ངག་ཆུང་ཟིན་བྲིས་
༄༅། ། སྙིང་ཐིག་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་གི་ཟིན་བྲིས་བཞུགས་སོ། ། རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། ། རྒྱུད་རྡོ་རྗེ་རྩེ་མོ་ལས། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། ། ཤིན་ཏུ་བསམ་པ་བཟང་དང་ལྡན་པས་ཉོན། ། བརྗེད་ངས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། ། དུས་གསུམ་རྒྱལ་བ་རྣམས་ཀྱིས་བྱིན་མི་རློབས། ། ཞེས་པས། དམ་པའི་ཆོས། ཉན་དུས། འཆད་དུས། སྒྲུབ་དུས། སྒོམ་དུས་གང་གི་སྐབས་ཡིན་ཀྱང་། དང་པོ། རང་གི་སེམས་ཁ་ནང་དུ་ལོག་སྟེ་རང་རྒྱུད་ལ་བརྟག་དགོས་ཏེ། མི་ཞིག་ཡིན་ནས་བཟུང་ཡང་ན་མི་དགེ་བ་ཆགས་སྡང་རྨོངས་གསུམ་གྱི་རྟོག་པའམ། ཡང་ན། ལུང་མ་བསྟན་གྱི་རྟོག་པ། ཡང་ན་དགེ་བའི་རྟོག་པ་དད་ངེས་འབྱུང་བྱང་ཆུབ་ཀྱི་སེམས་ཏེ་རྟོག་པ་དེ་གསུམ་མ་གཏོགས་སྐྱེ་མི་ཤེས་པས། མི་དགེ་བའི་རྟོག་པ་སྐྱེས་འདུག་ན་རང་གིས་རང་ལ་ཁྲེལ་བརྡས་ཏེ་རྟོག་པ་འབུར་འཇོམས་ཀྱིས། ཀོང་བུ་དྲོ་ཕྱིས་རྒྱོབས། ཕག་སྣ་གཏུན་བུས་བསྣུན་ཟེར་བ་བཞིན་མི་དགེ་བའི་རྟོག་པ་སྤངས། ལུང་མ་བསྟན་གྱི་རྟོག་པ་བཅོས། དགེ་བའི་རྟོག་པ་ཁྱད་པར་ཅན་གྱི་སྒོ་ནས་ཉན་འཆད་སྒོམ་སྒྲུབ་བྱེད་དགོས་མ་གཏོགས་ཕྱི་ལུས་ངག་གཉིས་བཅོས་ན་ཚུལ་འཆོས་སུ་འགྲོ་བས། ཆེད་དུ་བརྗོད་པའི་ཚོམ་ལས། རལ་བས་མ་ཡིན་དབྱུག་པས་མིན། ། ཞེས་དང་། རང་གི་སེམས་ནི་ཡོངས་སུ་འདུལ། ། འདི་ནི་སངས་རྒྱས་བསྟན་པ་ཡིན། ། གསུངས་པ་ལས ། ལུས་ངག་གཉིས་ཀྱི་ཚུལ་འཆོས་ན། ། འདི་ནི་སངས་རྒྱས་བསྟན་པ་ཡིན། ། མ་གསུངས་པས། མདོ་ལས། སེམས་དག་པས་ནི་ལུས་དག་པར་འགྱུར་གྱི། ལུས་ཆ་བས་ནི་སེམས་མ་ཡིན་ནོ། ། གསུངས་པ་བཞིན་བནྡེ་རྣམས་ནི་གསོན་པོའི་སྐྱབས་འཇུག་ཞུ་ས། ཤི་པོའི་ར་མདའ་སྦྲན་རྒྱུ་ཡིན་པས་རང་གི་སེམས་ཀྱི་ནད་བཅོས་དགོས། སེམས་ཀྱི་ནད་ལས་དང་ཉོན་མོངས་པའི་ནད་བཅོས་རྫས་པོ་དམ་པའི་ཆོས་ཡིན། ཆོས་ཀྱི་སྒྲ་ཐོགས་ས་བཅུ་ཙམ་ཡོད་པ་ལས་འདི་ནི་དམ་པའི་ཆོས་ཞེས་པའི་དམ་སྒྲ་ཐོགས་པའི་ཆོས་དེ་ཡིན་ནོ། ། ངེས་ཚིག་ནི་ནད་སྨན་གྱིས་བཅོས་པ་བཞིན་སེམས་མི་དགེ་བའི་ལོག་ལམ་ནས་འཆོས་པའི་དོན་གྱིས་ཆོས་བཅོས་འཆོས་རྣམས་དོན་གཅིག བཅོས་རྫས་ཆོས་དེ་ལ་ཡིད་ཆེས་དགོས་ཏེ་དམ་པའི་ཆོས་ནི་འཁོར་བ་དང་ངན་སོང་གི་འཇིགས་པ་མཐའ་དག་ལས་སྐྱོབས་པ་དང་། འདི་ཕྱི་གཉིས་ཀྱི་ཕན་པ་དང་བདེ་བའི་འབྱུང་ཁུངས་ཡིན་པས་ན་བསྟན་པ་དམ་པའི་ཆོས་ནི་འདི་ཕྱི་བར་དོ་གསུམ་ལ་མི་བསླུ་བར་ཤེས་ནས་ཡིད་ཆེས་དགོས་ཏེ། ཇི་སྐད་དུ། དད་པ་འཁོར་ལོ་རིན་པོ་ཆེ། ། ཉིན་མཚན་དགེ་བའི་ལམ་ལ་སྦྱོར། ། ཞེས་དང་། དད་པ་སྔོན་འགྲོ་མ་ལྟར་སྐྱེད་པ་སྟེ། ། ཆོས་རྣམས་ཀུན་གྱི་རྩ་བ་དད་པའོ། ། ཞེས་པས། དེ་ལྟ་བུའི་བསྟན་པ་དམ་པའི་ཆོས་དེ་སྟོན་པ་པོ་ནི། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། ། ཞེས་སྟོན་པ་བླ་ན་མེད་པ་མཚུངས་པ་མེད་པ་མཉམ་མེད་ཤཱཀྱའི་རྒྱལ་པོ། ཤཱཀྱ་སེང་གེ་ཆོས་སྐུའི་དུས་ན་ཀུན་ཏུ་བཟང་པོ། ལོངས་སྐུའི་དུས་ན་རྡོ་རྗེ་འཆང་ཆེན། སྤྲུལ་སྐུའི་དུས་ན་ཤཱཀྱ་ཐུབ་པ་འགྲོ་བའི་མགོན་པོ་དེས་བསྟན་པ་ཡིན། སྟོན་པ་མཚུངས་པ་མེད་ཚུལ་བློན་པོ་བྲམ་ཟེའི་ཁྱེའུ་རྒྱ་མཚོའི་རྡུལ་གྱིས་ཐུགས་བསྐྱེད་ཚུལ་དང་། བསྟན་པ་མཚུངས་པ་མེད་ཚུལ། ལེའུ་བདུན་མ་ལས། སངས་རྒྱས་བསྟན་པ་རྨད་བྱུང་བསམ་ཡས་ལས། ། ཁྱད་པར་འཕགས་པའི་བསྟན་པ་རྣམ་གསུམ་བྱུང་། ། ཞེས་པས་སྔོན་འདས་པའི་བསྐལ་བ་བྱེ་བའི་གོང་རོལ་ཏུ་བསྐལ་བ་ཀུན་བཀོད་ཞེས་བྱ་བར་སངས་རྒྱས་སྔོན་བྱུང་གི་རྒྱལ་པོ་ཞེས་བྱ་བའི་བསྟན་པ་ལ་གསང་སྔགས་རྡོ་རྗེ་ཐེག་པ་བྱུང་ལ། མ་འོངས་པའི་བསྐལ་བ་མེ་ཏོག་བཀྲམ་པ་ལ། སངས་རྒྱས་འཇམ་དཔལ་དབྱངས་ཞེས་བྱ་བའི་བསྟན་པ་ལ་གསང་སྔགས་ཉིད་རྒྱ་ཆེར་འབྱུང་ལ། ད་ལྟ་ཤཱཀྱ་ཐུབ་པའི་བསྟན་པ་ལ་གསང་སྔགས་རྡོ་རྗེ་ཐེག་པ་རྒྱ་ཆེར་བསྟན་ནས་བསྐལ་བ་དེ་གསུམ་མ་གཏོགས་འགྲོ་བ་རྣམས་སྣོད་དུ་མ་གྱུར་པའི་ཕྱིར་རོ། ། འོ་ན་འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལས། འདས་པའི་སངས་རྒྱས་རྣམས་ཀྱི་གསུངས། ། མ་འོངས་རྣམས་ཀྱང་གསུང་འགྱུར་ལ། ། ཞེས་པ་ཅི་ཞེ་ན། གསང་སྔགས་ཁྱབ་བརྡལ་དུ་མ་གྲགས་པ་ལ་དགོངས་སོ། ། ད་ལྟའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཞིང་འདིའི་མིང་ལ་སྟོང་གསུམ་མི་མཇེད་འཇིག་རྟེན་གྱི་ཞིང་ཞེས་པ་བཟང་ཆེས་པས་མི་མཇེད་ཟེར་བ་མིན་ཏེ། ངན་ཆེས་པས་མི་མཇེད་ཟེར་ནི་ཡིན་པས། དེའི་སེམས་ཅན་རྣམས་རྒྱུད་འདོད་ཆགས་དང་མི་མཇེད། ཞེ་སྡང་དང་མི་མཇེད། གཏི་མུག་དང་མི་མཇེད་པས་མི་མཇེད་འཇིག་རྟེན་གྱི་ཁམས་ཟེར་རོ། ། སྟོན་པ་མཚུངས་པ་མེད་པ་དེས། སྐྱོབས་པ་བླ་མེད་དམ་ཆོས་རིན་པོ་ཆེ། ། ཞེས་པས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཞིག་གསུངས་པ་དེ་རྣམས་ཚུར་བསྡུ་ན། གསུང་རབ་ཡན་ལག་བཅུ་གཉིས་ལ་འདུ། དེ་རྣམས་སྡེ་སྣོད་གསུམ་ལ་འདུ། དེ་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཞེས་པ་དེ་སྡེ་སྣོད་གསུམ་ལུང་གི་ཆོས་ཞེས། རྫ་མའི་ལུང་། སྒྲོ་བའི་ལུང་ཐག་ལྟ་བུའི་ཚིག་དེ་ལ་བརྟེན་ནས་རྟོགས་པའི་ཆོས་འབྱུང་དགོས་པས་ལུང་དང་། སྡེ་སྣོད་གསུམ་པོའི་བསྟན་དོན་ལམ་ལྷག་པའི་བསླབ་པ་གསུམ་ནི་རྟོགས་པའི་ཆོས་ཡིན། དེ་ལ་ལམ་ལྷག་པའི་བསླབ་པ་ཞེས་པ་ནི་ལྷག་པ་དེ་ནི་ཕྱི་རོལ་པའི་ཁྱི་དང་བ་ལང་གི་བརྟུལ་ཞུགས་དང་རང་རང་གི་ཏིང་ངེ་འཛིན་སོགས་ཡོད་ཀྱང་ལམ་དེས་ནི་ཐར་པ་དང་ཐམས་ཅད་མཁྱེན་པ་མི་འཐོབ། ནང་པ་སངས་རྒྱས་པའི་ལམ་ལྷག་པའི་བསླབ་པས་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པས་ལྷག་པའི་བསླབ་པ་ཞེས་བྱའོ། ། མདོ་སྔགས་གཉིས་ཀའི་ཆོས་ཐམས་ཅད་སྡེ་སྣོད་གསུམ་དང་བསླབ་པ་གསུམ་གྱི་ར་བ་ལས་མི་འདའ། ཐེག་དམན་ལ་འདུལ་བ་མདོ་སྡེ་མངོན་པའི་སྡེ་སྣོད་གསུམ་རིམ་བཞིན་དེ་དག་གི་བསྟན་དོན་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ཏིང་ངེ་འཛིན་གྱི་བསླབ་པ་དང་། ཤེས་རབ་ཀྱི་བསླབ་པ་གསུམ་མོ། ། བྱང་ཆུབ་སེམས་དཔའི་ལམ་གྱི་རྩ་ལྟུང་གི་རབ་དབྱེ་སྟོན་པའི་བཀའ་ཐམས་ཅད་འདུལ་བའི་སྡེ་སྣོད། དེའི་བསྟན་དོན་ཐམས་ཅད་ཚུལ་ཁྲིམས་ཀྱི་བསླབ་པ། ཏིང་ངེ་འཛིན་གྱི་སྒོ་ཇི་སྙེད་ཅིག་སྟོན་པའི་མདོ་ཐམས་ཅད་མདོ་སྡེ། དེའི་བསྟན་དོན་དལ་འབྱོར་རྙེད་དཀའ་བསྒོམ་པ་སོགས་ཐམས་ཅད་ཏིང་ངེ་འཛིན་གྱི་བསླབ་པ། སྟོང་ཉིད་བཅུ་དྲུག་གམ། ཉི་ཤུ་པོ་ཐམས་ཅད་ཀྱི་རྗོད་བྱེད་ཐམས་ཅད་མངོན་པའི་སྡེ་སྣོད། དེའི་བརྗོད་བྱ་ཐམས་ཅད་ཤེས་རབ་ཀྱི་བསླབ་པ་ཡིན། གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་གི་གནས་རྣམས་ཀྱི་རྗོད་བྱེད་འདུལ་བའི་སྡེ་སྣོད། དེའི་བསྟན་དོན་ཚུལ་ཁྲིམས་ཀྱི་བསླབ་པ། བསྐྱེད་རྫོགས་ཐུན་མོང་བའི་རྗོད་བྱེད་མདོ་སྡེ། དེའི་བསྟན་དོན་ཏིང་ངེ་འཛིན་གྱི་བསླབ་པ། རྫོགས་པ་ཆེན་པོའི་རྗོད་བྱེད་རྣམས་མངོན་པའི་སྡེ་སྣོད། དེའི་བསྟན་དོན་ཤེས་རབ་ཀྱི་བསླབ་པའོ། ། མདོར་ན་དེ་དག་གི་གཞུང་དང་བརྗོད་བྱ་རྣམས་སྡེ་སྣོད་གསུམ་དང་བསླབ་པ་གསུམ་གྱི་ནང་དུ་མ་འདུས་པ་མེད་དོ། ། དེ་ལྟ་བུའི་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་པ་པོ་དེ་སུ་ཡིན་ན། འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། ། ཞེས་པས་དགེ་འདུན་པས་འཛིན་པ་མ་གཏོགས། འགྲོ་བ་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། སྐྱེ་དགུའི་བདག་པོ་དང་བཅས་པས་མི་འཛིན། འཛིན་པ་པོ་འཕགས་པའི་དགེ་འདུན་པ་ཡིན་ལ། དགེ་འདུན་དེའི་འཛིན་ལུགས་ལུང་གི་ཆོས་འཆད་ཉན་གཉིས་ཀྱི་སྒོ་ནས་འཛིན་དགོས། རྟོགས་པའི་ཆོས་སྒྲུབ་པ་ཉམས་ལེན་གྱི་སྒོ་ནས་འཛིན་དགོས། ང་རང་ཡང་དགེ་འདུན་པའི་གྲལ་དུ་ཚུད་དགོས་པས་བདག་ཅག་རྣམས་ཀྱི་ཁ་མར་འཁོར་ནས་འཇིག་རྟེན་པའི་རྒད་པོ་རྒན་མོ་རྣམས་དང་བསམ་སྤྱོད་མཐུན་པར་བྱས་ན། དེ་རྣམས་ཀྱིས་ཀྱང་བན་རུལ་བན་རུལ་ཟེར་འོང་བས་བནྡེ་རུལ་བ་ཟེར་བ། ཚུལ་ཁྲིམས་ལ་སྐྱོན་ཞུགས། ཏིང་ངེ་འཛིན་ལ་སྐྱོན་ཞུགས། ཤེས་རབ་ལ་སྐྱོན་ཞུགས་པ་ཡིན་པས། ད་དེ་མི་བྱེད་པར་ཁ་ཡར་ལ་འཁོར་ནས་བདག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཡིན། བདག་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགྲོ་བའི་ལམ་ནི་བསྟན་པ་དམ་པའི་ཆོས་རྒྱལ་བའི་ལུང་རྟོགས་ཀྱི་ཆོས་དེ་ཡིན། བདག་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགྲོ་བའི་གྲོགས་རྗེ་བཙུན་འཇམ་དཔལ་དབྱངས་དང་ད་ལྟའི་ཆོས་ཐུན་འདིའི་གྲལ་དུ་བཞུགས་པའི་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཡིན་ཞེས། ཁྱི་མིག་ཐུར་བལྟས་མི་བྱེད་པར་བྱ་མིག་གྱེན་བལྟས་བྱས་ནས་རང་དགེ་འདུན་གྱི་གྲལ་དུ་བསྡད་ནས་ཆོས་བཙོང་ཞིག་ལ་ཁ་ས་མི་འཐེན་པར་ལུང་རྟོགས་ཀྱི་ཆོས་དེ་འཛིན་དགོས། དེའི་མིང་ལ་འདྲེན་པ་དགེ་འདུན་པ་ཟེར། དགེ་འདུན་ཞེས་པ་དེ་ཡང་ལམ་ལྷག་པའི་བསླབ་པ་གསུམ་ལ་ཐུགས་འདུན་པ་མ་གཏོགས། དེ་ལ་སྡིག་འདུན་པ་མི་ཟེར། ཚོང་འདུན་པ་མི་ཟེར། གྱོད་འདུན་པ་མི་ཟེར། དམེ་འདུན་པ་མི་ཟེར་རོ། ། འདྲེན་པ་ནི་རང་གི་ཕྱི་སོའི་འཇིག་རྟེན་པ་རྣམས་ལ་རང་གྲོལ་བའི་ལམ་དེ་བསྟན་ནས་གྲོལ་ནས་གྲོལ་བའི་ལམ་ཡང་སྟོན་ནས་དེ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་ལག་པ་ནས་དྲངས་བ་ལྟར་འདྲེན་པས་འདྲེན་པ་དགེ་འདུན་པ་ཞེས་བྱའོ། ། འཇིག་རྟེན་པ་རྣམས་ཀྱི་སྟོན་པ་རང་རང་གི་རྒྱལ་པོ་རྣམས་དང་། ལམ་མི་དགེ་བ་དང་། གྲོགས་མི་དགེ་བའི་གྲོགས་ཚོང་པ་རྐུན་མ་རྔོན་པ། མནའ་ཟ་གྲོགས། གཏམ་སྣོགས་གྲོགས། དགེ་འཇིག་གྲོགས་རྣམས་ཡིན་པས་བདག་དེའི་ལམ་ལ་འཇུག་མི་ཉན་པས་ད་ཁེ་ཉེན་ཤེས་པས་དེ་ལྟར་བྱེད་རེ་ཤི་སྙམ་པའོ། ། དེ་ལ་རིན་ཆེན་རྣམ་གསུམ་ཞེས། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། ། སྐྱོབས་པ་བླ་མེད་དམ་ཆོས་རིན་པོ་ཆེ། ། འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། ། ཞེས་པས་དེ་རྣམས་དཀོན་མཆོག་གསུམ་ཞེས་འཇིག་རྟེན་ན་རིན་པོ་ཆེ་གསེར་དང་དངུལ་ཡིད་བཞིན་གྱི་ནོར་བུ་སོགས་མི་དཀོན་ཡིད་བཞིན་ནོར་བུ་རིན་པོ་ཆེ་དེ་ཡང་རྒད་པོ་བསོད་ནམས་ཆེན་པོ་རེས་ལོན་རྒྱུ་ཡོད། རྒྱལ་པོ་སྤྱན་མེད་འབྱོར་ལྡན་ནམ་ཨིནྡྲ་བྷཱུ་ཏིས་ཀྱང་ལོན་ཀྱང་། ཡིད་བཞིན་གྱི་ནོར་བུས་ཚེ་འདིའི་ཟས་གོས་གནས་མལ་ཡོ་བྱད་ཙམ་འབྱུང་བ་མ་གཏོགས། འདི་ཕྱི་གཉིས་ཀྱི་འཇིགས་དང་སྡུག་བསྔལ་མཐའ་དག་མི་སེལ། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་པོས་འདི་ཕྱི་གཉིས་ཀྱི་འཇིགས་དང་སྡུག་བསྔལ་མཐའ་དག་སེལ། འདི་ཕྱི་གཉིས་ཀྱི་ཕན་བདེ་ལེགས་ཚོགས་ཐམས་ཅད་འབྱུང་བས། འཇིག་རྟེན་ན་དཀོན་མཆོག་རྣམ་གསུམ་ཞེས་དཀོན་པས་ན་དཀོན་མཆོག་ཟེར་རྒྱུ་རེད་མ་གཏོགས། མོད་མཆོག་ཟེར་ནི་མ་རེད། དེ་ལྟར་དཀོན་མཆོག་རྣམ་པ་གསུམ་གྱི་ཁོག་ཕུབ་ནས་དམ་པའི་ཆོས་ཉན་དུས་བཤད་དུས་སྒྲུབ་དུས་གང་གི་དུས་ཡིན་ན་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་ར་བ་ལས་མི་འདའ་བ་ཤེས་དགོས་ལ། ད་དེ་ལྟ་བུའི་དཀོན་མཆོག་རྣམ་པ་གསུམ་ལས་སངས་རྒྱས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་པ་པོ་ཡིན། ངས་ནི་ཁྱོད་ལ་ཐར་པའི་ལམ་བསྟན་གྱི། ། ཐར་པ་རང་ལ་རག་ལས་བརྩོན་པར་གྱིས། ། གསུངས་སོ། ། ཆོས་ནི་སྐྱོབ་པ་པོ་ཡིན་མ་གཏོགས་སངས་རྒྱས་ཀྱིས་མི་སྐྱོབ་སྟེ་ལྷས་བྱིན་གྱིས་དེ་བཞིན་གཤེགས་པའི་ཞབས་ཀྱི་མཐེ་བོང་ནས་བཟུང་སྟེ་གོའུ་ཏ་མ་འབར་རབ་ཏུ་འབར། ཚིག་རབ་ཏུ་ཚིག་ཞེས་སྨྲེ་ངག་བཏོན་པ་ན་ལྷས་བྱིན་ཁྱོད་སྙིང་ཐག་པ་ནས་སངས་རྒྱས་ལ་སྐྱབས་སུ་མཆིའོ། ། ཆོས་ལ་སྐྱབས་སུ་མཆིའོ། ། དགེ་འདུན་ལ་སྐྱབས་སུ་མཆིའོ། ། ཞེས་རྗོད་ཅིག་ཅེས་ཆོས་སྟོན་པ་མ་གཏོགས་སངས་རྒྱས་ཀྱིས་ཐར་པའི་སར་རྡོ་འཕེན་འཕེན་བྱེད་རྒྱུ་མེད་ན་རང་གི་ཆོས་ཞིག་མ་སྒྲུབ་ན་སུས་ཀྱང་ཐར་པའི་གོ་འཕང་དུ་འཕེན་རྒྱུ་མེད། ཆོས་འཛིན་པ་པོ་དེ་དགེ་འདུན་པ་ཡིན་པས་འཛིན་རྒྱུའི་ཆོས་དེ་ལ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཞིག་ཡོད་པས་དེ་རྣམས་བསྡུ་ན་གསུང་རབ་ཡན་ལན་བཅུ་གཉིས། དེ་བསྡུ་ན་སྡེ་སྣོད་གསུམ། དེ་བསྡུ་ན་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་གཉིས་ལ་འདུ། དེ་ཐེག་པའི་དབང་དུ་བྱས་ན་འཇིག་རྟེན་པའི་ཐེག་པའམ། མངོན་མཐོ་ལྷ་མིའི་ཐེག་པ། འཇིག་རྟེན་ལས་འདས་པའི་ཐེག་པའམ་རྣམ་གྲོལ་གྱི་ཐེག་པ་ཞེས་བྱའོ། ། འཇིག་རྟེན་པའི་ཐེག་པ་ཞེས་པ་ནི། འོག་མ་ངན་སོང་གསུམ་གྱི་གནས་ནས་མཐོ་རིས་ལྷ་མིའི་གོ་འཕང་ལ་ཐེག་པས་ན་འཇིག་རྟེན་པའི་ཐེག་པ་ཞེས་བྱའོ། ། འཇིག་རྟེན་ལས་འདས་པའི་ཐེག་པ་དེ་ལ་གཉིས། ཐེག་དམན་ཉན་རང་གི་ཐེག་པ་ཞེས་དེའི་ལམ་དེས་ནི་ཞི་བ་ཉན་རང་གི་གོ་འཕང་ལ་ཐེག་པས་ན་ཉན་རང་གི་ཐེག་པ་ཞེས་བྱའོ། ། ཐེག་པ་ཆེན་པོའི་ཐེག་པ་ནི་མཐའ་གཉིས་ལ་མི་གནས་པ་རྫོགས་པའི་སངས་རྒྱས་ཀྱི་གོ་ས་ལ་ཐེག་པས་ན་ཐེག་པ་ཆེན་པོ་ཞེས་བྱའོ། ། ལམ་རིམ་དེ་རྣམས་ཀྱི་གཞུང་ངོས་འཛིན་ས་བོ་ནི་རྒྱལ་བའི་བཀའ་དང་རྗེས་འཇུག་གི་བསྟན་བཅོས་གཉིས་ཡིན། དེ་རྣམས་ནི་བཀའ་རྒྱ་ཆེ་ལུང་གྲངས་མང་མན་ངག་འཐོར་བུའི་ཚུལ་དུ་བཞུགས་པས་ཤེས་བྱའི་གནས་ལ་ཟད་པའི་མཐའ་མེད་སྙིགས་དུས་ཀྱི་ཚེ་ཐུང་ཞིག་གིས་སྒྲུབ་པ་ལྟ་ཞོག་དེ་རྣམས་ཤེས་པར་ཡང་མི་འགྱུར་ན། ས་ར་ཧས། བླ་མའི་མན་ངག་ཞེས་བྱ་བདུད་རྩིའི་ཆུ། ། གདུང་སེལ་བསིལ་བ་ངོམས་པར་མི་འཐུང་བས། ། དེས་ནི་བསྟན་བཅོས་དོན་མང་མྱ་ངན་གྱི། ། ཐང་ལ་སྐོམ་སྟེ་གདུང་ནས་འཆི་བར་ཟད། ། ཅེས་པས། ད་དེ་གསུམ་པོ་དེ་ནི་ལམ་གྱི་རིམ་པ་ཞིག་ལ་བསྡུ་ན་འཇིག་རྟེན་པའི་ཐེག་པ་དེ་སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པ། ཐེག་པ་དམན་པ་ཉན་རང་གི་ཐེག་པ་དེ་སྐྱེས་བུ་འབྲིང་གི་ལམ་གྱི་རིམ་པ། ཐེག་པ་ཆེན་པོ་དེ་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ། དེ་ལ་གསར་མའི་ལམ་རིམ་ཆུང་འབྲིང་ཆེ་གསུམ། ས་སྐྱའི་སྣང་གསུམ་རྒྱུད་གསུམ། རྙིང་མའི་རྫོགས་པ་ཆེན་པོ་སེམས་ཉིད་ངལ་བསོ་སོགས་ཡིན། དེ་ལྟར་བླ་མའི་མན་ངག་གི་སྟེང་ནས་ཤེས་དགོས། དེ་ལ་སྐྱེས་བུ་ཆེན་པོའི་ལམ་རིམ་མམ་ཐེག་པ་དེ་ལ་རིང་ལམ་མཚན་ཉིད་ཐེག་པ། ཉེ་ལམ་རྡོ་རྗེ་ཐེག་པ། མྱུར་ལམ་འོད་གསལ་རྫོགས་པ་ཆེན་པོ་གསུམ། བདམ་ཁ་ཞིག་བྱེད་ན། རིང་ལམ་ནི་བསྐལ་པའི་མཐའ་རྫོགས་པའི་སངས་རྒྱས་སྒྲུབ་ནི་རེད། དེ་ནི་རིང་ཡོད་ཁི། ཉེ་ལམ་རྡོ་རྗེ་ཐེག་པ་ལ་ནང་གསེས་རིང་ལམ་ཉེ་ལམ་མྱུར་ལམ་གསུམ་ལས། ཕྱི་རྒྱུད་ཀྲཱྀ་ཡོག་སྡེ་གསུམ་གྱིས་མི་ཚེ་ལྔ་དང་བདུན་དང་བཅུ་དྲུག་གིས་སངས་རྒྱས་སྒྲུབ་ཀྱང་དེ་ཡང་བསླབ་མི་ནུས། ཉེ་ལམ་མ་ཧཱ་ཨ་ནུ་གཉིས་ཀས་ཚེ་གཅིག་ལུས་གཅིག་གིས་ཟུང་འཇུག་གྲུབ་ནི་རེད་ཀྱང་། བསྐྱེད་རིམ་གྱི་ལྷ་མཛུབ་བུ་ཙམ་ཡང་ཡིད་ལ་འཆར་ཁ་མི་ཉན། རྫོགས་རིམ་གྱི་རླུང་ཁུག་གཅིག་ཀྱང་མི་ཟིན་ན་དེ་ཡང་སྒྲུབ་དཀའ་བས། ད་འོད་གསལ་རྫོགས་པ་ཆེན་པོ་ལོ་དང་ཟླ་བས་ཟུང་འཇུག་གི་གོ་འཕང་འགྲུབ་པས་རེ་ཞིག་སྒྲུབ་དགོས་བསམ་ན་བླ་མའི་མན་ངག་ལ་ལྟོས་ནི་མ་གཏོགས་སྒྲུབ་མི་ཤེས་པས། ས་ར་ཧས། བླ་མའི་མན་ངག་ཞེས་བྱ་བདུད་རྩིའི་རོ། ། གང་ལ་སེམས་མཉམ་འཇོག་པ་དེ་ཙམ་ཞིག ། ཅེས་པས་བླ་མའི་མན་ངག་གི་སྒོ་ནས་ཉམས་སུ་བླང་དགོས། ད་རྫོགས་པ་ཆེན་པོ་དེ་ལ་རྒྱུད་ཀྱི་ལྡང་ཚད་ཀྱི་དབང་གིས་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི། དེ་བསྡུ་ན་སེམས་ཀློང་མན་ངག་གི་སྡེ་གསུམ། མན་ངག་གི་སྡེ་ལ་ཕྱི་སྐོར་ནང་སྐོར་གསང་སྐོར་ཡང་གསང་བླ་ན་མེད་པའི་སྐོར་དང་བཞི་སྟེ། ཨ་ཏི་བཀོད་པ་ཆེན་པོ་ལས། ཕྱི་སྐོར་ལུས་དང་འདྲ་སྟེ་ཐ་སྙད་རྒྱ་ཆེར་བསྟན། ཞེས་པས་ཕྱི་ནང་ཐམས་ཅད་ཀ་དག་ཁྲེགས་ཆོད་གཏན་ལ་དབབ་པ་ལ་ཧ་ལམ་འདྲ་ཡང་ལྷུན་གྲུབ་ཐོད་རྒལ་གཏན་ལ་དབབ་པ་ལ་ཕྱི་སྐོར་དུ་གཞི་གདོད་མའི་གནས་ཚུལ་རྒྱ་ཆེར་བཤད་པ་ལས། ལམ་ཉམས་སུ་ལེན་ཚུལ། བར་དོའི་འཆར་ཚུལ། མཐར་ཐུག་འབྲས་བུའི་གྲོལ་ཚུལ་མ་བཤད། ནང་སྐོར་མིག་དང་འདྲ་སྟེ་མཐོང་བ་བརྡ་ཡི་ཆོས། ཞེས་པས་ནང་སྐོར་དུ་ལམ་དཔེ་དོན་རྟགས་གསུམ་གྱིས་ངོ་སྤྲོད་པ་ཙམ་བཤད་ཀྱང་གཞིའི་གནས་ཚུལ། མཐར་ཐུག་འབྲས་བུའི་གྲོལ་ཚུལ་མ་བཤད། གསང་སྐོར་སྙིང་དང་འདྲ་སྟེ་དྲན་བྱེད་གཟུངས་ཀྱི་ཆོས། ཞེས་ལམ་གྱི་བྱེ་བྲག་བསྒོམ་པ་ཙམ་བསྟན་ཀྱང་གཞིའི་གནས་ཚུལ་དང་མཐར་ཐུག་གི་གྲོལ་ཚུལ་རྣམས་མ་བཤད་ལ། འདི་ནི། ལུས་དབང་ཡོངས་སུ་རྫོགས་པའི་སྐྱེས་བུ་བཞིན། ཞེས་པས། གཞི་གདོད་མའི་གནས་ལུགས་ལམ་ལྟ་སྒོམ་སྤྱོད་པ། འབྲས་བུ་མཐར་ཐུག་གི་གྲོལ་ཚུལ་དང་བཅས་པ་རྒྱས་པར་བསྟན་པའོ། ། ཡང་གསང་བླ་ན་མེད་པ་དེ་ལ་རྒྱུད་བཅུ་བདུན། སྔགས་སྲུང་ཁྲོས་མའི་རྒྱུད་དང་བཅོ་བརྒྱད། དེ་དག་གི་དགོངས་ཉམས་གཅིག་ཏུ་དྲིལ་བ་ལ། རྒྱ་ཆེ་བ་པཎྜི་ཏའི་སྐོར་དང་། ཟབ་པ་ཀུ་སཱ་ལིའི་སྐོར། དང་པོ་ནི། ཀློང་ཆེན་མཛོད་བདུན། ཕྱི་མ་ལ། པདྨའི་མཁའ་འགྲོ་སྙིང་ཐིག་དང་། བི་མའི་གསང་བ་སྙིང་ཐིག་སྟེ་མ་གཉིས། བུ་མཁའ་འགྲོ་ཡང་ཐིག་དང་བླ་མའི་ཡང་ཐིག་གཉིས། དེ་གཉིས་ཀའི་ཡང་ཏིག་ཟབ་མོ་ཡང་ཏིག དེ་དག་གི་དགོངས་ཉམས་གཅིག་ཏུ་དྲིལ་བ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག དེ་ལ་གཞི་ལམ་འབྲས་བུ་གསུམ་ལས། འདི་ལམ་རྫོགས་པ་ཆེན་པོ་དེ་ལ་སྨིན་བྱེད་དབང་དང་གྲོལ་བྱེད་ཀྱི་གདམས་པ་གཉིས། དེ་ལ་སྨིན་བྱེད་ཀྱི་དབང་རྣམས་ཐོབ་ཟིན་པའི་དབང་དུ་བྱས། ཁྲིད་ལའང་སྔོན་འགྲོ་དང་དངོས་གཞིའི་ཁྲིད་གཉིས་ལས་ཕྱི་མ་ལ་དངོས་གཞི་ཐུན་མོང་བ་བསྐྱེད་རྫོགས་གཉིས་ཀྱི་ཁྲིད། ཐུན་མོང་མ་ཡིན་པ་ལེ་ལོ་ཅན་འབད་མེད་དུ་གྲོལ་བ་ཀ་དག་ཁྲེགས་ཆོད་དང་། བརྩོན་འགྲུས་ཅན་འབད་བཅས་སུ་གྲོལ་བ་ལྷུན་གྲུབ་ཐོད་རྒལ་གྱི་ཁྲིད་གཉིས།
