གནམ་ཆོས་ཐུགས་ཀྱི་གཏེར་ཁ།
གནམ་ཆོས་ཐུགས་ཀྱི་གཏེར་ཁའི་ངོ་སྤྲོད་སྙིང་བསྡུས།
རྩོམ་སྒྲིགགནམ་ཆོས་ཐུགས་ཀྱི་གཏེར་ཁ་འདི་ཉིད་དུས་རབས་བརྒྱད་པའི་ནང་དུ་མཁན་སློབ་ཆོས་གསུམ་གྱི་སྐུ་རིང་ལ་བྱོན་པའི་སློབ་དཔོན་པདྨ་འབྱུང་གནས་ཀྱི་དངོས་སློབ་མཆིམས་ཕུའི་གྲུབ་ཆེན་ཉེར་ལྔའི་ཡ་གྱལ། ཤུད་པུ་དཔལ་གྱི་སེངྒེའི་རྣམ་རོལ་དུ་འཁྲུལ་མེད་དུ་གུ་རུ་པདྨཱ་ཀ་རས་ལུང་གིས་བསྔགས་པ་གཏེར་སྟོན་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ (སྤྱི་ལོ་ ༡༦༤༥-༡༦༦༧) ཉིད་དགུང་ལོ་བཅུ་གསུམ་བྱོན་པ་བྱ་ལོ་དབོ་ཟླ་བའི་མར་ངོ་ནས་བཟུང་ནག་པ་ཟླ་བའི་ཚེས་བདུན་བར་ཐུགས་རྗེ་ཆེན་པོ་འགྲོ་འདུལ་གྱི་ཞལ་དངོས་སུ་བསྟན་ཏེ་ཉིན་རེ་བཞིན་དུ་གནམ་ཆོས་རྡོ་རྗེའི་ཚིག་རྐང་གི་རྩ་ཚིག་རེ་དང་འགྲེལ་པ་སྦྲགས་ཏེ་གསུངས་པའི་མན་ངག་གི་ཟབ་གཏེར་ཁྱད་པར་ཅན་ཞིག་ཡིན།
ཆོས་འདི་གསང་སྔགས་རྙིང་མའི་ཐེག་པ་རིམ་པ་དགུའི་ནང་ཚན་ནང་རྒྱུད་སྡེ་གསུམ་གྱི་ཆོས་སྐོར་ལས་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གར་གཏོགས་ཤིང་། བརྒྱུད་པའི་དབང་དུ་བྱས་ན་རིང་བརྒྱུད་བཀའ་མ་དང་ཉེ་བརྒྱུད་གཏེར་མ་གཉིས་ལས། འདི་ནི་ཉེ་བརྒྱུད་གཏེར་མའི་ཆོས་སྐོར་ཡིན་པ་མ་ཟད། བཀའ་གཏེར་སྙན་བརྒྱུད་གསུམ་ཀ་ཚང་བར་གསུངས་ཏེ། ཟབ་ཆོས་འདིའི་ཁྲིད་ཡིག་ཏུ། ཐུགས་རྗེ་ཆེན་པོས་དངོས་སུ་གསུངས་པས་བཀའ་ཡིན། ཐུགས་གཏེར་ཡིན་པས་གཏེར་ཡིན། གཏེར་སྣོད་དང་ས་ལ་མ་བརྟེན་པས་གནམ་ཆོས་ཡིན། དངོས་སུ་སྙན་དུ་བརྒྱུད་པས་སྙན་བརྒྱུད་ཡིན་ནོ། །ཞེས་གསུངས།
སྤྱིར་གཏེར་ཆོས་ལ་ས་གཏེར་དང་དགོངས་གཏེར་སོགས་སྣ་ཚོགས་མཆིས་ཀྱང་། འདི་ནི་ཡི་དམ་ཐུགས་རྗེ་ཆེན་པོས་གཏེར་སྟོན་ཉིད་ལ་མདུན་གྱི་ནམ་མཁར་དངོས་སུ་ཞལ་བསྟན་ནས་གསུངས་པའི་སྙན་བརྒྱུད་ཟབ་མོ་ཡིན་ཞིང་། ས་གཏེར་ལྟར་གཏེར་གནས་དང་གཏེར་སྒྲོམ་ལ་མ་བརྟེན་པས་གནམ་ཆོས་སུ་གྲགས། ད་སྐབས་སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་གཏེར་བྱོན་གནམ་ཆོས་ཐུགས་ཀྱི་གཏེར་ཁའི་ཆོས་སྐོར་འདི་ལ་ད་ལྟ་དངོས་སུ་བཞུགས་པ་པོད་ཆེན་བཅུ་གསུམ་མཆིས།
གཏེར་ཆོས་འདིའི་ཉམས་ལེན་གྱི་བཀའ་བབས་གཙོ་བོ་སྔ་འགྱུར་རྙིང་མའི་མ་དགོན་ཆེན་མོ་དྲུག་ལས་ཤར་རྒྱལ་བ་དཔལ་ཡུལ་བ་ཡིན་ཞིང་། མན་ངག་འདིའི་བརྒྱུད་པའི་བཀའ་བབ་ཚུལ་ཡང་། གཏེར་སྟོན་ཆེན་པོ་སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་གཏེར་སློབ་གནམ་ཆོས་བཀའ་ཡི་སྡུད་པ་པོ་མཁས་གྲུབ་ཀརྨ་ཆགས་མེད་ (སྤྱི་ལོ་ ༡༦༡༣-༡༦༧༨) དང་། དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་གི་གདན་རབས་དང་པོ་རིག་འཛིན་ཆེན་པོ་ཀུན་བཟང་ཤེས་རབ་ (སྤྱི་ལོ་ ༡༦༣༦-༡༦༩༨) ནས་རིམ་པས་བརྒྱུད་ཅིང་། གདན་རབས་རིམ་བྱོན་གྱི་སྐུ་རིང་ལ་ཉམས་བཞེས་ཀྱི་གཙོ་བོ་གནམ་ཆོས་ཐུགས་ཀྱི་གཏེར་ཁ་འདི་ཉིད་ལ་མཛད་པས་ད་ལྟའི་བར་ཉམས་ལེན་གྱི་བརྒྱུད་པ་ཟམ་མ་མ་ཆད་པར་བྱུང་བ་དང་། ཉེ་བའི་རིགས་བདག་སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་མཆོག་དང་། གང་གི་ཐུགས་སྲས་མཆོག་སྤྲུལ་རྣམ་གསུམ་དང་། མཁན་ཆེན་རྣམ་གསུམ་དག་གི་བཀའ་དྲིན་ལས་ད་ལྟའི་ཆར་རྒྱ་གར་དང་། བལ་ཡུལ་དང་། འབྲུག་དང་། རྒྱ་ནག་སོགས་ཨེ་ཤ་ཡའི་ཡུལ་གྲུ་ཁག་དང་། ཨ་རི་སོགས་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུའང་སྐལ་ལྡན་འགྲོ་བའི་གོ་སྐལ་དུ་ཟབ་ཆོས་འདིའི་ཉམས་ལེན་གྱི་ཆོས་སྐོར་སྐལ་ལྡན་གདུལ་བྱའི་འཁོར་ཚོགས་སུ་དར་ཁྱབ་ཆེ་མུས་ཡིན།
འདིར་མདོར་བསྡུས་ཙམ་སྟེ། གཏེར་ཆོས་འདིའི་ལོ་རྒྱུས་རྒྱས་པར་ནི་གནམ་ཆོས་ཐུགས་ཀྱི་གཏེར་ཁའི་ཁྲིད་ཡིག་རྒྱས་འབྲིང་རྣམས་དང་། གཏེར་སྟོན་ཆེན་པོ་སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་རྣམ་ཐར་དང་། མཁས་གྲུབ་ཀརྨ་ཆགས་མེད་ཀྱི་མཛད་རྣམ་དང་། རིག་འཛིན་ཀུན་བཟང་ཤེས་རབ་སོགས་གནམ་ཆོས་ཉམས་ལེན་པའི་མཁས་གྲུབ་རིམ་བྱོན་རྣམས་ཀྱི་རྣམ་པར་ཐར་པ་ལས་མཁྱེན་པར་འཚལ།
ཆོས་སྐོར་འདིའི་ནང་ཉམས་ལེན་གྱི་ཆ་ལག་ལ། ཐུན་མོང་ཕྱིའི་སྔོན་འགྲོ་ནས་བཟུང་སྟེ་ཐུན་མིན་གཏུམ་མོའི་ཉམས་ལེན་དང་མན་ངག་རྫོགས་པ་ཆེན་པོ་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་བར་གྱི་ཟབ་དགུའི་གདམས་པ་ཡོངས་སུ་རྫོགས་པ་བཞུགས།
གནམ་ཆོས་ཐུགས་ཀྱི་གཏེར་ཁའི་བརྒྱུད་པའི་བླ་རབས།
རྩོམ་སྒྲིག- ཆོས་སྐུ་ཀུན་ཏུ་བཟང་པོ།
- རྡོ་རྗེ་འཆང་ཆེན།
- རྡོ་རྗེ་སེམས་དཔའ།
- ཐུགས་རྗེ་ཆེན་པོ།
- རིག་འཛིན་དགའ་རབ་རྡོ་རྗེ།
- རིག་འཛིན་ཤྲཱི་སིཾ་ཧ།
- སློབ་དཔོན་པདྨ་འབྱུང་གནས།
- རྡོ་རྗེ་དྲག་པོ་རྩལ།
- མཁས་གྲུབ་ཀརྨ་ཆགས་མེད།
- རིག་འཛིན་ཀུན་བཟང་ཤེས་རབ།
- པདྨ་ལྷུན་གྲུབ་རྒྱ་མཚོ།
- གྲུབ་དབང་པདྨ་ནོར་བུ།
- ཀརྨ་བཀྲ་ཤིས།
- ཀརྨ་དོན་དམ།
- ཀརྨ་འགྱུར་མེད།
- འགྱུར་མེད་ངེས་དོན་བསྟན་འཛིན།
- པདྨ་མདོ་སྔགས་བསྟན་འཛིན།
- མདོ་སྔགས་ཆོས་ཀྱི་ཉི་མ།
- རིག་འཛིན་དཔལ་ཆེན་འདུས་པ།
- པདྨ་གར་དབང་བསྟན་འཛིན།
- ཐུབ་བསྟན་ཆོས་ཀྱི་ཟླ་བ།
- གྲུབ་དབང་པདྨ་ནོར་བུ་སྐུ་ཕྲེང་གསུམ་པ།
- ཀརྨ་སྐུ་ཆེན། ཀརྨ་ཐེག་མཆོག་སྙིང་པོའི་ཡང་སྤྲུལ།
- མི་འགྱུར་གར་དབང་ཟིལ་གནོན་རྡོ་རྗེ།