གན་གྱའི་བྲག་དཀར་དགོན་གསང་སྔགས་སྨིན་རྒྱས་གླིང་

རྒན་གྱའི་བྲག་དཀར་དགོན་གསང་སྔགས་སྨིན་རྒྱས་གླིང་ནི་ད་ལྟའི་བསང་ཆུ་རྫོང་རྒན་གྱ་ཡུལ་ཚོའི་ཁོངས་སུ་ཆགས། རྒན་གྱའི་བྲག་དཀར་དགོན་པ་དར་ཡུན་རིང་ཡང་ཁུངས་བཙན་མ་ཐོབ་པས་ཐོག་མར་ངག་རྒྱུན་ཙམ་དུ་བཀོད་ན། བོད་རབ་བྱུང་བཅུ་གཅིག་པའི་ཤིང་བྱ་(སྤྱི་ལོ་༡༦༤༤)ལོར་རྒན་གྱའི་པཎྡི་ཏས་(གཡི་ཚ་དཔོན་རྒྱུད་གཅོད་པ་སྐྱབས་ཀྱི་བུ་)ཕྱགས་འདེབས་མཛད་ཅིང་ལྷ་ཁང་ཀ་མེད་ཅེས་པ་བཞེངས་ཤིང་ཁོང་དང་དབྱིག་ཀྱ་རབ་འབྱམས་པས་མཚན་ཉིད་གྲྭ་ཚང་བཙུགས། དེའི་སྐབས་སུ་གྲྭ་བ་བདུན་བརྒྱ་བཞུགས་པར་འདུ་ཁང་གི་ཕྱོགས་རེར་གྱན་བར་བདུན་རེ་ཡོད་པ་དང་ཚོགས་ཟངས་ཆུ་ཟོ་ཤོང་བ་རབ་རྒྱས་ས་ཁྱིའི་བར་དུ་ཡོད།

དགོན་པར་པཎྡི་ཏ་ཁོང་གི་སྐུ་བརྙན་དང་གསོལ་འདེབས། གདུང་རྟེན། གདུང་མཆོད་མེད་རུང་གཟིམ་ཁང་གི་ཤུལ་ད་སྐབས་བར་ཡོད། ཡང་ལ་ལས་གཙང་པཎྡི་ཏ་ཟེར་ཡང་དབྱིག་ཀྱའི་སྐུ་གདུང་དངོས་སུ་ཡོད། དེ་བཞིན་གདན་ས་འདི་དབྱིག་ཀྱ་དང་སྟག་རིང་ཁྲི་རྒན་ཚང་། རྒྱ་ཤུལ་དཔོན་སློབ་སོགས་ཀྱིས་བསྐྱངས། བར་སྐབས་ཤིག་ཁམས་ལ་ཁ་གྲུབ་ཆེན་གྱི་སྤྲུལ་སྐུ་རྒན་གྱ་ནས་འཁྲུངས་པ་སྙན་གྲགས་རྒྱ་མཚོའི་འཛིན་བདག་གིས་གསེར་གྱི་བཀའ་འགྱུར་སོགས་འཇོག་པ་མང་བོ་བྱས། རྗེ་འདི་བ་དང་རྒན་རྒྱའི་རྒན་པོ་རྣམས་ཀྱིས་ས་སྤྲེལ(སྤྱི་ལོ༡༧༨༨)ལོར་ཁྲི་ངག་དབང་བསྟན་པའི་རྒྱལ་མཚན་གདན་དྲངས་ཤིང་མཚན་ཉིད་ཉམས་པའི་སྨད་རྒྱུད་དུ་བསྒྱུར་ནས་ཁྲིར་བཞུགས་ཏེ་འཆད་ཉན་སོགས་ཀྱིས་ཐུགས་ཁུར་བཞེས་པ་དང་། གུང་རུ་མཁའ་འགྲོ་མས་ཞུས་ཏེ་ཁོང་གི་བླ་བྲང་ནས་བདེ་མཆོག་ལྷན་སྐྱེས་ཀྱི་རྗེས་གནང་བསྩལ། བྲག་དཀར་གནས་ཁང་དུ་ཞིབ་མཇལ་མཛད་དེ་ཚོགས་ཀྱི་འཁོར་ལོ་དང་འབྲེལ་བའི་བསྔོ་སྨོན་གང་རྒྱས་ཀྱི་མཚམས་སྦྱར། དེ་ནས་རྗེ་འདིའི་སྐུ་ཕྲེང་རིམ་བྱོན་གྱིས་བདག་ཁུར་མཛད། ཀུན་མཁྱེན་གཉིས་པར་དགོན་པ་འཛིན་བདག་གནང་དགོས་ཀྱི་གསོལ་བ་བཏབ་པར།  