གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ་མཆོག་ནི་ ༡༧༦༢ ལོར་མདོ་སྨད་མཛོ་དགེ་ནས་འཁྲུངས་ཤིང་། ༡༨༢༣ ལོར་གཤེགས། ཁོང་ནི་སྐབས་འདིའི་མཁས་པའི་ནང་ནས་གཟེངས་སུ་ཐོན་ཞིང་། གསར་རྩོམ་གྱི་རིགས་ལ་ཡང་། བསླབ་བྱ་དང་ཆུ་ཤིང་གི་བསྟན་བཅོས་སོགས་མང་ཙམ་སྣང་། མཁས་པ་འདིའི་གསུང་བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག་ནི་ཆེས་གྲགས་ཅན་གྱི་བསླབ་བྱ་ཞིག་ཡིན་ཞིང་། དཔེར་ན།
སྡིག་གྲོགས་ཡིན་ཞེས་རྭ་ཅན་མི་འབྱུང་གིས།།
གཅེས་ཤིང་ཕན་པའི་ཟོལ་གྱིས་འཛུམ་བསྟན་ནས།།
རྩེ་རྒོད་གཡེང་བའི་གྲོགས་བྱེད་བག་མེད་ཀྱི།།
ལས་ལ་སྦྱོར་དེ་སྡིག་པའི་གྲོགས་ཡིན་པས།།
འགོ་བའི་ནད་བཞིན་རིང་དུ་སྤོངས་ཤིག་ཨང་།། ཞེས་དང་།
ཉིན་རེར་ཟས་ཀྱང་མི་དྲན་བརྩོན་འགྲུས་རྩོམ་།།
ཞུགས་མ་ཐག་ནས་མཁས་པའི་གོ་འཕང་འདོད།།
ཞག་གསུམ་ལོན་ཚེ་རྗེས་མེད་གཡེང་བས་ཁྱེར།།
དེ་འདྲ་དེ་ལ་ཅི་ཡང་མི་ཡོང་བས།།
བརྩོན་པ་ཆུ་བོའི་རྒྱུན་བཞིན་སྟེན་ཅིག་ཨང་།། ཞེས་དང་།
ཟབ་ཟབ་མན་ངག་ཟེར་དགུ་འཚོལ་བ་དང་།།
ཐོབ་ཐོབ་མང་པོའི་རྣམ་གྲངས་གསོག་བྱེད་ཅིང་།།
སྒྲ་སྙན་སྨན་རྩིས་སོགས་ལ་མགོ་འཁོར་བ།།
གཞུང་ལུགས་ཐོས་བསམ་རྣལ་མའི་གེགས་ཡིན་པས།།
རྩ་བ་བོར་ནས་ཡལ་ག་མ་འཛིན་ཨང་།། སོགས་ཀྱིས་མཚོན་ལ། བསླབ་བྱ་འདི་ལ་མཚོན་ན་ཚིགས་བཅད་རྣམས་གོ་སླ་ཞིང་། དཔེ་དང་རྒྱུ་མཚན་སོགས་ཀྱང་དོན་ལ་ཤིན་ཏུ་འཇུག་པ་བཅས་ཀྱིས་བསླབ་བྱ་འདིའི་འཕྲིན་ལས་ཀྱང་འཕེལ་བར་གྱུར་ལ། ད་དུང་ཚིགས་བཅད་གཅིག་ལ་ཚིག་རྐང་ལྔ་ཡོད་པའི་བསླབ་བྱ་ཞིག་ཡིན་བརྟེན་འབྲི་ཐབས་ཀྱི་ཆ་ནས་ཀྱང་ཆེས་ཐུན་མོང་མ་ཡིན་པ་ཞིག་ཆགས་འདུག་སྙམ་མོ།། ཡང་ཁོང་གིས་ས་སྐྱ་ལེགས་བཤད་དང་མཚུངས་པར་བརྩམས་པ་ཡིན་ཞེས་མཇུག་རྩོམ་དུ་བཀོད་པའི་ཤིང་གི་བསྟན་བཅོས་ལ་མཚོན་ན་ཡང་།
