རྡོ་རྗེ་སེམས་དཔའ་གསང་བ་དྲི་མེད་ལས༔ བཤགས་པའི་སྙིང་པོ་སྦྱངས་པའི་རྒྱལ་པོ་བསྟན༔ ཨོཾ༔ གཞི་ཐོག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་༔ རྡོ་རྗེ་སེམས་དཔའ་རྡོ་རྗེ་དེ་བཞིན་གཤེགས༔ དཔའ་བོ་ཆེན་པོ་འགྲོ་བ་སྐྱོབ་པའི་མགོན༔ བདག་ལ་བརྩེར་དགོངས་ཡེ་ཤེས་སྤྱན་གྱིས་གཟིགས༔ ཨཱཿ གདོད་ནས་མ་སྐྱེས་ཡེ་ནས་རྣམ་དག་ཀྱང་༔ འཁྲུལ་ངོར་བློ་བུར་ཤར་བའི་ཀུན་རྟོག་ལས༔ མ་རིག་གཟུང་འཛིན་རྐྱེན་སྣང་ཉམས་ཆག་ཀུན༔ དག་ཆེན་ཆོས་དབྱིངས་ཡུམ་གྱི་ཀློང་དུ་བཤགས༔ བཛྲཿ གསང་བའི་བདག་པོ་རྡོ་རྗེའི་དམ་བསྒྲགས་པའི༔ སྐུ་གསུང་ཐུགས་གསང་ས་མ་ཡ་འབུམ་གྱི༔ དམ་ལས་ཉམས་ཤིང་ཚིག་ལས་འགལ་བ་གང་༔ རབ་ཏུ་གནོང་ཞིང་འགྱོད་པས་མཐོལ་ལོ་བཤགས༔ ས་ཏྭ༔ཉམས་པའི་སྐྱོན་དུ་གྱུར་པའི་དུས་འདས་ནས༔ ལས་ཀྱི་གཉེར་འཛིན་རྡོ་རྗེ་མཁའ་འགྲོ་ཡི༔ བཀའ་ཡི་ཆད་པ་དྲག་པོའི་རྒྱུར་གྱུར་པའི༔ འདི་ཕྱིའི་སྒྲིབ་གྱུར་དམྱལ་ཆེན་རྒྱུ་བསགས་བཤགས༔ ཧཱུྃ༔ འདོད་པའི་རྒྱལ་པོ་ཡེ་ནས་རྡོ་རྗེ་ཆེ༔ དམིགས་སུ་མེད་ཅིང་ཉམས་དང་བཤགས་པ་བྲལ༔ ཀུན་ཏུ་བཟང་པོ་ཡེ་རྫོགས་རིག་པའི་ཀློང་༔ འདུ་འབྲལ་མེད་པ་ཆོས་དབྱིངས་ཀློང་དུ་ཨཱཿ བཤགས་པའི་རྒྱལ་པོ་རྡོ་རྗེ་ཚིག་གསུམ་པ༔ འཁོར་བ་དོང་སྤྲུགས་ལྕགས་ཁམས་གསེར་འགྱུར་རྩིས༔ ཐེབ་པ་ཇི་བཞིན་མ་རིག་དམ་ཉམས་པ༔ བྱང་འགྱུར་འགྲོ་བ་སྐྱོབ་པའི་གདམས་པ་འདི༔ ཀུན་ཏུ་བཟང་པོའི་ཐུགས་ཀྱི་ཀློང་ལས་ཤར༔ པདྨས་ཕྱི་རབས་དོན་དུ་བརྡ་རིས་བཀོད༔ ང་སྤྲུལ་སྙིང་གི་བུ་དང་འཕྲད་པར་ཤོག༔ ས་མ་ཡ༔ གུ་ཧྱ༔ ཤུ་བྷཾ༔ ཁྲག་འཐུང་ལས་ཀྱི་དཔའ་བོས་བརྡ་རིས་ལས་ཕབ་པའོ༔