཞོལ་དུ་གུར་ཆུང་ཞིག་ཕུབ་ནས་བཞུགས་འདུག་པ་དང་མཇལ་ནས་སླར་ཡང་མོ་ལུང་ཞུས་པས། ཁྱོད་རང་སླར་ཡང་སྔར་གྱི་རོ་ལངས་དེས་གནོད་པ་ཐེངས་གཅིག་ཡོང༌། དེ་དུས་ཁྱེད་རང་འདི་དང་འདི་འདྲ་གྱིས་ཞེས་མངགས་ནས་སྲུང་མདུད་ཅིག་དང་གཏོར་མ་ཐེ་བོ་ཙམ་ཞིག་གནང་ཡང༌། འབྲོག་ཕྲུག་དེས་ད་ཡིན་ན་ས་ཕྱོགས་དེ་ནས་མི་འགྲོ་ཐག་གཅོད་ཡིན་བསམ་ནས་ཕྱིན་ལོག ཕ་ཡུལ་དུ་ཕྱིར་ལོག་པའི་ཉིན་ཅིག་ཉི་མ་དགུང་གར་སླེབས་ཉེ་སྐབས་ཤིག་སྔར་རང་གི་ལམ་གྲོགས་ཀྱི་ཕུང་པོ་སྦས་སའི་བྲག་ཁུངས་དེའི་འཁྲིས་རྨི་ལམ་བཞིན་དུ་སླེབས། ཁོ་གཞི་ནས་སྐྲག་སྣང་ཚད་མེད་སྐྱེས་ཏེ་བླ་མའི་མན་ངག་དེ་དག་དྲན་གསོ་གཏོང་གིན་བྲོས། གང་མཚམས་སོང་རྗེས་རྒྱབ་ལོག་ནས་ཁོ་རེ་ཁྱོད་དེ་གར་སྡོད་ཅིག ངོ་ཚ་མེད་པ་ཁྱེད་ང་མ་ཤི་གོང་ནས་ས་སྦས་གཏོང༌། རྒྱུ་ནོར་རྣམས་ཕོངས་མེད་དུ་གཏོར་རྗེས་ད་དུང་ང་མགོ་སྐོར་གཏོང་ནས་རེངས། ཅི་ངན་གང་སྡུག་ཇི་ཙམ་བཟོས་པ་དེ་ཚོ་ཚང་མ་ངས་བརྗེད་མེད། དེ་རིང་ངས་ཁྱེད་ལ་བཟོ་སྟབས་ཤིག་བཟོ་འོང་ཟེར་ནས་གློག་འཁྱུག་པ་ལྟར་མཆོང་བྱུང༌། ཁོས་ཕྱི་ལྟོས་ཤིག་སློག་པས་རོ་ལངས་དེ་སྔར་དང་མི་འདྲ་བར་སྐྲ་སེར་ཞིང་རིང་བ་དང་ཤ་སྐམ་ཞིང་ལུས་རིད་པ། སྲིན་པོ་དངོས་གནས་འདྲ་བར་གྱུར་འདུག་ཀྱང་ས་སྟོང་ལུང་སྟོང་ལ་བྲོས་ས་གབ་ས་གབ་ས་གང་ཡང་མེད་སྟབས་བླ་མས་གནང་བའི་གཏོར་གོག་འཐེ་བོང་ཙམ་པ་དེ་ཚུན་བླངས་ནས་ཤུགས་ཀྱིས་འཕངས་པས་རོ་ལངས་དེའི་བྲང་ལ་ཐེབས་ནས་དེ་ཉིད་དུ་རེངས། འབྲོག་ཕྲུག་དེ་ཉིད་དུས་ཕྱིས་རིགས་གནས་གསར་བརྗེ་སྐབས། འབྲོག་བདག་གྲལ་རིམ་ཡིན་པས་གུང་ཁྲན་གྱི་ཆབ་སྲིད་དོ་དམ་འོག་ཚུད་ནས་དར་མདོ་དགའ་ལྡན་ལྔ་མཆོད་དགོན་དང་དེ་ནས་མི་ཉག་ར་རྔ་ཁའི་བཙོན་ཁང་དུ་ལྷུང་སྐབས་དངོས་བྱུང་གི་ལོ་རྒྱུས་དེ་དག་བཤད་པར་གྲགས། ཡང་ཧོར་བྲག་མགོ་ནས་ཡིན་པའི་གྲྭ་རྒྱུན་ཞིག་ཁེར་རྐྱང་དུ་དབུས་ལམ་ལ་འགྲིམ་སྟེ་ཁམས་བྲག་གཡབ་ཀྱི་གྲོང་གསེབ་ཅིག་ཏུ་ལྟཽ་སློང་བར་སོང་སྐབས་མི་ཚང་ཞིག་གིས་ནང་དུ་གདན་དྲངས། གཟའ་བཏུང་ཚིམ་པར་སྟེར་རྗེས་ང་ཚོར་ནད་པ་ཞིག་ཡོད། དེར་གནོད་པ་འདྲ་མོ་ཞིག་གིས་སྨྱོ་ནས་དྲག་བསྐྱེད་མི་ནུས་པ་འདུག་པས། ཁྱོད་ཀྱིས་ཅིས་ཀྱང་བཀའ་བསྒོ་ཞིག་མཛོད་དགོས་ཞེས་ནན་གྱིས་བསྐུལ། གྲྭ་པ་དེས་ང་རང་གཞི་ནས་གྲྭ་སར་འགྲོ་མཁན་ཡིན། འདོན་ཡོན་ཏན་ཆོ་ག་ཕྱག་ལེན། སྔགས་ནུས་པ། སྒྲུབ་པ་ཉམས་ལེན་ཟེར་བ་གང་ཡང་མེད། ངས་འཇོན་རྒྱུ་མ་རེད་ཅེས་ཇི་ལྟར་གཤོལ་ཡང་མ་ཉན་པར་ནད་པ་སར་འགྲོ་དགོས་བྱུང༌། དེར་བུ་མོ་ལོ་ཆུང་ཞིག་སྨྱོ་ནས་ཁང་པ་ཞིག་ཏུ་བཙུད་ཡོད་པ་དེ་དང་མཉམ་དུ་བཙུད་བྱུང་བ་དང༌། གྲྭ་པ་དེ་ཅི་བྱེད་མ་རྙེད་པར་བུ་མོ་དེར་ཕྱག་ཕུལ་ཏེ། སྐུ་མཁྱེན་ཐུགས་མཁྱེན། ང་ནི་གྲྭ་རྐྱང་ཉམ་ཆུང་གཞི་ནས་གྲྭ་ས་འགྲོ་མཁན། འདོན་ཡོན་ཏན་དང་སྔགས་ནུས་པ་གང་ཡང་མེད་མཁན་ཞིག་ཡིན་པས་ཁྱེད་རང་ལ་བཀའ་བསྒོ་བྱེད་རྒྱུའི་ནུས་པ་གང་ཡང་མེད། འོན་ཀྱང་མི་ཚང་འདི་ནས་ལྟོ་རྒྱགས་ཚད་ཅིག་བཟོས་ཚར་བས་ཁྱེད་ཀྱི་འཁྲིས་ལ་མི་གཅར་ཀ་མེད་བྱུང༌། རབ་བྱུང་ན་ཁྱོད་རང་འདིར་མ་བཞུགས་པར་ཐེངས་གཅིག་ཕེབས་རོགས་གནང་ཐུགས་རྗེ་གཟིགས་ཞེས་ནན་གྱིས་ཞུས་པས། ཁོག་ཞུགས་གདོན་འདྲེ་དེས། ཁྱེད་རང་རང་གི་གནས་ཚོད་ཤེས་མཁན་གྱི་ཉམ་ཆུང་གཞུང་དྲང་ཞིག་རེད་འདུག དེར་བརྟེན་ད་རེས་ང་ཐེངས་གཅིག་ཁྱོད་ཀྱི་རེ་བ་བཞིན་འགྲོ་ཆོག