ཁོང་གིས་སྤྱི་འཇོག་ལ་དངུལ་དང་རྟ་ནོར་ལུག་གསུམ་གནང་ཞིང་གཟིམ་ཁང་གསར་དུ་བརྒྱབ། དུས་དེ་ནས་བཟུང་ཀུན་མཁྱེན་སྐུ་འཕྲེང་རིམ་བྱོན་གྱིས་རབ་བྱུང་བཅུ་དྲུག་པའི་ས་ཁྱི་ལོའི་བར་ཁྲི་བ་དང་བླ་མ་དབུ་མཛད། སྐུ་ཚབ་བཅས་མངགས།

དགོན་པའི་རྟེན་འགངས་ཆེན་ལ། བསྐལ་བཟང་སངས་རྒྱས་སྟོང་སྐུ་བདུན་པོ་རེ་རེའི་འཁོར་དུའང་ཡབ་ཡུམ་སྲས་སོགས་ཀྱི་སྣང་བརྙན་བདུན་རེ་བཅས་སྟོང་ཕྲག་བདུན་དུ་འདུས་པ་བཞེངས། ལ་ཁ་ཏཱ་ལི་ཧུ་ཐོག་ཐུས་རྒྱ་ཡུལ་ནས་གདན་དྲངས་པའི་རྒྱལ་བ་རྡོ་རྗེ་འཆང་གི་འདྲ་སྐུ་དང་། གཞན་གསེར་ཟངས་ལས་བཞེངས་པའི་ལི་སྐུ་མང་། གསེར་ཁང་གི་བྱམས་པའི་ནང་གཞུག་ཏུ་རྒན་གྱའི་དཀའ་བཅུ་བས་བཞེངས་པའི་ཇོ་སྐུ་ཁྲུ་ཚད་མ་ཡོད། གཞན་དབུས་ཀྱི་སྔགས་རམས་པ་འཇམ་དབྱངས་བསྟན་འཛིན་པའི་ཇོ་སྐུ་བྱིན་ཅན། ཚོང་དཔོན་དགེ་ལེགས་མའི་སྣང་བརྙན། གུང་ཐང་རིན་པོ་ཆེས་གནང་བའི་ཇོ་བོ་ལོ་ཀེ་ཤྭ་ར། ཐུབ་པ་རྡོར་གདན་མ། སྟག་ཕུའི་སྒྲོལ་མ། ཀློང་རྡོལ་བླ་མའི་ཕྱག་ཚ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་། གུང་རི་དཀོན་མཆོག་རིག་འཛིན་དཔལ་མོའི་དབུ་ཐོད་སོགས་དང་། གསུང་རྟེན་བཀའ་འགྱུར། རྗེ་ཡབ་སྲས་སོགས་བླ་མ་དམ་པ་མང་བོའི་གསུང་འབུམ་དང་། ཐུགས་རྟེན་ལ་ཁ་ཚང་དང་དབྱིག་ཀྱ་ཚང་གི་སྐུ་གདུང་། མཆོག་རྟེན་དུ་མ། ཁྱད་པར་ཙན་དན་དཀར་པོས་བསྐྲུན་པའི་བདེ་མཆོག་གི་བློས་བསླངས་བཅས་བཞུགས་ཤིང་། བཀྲ་ཤིས་འཁྱིལ་བའི་སྨད་རྒྱུད་ལྟར་ཆོས་སྤྱོད་ལ། དཔྱིད་ཆོས་དང་བོ་ནས་སྟོན་ཆོས་ཆེན་མོའི་བར་འགྲེལ་བ་བཞི་སྦྲགས་ཊིཀྐ་ཆེ་ཆུང་། གསང་འདུས། དྭགས་པོའི་བསྐྱེད་རིམ་དང་། སྟོན་ཆོས་ནས་དགུན་ཆོས་མཐའ་མའི་བར་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་དང་། རྫོགས་རིམ་རིམ་ལྔ་གསལ་སྒྲོན། བདེ་འཇིགས་བསྐྱེད་རིམ་བཅས་ཡོད་དོ།།