ཐུན་མོང་ཕྱིའི་སྔོན་འགྲོ། འདིར་དང་པོ་སྔོན་འགྲོའི་ཁྲིད་ལ་ཐུན་མོང་དང་ཐུན་མོང་མིན་པ་གཉིས་ལས། འདིར་དང་པོ་ཐུན་མོང་གི་སྔོན་འགྲོ་འཆད་པ་ལ། དེ་ལ་སྔོན་འགྲོ་ཞེས་པ་དེ་དང་པོ་ཞིང་ས་བརྟུལ་བ་ལྟར་དངོས་གཞི་ཞུ་བར་བྱེད་པ་ལ་ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱངས་དགོས། དེ་ལ་ཐུན་མོང་ཕྱི་ཡི་སྔོན་འགྲོས་རང་གིས་རང་གཤིན་པོར་བྱས་ནས། ཐུན་མིན་སྐྱབས་འགྲོ་སོགས་ལོ་ཏོག་བཏབ་ཅིང་ལོ་ཏོག་བརྡུང་བཅག་གི་བར་ལྟ་བུ་ཐུན་མིན་ཡིན་ལ། ནས་ཟ་རན་པ་ལྟ་བུ་དངོས་གཞིའི་ཁྲིད་ཡིན་ནོ། ། དེ་ལའང་སྨིན་ཁྲིད་དང་མོས་ཁྲིད་གཉིས་དང་པོ་ལ་བི་མ་ལའི་དུང་ཡིག་ཅན་དུམ་དུམ་ཁྲིགས་ཀྱི་དབང་དུ་བྱས་ནས་མན་ངག་དུམ་བུའི་ལུགས་སུ་གདབ་པ་དང་། མཐར་ཆགས་སུ་གདབ་པ་གཉིས་ལས་དང་པོ་ནི་བླ་མ་ཀུ་མ་རཱ་ཛ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་ལོ་དྲུག་ཏུ་བསྟེན་ནས་ཁྲིད་རྫོགས་པ་དང་། སློབ་མ་ལམ་མཐར་ཕྱིན་པ་དུས་མཉམ་སྟེ་ཀུན་མཁྱེན་ཆེན་པོ་ཀ་དག་གི་ཆོས་ཉིད་ཟད་པ་དང་ལྷུན་གྲུབ་ཀྱི་རིག་པ་ཚད་ལ་ཕེབས་པ་ལྟ་བུ་དགོས། ཀུན་མཁྱེན་ཆེན་པོས་ཕྱིན་ཆད་ཁོ་བོའི་རྗེས་སུ་འཇུག་པ་དག་གིས་བླ་མ་བསྟེན་ཡུན་རིང་། གདམས་ངག་ཉན་ཡུན་རིང་བ་ཞིག་དགོས་ཞེས་དམ་ཚིག་གི་རིམ་པ་རྣམ་གྲོལ་རྒྱ་མཚོར་ཞལ་ཆེམས་སུ་བཞག་པ་ལྟ་བུ་ཡིན། དེ་ལྟར་མ་ཡིན་པར་མོས་ཁྲིད་དང་བདུན་ཁྲིད་དང་ཟླ་ཁྲིད་ལྟ་བུའི་མིང་བཏགས། ཁྲིད་རྟ་རྒྱུག་མའི་བླ་མས་བྱེད་མདོག་དང་། སློབ་མས་ཉན་ཁ་ཁ་རེ་བྱས་ནས་མགོ་མ་ཚོས་གོང་ལྕེ་སྙབ་མལ་མ་དྲོས་གོང་རྡོག་པ་རྐྱོང་ཟེར་བ་བཞིན་བླ་མས་སློབ་མ་སྐྱོང་ཁོམས་མེད། སློབ་མས་བླ་མ་བསྟེན་ཁོམས་མེད་པར། དངོས་གཞི་དངོས་གཞི་ཟེར་ནས་མཐོ་སྙབ་བྱས་ཏེ་སྔོན་འགྲོའི་ཆོས་གཞུག་ཤོར་ན་མགོ་མཐོ་ས་ནས་བཏགས་ན། སྐེ་དམའ་ས་ནས་ཆད་ཟེར་བ་བཞིན་དུས་ཕྱིས་ཆོས་པར་རློམ་པ་ཁ་དང་དོན་འཛོལ། ཕྱི་དང་ནང་འགལ། རང་རྒྱུད་དང་དམ་པའི་ཆོས་ཕྱོགས་ལུང་པ་སོ་སོར་སོང་ཞིང་ལུས་གནད་བཅོས་མིག་རི་ཟིང་ཟིང་བྱེད་པ་འདི་འདྲ་རང་རྒྱུད་སྤུ་གང་ཡར་སྐྱེད་མེད་པ་ཡིན་ནོ། ། འདིར་ནི་སྨིན་ཁྲིད་ཀྱི་དོད་གདམས་ངག་མཐར་ཆགས་སུ་གདབ་པའི་དབང་དུ་བྱས་ནས། ཐུན་མོང་ཕྱིའི་སྔོན་འགྲོ། ཐུན་མིན་ནང་གི་སྔོན་འགྲོ། དངོས་གཞིའི་ཆ་ལག་ཉེ་ལམ་འཕོ་བའི་ཁྲིད་དང་གསུམ། དང་པོ་ཐུན་མོང་ཟེར་རྫས་པོ་སུ་དང་ཐུན་མོང་རེད་ཟེར་ན། གཞུང་གི་ལུགས་ལ་ཐེག་པ་མཐའ་དག་གི་བསམ་བྱ་ཐུན་མོང་བ་ཡིན་པས་ཐུན་མོང་ཕྱི་ཡི་སྔོན་འགྲོ། མན་ངག་གི་ལུགས་ལ་སྐྱེས་བུ་གསུམ་ཀའི་བསམ་བྱ་ཐུན་མོང་སོགས་སོ། ། ཐུན་མིན་ཟེར་བ་སུ་དང་ཐུན་མིན་ཡིན་ཟེར་ན། གཞུང་གི་ལུགས་ལ་འཇིག་རྟེན་པའི་ཐེག་པ་དང་ཐེག་དམན་ཉན་རང་གི་ཐེག་པ་དང་ཐུན་མོང་མིན། མན་ངག་གི་ལུགས་ལ་སྐྱེས་བུ་ཆུང་འབྲིང་གཉིས་ཀྱི་ཐུན་མོང་མིན་ལ། སྐྱེས་བུ་ཆེན་པོའི་བསམ་བྱ་ཐུན་མོང་མ་ཡིན་པ་ཡིན་པས་ཐུན་མིན་ནང་གི་སྔོན་འགྲོ་ཞེས་བྱའོ། ། འཕོ་བ་ནི་ལམ་སྦྱངས་པ་དམན་ལ་འཕོ་བས་བསུ་ཞེས་པས། དང་པོ་དངོས་གཞི་ཞུ་མ་ཁོམས་པ་དང་། ཞུས་ནས་སྐྱེ་འཆི་བར་དོ་གསུམ་གྱི་དྲོད་ཚད་དང་མི་ལྡན་ཅིང་ལམ་བརྟན་པ་མ་ཐོབ་པ་དག་འཕོ་བ་ལ་བརྟེན་ནས་ལམ་གྱི་སྦྱངས་བ་འཕྲོ་མཐུད་དགོས་པ་ཡིན་པས་རྫོགས་རིམ་དངོས་གཞིའི་ཆ་ལག་བློ་ཆོད་འཕོ་བ་ཞེས་ཆོས་དྲུག་གི་ནང་ཚན་དུ་གཏོགས་པ་ཡིན་ནོ། ། དེ་ལ་དང་པོ་ཐུན་མོང་ཕྱིའི་སྔོན་འགྲོ་ལ་ནང་གསེས་དྲུག་ལས།
དང་པོ། དལ་འབྱོར་རྙེད་དཀའ་བ། དང་པོ་བློ་ལྡོག་རྣམ་པ་བཞིའམ་ཞེན་ལོག་རྣམ་པ་བཞི་ཞེས་ལྡོག་བྱེད་རྣམ་པ་བཞིས་ལྡོག་བྱ་ཚེ་འདི་དང་ཕྱི་མ་གཉིས་དང་གཞན་ཕན་བྱང་ཆུབ་སེམས་ཀྱིས་རང་འདོད་ཡིད་བྱེད་ཀྱི་བསམ་པ་ལ་བློ་ལྡོག་དགོས། དལ་འབྱོར་རྙེད་པར་དཀའ་བ་དང་ཚེ་མི་རྟག་པ་གཉིས་ཀྱིས་ཚེ་འདི་སྒྲུབ་པའི་བསམ་པ་ལ་བློ་ལྡོག འཁོར་བའི་ཉེས་དམིགས་དང་ལས་རྒྱུ་འབྲས་གཉིས་ཀྱིས་ཚེ་ཕྱི་མ་འཁོར་བ་སྒྲུབ་པའི་བསམ་སྦྱོར་ལས་བློ་ལྡོག དེའི་ཤུགས་ལ་རང་འདོད་སྒྲུབ་པའི་བསམ་སྦྱོར་ལ་བློ་ལྡོག་དགོས་པ་ཀུན་མཁྱེན་ཡབ་སྲས་ཀྱི་ཁྱད་ཆོས་ཡིན། ཚེ་འདི་དང་ཕྱི་མ་བདག་འདོད་སྒྲུབ་པའི་བསམ་སྦྱོར་གསུམ་ལ་བློ་ལྡོག་ནས་ཐར་པ་དོན་དུ་གཉེར་དགོས་པས་ཐར་པའི་ཕན་ཡོན་བསམ་པ་དང་། ཐར་པའི་ལམ་བླ་མ་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་མ་གཏོགས་སུ་ཐུག་ཐུག་ཞིག་གིས་མི་སྟོན་པས་བཤེས་གཉེན་བསྟེན་པའི་ཐབས་ཤེས་དགོས། དང་པོ་དལ་འབྱོར་རྙེད་པར་དཀའ་བ་ལ་ཁྲིད་ཉན་པའི་ཚུལ་སོགས་ལས། ཁྲིད་ཉན་པའི་ཚུལ་འདི་དང་པོ་ཉན་དུས་ཉན་ཚུལ། སྒྲུབ་དུས་སྒྲུབ་ཚུལ། སྒོམ་དུས་སྒོམ་ཚུལ་ཡིན་པས་དེ་ལ་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་ཐབས་རྒྱ་ཆེ་བ་སོགས་ཀུན་སློང་དང་ཀུན་སྤྱོད་གཉིས། དང་པོ་བསམ་པ་གཙོ་ཆེ་ལ། ཕྱི་མ་ལུས་ངག་གི་བྱ་བ་དང་སྤྱོད་པ་གཙོ་ཆེ་བས། དང་པོ་ཀུན་སློང་ཞེས་པས་ཀུན་ཞེས་པ་མང་ཚིག་ཡིན་པས་རྣམ་པར་རྟོག་པ་མང་པོ་ཞིག་གི་ནང་ནས་རྟོག་པ་ཁྱད་པར་བ་ཞིག་སློང་བ་ཡིན་ལ། དེ་ལ་མི་དགེ་བའི་ཀུན་སློང་། ལུང་མ་བསྟན་གྱི་ཀུན་སློང་། དགེ་བའི་ཀུན་སློང་གསུམ་ལས། དང་པོ་མི་དགེ་བའི་ཀུན་སློང་དེ་ལ་ནང་གསེས་འཇིགས་སྐྱོབ་ཀྱི་ཀུན་སློང་དང་། ལེགས་སྨོན་གྱི་ཀུན་སློང་གཉིས་ལས། དང་པོ་ཚེ་འདིའི་ནད་ཀྱི་འཇིགས་པ། གདོན་གྱི་འཇིགས་པ། རྒྱལ་པོའི་ཆད་པའི་འཇིགས་པ། མུ་གེའི་འཇིགས་པ་སོགས་སྐྱོབ་པའི་ཆེད་དུ་ཆོས་སྒྲུབ་ནས་མ་ཀི་ཉན་ཐོས་ཐེག་པ་ནས། ཡ་ཀི་འོད་གསལ་རྫོགས་པ་ཆེན་པོའི་བར་གང་ཉམས་སུ་བླངས་ཀྱང་འཇིགས་པ་དེ་དག་སྐྱོབ་ན་མ་གཏོགས་དེ་ཕན་འབྲས་བུ་གང་ཡང་མེད་པས་སྤངས་དགོས། གཉིས་པ་ལེགས་སྨོན་གྱི་ཀུན་སློང་ནི། དང་པོ་ནས་ཆོས་བཙོང་ཞིག་ལ་ཁས་འཐེན་ནས་ངས་ཆོས་ཞིག་ཞུས་དབང་ལུང་རེ་ཐོབ་ནས་མཚམས་བསྙེན་སྒྲུབ་རེ་བྱས་ན་བདག་གི་རྙེད་པ་རེ་ལོན་འོང་བསམ་པ་དང་། བསྟོད་པ་དང་སྙན་པ་དང་གྲགས་པ་དང་། རྙེད་བསྟོད་སྙན་གྲགས་གསུམ་གྱིས་ཚེ་འདི་ལ་ཟས་གོས་སོགས་བདེ་བ་ཐོབ་པ་བཞི་དང་། དེའི་མི་མཐུན་ཕྱོགས་བཞི་མི་འདོད་པ་བརྒྱད་ནི་འཇིག་རྟེན་ཆོས་བརྒྱད་ཡིན་པས་དམ་པའི་ཆོས་ཀྱིས་ཚེ་འདི་སྒྲུབ་ནས་ཁུག་ཁུག་འདྲ་ན་རྟ་དང་མཛོ་མ་ཁུག་ཁུག་དང་འདྲ་ན་བལ་རུལ་ཁུས་རུལ་ཡན་ཆད་ལ་བསྟན་པ་དམ་པའི་ཆོས་དམར་དང་འཇིག་རྟེན་གྱི་ཟས་གོས་སོགས་ཟོང་དང་དམར་ཟོང་བརྗེས་ནས་ཆོས་ཀྱིས་འཇིག་རྟེན་སྒྲུབ་པ་དང་། འཇིག་རྟེན་པའི་རྒད་པོ་ཞིག་གིས་མེ་མདའ་ཕྲ་