དྲང་པོར་བཤད་ན་ང་བྲག་གཡབ་རྒྱལ་པོ་ཟེར་བ་དེ་ཡིན། ང་ལ་ཁ་གཏད་བྱེད་མཁན་བླ་མ་དགེ་བཤེས་དང༌། སྔགས་པ་གཅོད་པ་སོགས་མང་པོ་བྱུང་མྱོང་ཡང་དེ་ཚོས་རང་སྣང་དག་པའི་ང་རྒྱལ་ལ་བརྟེན་ནས་སྙིང་རྗེ་དང་བྱམས་བརྩེ་ཤས་ཆུང་སྟབས་ང་ལ་གང་ཡང་བྱེད་མི་ནུས་པར་མ་ཟད་རང་ཉིད་ཕུང་བའི་རྐྱེན་དུ་སོང་བ་ཉུང་ཉུང་མིན། ཉམ་ཆུང་གཞུང་དྲང་ཁྱེད་འདྲ་བ་དེ་སྔོན་ཐུག་འཕྲོད་བྱུང་མ་མྱོང༌། ད་རེས་ངས་ཁྱེད་ལ་རོགས་པ་ཞིག་བྱེད་འོང༌། ཁྱེད་རང་མར་སོང་ལ་འདི་དང་འདི་བྱེད་དགོས་ཞེས་མངགས་པར་ལྟར་ཕྱི་ལ་ཐོན། ཡུལ་མི་ཚོར་འདི་བྲག་གཡབ་རྒྱལ་པོ་རེད་འདུག་ཅེས་བཤད་པས་ཡུལ་མི་ཚོས་དེ་ག་རང་རེད། ཡིན་ནའང་ཁོ་སུས་ཀྱང་གླགས་མི་རྙེད་པར་དེ་སྔོན་གཅོད་པ་དང་སྔགས་པ་མང་པོས་ཞི་རྒྱས་དབང་དྲག་གི་ལས་སྦྱོར་འདྲ་མིན་བྱས་ནའང་རང་མཐུ་རང་ལ་ཟུག་པ་དང༌། བླ་མ་དགེ་བཤེས་མང་པོ་འདིའི་འཚུབ་ལྷོངས་ཀྱིས་འདས་གྲོངས་སོང་བ་ཡིན་ཟེར། འོ་ན་ངས་ཁོ་ཉི་མ་སང་ཉིན་ནས་མཐའ་ཡས་རྒྱ་མཚོའི་ཕ་ཁར་བསྐྱེལ་རྒྱུ་དང་ཡང་མིན་ན་དྲག་པོའི་སྦྱིན་བསྲེགས་ནང་བསྲེག་རྒྱུ་ཡིན། ཁྱོད་ཚོས་སྦྱིན་བསྲེགས་ཀྱི་རྒྱུ་ཆ་གྲ་སྒྲིགས་གྱིས་ཞེས་མངགས། སང་ཉིན་ཐབ་འདྲ་བོ་ཞིག་བཟོས་ཏེ་སྦྱིན་བསྲེགས་ཀྱི་གྲ་གཤམས། ནད་པ་བུ་མོ་དེ་ཕྱིར་འཁྲིད་བཅུག་ནས་པང་ལེབ་ཀྱི་གདན་ཁྲི་ཞིག་ལ་བཞག གྲོང་མི་ཡོངས་རྫོགས་ཚོགས་པའི་དབུས་སུ་བུ་མོ་དེ་ལ་སྡིག་འཛུབ་དང་འཐོར་ནས་བྲབས་ཞོར་ཁོ་རེ། ཁྱེད་བྲག་གཡབ་རྒྱལ་པོ་ཡིན་ནམ་དྲིས་པས། དེས་འཇིགས་ཞུམ་དང་བཅས་ཡིན་ལགས་ཟེར། ཁྱེད་ཀྱིས་གྲོང་སྡེ་འདིར་སྔ་ཕྱི་བར་གསུམ་དུ་མི་རྒྱུ་ཟོག་གསུམ་ལ་གནོད་པ་ཇི་ཙམ་བྱས་ཡོད། ད་རེས་ངས་ཁྱེད་མཐའ་ཡས་རྒྱལ་མཚོའི་ཕ་ཁར་བསྐྱེལ་པའམ་ཡང་ན་དྲག་པོའིསྦྱིན་བསྲེགས་ཀྱིས་མེ་ལ་སྟབས་མེད་ན་ང་རྣལ་འབྱོར་པ་མིན་པའི་རྟགས་གྱིས། ཞེས་ཟེར་ནས་དྲག་པོའི་སྦྱིན་བསྲེགས་ཀྱི་མགོ་རྩོམ་པ་དང་ཁོག་ཞུགས་གདོན་འདྲེ་དེས་སྐུ་མཁྱེན་ཐུགས་མཁྱེན་དེ་འདྲ་གནང་མི་ཉན། ངས་ད་ནས་གཟུང་གྲོང་པ་འདིའི་མི་ལྟ་ཞོག་ཁྱི་གཅིག་ལའང་གནོད་པ་མི་སྐྱེལ་བའི་དམ་བཅའ་བཞག་ཆོག ཅེས་སྐད་ངན་འཛེར་བས་ད་འོ་ན་དེ་རིང་ཚེ་ཐར་གཏོང་ཆོག ཕྱི་ཆད་གྲོང་པ་འདིར་གནོད་འཚེར་ཅུང་ཟད་བྱུང་ནའང་ངས་ཁྱེད་ཡན་པོར་མི་གཏོང་ཐག་གཅོད་ཡིན། ད་སོང་ཞིག་ཅེས་བཤད་ཞོར་འཐོར་ནས་སྤར་མོ་གང་གཏོར་བ་དང་ཁོག་ཞུགས་དེ་ཉིད་ཐོན་པས་ནད་པ་བུ་མོ་དེ་འགྱེལ་ནས་གཉིད། གཉིད་སད་པ་དང་སོས་དྲག་ཏུ་འགྲོ་ཟིན་པས་གྲོང་མི་ཐམས་ཅད་ཧ་ལས་ཏེ། བླ་མ་རིན་པོ་ཆེ་ང་ཚོའི་མཆོད་གནས་སུ་ཡུལ་ཕྱོགས་འདིར་ཅིསཀྱང་བཞུགས་རོགས་ཞེས་ནན་བསྐུལ་ཞུས་ནའང་མ་ཉན། མཐར་ཉིན་བདུན་རིང་བཞུགས་རྒྱུའི་རེ་བ་ལྟར་ཁས་བླངས་ནས་བཞུགས་མཐར་གྲོང་སྡེ་འདིས་ཤ་མར་རྩམ་པ་སོགས་བྲོ་ཆས་དང་ཡོ་བྱད་གཞན་ཡང་འདྲ་མིན་བཀལ་བའི་གཡག་གཉིས་བཅས་ཉིན་ཞག་ཁ་ཤས་བར་དུ་བསྐྱེལ་བ་བྱུང་སྐད། ཡང་དུས་གཞན་ཞིག་ཏུ་ཧོར་ཁོག་ནས་ཡིན་པའི་གྲྭ་རྒྱུན་བཅོ་ལྔ་ཙམ་དབུས་ལམ་ལ་ཞུགས་ཏེ་ཨ་རྒྱལ་སྒང་ལར་ཚྭ་འབོག་རྒྱབ་ནས་ཇ་སྐོལ་བཞིན་པའི་སྐབས། གོ་ཚོན་ལྡན་པའི་ཇག་པ་སྐྱ་མི་ཉི་ཤུ་ལྷག་ནས་གློ་བུར་དུ་མཐའ་ས་སྐོར་ཏེ་ཁ་ཕོར་ཙམ་ཡང་ཁུར་དབང་མེད་པར་ཆ་ཚང་འཕྲོག གྲྭ་རྒྱུན་དེ་དག་ཅི་བྱ་གཏོལ་མེད་ཀྱིས་རི་ངོས་ཤིག་ལ་འཛེགས་ནས་སོང་ཤུལ་ཇག་པ་ཚོས་ཇ་བཏུང་སྤག་ཟོས་ནས་ཅ་དངོས་ཚོ་བསྡུ་གསོག་གིས་འགྲོ་གྲབས་བྱེད་དུས་ཇག་པ་གཅིག་ཀྱང་ལང་རྒྱུ་མེད་པར་ཆགས། དེ་ནི་གྲྭ་རྒྱུན་དེ་དག་གི་ནང་ནས་གཅིག་གིས་དམིགས་བརྩེ་མའི་ལས་ཆོག་ཐོག་ནས་ཇག་འཆིང་གི་མན་ངག་ཤེས་སྟབས་རྩྭ་དྲུས་མ་ཞིག་ལ་མདུད་པ་དང་སྔགས་བཏབ་ནས་སྤུས་འོག་ཏུ་གནན། དེ་ནས་ཇག་པ་ཚོས་གང་བྱེད་ལྟ་གིན་སྡོད་པ་དེས་ཡིན། གཞི་ནས་ཇག་པ་ཚོ་སྐྲག་སྟེ་རྒྱངས་རིང་ནས་ངུ་འབོད་དང་བཅས་དགོངས་པ་མ་འཚང༌། ང་ཚོ་ཐར་ཐབས་གནང་དང༌། ཅ་དངོས་ཡོངས་རྫོགས་ཕྱིར་འབུལ་ཞུ་རྒྱུ་ཡིན། ང་ཚོས་གཤགས་པ་གང་དགོས་ནའང་ཞུ་ཆོག་ཅེས་འབོད་པར་གྲྭ་པ་དེས་ང་ཚོའི་ཅ་དངོས་རྣམས་ཧ་ལེན་རྒྱུ་གང་ཡང་མེད། ཁྱོད་ཚོས་གྲྭ་སའི་གྲྭ་པ་རྒྱུན་དུ་འདི་འདྲ་འཕྲོག་བཅོམ་བྱས་ནས་སངས་རྒྱས་བསྟན་པ་དང་ཁྱེད་ཚོའི་ཚེ་འདི་ཕྱི་གཉིས་ཀར་གནོད་པ་མ་གཏོགས་ཕན་ཐོགས་གང་ཡང་མེད་སྟབས། དེ་བས་མ་ཤི་བར་དུ་དེ་ག་རང་བྱས་ནས་སྡོད་ན་ཡག་ཤོས་རེད། བཀའ་གདམས་པའི་དགེ་བཤེས་ཚོས་སྡིག་ཅན་ཚེ་འཐུང་བར་ཤོག། ཅེས་སྨོན་ལམ་བཏབ་པ་འགྲུབ་ངེས་རེད་གསུངས། ཇག་པ་དེ་ཚོས་ཕྱི་ཆད་ང་ཚོས་སྲོག་ལ་བབ་ཀྱང་གྲྭ་སའི་གྲྭ་པ་ལ་གནོད་པ་སྤུ་རྩེ་ཙམ་ཡང་མི་བྱེདཅེས་གནའ་སྐྱེལ་ནས་དམ་བཅསའ་ཕུལ། དུས་དེ་ནས་བཟུང་ས་ཁུལ་དེ་དག་ནས་གྲྭ་སའི་གྲྭ་པ་རྐུ་ཇག་གིས་བརྡུང་བ་ཅུང་ཟད་ཉུང་དུ་ཕྱིན་སྐད། གོང་གསལ་དེ་དག་ནི་མཚོན་གཞི་རེ་ཟུང་ཟུར་འདོན་ཙམ་ལས་ལམ་གྱི་འགག་འཕྲང་རྣམས་སུ་ལུས་སྲོག་ལོངས་སྤྱོད་ལ་འཆག་གྲུམ་ཐེབས་པའི་གཏམ་རྒྱུད་ཤིན་ཏུའང་མང༌། དེ་ལྟར་རང་ཡུལ་ནས་ལེ་དབར་སྟོང་ཕྲག་གིས་ཆོད་པའི་ལམ་དུ་སེམས་ལྡན་སེམས་མེད་ཀྱི་འཇིགས་པ་ཅི་རིགས་སྣ་ཚོགས་ཡོད་སྟབས་གྲྭ་རྒྱུན་མང་པོ་དཔུང་སྒྲིག་ཐོག་འུར་རྡོ་དང་མདུང་རིང༌། སྲུང་མདུད་དང་མཚོན་སྲུང་བཅས་ལ་བརྟེན་དགོས་པའང་རྒྱུ་མཚན་དེ་དག་གིས་ཡིན་ལ། དེ་སྔོན་ལོ་ཙཱ་བ་ཚོ་ཡང་འཕགས་ཡུལ་དུ་ཕེབས་སྐབས་འཇིགས་པ་དང་གཉན་འཕྲང་དེ་བས་ཆེ་བར་འགྲིམ་ནས་རང་ལྗོངས་སུ་