གུང་རུ་སྐུ་ཕྲེང་རིམ་བྱོན་ནི། གུང་རུ་སྐུ་ཐོག་དང་བོ་ལྷ་རྩེ་དཔོན་མོ་བསོད་ནམས་རྒྱན་ནམ་བློ་བཟང་ཆོས་སྒྲོན་ཁམས་ནས་འཁྲུངས་ཤིང་ཕྱིས་སུ་མདོ་སྨད་དུ་ཕྱག་ཕེབས། བྱ་ཁྱུང་དང་སྐུ་འབུམ་སོགས་ལ་ཕན་གྲོགས་མཛད། ཁམས་གུང་རུར་ཕེབས་ཕྱིན་དགོངས་པ་རྫོགས་སོ། དེའི་སྤྲུལ་སྐུ་བློ་བཟང་སྒྲོལ་མ་ཞེས་པ་སྐུ་འཁྲུངས། གུང་རུའི་ནང་ཆེན་ལ་ལ་ཁའི་ནང་ཆེན་ཟེར་ཏེ། རྗེ་འདི་བ་བྲག་དཀར་གནས་སྒོའི་དྲང་ཐད་ཤར་ངོས་སུ་བཞུགས་པ་ན། ལ་ཁ་མཆོག་གིས་གཟིམ་ཁང་ཞིག་བཞེངས་ནས་ཕུལ། དབུས་ལམ་དུ་ཁམས་གུང་རུར་ཕེབས་ནས་མགོན་ཁང་མཇལ་བའི་དུས་སུ་མཁའ་འགྲོ་མ་གཤེགས་སྟབས་སྒོ་འབྱེད་མི་ནུས་པ་ལ། ཁོང་གིས་ལྡེ་མིག་སྙན་ཤལ་མང་བོ་སྒྲོན་པའི་གསེབ་ན་ཡོད་ཅེས་བླངས་ཤིང་སྒོ་ཕྱེ་དུས། མཁའ་འགྲོ་མ་གཤེགས་ཁར་སྤར་བའི་མར་མེ་གཟིམ་མེད་པ་མཐོང་བས་ཁོང་ཉིད་ཀྱང་མཁའ་འགྲོ་མའི་སྐྱེ་བར་ངེས་བཟུང་ངོ་། དེའི་ཡང་སྲིད་དཀོན་མཆོག་ཆོས་སྒྲོན་རྒན་གྱ་ནས་སྤྱི་ལོ༡༧༤༥ལོར་ཡབ་ལྷ་སྐྱབས་དང་ཡུམ་བཟང་མོའི་སྲས་མོར་སྐུ་འཁྲུངས་ཤིང་ཀུན་མཁྱེན་བར་མ་ལས་མི་ཏྲ་སོགས་དབང་ལུང་མང་དུ་གསན། རྡོ་སྦིས་ལྕང་སྐྱ་དགོན་བཏབ། ལྕགས་ལུག་སྟེ་སྤྱི་ལོ༡༨༡༡ལོར་སྐུ་བཤེགས་སོ། དེའི་སྤྲུལ་སྐུ་དཀོན་མཆོག་རིག་འཛིན་སྒྲོལ་མ(རིག་འཛིན་དཔལ་མོ་ཡང་ཟེར)ཞེས་པ་བོད་རབ་བྱུང་བཅུ་བཞི་བའི་ཤིང་ཁྱི(སྤྱི་ལོ་༡༨༡༤)ལོར་རྒན་གྱའི་ཡབ་གཡུང་དྲུང་སྐྱབས་དང་ཡུམ་ལྷ་མོ་རྒྱལ་གྱི་སྲས་མོར་སྐུ་འཁྲུངས། རྗེ་བསྟན་པའི་སྒྲོན་མེ་ལས་ངོས་འཛིན་མཛད་ཅིང་དགུང་ལོ་བཞིའི་སྟེང་དགེ་བསྙེན་མའི་སྡོམ་པ་བཞེས། བཀྲ་ཤིས་འཁྱིལ་ལ་མང་འགྱེད་ཐེངས་བདུན་བཏང་ལ་ཀྱཱ་ཏུན་དུ་ཐེངས་དྲུག་ཕེབས་ནས་མགོན་པོ་ཐོག་མར་བཞེངས། ཁོང་གིས་ཀུན་མཁྱེན་སྐུ་ཕྲེང་གསུམ་པ་དང་བཞི་བ། གུང་ཐང་སྐུ་ཕྲེང་གསུམ་པ། སྡེ་ཁྲི་སྐུ་ཕྲེང་གསུམ་པ། དབལ་མང་པཎྡི་ཏ་སོགས་སྐྱེས་ཆེན་དུ་མའི་ཞབས་ལ་གཏུགས་ནས་ཆོས་ཀ་རྒྱ་ཆེར་གསན། དགུང་ལོ་མཐོ་སྐབས་སུ་ཉིད་ཀྱི་ཞལ་ཚབ་ཏུ་ལབ་སྒྲོན་གྱི་སྐུ་བརྙན་བཞེངས་པ་སོགས་ཞང་སྟོན་པའི་གསུང་འབུམ་དུ་རྣམ་ཐར་གསུངས། དགུང་ལོ་དོན་བརྒྱད་པ་ལྕགས་ཡོས་ལོའི་ཟླ་གསུམ་པའི་ཉི་ཤུར་སྐུ་གཤེགས་སོ། དེའི་ཡང་སྲིད་དུ་དཀོན་མཆོག་བསྟན་པའི་དབང་མོ་རབ་བྱུང་བཅོ་ལྔ་བའི་ཆུ་འབྲུག(སྤྱི་ལོ༡༨༩༢)ལོར་རྡོ་སྦིས་ལྕང་ཤར་དུ་སྐུ་འཁྲུངས། དགུང་གྲངས་ལྔའི་སྟེང་གདན་སར་བཀོད། ཨ་ཁུ་ཐབས་མཁས་ཚང་གིས་དགེ་ཚུལ་མའི་མཚན་གསོལ། སྐུ་གོང་མའི་སྐུ་ཚ་དུས་འཁོར་གསུང་རབ་ཡོངས་འཛིན་དུ་བསྟེན་ཅིང་ཀུན་མཁྱེན་སོགས་དུ་མའི་ཞལ་ནས་ཆོས་བཀའ་མང་བོ་གསན། སྐུ་གོང་མའི་ཞལ་ཆེམས་ལྟར་དགུང་ལོ་ཉི་ཤུ་མ་བཞེས་པར་གྲོང་ཆོག་ལ་མ་ཕེབས། འཇིགས་བྱེད་ཀྱི་བསྙེན་ཆེན་དང་ཆུ་མིག་བརྒྱ་རྩ་བ་བསྒྲུབས་ནས་དུས་མདའ། དེ་ནས་ཚོམས་ཆེན་གསུམ་ཐོག་བཞེངས་ཤིང་གཟིམ་ཁང་རྒྱ་བསྐྱེད། ཁོང་མོ་དང་ཕང་རང་སྤྲུལ་སྐུ། སྟག་ལུང་སྤྲུལ་སྐུ་གསུམ་སྐུ་མཆེད་དུ་འཁྲུངས། དགུང་ལོ་ཞེ་བཞི་བ་ཤིང་ཁྱི་ལ་སྐུ་གཤེགས་སོ། དེའི་སྤྲུལ་སྐུ་ད་ལྟ་བ་རབ་བྱུང་བཅུ་དྲུག་པའི་མེ་བྱི  (སྤྱི་ལོ༡༩༤༦)ལོར་རེབ་གོང་རྒྱལ་བོའི་འབྲོག་སྡེ་ནས་ཡབ་མཁར་རྩེ་དང་ཡུམ་ཀླུ་མོ་ཐར་གྱི་སྲས་སུ་སྐུ་འཁྲུངས། ཀུན་མཁྱེན་ལྔ་བ་བསྟན་པའི་རྒྱལ་མཚན་པས་ངོས་འཛིན་མཛད་ཅིང་དགུང་ལོ་བདུན་སྟེང་གདན་སར་བཀོད། དགེ་ཚུལ་བསྒྲུབས་པའི་མཚན་ལ་བསྐལ་བཟང་དམ་ཆོས་སྒྲོལ་མ་ཞེས་གསོལ། བཀྲ་ཤིས་འཁྱིལ་གྱི་རྒྱུད་སྨད་པའི་དཔལ་བཟང་རྒྱ་མཚོ་དང་སྔགས་རམས་པ་མཁྱེན་རབ་རྒྱ་མཚོ་རྣམས་གཉིས་ཡོངས་འཛིན་བསྟེན་ནས་དཔེ་ཁྲིད་སྐྱོར་སྦྱོང་ཞུས། གཅོད་དབང་སོགས་དབང་ལུང་མང་ཙམ་གསན། ཆུ་མིག་བརྒྱ་རྩ་ལན་ལྔ་འགྲིམས། ལབ་སྒྲོན་གྱི་མདུན་ལོ་རྒྱུན་ཉིན་བདུན་རེར་ཁྲོས་མའི་བདག་འཇུག་གསུང་བའི་སྲོལ་ཚུགས། བདེ་ཡངས་ཉིས་ཐོག་ཅན་བཞེངས་པ་དང་ནང་ཆེན་གྱི་འགབ་ཏུ་ཤར་བསྐལ་ལྡན་རྒྱ་མཚོས་གནས་སྒོ་ཕྱེ་བའི་སྒོམ་ཁང་ཡོད། དགོན་པའི་འདུ་ཁང་དང་ནང་ཆེན་ཞིག་གསོ་བྱས་ཀྱང་རབ་བྱུང་བཅུ་དྲུག་པའི་ས་ཁྱིའི་འགུལ་སྐྱོད་ཀྱི་ནང་ཁོང་གི་ཡོངས་འཛིན་གྱི་བཀའ་བཞིན་བསླབ་འབུལ་གནང་ཏེ་རྒྱལ་ཁབ་ཀྱི་ལས་བྱེད་དུ་ཞུགས་ཤིང་རྒྱལ་ཡོངས་དང་ཀན་སུའུ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན། ཁུལ་སྲིད་གྲོས་རྒྱུན་ཨུ་དང་ཀན་ལྷོ་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན། བསང་ཆུ་རྫོང་སྲིས་གྲོས་ཀྱི་རྒྱུན་ཨུ་བཅས་ཀྱི་འགན་བཞེས་པ་དང་རང་གི་  ཆོས་སྡེ་འཛིན་བདག་ལེགས་པར་བྱེད་བཞིན་མཆིས་སོ།།

རྒན་གྱའི་བྲག་དཀར་གནས་རིའི་སྐོར་ལ། ཤར་བསྐལ་ལྡན་རྒྱ་མཚོའི་ཆོས་འབྱུང་པོད་བསྡུས་པ་ཞེས་བྱ་བའི་ནང་། ཨུ་རྒྱན་རིན་པོ་ཆེའི་སྤྲུལ་བ་དུ་མའི་གྱེས་པ་ཞིག་ལས་གནས་སྔ་མོ་རྒན་གྱའི་གཉའ་གོང་བྲག་དཀར། མཚོ་སྙིང་མ་ཧཱ་དཱེ་བ་སོགས་སྒྲུབ་གནས་དུ་མའི་གནས་སྒོ་ཕྱེ་ཞིང་བྱིན་གྱིས་བརླབས། ཞེས་པ་དང་། དེ་ནས་བླ་མ་འཕགས་པ། ད་དབེན་གཞོན་ནུ་སེང་གེ་བཅས་ཀྱིས་གནས་སྒོ་ཇེ་གསལ་དུ་བཏང་། གཟིམ་ཁང་སྤྲུལ་སྐུ་བསོད་ནམས་ཡེ་ཤེས་དབང་བོའི་གཟིགས་སྣང་ལས། བྲག་དཀར་གྱི་རྒྱད་ལས་ཨུ་རྒྱན། སྒྲོལ་མ། སྤྱན་རས་གཟིགས་ཤར་གསུངས། སྟོང་སྐོར་སྤྲུལ་སྐུ་ཡོན་ཏན་རྒྱ་མཚོའི་གནས་འདིར་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་། ཀྱེ་རྡོར་བདེ་མཆོག་གི་དཀྱིལ་འཁོར་ཡོངས་རྫོགས། རིགས་ལྔ་རྒྱུད་སྡེ་བཞིའི་ལྷ་ཚོགས།  