རིང་ཞིག་བཟུང་ནས་ནོར་སྒྲུབ་པ་གཉིས་ལ་ཆོས་ཀྱིས་འཇིག་རྟེན་སྒྲུབ་ན་དེའི་ཐབས་སྡུག་པ་འཇིག་རྟེན་ན་མེད་ལ། མཉམ་མེད་དྭགས་པོས་ཆོས་ཆོས་བཞིན་དུ་མ་སྤྱད་ན། ཆོས་ཀྱི་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད་གསུངས་པ་བཞིན། དཀོར་མ་ཞུས་ན། ཆོས་གོས་འབར་བ། ལྷུང་བཟེད་འབར་བ། ཐོ་ལུམ་འབར་བ། ལྕགས་ཞུན་འབར་བ་སོགས་མྱོང་དགོས་པས་དེ་ནི་སྤངས་དགོས་ཏེ། ས་སྐྱའི་ཞེན་པ་བཞི་བྲལ་ལས། ཚེ་འདི་ལ་ཞེན་ན་ཆོས་པ་མིན། ། ཞེས་གསུངས་པས། དེ་ལྟ་བུའི་གང་ཟག་དེ་ལ་མིང་ཅི་བཏགས་ན་བསྟན་པའི་བླ་བཙོང་། དཀོན་མཆོག་གི་རྐང་འདྲེན་དགེ་འདུན་གྱི་དགབ་སྡུད་པ་པོ་ཡིན་པས་དེ་དུག་བཞིན་སྤང་དགོས་ཏེ། དེ་ལྟ་བུའི་ལེགས་སྨོན་གྱི་ཀུན་སློང་གིས་ཀུན་ནས་བསླངས་ཏེ་མ་ཀི་ཉན་ཐོས་ཀྱི་ཐེག་པ་ནས་རྫོགས་པ་ཆེན་པོའི་བར་ཉམས་སུ་ལེན་མདོག་བྱས། ལོ་དགུའི་བར་དུ་སྒོ་འདག་སྦྱར་བྱས། མཚམས་བསྙེན་སྒྲུབ་ལ་འབད་ཁུལ་བྱས་ཀྱང་རང་ལ་རྙེད་བསྟོད་སྙན་གྲགས་རེ་འགྲུབ་ན་ཆོས་དེ་ཉམས་སུ་བླངས་བའི་འབྲས་བུ་རེད་ཟེར་རྒྱུ་མ་གཏོགས་ཕྱི་མ་ཐར་པའི་ས་བོན་ཙམ་ཡང་མི་ཐེབས་ཞེས་ཨ་བུས་གསུངས་སོ། ། དེ་ནི་དཔེར་ན་མི་གཡོ་ཅན་གྱིས་བོང་ཤ་ལ་རི་དྭགས་ཀྱི་སྤུ་གཏོར་ནས་འཚོང་བ་དང་འདྲ་བས་རང་གི་རྒྱུད་ངན་པ་བོང་ཤ་ལྟ་བུ་ལ་དམ་པའི་ཆོས་རི་དྭགས་ཀྱི་སྤུ་ལྟ་བུའི་ཁེབ་མ་བརྒྱབས་ནས་ཆོས་བཙོང་བ་ཡིན་པས་འཇིག་རྟེན་པ་ཆུས་ཉེས་ཞིག་ལ་ཆུས་བཙོང་ཆུས་བཙོང་ཟེར་བ་བཞིན་འདི་ལ་ཆོས་བཙོང་ཆོས་བཙོང་ཟེར་བ་ཡིན་ནོ། ། གཉིས་པ་ལུང་མ་བསྟན་གྱི་ཀུན་སློང་ནི། དོན་དུ་གཉེར་བྱ་གཞན་ཅི་ཡང་མེད་པས། ཆོས་ཞིག་ཞུ་དར་བ་ཙམ་མ་གཏོགས་དོན་དུ་གཉེར་བྱ་ཅི་ཡང་མེད་པ་མི་དྲེད་ཀྱིས་མིའི་ལད་མོ་བྱེད་པ་ལྟ་བུ་དང་མི་སོང་བའི་རྗེས་ལ་ཁྱིས་དེད་པ་ལྟ་བུའམ་མདའ་སྟོང་འཕེན་བྱེད་པ་ལྟ་བུའི་དགེ་བ་དང་མི་དགེ་བ་གཉིས་ཀར་ལུང་སྟོན་རྒྱུ་མེད་པ་དེ་ཡིན་པས་ཨ་བུས་འདིས་ཀྱང་ཐར་པའི་ས་བོན་ཙམ་ཡང་མི་ཐེབས་གསུངས། བླ་མས་འདི་ལ་ཀུན་སློང་བཟང་པོ་ཅི་མེད་ཀྱང་ངན་པ་ཡང་མེད་པས་ཐར་པའི་ས་བོན་ཐེབས་རྒྱུ་རེད་གསུངས། གསུམ་པ་དགེ་བའི་ཀུན་སློང་ལ་ནང་གསེས་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་ཀུན་སློང་གསུམ་ལས། དང་པོ་སྐྱེས་བུ་ཆུང་ངུའི་ཀུན་སློང་ནི་རང་ངན་སོང་གསུམ་ལས་ཐར་ནས་མཐོ་རིས་ལྷ་མིའི་གོ་འཕང་ཐོབ་པར་འདོད་པ་དང་དེའི་ཆེད་དུ་མ་ཀི་ཉན་ཐོས་ཀྱི་ཐེག་པ་ནས་ཡ་ཀི་འོད་གསལ་རྫོགས་པ་ཆེན་པོའི་བར་ཉམས་སུ་བླངས་ཀྱང་མཐོ་རིས་ཐོབ་པའི་རིང་ལམ་ཉེ་ལམ་མྱུར་ལམ་ལས་སངས་རྒྱས་ཐོབ་པའི་རྒྱུར་གང་ཟག་གི་བསམ་པས་འགྲོར་མི་འཇུག དེ་ལྟ་བུའི་ཀུན་སློང་གིས་སོ་སོར་ཐར་པའི་འདུལ་ཁྲིམས་ཉེས་བརྒྱ་དང་ལྔ་བཅུ་རྩ་གསུམ་པོ་བསྲུངས་ནས་ཆོས་གོས་རྣམ་པ་གསུམ་པོ་གྱོན་ནས་བསྡད་ཀྱང་བསམ་པ་རྒད་པོའི་བསམ་རྒྱུ་ལས་མ་འཕགས་པས་རྒད་པོ་སྡོམ་ལྡན་རྒད་པོ་ཚུལ་ཁྲིམས་དང་ལྡན་པ་ཞིག་ཡིན། དེ་བཞིན་དུ་བསྐྱེད་རིམ་གྱི་ལྷ་ཞི་བ་རང་རྒྱུད་པ་བསྒོམ་ན་འདོད་ཁམས་ཀྱི་ལྷར་སྐྱེ་ལ། ཁྲོ་བོ་རང་རྒྱུད་པ་ཞིག་བསྒོམ་ན་བདུད་དང་རུ་ཏྲར་སྐྱེ་བ་ཡིན་ཏེ་ཨ་བུའི་ཞལ་ནས། ཁ་གདངས་མིག་བསྒྲད་ལྷ་སྒོམ་འདྲེ་རུ་ལོག །ཞེས་གསུངས་པ་ཡིན་ནོ། ། དེ་བཞིན་དུ་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གཉིས་བ སྒོམས་ཀྱང་ཚོགས་བསགས་སྒྲིབ་སྦྱང་ཞིག་གིས་ཐེག་ན་གཟུགས་མེད་སྐྱེ་མཆེད་མུ་བཞི་དང་གཟུགས་ཁམས་གནས་རིས་བཅུ་བདུན་དུ་སྐྱེ། མ་ཐེག་ན་བྱི་བ་དང་དྲེད་མོ་ལྟ་བུའི་གནས་ལས་འགྲོ་ས་མེད་དེ། ས་པཎ་ཆེན་གྱིས། བླུན་པོས་ཕྱག་རྒྱ་ཆེར་བསྒོམས་པས། ། ཕལ་ཆེར་དུད་འགྲོའི་གནས་སུ་འགྲོ། ། གསུངས་པ་བཞིན་ནོ། ། དེ་ལྟ་བུའི་ཀུན་སློང་དེ་སྤངས་དགོས་ཏེ། འཁོར་བ་ལ་ཞེན་ན་ངེས་འབྱུང་མིན། ཞེས་གསུངས་སོ། ། གཉིས་པ་སྐྱེས་བུ་འབྲིང་གི་ཀུན་སློང་ནི། སྲིད་པ་རིགས་དྲུག་པོ་སྡུག་བསྔལ་གྱི་རང་བཞིན་སྡུག་བསྔལ་གྱི་འཁྲུལ་འཁོར་མེའི་འོབས་ལྟ་བུ་སྲིན་མོའི་གླིང་ལྟ་བུ། སྤུ་གྲིའི་སོ་ལྟ་བུའི་རང་བཞིན་དུ་མཐོང་ནས། རང་འཁོར་བ་རིགས་དྲུག་གི་གནས་ནས་ཐར་ཏེ་ཞི་བ་ཉན་རང་གི་གོ་འཕང་དོན་དུ་གཉེར་ནས་རིང་ལམ་སོགས་ཅི་ཉམས་སུ་བླངས་ཀྱང་ཉན་རང་དགྲ་བཅོམ་པའི་གོ་འཕང་ཐོབ་པའི་རིང་ལམ་ཉེ་ལམ་མྱུར་ལམ་ལས་སངས་རྒྱས་ཐོབ་པའི་རྒྱུར་མི་འགྲོ་སྟེ། མཉམ་མེད་ཇོ་བོ་རྗེ་བོད་ན་བཞུགས་སྐབས་ནང་སྔ་མོ་ཇ་བཞེས་ནས་རྒྱལ་བུ་འབྲོམ་སྟོན་པ་མདུན་ན་བཞུགས་སྐབས་ཨ་ཁ་ཁ་གསུངས། ཅི་རེད་ལགས་ཞུས་པས། རྒྱ་གར་ན་ཁོ་བོའི་སློབ་མ་ཧེ་བཛྲ་སྒྲུབ་པ་ཞིག་ཡོད་པ་ད་ནང་ཉན་ཐོས་འགོག་པའི་ལམ་དུ་ཞུགས་ཐལ་གསུངས། འབྲོམ་སྟོན་པས་ཧེ་བཛྲ་གྱིས་ཉན་ཐོས་འགོག་པའི་ལམ་དུ་ཞུགས་པ་ཇི་ལྟར་ལགས་ཞུས་པས། གང་ཟག་གི་བསམ་པས་སྒྲུབ་མ་ཤེས་ན་ཧེ་བཛྲ་གྱིས། དམྱལ་བར་འཕེན། ཡི་དྭགས་སུ་འཕེན། དུད་འགྲོར་འཕེན། སངས་རྒྱས་ཀྱི་སར་ཡང་འཕེན་པས་སྒྲུབ་བྱའི་ཆོས་བས་སྒྲུབ་པའི་ཚུལ་ལམ་བསམ་པ་གཙོ་ཆེ་གསུངས། དེས་ན། རང་དོན་ལ་ཞེན་ན་སེམས་བསྐྱེད་མིན། ། གསུངས་ལ། དུས་ཕྱིའི་མཐོ་དམན་ཐམས་ཅད་ནས་ང་འཆི་ཁ་མི་སྐྲག་རྫས་མི་འཁྲུལ་རྫས་རེ་ཟེར་ནས་སྒོམ་སྒོམ་ཟེར་བ་འདི་ཀུན་སློང་རང་འདོད་སྒྲུབ་པའི་བསམ་པ་འདི་ལྟ་བུ་ལ་ཐུག་པ་ཡིན་གསུངས། གསུམ་པ་སྐྱེས་བུ་ཆེན་པོའི་ཀུན་སློང་ནི། འོག་མ་བཞི་པོ་དེ་བདག་རང་འདོད་སྒྲུབ་པའི་བསམ་སྦྱོར་དེ་ལ་ཐུག་པ་ཡིན་པས་བདག་རང་དོན་སྒྲུབ་པའི་བསམ་སྦྱོར་དེ་དུས་ཉི་མ་དེ་རིང་ནས་བཟུང་། དགྲར་བལྟ། སྐྱོན་དུ་བལྟ། སུན་ཕྱུང་སྟེ། བདག་རང་གི་དོན་མིན་པར་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཏེ་མཐའ་གཉིས་ལ་མི་གནས་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བསམ་པ་དེ་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་ཡིན། དེ་རྒྱུད་ལ་སྐྱེ་བ་ལ་མར་ཤེས་དྲིན་དྲན་སོགས་སྒོམ་དགོས་མ་གཏོགས། བླ་མས་ཀྱང་འདི་ལྟར་ནམ་མཁས་གར་ཁྱབ་སོགས་ཟེར་མདོག