གཞན་ཡུལ་དུ་སླེབས་པའི་ང་རང།

རྩོམ་ཡིག་གི་ཁུལ།

གཞན་ཡུལ་དུ་སླེབས་པའི་ང་རང་།



སྔོ་བསངས་ཀྱི་ནམ་མཁའ། །

བརྟན་ལྷིང་གི་རི་བོ། །

དྭངས་གཙང་གི་ཆུ་བོ། །

གཙང་དག་གི་མཁའ་རླུང་། །

ཨ་ཁ། །

བདག་ནི་དེ་དག་དང་བྲལ་ནས་གཞན་ཡུལ་དུ་སླེབས། །

རེད་ལགས། །

མ་གཞི་དེ་དག་ཚང་མ་རང་ཉིད་ཀྱི་འདུན་ལམ་ཆེད་དུ། །

རང་ཉིད་ཀྱི་ཕམ་ཁའི་རྨ་ཁ་གསོས་ཆེད་དུ། །

མ་ཡུམ་ཨ། །

མ་ཡུམ་། །

ངའི་མཛེས་སྡུག་ལྡན་པའི་ཕ་ཡུལ། །

བདག་ནི་ཁྱེད་དང་བྲལ་འདོད་མེད་བཞིན་དུ། །

འདི་ནས་བྲལ། །

བདག་ནི་གནོང་འགྱོད་སྐྱེ་བཞིན་དུ། །

ཁྱེད་དང་བྲལ། །

བདག་ནི་བློ་འཕམ་སྐྱེ་བཞིན་དུ། །

ཁྱེད་བཞག་ནས་འགྲོ་དགོས་བྱུང་། ། བདག་སེམས་གནོང་འགྱོད་ཀྱིས་བཅིངས་རུང་། །

བདག་སེམས་སྐྱོ་སྣང་གིས་བསླུབས་རུང་། །

གང་ལྟར་ཁྱེད་དང་བྲལ་དགོས་བྱུང་། །

ཕ་ཡུལ་དང་བྲལ་བའི་ང་། །

རྡོ་འཕོག་པའི་བྱིའུ་ཆུང་། །

ལྕགས་སྐྱུར་ཚུད་པའི་ཉ་མོ། །

རྐང་སྒྲོག་བཅིངས་པའི་བཙོན་པ། །

མདོར་ན། །

བསམ་ཚོད་ལས་འདས་པའི་གནས་སུ་གྱར། །

ངའི་བློ་སྟོབས། །

ངའི་སེམས་ཤུགས། །

དེ་དག་ཚང་མ། །

ཕ་ཡུལ་ནས་འདི་རུ་འཁུར་མ་ཐུབ། །

བྲལ་ཁའི་སྐྱོ་སྣང་གི་འཁུར་པོ་ལྗི་པོས། །

བདག་གིས་དེ་དག་འཁུར་མ་ཐུབ། །

བློ་ཕམ་སྐྱེ་བཞིན། །

སེམས་སྡུག་བྱེད་བཞིན། ། ཉི་མའི་འགྲོས་དང་མ་བསྟུན་ཀ་མེད་བྱུང་། །

སྐབས་རེ། །

གནས་འདི་ནས་ཁྱེད་ཀྱི་ཕྱོགས་ལ་རྒྱང་བལྟ་ཞིག་བྱེད་དུས། །

དངོས་གནས་ཁྱེད་ནི་གནས་འདི་དང་བསྡུར་ན། །

ལྷ་ཡུལ་དང་སྙམ། །

ཕ་ཡུལ་ཨྰ། ཕ་ཡུལ། །

ངའི་ཕ་ཡུལ། །

ཁྱེད་ནི་ངའི་སྟོབས་ཤུགས་ཀྱི་འབྱུང་རྩ། །

ཁྱེད་ནི་ངའི་སེམས་ཤུགས་ཀྱི་ས་བོན། །

གང་ལྟར། །

བདག་ནི་ཁྱེད་དང་བྲལ་བས། །

ཚང་མ་སྟོང་སང་ངེར་གྱུར། །

སྐབས་དེ་དུས། །

ངའི་མིག་མདུན་གྱི་ལམ་བུ། །

ཀྱག་གེ་ཀྱོག་གེར་གནས། །

བདག་འཚོ་ས་ཡི་འཇིག་རྟེན། །

ཟང་ངེ་ཟིང་ངེར་གནས། །