དུས་གསུམ་གྱི་སངས་རྒྱས། ཆོས་སྐྱོང་འཁོར་བཅས་ཡུལ་སྒེར་བཞིའི་དཔའ་བོ་དཔའ་མོ་རྣམས་གནས་འདིར་སྤྲིན་པ་བཞིན་འདུས་ནས་ཚོགས་འཁོར་མཛད་པ་གཟིགས། སྡེ་བ་ཆོས་རྗེ་བསྟན་འཛིན་བློ་བཟང་རྒྱ་མཚོས་གནས་འདི་འཁོར་ལོ་བདེ་མཆོག་གི་ཕོ་བྲང་ཡིན་པར་ཡང་ཡང་གསུངས་པ་དང་། སྤྲུལ་སྐུ་བསྟན་པ་རབ་རྒྱས་དང་མཁའ་འགྲོ་མ་བློ་བཟང་ཆོས་སྒྲོན་སོགས་ཀྱིས་བདེ་མཆོག་གི་ཕོ་བྲང་མཁའ་འགྲོ་མའི་གནས་ཡིན་གསུངས། ཡང་རྗེ་ཞང་སྟོན་བསྟན་པ་རྒྱ་མཚོའི་བྲག་དཀར་གནས་བཤད་ཧེ་རུ་ཀ་དཔལ་དགྱེས་པའི་མཆོད་སྤྲིན་དུ། བདེ་མཆོག་ཁོར་ལོའི་ཕོ་ཕྲང་དངོས་སུ་གསུངས། ཡང་དེབ་ཐེབ་རྒྱ་མཚོ་རུ་དྲུང་དཀོན་རིན་པོ་ཆེ་དཔོན་གཞོན་ནུ་སེངྒེ་གཉའ་གོང་བྲག་དཀར་ཁྲ་བོ་དེ་རྒན་གྱའི་བྲག་དཀར་ཡིན་ཞེས་གསུངས། ཤར་བསྐལ་ལྡན་རྒྱ་མཚོས་སྐྱིད་ཤོད་སྡེ་བ་བསྟན་འཛིན་བློ་བཟང་རྒྱ་མཚོའི་རྣམ་ཐར་ནང་དུ། རབ་བྱུང་བཅུ་གཅིག་པའི་བགྲང་བྱ་དགུ་བ་ཤིང་ཕག་ལོར(སྤྱི་ལོ༡༦༣༥)རྡོ་སྦིས་ལྕང་ཤར་གྱི་བླ་མ་རྒན་གྱའི་དགོན་དུ་ཕེབས། དྲུག་པའི་སྨོན་ལམ་ཆེན་མོ་ལ་དཔལ་འཁོར་ལོ་བདེ་མཆོག་གི་ཕོ་བྲང་གཉའ་གོང་བྲག་དཀར་དུ་བྱོན་ནས་སྨོན་ལམ་ཆེན་མོའི་གྲལ་དབུ་མཛད། གསས་ཁང་རབ་འབྱམས་པ་འཕྲིན་ལས་ཕུན་ཚོགས་དང་དབྱིག་ཀྱ་དཀའ་བཅུ་བ་ཀུན་དགའ་ལེགས་པ་གཙོས་པས་འདུས་པ་རྒྱ་མཚོའི་ཚོགས་དང་། ཁ་གྱ་རྒན་གྱའི་ཁྱིམ་པ་ཕོ་མོ་སྟོང་ཕྲག་དུ་མ་ཚོགས་པ་ལ་ཆོས་མང་དུ་བཤད། ཅེས་གསུངས་པ་ལས། སྐབས་དེར་གནས་འདིར་དགོན་པ་ཞིག་ཡོད་པ་མ་ཟད་ཁ་གྱའི་བསོད་ནམས་བཀྲ་ཤིས་དང་རིན་ཆེན་བཀྲ་ཤིས་ཀྱིས་བསྙེན་བཀུར་གང་ལེགས་བྱས་པ་སོགས་སྣང་།  ད་ལྟ་གུང་རུ་སྤྲུལ་སྐུ་གཙོས་པའི་དགོན་པའི་འདུ་ཁང་དང་གྲྭ་ཤོག་སོགས་དུ་མ་བཞེངས། གྲྭ་བཙུན་ཞལ་གྲངས་ལྔ་བཅུ་ལྷག་བཞུགས་ཡོད་པ་འདྲ།