སློབ་མས་ཀྱང་བསམ་མདོག་བྱས་ནས་གཉིས་ཀས་མིག་ཟིང་ཟིང་བྱས་ནས་ཨ་བ་རིས་ཟེར་ནས་གཉིས་ཀས་སྟོང་ཧོབ་བཀྱེ་བ་ལ་སྙིང་པོ་ཅི་ཡང་མེད་པ་ད་ལྟའི་དུས་ཀྱི་བླ་སློབ་ཡིན་ཁུལ་བྱེད་པ་སུས་ཀྱང་རྒྱུད་ལ་ཡོན་ཏན་གཞན་ལྟ་ཅི་བསམ་པ་བཟང་པོ་རེ་མེད་པ་དེ་འདྲ་འབྱུང་ཉེན་ཆེ་བས་དང་པོ་རང་གི་ཨ་མ་རྒན་མོ་ལ་མར་ཤེས་པ་དྲིན་དྲན་པ། དྲིན་གཟོ་འདོད། རྣམ་མཁྱེན་སངས་རྒྱས་ལ་བཀོད་འདོད་རྣམས་བསམ་དགོས། ད་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ངོ་བོ་ནི། ཟུར་གཉིས་སམ་དོན་གཉིས་དང་ལྡན་པ་བྱང་ཆུབ་སེམས་བསྐྱེད་ཀྱི་ངོ་བོ་ཡིན་ཏེ། བྱམས་པས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། ། ཡང་དག་རྫོགས་པའི་སངས་རྒྱས་འདོད། ། ཅེས་པས་ཟུར་དང་པོའམ་དོན་དང་པོ་སྙིང་རྗེས་སེམས་ཅན་ལ་དམིགས་པ་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཏེ། ཟུར་ཕྱི་མའམ་དོན་ཕྱི་མ་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་ནི། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བསམ་དགོས་ཏེ་སྙིང་རྗེ་དང་མ་འདྲེས་པ་བྱམས་པ་དང་མ་འདྲེས་པ་སེམས་ཅན་གྱི་དོན་དུ་ཞེས་བསམ་ཀྱང་སངས་རྒྱས་ཀྱི་ས་ལ་འགོད་འདོད་མ་བསྐྱེད་ན་སྙིང་རྗེ་ཙམ་དང་། སངས་རྒྱས་ཐོབ་པར་བྱ་བསམ་ཀྱང་སེམས་ཅན་གྱི་དོན་དུ་མ་བསམ་ན་བྱམས་པ་ཙམ་ལས་མི་འཕགས་པས། སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཏེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བསམ་པ་དེ་ཡིན། དེ་ལྟ་བུའི་སེམས་དེ་སྒོམ་དུས་ཇི་ལྟ་བུ་ཞིག་བྱེད་དགོས་ཟེར་ན། དང་པོ་རང་གི་རྩ་བའི་མ་ལ་བསྒོམ། དེ་ནས་རིམ་གྱིས་ནམ་མཁའི་མཐའ་ཁྱབ་ཏུ་བསྒོམ་དགོས། དང་པོ་འདི་ལྟར་ནམ་མཁས་གར་ཁྱབ་སེམས་ཅན་གྱིས་ཁྱབ། སེམས་ཅན་གྱིས་གར་ཁྱབ་ལས་སྣང་སྡུག་བསྔལ་གྱིས་ཁྱབ། ལས་སྣང་སྡུག་བསྔལ་གྱིས་ཁྱབ་པའི་སེམས་ཅན་ཐམས་ཅད་ཐོག་མ་མེད་པའི་དུས་ནས་རང་གི་ཕ་དང་མ་དང་གཉེན་བཤེས་སུ་མ་གྱུར་པའི་སེམས་ཅན་གཅིག་ཀྱང་མེད། དེའི་ནང་ནས་ཀྱང་མ་མ་བྱས་པའི་སེམས་ཅན་གཅིག་ཀྱང་མེད། མ་བྱས་པའི་ཚེ་དྲིན་ཆེན་པོ་ཤ་སྟག་གིས་མ་བསྐྱངས་བའི་སེམས་ཅན་གཅིག་ཀྱང་མེད་ལ། ད་ལྟའི་མ་འདི་བཞིན་ལན་གྲངས་བསམ་གྱིས་མི་ཁྱབ་པར་མ་བྱས་ཏེ་བདག་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་འཁྱམས་པས་ས་ལག་པ་ཙམ་ཞིག་གི་སྟེང་ནས་ལན་གྲངས་མང་པོར་སྐྱེས་མ་མྱོང་ས་དང་འཆི་མ་མྱོང་ས་མེད་པས་དམྱལ་བ་དང་ལྷ་ཕལ་ཆེར་མ་གཏོགས་མ་མེད་པར་མི་སྐྱེ་ལ་སེམས་ཅན་གཅིག་གིས་མ་བྱས་པ་མི་ངེས་པས་སེམས་ཅན་ཐམས་ཅད་ཀྱིས་མ་བྱས་ལན་གཅིག་ཙམ་དུ་མ་ཟད་ལན་གྲངས་བསམ་གྱིས་མི་ཁྱབ་པར་མ་བྱས་ཏེ་མ་ཡི་ཐུག་མཐའ་སོགས་མར་ཤེས་པ་ཡིན། དྲིན་དྲན་པ་ནི་ཁྱད་པར་ད་ལྟའི་མ་འདིའི་བདག་དྲི་ཟ་ཉེར་བར་ལེན་པའི་རྣམ་པར་ཤེས་པ་འཁྱམས་པོ་ཞིག་མ་དྲིན་མོ་ཆེ་འདིའི་མངལ་དུ་ཞུགས་ཚུན་ཆད་ནས་བཟུང་། ཟླ་དགུ་ངོ་བཅུ་ཞིག་གི་བར་ལ་མངལ་དུ་བཟུང་། སྡིག་སྡུག་གཏམ་ངན་ཐམས་ཅད་ཁྱད་དུ་བསད་དེ། མའི་ལུས་ཀྱི་བཅུད་དང་ཁ་ཟས་ཀྱི་དྭངས་མ་ལྟེ་བ་ནས་བརྒྱུད་དེ་ལུས་སྐྱེད་བསྲིང་། ཕྱིར་བཙའ་བའི་གནས་སྐབས་ཤི་བོ་ཡིན་ན་དབུགས་མ་ཆད། གསོན་པོ་ཡིན་ན་མགོ་མི་ཐེག་པའི་ཉར་རེ་ཉོར་རེ་བ་དེ་མ་དྲིན་མོ་ཆེ་དེས་འཆི་རྒྱུ་འཆི་མ་བཅུག རུལ་རྒྱུ་སྐམ་ཁ་མ་བཅུག་པར་ཨ་མ་ལ་བུ་སྐྱེས་བྱུང་སྙམ་པའི་དགའ་སོ་ཆེན་པོ་བཅས་ནས། ལག་སོར་མོ་བཅུས་ཁ་ལ་གཡེངས། བརྩེ་བའི་སེམས་ཀྱིས་བསྐྱངས། འཛུམ་པའི་མིག་གིས་བལྟ། སྙན་པའི་ངག་གིས་བོས། ཟས་ཀྱི་དང་པོ་མངར་བའི་ནུ་ཞོ་བྱིན། གོས་ཀྱི་དང་པོ་ཤ་དྲོད་ལ་བཅར། ཟས་ཀྱི་ཕུད་བྱིན། གོས་ཀྱི་རྩེས་གཡོག འགྲང་ལྟོག་ལག་པས་བྱུག ཟས་ཁས་བསྙོད། སྣབས་ལུད་ཁས་གཞིབ། མི་གཙང་བ་ལག་པས་ཕྱིས། ཟ་མི་ཤེས་པ་ལ་ཟ་ཚུལ་བསླབ། སྨྲ་མི་ཤེས་པ་ལ་སྨྲ་ཚུལ་བསླབ། འགྲོ་མི་ཤེས་པ་ལ་འགྲོ་ཚུལ་བསླབ། ཁ་ཟས་མེད་ལ་ཟས་བྱིན། ལག་ནོར་མེད་ལ་ནོར་བྱིན། རྒྱབ་གོས་མེད་ལ་གོས་བྱིན། ཤིན་ཏུ་བྱམས་པས་སྐྱེད་བསྲིང་བའི་དྲིན་ཆེན་ཡིན་བསམ་སྟེ་ལུས་བསྐྱེད་པའི་དྲིན། སྲོག་བྱིན་པའི་དྲིན། ཡོ་བྱད་བསྟབས་པའི་དྲིན། འཇིག་རྟེན་བསྟན་པའི་དྲིན་རྣམས་དྲན་པ་ནི་འཇིག་རྟེན་གྱི་ཕྱོགས་ནས་དྲིན་དྲན་པའོ། །
ཆོས་ཀྱི་ཕྱོགས་ནས་དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་འདི་ཡང་མ་དྲིན་ཆེན་མས་བསྐྱེད། མ་སེམས་ཅན་མེད་ན་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ས་དང་། བར་དུ་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་ས་མེད། དེ་མེད་ན་མཐར་མངོན་པར་རྫོགས་པར་སངས་རྒྱས་པ་ཡང་མེད་པས། དེས་ན་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུའི་ཡུལ། མཐར་མངོན་པར་རྫོགས་པར་སངས་རྒྱས་པ་ཡང་མ་དྲིན་མོ་ཆེའི་དེ་ཡི་དྲིན་ཡིན་དེར་མ་ཟད་ད་ལྟ་ཆོས་སྒྲུབ་པའི་མཐུན་རྐྱེན་གནས་མལ་ཡོ་བྱད་ལ་སོགས་པ་མ་སེམས་ཅན་ལ་མ་ལྟོས་པར་མི་འབྱུང་བའི་དྲིན་རྣམས་དྲན་པ་དྲིན་དྲན་པ་ཡིན། དྲིན་གཟོ་འདོད་ནི། ད་སྔོན་མ་དྲིན་མོ་ཆེས་ཁེ་དང་རྒྱལ་ཁ་ཐམས་ཅད་བུ་ལ་བྱིན། གྱོང་དང་བུབ་ཁ་ཐམས་ཅད་མ་རང་གིས་བླངས་ནས། བདེ་སྐྱིད་བདེ་བའི་དངོས་པོ་ཐམས་ཅད་བུ་ལ་བསྒྲུབས། སྡིག་སྡུག་གཏམ་ངན་ཐམས་ཅད་མ་རང་གིས་བཟོད་ནས་ཕན་བཏགས་པས། ད་བུ་ངའི་རེས་ལ་བབ་སྟེ་མ་རྒན་གྱི་སྐྱིད་སྡུག་ལ་ངས་བལྟ་དགོས་པས། མ་རྒན་མོ་དེས་བདེ་བ་མྱོང་གི་ཡོད་གི་དང་། སྡུག་བསྔལ་མྱོང་གི་ཡོད་བསམ་ན། བདེ་བ་གནས་སྐབས་ཀྱི་ཉི་མ་དྲོན་མོ་ཞིག་བདེ་བ་ནས་བཟུང་རྫོགས་པའི་སངས་རྒྱས་ཀྱི་བར་གྱི་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་དགེ་བ་དང་ཡང་དག་པའི་ལམ་ནི་སྒྲུབ་མི་ཤེས། ཚུལ་བཞིན་དུ་སྟོན་པ་པོ་དགེ་བའི་བཤེས་གཉེན་གྱི་ངག་ནི་མི་ཉན། སྡུག་བསྔལ་ཐ་ན་མེ་སྟག་ཕྲ་མོ་ཙམ་སྟེང་དུ་ལྷུང་བ་ནས་སྲིད་པ་འཁོར་བའི་སྡུག་བསྔལ་ཐམས་ཅད་མི་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་ལས་དང་ཉོན་མོངས་པ་ལ་འཇོལ་ཉོག་ཏུ་སྤྱོད་ནས་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