ཚེར་མ་ཟུག་པའི་ལན་དུ་སླར།།
ཁུ་ཚུར་བརྡེག་པ་བཞད་གད་རྒྱུ།།
གནོད་བྱེད་ལ་ཡང་སླར་ཁྲོ་བ།།
རང་ཉིད་ཉམས་པའི་རྒྱུ་རུ་ཟད།། ཅེས་དང་།།
རྗེ་དཔོན་བཟང་པོའི་བཀའ་དྲིན་གྱིས།།
གཡོག་འཁོར་མངའ་ཐང་དར་བར་འགྱུར།།
ལྗོན་པ་ཆེ་ལ་བརྟེན་པ་ཡིས།།
འཁྲི་ཤིང་རྩེ་མོ་དགུང་ལ་བསྙེགས།།
ཚེར་མའི་ཤིང་ལ་བརྟེན་བྱས་ན།།
གནད་དུ་ཟུག་པའི་སྡུག་བསྔལ་སྐྱེ།།
སྐྱེ་བོ་ངན་པ་རྟེན་བྱས་ཀྱང་།།
ཕྱི་ཕྱིར་སྡུག་བསྔལ་འབའ་ཞིག་བསྐྱེད།། སོགས་ཀྱིས་མཚོན་ནོ།། ཡང་ཁོང་གི་གསུང་ཉམས་མྱོང་རྒན་པོའི་འབེལ་གཏམ་ཡིད་འབྱུང་དམར་འཁྲིད་ལ་མཚོན་ན་ཡང་།
སྲིད་པའི་འབྲོག་དགོན་ཐང་དཀྱིལ་ན།།
རྒས་འཁོགས་རྒད་པོ་ཉལ་བ་ལ།།
ལང་ཚོས་དྲེགས་པའི་གཞོན་ནུ་ཞིག།
འོངས་ཏེ་ཅོ་འདྲི་འདི་སྐད་གླེང་།།
རྒད་པོ་འགྲོ་འདུག་བྱ་བྱེད་ཀུན།།
གཞན་དང་མི་མཐུན་ཅལ་ཅོལ་རང་།།
བྱེད་པའི་རྒྱུ་མཚན་ཅི་ཡིན་ཟེར།།
དེ་ལ་རྒད་པོས་ལན་སྨྲས་པ།།
ཡོག་ལི་ཤ་དར་ཁྲག་དར་གྱི།
འཕུར་མ་ལྡིང་ཁྱོད་ང་ལ་ཉོན།།
ང་ཡང་ལོ་འགའི་སྔོན་ཙམ་ན།།
ཁྱེད་ལས་ལྷག་སྒོས་ལྷག་ཅིག་ཡིན།།
བརྒྱུགས་ན་གྱི་ལིང་རྟ་ཡང་ཟིན།།
བཟུང་ན་བྱང་ཁའི་འབྲོང་ཡང་ཐུབ།།
ཡང་ཟོར་ནམ་མཁའི་བྱ་དང་མཚུངས།།
མཛེས་པ་ལྷ་ཕྲུག་གཞོན་ནུ་འདྲ།།
བཀྲག་མདངས་ཅན་གྱི་གོས་ཀྱང་གྱོན།།
རིན་ཐང་ཅན་གྱི་རྒྱན་ཡང་བཏགས།།
ཞིམ་མངར་ཅན་གྱི་ཟས་ཀྱང་ཟོས།།
བང་རྩལ་ཅན་གྱི་རྟ་ཡང་ཞོན།།
རྩེ་རྒོད་མ་བྱས་གཅིག་ཀྱང་མེད།།
དགའ་སྐྱིད་མ་མྱོང་གཅིག་ཀྱང་མེད།།
འཆི་བ་འོང་དོགས་ག་ལ་ཡོད།།
རྒ་བའང་ཐོག་ཏུ་འོང་མ་སྙམ།།
སོགས་གསུངས་ཏེ་རྒན་གཞོན་བར་གྱི་འགྱུར་བ་རྣམས་དྲངས་ཡོད་ཅིང་། མཐར་ཆོས་བསྟེན་དགོས་པའི་བསླབ་བྱ་མཛད་ཡོད། འདི་ཡང་རྩོམ་སྲོལ་རིགས་གསར་པ་ཞིག་གི་ཁོངས་སུ་ཨེ་འགྲོ་སྙམ་ནས་བཀོད།
ཡོང་ཁུངས། རབ་གསལ་མེ་ལོང་དྲ་རྒྱ།