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་བྱས་ཏེ། དེ་ཡང་རྭ་ལོ་ཆེན་པོ་འཕགས་ཡུལ་དུ་བརྟོལ་ནས་ཕྱིན་ལོག་རྗེས་དཔལ་རྡོ་རྗེ་འཇིགས་བྱེད་རྒྱུད་སྡེ་ཆ་ལག་དང་བཅས་པ་འཆད་ཉན་གྱིས་གཏན་ལ་ཕབ་སྟེ་རྒྱུད་སྡེའི་འདིའི་ཆེད་ཕྱིན་ཆད་སླར་ཡང་འཕགས་ཡུལ་དུ་ཕེབས་མི་དགོས་པར་བཟོས། དེ་བཞིན་འགོས་ལོ་དང༌། གཉན་ལོ། མར་ལོ་སོགས་ཀྱིས་དཔལ་གསང་བ་འདུས་པས་མཚོན། མདོར་ན་ཐེག་པ་ཆེན་ཆུང་སྔགས་དང་བཅས་པ་ཀུན་བོད་ཀྱི་ཞིང་སར་ཚུར་དྲངས་ཏེ་ཕྱི་ཆད་འཕགས་པའི་ཡུལ་དུ་མ་ཕེབས་ནའང་མདོ་སྔགས་ཀྱི་འཆད་ཉན་ཆ་ཚང་རང་ཡུལ་དུ་སྤྱོད་ཆོག་ཆོག་བྱས་འདུག་མོད། དེ་ལྟ་ནའང་མདོ་ཁམས་ཀྱི་ལྗོངས་འདི་ནས་བྱོན་པའི་གྲུབ་མཐའ་རིས་མེད་ཀྱི་མཁས་གྲུབ་ནམ་མཁའི་སྐར་ཚོགས་དང་ས་ཁའི་རྩི་ཏོག་ལྟར་བྱོན་པ་ཚོས་དབུས་ལྗོངས་སུ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བ་ལས་རང་ཁུལ་དུ་བཤད་སྒྲུབ་འཆད་ཉན་གྱི་རྐང་ཚུགས་ནས་རྒྱབ་ཏུ་རྡོག་ཁྲེས་དང་ལག་ཏུ་མདུང་རིང་ཁུར་བའི་ངལ་བ་ལ་མ་བརྟེན་ནའང་ཆོག་པའི་འཕྲིན་ལས་སྐྱོང་མཁན་ཞིག་ད་སྔོན་རྒྱུ་རྐྱེན་གང་ཞིག་གིས་མ་བྱུང་བའམ་ཕྱི་ཆད་རྒྱུ་རྐྱེན་གང་ཞིག་ལ་ལང་ཕྱོགས་བཟུང་ན་ཕན་པའི་དཔྱོད་པ་འདི་ཉིད་མི་རབས་འདིའྀ་ཐོག་བཤད་ན་ངའི་ཐོག་ཁ་དམག་བྱ་རྒོད་རུབ་པ་ལྟར་ཡོང་ངེས་པས་བཤད་མི་ཕོད་མོད། མི་རབས་རྗེས་མ་ཚོས་ཅིས་ཀྱང་དཔྱོད་རོགས་གྱིས་ཞེས་ཀྱང་བསྐུལ་བ་ལགས་སོ།། དེ་ལྟར་ལམ་དུ་གཟིག་རྒྱབ་བླ་བྲང་གི་དྲེལ་པའི་རྒྱུད་ནས་ཨ་རྒྱ་སྒང་ལ་བརྒལ་ཏེ། རིམ་གྱིས་སྡེ་དགེ་དང་འབྲི་ཆུ། འཇོ་མདའ་གོ་འཇོ། ཆབ་མདོ། ཟླ་ཆུ། ངོམ་ཆུ། བེ་རི། ཚ་བ་རོང༌། རྒྱལ་མོ་དངུལ་ཆུ། དཔའ་ཤོད། ར་ཡུལ། མཐོང་སྨོན། སྤོ་བོ་སྤྲ་མོག། ཉི་ཁྲི། བར་ལ་རྒྱུད་དེ་ཁམས་བཞས་སུ། ཀོང་པོའི་བར་ལ་བརྒལ་ནས།།ཁམས་པའི་ཕ་ཡུལ་དྲན་བྱུང༌།།ཞེས་པ་ལྟར་ཆུ་བོ་བརྒྱ་ཕྲག་ལ་རྒྱབ་གཟུགས་གཏོད། རི་བོ་སྟོང་ཕྲག་ལ་ཞབས་རྗེས་ཕབ་ནས་ཁམས་པའི་ས་ཚུགས་བརྒལ་ཏེ་མལ་གྲོ་གོང་དཀར་བརྒྱུད་ཟླ་བ་གཉིས་དང་ཉིན་མ་གསུམ་ཙམ་ཕྱིན་རྗེས་སྤྱི་ལོ་༡༩༤༨བོད་ཟླ་གསུམ་པའི་ནང༌། ཆེན་པོ་བོད་ཀྱི་རྒྱལ་ས། བསྐལ་བ་ཡར་ཐོག་གི་དུས་སུ་འོམ་ཐང་ཞེས་བསྙད་པ། མེས་དབེན་སྲོང་བཙན་སྒམ་པོས་ཡ་ཀླུང་ནས་རྒྱལ་ས་གང་དུ་སྤོས་ཤིང༌། འུ་ཤིང་ཀོང་ཇོས་གདན་དྲངས་པའི་ཇོབོ་ཤཀྱཱ་མི་ནི་གང་དུ་བཞུགས་པའི་གནས། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བཞེངས་པ་ནས་ར་ས་དང༌། དུས་ཕྱིས་ཆོས་འཁོར་དཔལ་གྱི་ལྷ་ས་ཞེས་གྲགས་པ་ཆོས་བཟང་ལྷའི་གྲོང་ཁྱེར་མི་ཡུལ་དུ་འཕོས་པ་འདྲ་བ་དེར་ཞབས་ཟུང་འཁོར་ལོའི་རེ་ཁ་མངོན་པར་འཁོད། དབུས་འགྱུར་ཆོས་ཀྱི་ཞིང་སར་ཞབས་ཟུང་འཁོར་ལོའི་རེ་ཁ་མངོན་པར་འཁོད་ནས་ཀྱང༌། འཛམ་གླིང་རྟེན་གྱི་གཙོ་བོ་ཇོ་བོ་ཤཱཀྱ་མི་ནེ་དང༌། ཇོ་བོ་ལོ་ཀེ་ཤྭ་ར་སོགས་དབུས་ཁུལ་གྱི་རྟེན་གཙོ་ཁག་དང་གདན་ས་ཆེན་པོ་སེར་འབྲས། རྒྱུད་གྲྭ་སྟོད་སྨད། རྨེ་རུ། ཀུན་བདེ་གླིང༌། ཕན་རྒྱས་གླིང༌། ཚེ་སྨོན་གླིང༌། ཚེ་མཆོག་གླིང་སོགས་རིས་མེད་ཆོས་སྡེ་ཁག་ཀུན་ལ་སྔ་ཕྱི་ཟླ་བ་གཅིག་ལྷག་གི་རིང་ལ་མཆོད་མཇལ་དང་ཕྱག་མཆོད་ཐུགས་སྨོན་རྒྱ་ཆེར་མཛད། ན་ཚོད་གཞོན་ནུའི་ལང་ཚོ་དར་བ་དང༌།། ལྷན་ཅིག་དབུས་འགྱུར་དམ་པའི་ཆོས་ཀྱི་ཞིང༌།། གསུང་རབ་དགོངས་འགྲེལ་བཅས་པའི་གཞུང་ལུགས་ལ། ། ཐོས་པ་རྒྱ་མཚོའི་ཕ་མཐར་སོན་ཕྱིར་ཕེབས།། རི་ཁྲི་ཆུ་སྟོང་འཛིང་བའི་གྲོག་རོང་ནས།། གཟུགས་མེད་གདུག་པའི་འདྲེ་སྲིན་གདོན་བགེགས་དང༌།། གཟུགས་ཅན་རྐུ་ཇག་སེམས་མེད་འབྱུང་བཞི་ཡིས།། མ་གཙེས་གང་ཞིག་འདོད་པའི་གླིང་དུ་རྒྱུ།། སྒང་དྲུག་རི་བོ་རྡོག་པའི་འོག་ཏུ་རྫིས།། གཙང་ཆེན་རྣམ་བཞིའི་སྐེད་པ་འཕྲེད་དུ་བཅད།། བར་ལ་བརྒལ་ནས་དབུས་འགྱུར་ཆོས་ཀྱི་ཞིང༌།། ཞབས་ཀྱི་འཁོར་ལོའི་རེ་ཁ་མངོན་པར་བཀོད།། གང་ཁྱེད་ཞབས་ཟུང་གང་དུ་བསྒྱུར་བ་དེར།། བཀྲ་ཤིས་དཔལ་གྱི་རི་མོ་བཀྲ་བར་བཀོད།། མཆོག་གི་མཛད་པའི་རྣམ་ཐར་མཆོག་འདི་ཀོ། བརྗོད་པར་འདོད་ཀྱང་མཐའ་དག་བརྗོད་ནུས་མིན།། ཞེས་པ་ཡང་སྡོམ་ཚིག་དང་འབྲེལ་བའི་བར་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ།། གང་ཡང་བདེ་གཤེགས་ཆོས་ཚུལ་མནྡ་ར་བའི་ཕྲེང་བ་དག་ནི་ཡིད་ཀྱི་ན་ཆུང་རྒྱན་དུ་འཆང་བར་སྐལ་བཟང་མིག་གི་བུང་བས་རྩེན་བྱེད་ཅིང༌།། ཐོས་པ་འཛིན་པའི་གནམ་གོས་ལས་མཆེད་གཞུང་མང་སྤྲིན་གྱི་མེ་ཏོག་འཐོར་བས་ཡིད་ཀྱི་ཞིང་ས་གཤིན་པོ་དག་ལ་རྣམ་པར་དཀར་བའི་དགེ་ཚོགས་བསྐྲུན།། དམ་པའི་སྐྱེ་བོ་རྣམས་ནི་ཕན་བདེའི་འོད་སྣང་འབྱེད་ལ་སྟོན་ཀའི་ཟླ་བ་ཇི་བཞིན་གསལ་བས་འགྲོ་བའི་ཡིད་མཁར་རི་དྭགས་མཚན་མའི་ཟོལ་དུ་འཆར།། དགྲ་མེད་གཉེན་གྱི་མཆོག་ཏུ་བསྔགས་འོས་དཔག་བསམ་ཤིང་དང་འདོད་འཇོ་ནོར་བཞིན་དམ་པའི་ཆེ་བ་འདི་ཀོ་སུས་ཀྱང་ཇི་བཞིན་བརྗོད་པ་ནུས་མ་ལགས།། རྗེ་བཙུན་བླ་མ་དམ་པ་ཀླུ་སྦྱིན་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་འཇམ་དབྱངས་དཔལ་བཟང་པོ་མཆོག་གི་རྣམ་པར་ཐར་པ་མདོ་ཙམ་བརྗོད་པ་དད་གསུམ་རྦ་རླབས་ཕྱུར་བའི་ཆུ་གཏེར་ལས་རིགས་ཕུན་སུམ་ཚོགས་པར་སྐྱེ་བ་བཞེས་པ་ནས་དབུས་འགྱུར་ཆོས་ཀྱི་ཞིང་སར་བསྐྱོད་པའི་ཚུལ་གྱི་རླབས་ཕྲེང་སྟེ་དང་པོའོ།། །།