པ་ནི། བདེ་བ་འདོད་ཀྱང་གཏི་མུག་པས། ། རང་གི་བདེ་བ་དགྲ་ལྟར་གཞོམས། ། ཞེས་པ་ལྟར། བདེ་བ་ཉིན་སྐར་བས་དཀོན། སྡུག་བསྔལ་གྱི་བདེན་པས་དངོས་སུ་གནོད། ཀུན་འབྱུང་གི་བདེན་པས་བརྒྱུད་དེ་གནོད་པས། སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་ལས་དང་ཉོན་མོངས་འབྲས་བུ་ཁམས་གསུམ་འཁོར་བའི་སྡུག་བསྔལ་ཐམས་ཅད་དང་བྲལ་ན་ཅི་མ་རུང་སྙམ་དུ་འདུན་པ་དང་འབྲེལ་བ་དང་། བྲལ་བར་གྱུར་ཅིག་སྙམ་དུ་སྨོན་པ་དང་འབྲེལ། བྲལ་བ་ཞིག་ངས་བྱ་སྙམ་པའི་དམ་བཅའ་དང་འབྲེལ་བ་སྟེ་འབྲེལ་བ་གསུམ་ལྡན་དང་། མ་རྒན་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་བ་ཞིག་སྐྱབས་བསླུ་བ་མེད་པའི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་པོ་ཁྱེད་མཁྱེན་སྙམ་དུ། བླ་མ་རྒྱལ་བ་སོགས་ནས། ཀྱེ་མ་ཀྱེ་ཧུད་དཀོན་མཆོག་སོགས་དང་། དཔའ་བོ་ཁྱོད་ལ་སོགས་ཀྱིས་གསོལ་བ་གདབ། དེ་དག་ནི་ཟུར་དང་པོ་སྙིང་རྗེས་སེམས་ཅན་ལ་དམིགས་པ་ཡིན། ད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ནས་གང་ལ་བཀོད་དགོས་བསམ་ནས་འདམ་པ་ཞིག་བྱེད་དགོས། མཐོ་རིས་ནི་མ་རྒན་གྱིས་ད་སྔོན་ལན་གྲངས་མང་པོ་ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་གོ་འཕང་ཐོབ་ཀྱང་སྡུག་བསྔལ་ལས་མ་འདས་པ་དང་མི་རྟག་པས་སྲིད་པ་འཁོར་བའི་མཐའ་ཡིན་པས་དེ་ལ་བཀོད་དགོས་མི་འདུག ཞི་བ་ཉན་རང་གི་གོ་འཕང་ནི་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་ཐར་བའི་འབྲུམ་ནད་བྱུང་བའི་སྐྱེས་བུ་བཞིན་དུ་འཁོར་བར་སླར་མི་ལྡོག་པའི་ཆོས་ཅན་ཡིན་ཀྱང་། རྒྱལ་སྲས་བྱང་ཆུབ་སེམས་དཔའི་ས་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་འབྲས་བུའི་ཡོན་ཏན་གང་ཡང་མེད་པས་དེ་ལ་བཀོད་ན་ཞི་བ་མྱ་ངན་ལས་འདས་པའི་མཐའ་ཡིན་པས་དེ་ལ་བཀོད་དགོས་མེད། ད་ནི་མཐའ་གཉིས་ལ་མི་གནས་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་བཀོད་དགོས་བསམ་པ། ཟུར་ཕྱི་མ་འདིའི་སྟེང་ནས་བློ་སྟོབས་ཆེ་འབྲིང་ཆུང་གསུམ་འབྱུང་སྟེ་ང་ཅིར་འགྲོ་འགྲོ་ལ་སོང་། སྔོན་དུ་སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་པར་བྱ་སྙམ་པའི་བློ་སྟོབས་ཆེན་པོ་དང་། ང་སྔོན་དུ་མི་འགྲོ་སེམས་ཅན་རྗེས་ལ་མི་བཞག རང་གཞན་མཉམ་དུ་སངས་རྒྱས་བ སྒྲུབ་སྙམ་པ་བློ་སྟོབས་འབྲིང་། མ་ལག་ཟླུམ་མའི་བུ་ཆུས་ཁྱེར་བ་བཞིན་ད་ལྟ་བདག་ལ་ནུས་པ་མེད་པས་ནུས་པ་ཡོད་པ་པོ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཡིན་པས། དང་པོ་ངས་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་སྟེ། དེ་ནས་རྟོགས་པས་བདག་རྒྱུད་གྲོལ་བ་དང་། ཐུགས་རྗེས་གཞན་སེམས་ཅན་ཐམས་ཅད་དགྲོལ་ནས་གྲོལ་བའི་ལམ་བསྟན་པ་དང་། འགྲོ་བའི་དོན་རྒྱ་ཆེ་བ་ནམ་མཁའི་མཐའ་དང་མཉམ་པ། རྒྱུན་རིང་བ་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་རིག་པ་འཛིན་པ་གོང་མ་རྣམས་ཀྱིས་ཇི་ལྟར་བསྒྲུབས་པ་བཞིན་བདག་གིས་བསྒྲུབ་པར་བགྱིའོ་སྙམ་པ་ཟུར་ཕྱི་མ་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའོ། ། ཤེས་རབ་འདི་ནི་གཞན་དོན་སྒྲུབ་པའི་ཤེས་རབ་ཡིན། དེ་ལྟར་དང་པོ་རང་གི་རྩ་བའི་མ་ལ་སྐྱེས་པ་དང་། དེ་ནས་ཕ། དེ་ནས་སྤུན་ཟླ། དེ་ནས་གྲོགས་དགའ་མཛའ། དེ་ནས་རང་གི་ཕ་སྐོར། དེ་ནས་མ་སྐོར། དེ་ནས་ཡུལ་མི་ཐམས་ཅད། དེ་ནས་རིམ་གྱིས་ཐུན་འཇོག་ཁར་ནམ་མཁའི་མཐའ་ཁྱབ་ལ་རིམ་གྱིས་མ་སྒོམ་ན་གོ་ཡུལ་གཤིས་འབྱམས་ལ་འགྲོ་བས་རིམ་གྱིས་སྒོམ་པ་གལ་ཆེ། དེ་ལྟ་བུའི་ཟུར་གཉིས་སམ་དོན་གཉིས་དང་ལྡན་པ་བྱང་ཆུབ་སེམས་ཀྱི་ཀུན་སློང་ངམ། དགེ་རྩ་ཐབས་ཀྱི་ཟིན་པར་བྱེད་པ་སྦྱོར་བ་སེམས་བསྐྱེད་དམ་པ་ཞེས་བྱ་སྟེ། ཀུན་མཁྱེན་ཆེན་པོས། སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་པ་མེད། ། རྗེས་ལ་བསྔོ་བས་ཡོངས་སུ་ཟིན་པ་ནི། ། ཐར་ལམ་བགྲོད་པའི་གཅེས་པ་རྣམ་གསུམ་ཡིན། ། ཞེས་པ་ལྟར། དང་པོ་དགེ་རྩ་ཐབས་ཀྱིས་ཟིན་པར་བྱེད་པ་སྦྱོར་བ་སེམས་བསྐྱེད་དམ་པ་ནི། སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཏེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བསམ་སྟེ། བསམ་པ་ལྕགས་ཀྱུ་ལྟ་བུས་དགེ་བའི་རྩ་བ་རྩྭ་ཕོན་ལྟ་བུ་དེ་ཟིན་པར་བྱེད་པ་ཡིན་ནོ། ། གཉིས་པ་དགེ་རྩ་རྐྱེན་གྱིས་མི་འཇིག་པར་བྱེད་པ་དངོས་གཞི་དམིགས་མེད་དམ་པ་ནི། དགེ་རྩ་རྐྱེན་གང་གིས་འཇིག་ན། གཞན་དོན་རྫོགས་པའི་སངས་རྒྱས་ཐོབ་པའི་ཆེད་དུ་མ་བསྔོས་ན། བདེ་འབྲས་ལན་གཅིག་མྱོང་ནས་ཟད་པ་དང་། ཁོང་ཁྲོ་སྐྱེས་ན། བསྐལ་པ་སྟོང་དུ་བསགས་པ་ཡི། ། སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། ། ལེགས་དཔྱད་གང་ཡིན་དེ་ཀུན་ཀྱང་། ། ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། ། ཅེས་གསུངས་པ་བཞིན། བསྐལ་པ་ཆེན་པོ་སྟོང་ཕྲག་གཅིག་གི་བར་དུ་བསགས་པའི་སྦྱིན་པ་དང་ཚུལ་ཁྲིམས་ལས་བྱུང་བའི་དགེ་བ་ཐམས་ཅད་ཁོང་ཁྲོ་རྒྱུད་ལ་སྐྱེ་བའི་སྐད་ཅིག་དེ་ཉིད་ལ་འཇོམས་པ་དང་། དགེ་རྩ་ལ་འགྱོད་པ་སྐྱེས་ན་དགེ་རྩ་འཛད་དེ། སྔར་རང་གི་མཆོད་སྦྱིན་བྱས་པ་དེ་ལ་ཕྱིས་འགྱོད་དེ། སྔར་གྱི་དངོས་པོ་དེ་ལ་བློས་བསྒོས་འཐེན་ཏེ་དངོས་པོ་དེའི་ཕྱེད་དམ་སུམ་ཆ་ཙམ་ཞིག་མཆོད་ན་ཅིག་ཡིན་ཏེ་བསམས་ནས་འགྱོད་པ་སྐྱེས་ན་འཛད། དགེ་རྩ་ངོམས་ན་འཛད་དེ། མ་ཎི་དུང་གཅིག་ཐུབ་རུང་མ་ཐུབ་རུང་ཕྲེང་བ་དེའི་ནང་དུ་དུང་ཞིག་བརྒྱུས་ནས་བདག་གིས་མ་ཎི་དུང་ཕྱུར་ཐུབ་མ་ཚར་རེ་ཟེར་ནས། ཕྲེང་བ་ཐམས་ཅད་ལ་ངོམས། དགེ་བ་ཅུང་ཟད་རེ་འགྲུབ་པ་དེ་རྐང་ཐང་གི་སྔོན་ནས་འདུག་ནས་བཤད། སྐྱ་མིའི་སྔོན་ནས་ལངས་ཏེ་བཤད་བསྡད་ན། དགེ་བ་ཟད་འགྲོ་བས། དགེ་རྩ་འཛད་པའི་རྒྱུ་བཞི་པོ་དེས་མི་ཟད་པར་བྱེད་པ་ལ། གཞི་དབུ་མ་ཆེན་པོ། ལམ་ཕྱག་རྒྱ་ཆེན་པོ། འབྲས་བུ་རྫོགས་པ་ཆེན་པོ་གསུམ་གྱི་ལྟ་བ་རྟོགས་དགོས། དེ་དང་རྗེས་མཐུན་པ་ཞིག་བསྐྱེད་ན་འཁོར་གསུམ་པོ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་དང་རྨི་ལམ་དང་། དྲི་ཟའི་གྲོང་ཁྱེར་དང་། སྣང་ལ་རང་བཞིན་མེད་པ་ཆུ་ཟླ་ལྟ་བུའི་ངེས་པ་དྲངས་ཀྱང་ལས་དང་པོ་པའི་དངོས་གཞི་དམིགས་མེད་ཀྱི་གོ་ཆོད་གསུངས། ཁྱད་པར་ལས་དང་པོ་པས་དང་པོ་ཉིད་ནས་དངོས་གཞི་དམིགས་མེད་འོང་དཀའ་མོ་ཡིན་ཏེ་སྣ་འཐེན་ནས་ཁ་ནང་དུ་ཨེ་འོང་ལྟ་བ་དང་འདྲ་བས། ཞི་བ་ལྷས། ཆོས་ལ་སེམས་པའི་ཀ་ཆེན་ལ། ། ཇི་ལྟར་བཏགས་བཞིན་མི་འཆོར་བ། ། ཞེས་གསུངས་པ་བཞིན། དལ་འབྱོར་རྙེད་དཀའ་སོགས་ལ་ཡང་ན་དཔྱད་སྒོམ་བྱེད། ཡང་ན་འཇོག་སྒོམ་བྱས་ནས་དཔྱད་འཇོག་རེས་མོས་བྱེད་པ་འདི་གལ་ཆེ། དགེ་བའི་རྩ་བ་གོང་ནས་གོང་དུ་འཕེལ་བར་བྱེད་པ་མཇུག་བསྔོ་བ་དམ་པ་ནི། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཇི་ལྟར་ཆུ་ཐིག་རྒྱ་མཚོ་ཆེར་ལྷུང་བ། ། རྒྱ་མཚོ་མ་ཟད་བར་དུ་དེ་མི་ཟད། ། དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། ། བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། ། ཅེས་པ་བཞིན། རྒྱ་མཚོ་ཆེན་པོའི་ནང་དུ་ཆུའི་ཐིག་པ་གཅིག་བཞག་པ་དེ་བསྐལ་པ་ཆེན་པོའི་བར་དུ་མི་ཟད་པ་དེ་བཞིན། འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པའི་རྒྱ་མཚོ་ཆེན་པོར་ཡོངས་སུ་བསྔོས་པའི་དགེ་བ་དེ། གནས་སྐབས་སུ་བྲམ་ཟེའི་རིགས་ཤིང་སཱ་ལ་ལྟ་བུ། རྒྱལ་རིགས་ཤིང་སྭ་ལ་ལྟ་བུ། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ལྟ་བུ་རིགས་དང་ཡོན་ཏན་གྱི་འབྱོར་པས་བརྒྱན་པའི་གོ་འཕང་ཐོབ་ཀྱང་། མཐར་ཐུག་བྱང་ཆུབ་ཆེན་པོའི་བར་དུ་མི་བམ་མི་རུལ། ཆུད་མི་ཟ་བར་མཐར་གྱིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་བ་ཡིན། དེ་ལྟ་བུའི་བསྔོ་བ་དེ་ལ་ནང་གསེས་གཉིས་ལས། དང་པོ་བསྔོ་བ་དུག་ཅན་པ་ནི། སྡུད་པ་ལས། ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། ། དཀར་པོའི་ཆོས་ལ་དམིགས་པའང་དེ་འདྲར་རྒྱལ་བས་གསུངས། ། ཞེས་པས། དཔེར་ན་ཟས་བཟང་པོ་དུག་ཅུང་ཟད་འདྲེས་པ་དེས། ཟ་བའི་ཚེ་རོ་མཆོག་ཏུ་བདའ་མོད་བཅུད་མྱོང་བ་ན་དུག་གིས་ཟུག་རྔུ་བསྐྱེད་པ་དེ་བཞིན་དུ། དགེ་བའི་འབྲས་བུ་མངོན་མཐོའི་བདེ་བ་ཐོབ་ཀྱང་འཁོར་གསུམ་དུ་ཞེན་པའི་བདེན་འཛིན་དེས་འཁོར་བ་ལས་ཐར་པ་ཐོབ་པར་མི་འགྱུར་བས་སྤང་དགོས། གཉིས་པ་བསྔོ་བ་དུག་མེད་ལ་འཁོར་གསུམ་ཡོངས་དག་གི་བསྔོ་བ་མཚན་ཉིད་པ་དང་རྗེས་མཐུན་པ་གཉིས་ལས། དང་པོ་ནི། སྡུད་པ་ལས། རྣམ་པར་མི་རྟོག་ཡེ་ཤེས་བྱ་བ་ཐམས་ཅད་བྱེད། ། ཅེས་པ་ལྟར། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་བྱམས་སྙིང་རྗེ་བྱང་ཆུབ་སེམས་བསྔོ་བ་སྨོན་ལམ་ལ་སོགས་པའི་རྣམ་པར་ཤར་བའི་ལྟ་བའི་རྩིས་ཟིན་པ་དེ་ཡིན། རྗེས་མཐུན་པ་ནི། བདག་གིས་སྔར་བསགས་ཟིན་པའི་དགེ་བ། མ་འོངས་པ་ན་བསགས་པར་འགྱུར་བའི་དགེ་བ། ད་ལྟ་བསགས་བཞིན་པའི་དགེ་བ། རྒྱལ་བ་སྲས་དང་བཅས་པའི་ཟག་མེད་ཀྱི་དགེ་བ། སེམས་ཅན་ཐམས་ཅད་ཀྱི་ཟག་བཅས་ཀྱི་དགེ་བ་ཐམས་ཅད་བློས་གཅིག་ཏུ་བསྡུས་ཤིང་ཟླུམ་སྟེ་སྡོམ་ནས་སེམས་ཅན་ཐམས་ཅད་སྲིད་པ་ཁམས་གསུམ་འཁོར་བའི་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཏེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་བསྔོ། བསྔོ་བའི་ཚུལ་ནི། རྒྱལ་བ་སྲས་དང་བཅས་པས་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་དུ་ཇི་ལྟར་བསྔོ་བ་དེ་བཞིན་དུ་བདག་གིས་ཀྱང་བསྔོ་བར་བགྱིའོ་སྙམ་པའི་སྒོ་ནས། འཇམ་དཔལ་དཔའ་བོ་དང་། དུས་གསུམ་གཤེགས་པའི་རྒྱལ་བ་སོགས་ཤླཽ་ཀ་གཉིས་བརྗོད་པས་འཁོར་གསུམ་ཡོངས་དག་གི་བསྔོ་བ་མཚན་ཉིད་པའི་གོ་ཆོད། དེས་ན་ཐེག་ཆེན་མདོ་སྔགས་གཉིས་ཀྱི་ཉམས་ལེན་ཐམས་ཅད་དམ་པ་གསུམ་གྱི་ར་བ་ལས་མི་འདའ་བས། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པ་ལ་དམ་པ་གསུམ་ལས་མང་མི་དགོས། ཉུང་ན་མི་འདུ་བའི་རང་བཞིན་ཅན་ཡིན་ཏེ། འཕགས་པ་ཀླུས། བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། ། བསོད་ནམས་ཡེ་ཤེས་ལས་བྱུང་བའི། ། དམ་པ་སྐུ་གཉིས་ཐོབ་པར་ཤོག །ཅེས་པས། དམ་པ་གསུམ་པོ་དེ་ཚོགས་གཉིས་སམ་བདེན་པ་གཉིས་ཀྱི་བསྡུས་པ་ཡིན་ཏེ། སྦྱོར་བ་སེམས་བསྐྱེད་དམ་པ་དང་མཇུག་བསྔོ་བ་དམ་པ་གཉིས་སྣང་བཅས་བསོད་ནམས་ཀྱི་ཚོགས་དང་། དངོས་གཞི་དམིགས་མེད་དམ་པ་སྣང་མེད་ཡེ་ཤེས་ཀྱི་ཚོགས་ཡིན་པས། སྣང་བཅས་བསོད་ནམས་ཀྱི་ཚོགས་ཀྱིས་ཉེར་ལེན་གྱི་རྒྱུ་བྱས། སྣང་མེད་ཡེ་ཤེས་ཀྱི་ཚོགས་ཀྱིས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས་སངས་རྒྱས་གཟུགས་ཀྱི་སྐུ་ཐོབ། སྣང་མེད་ཡེ་ཤེས་ཀྱི་ཚོགས་ཀྱིས་ཉེར་ལེན་གྱི་རྒྱུ་བྱས། སྣང་བཅས་བསོད་ནམས་ཀྱི་ཚོགས་ཀྱིས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས་སངས་རྒྱས་ཆོས་ཀྱི་སྐུ་ཐོབ་པས། གཞི་སྒྲིབ་གཉིས་སྦྱང་། ལམ་ཚོགས་གཉིས་རྫོགས། འབྲས་བུ་སྐུ་གཉིས་ཀྱི་གོ་འཕང་ཐོབ་པ་ལ་དམ་པ་གསུམ་དེ་ལས་མང་མི་དགོས། ཉུང་ན་མི་འདུ་བའི་ཕྱིར་རོ། ། དེ་ལྟ་བུའི་དམ་པ་གསུམ་པོ་དེ་མདོ་སྔགས་ཐུན་མོང་གི་བསམ་བྱ་ཡིན། གཉིས་པ་ཐབས་རྒྱ་ཆེ་བ་གསང་བ་རིག་འཛིན་སྔགས་ཀྱི་ཀུན་སློང་ནི་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཉན་འཆད་སྒོམ་སྒྲུབ་གང་གི་སྐབས་ནའང་གལ་ཆེ་བས། དང་པོ་ནས་བླ་མ་དང་སློབ་མའི་རྟེན་འབྲེལ་མི་འཆུགས་པ་ཞིག་ངེས་པར་དགོས་ཏེ། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། ། ཐབས་མང་དཀའ་བ་མེད་པ་དང་། ། དབང་པོ་རྣོན་པོའི་དབང་བྱས་ནས། ། སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། ། ཞེས་པས། མདོ་སྔགས་གཉིས་ཀའི་ལུགས་ཀྱི་བསྒྲུབ་བྱ་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་ལ་དོན་གཅིག་ནའང་། སྒྲུབ་ཚུལ་གྱི་ཐབས་ལྟ་བ་མ་རྨོངས་པའི་ཁྱད་པར། སྒོམ་པ་ཐབས་མང་བའི་ཁྱད་པར། སྤྱོད་པ་དཀའ་བ་མེད་པའི་ཁྱད་པར། གང་ཟག་དབང་པོ་རྣོན་པོའི་རྣོན་པོ་ཡིན་པའི་ཁྱད་པར་བཞིས་ཁྱད་པར་འཕགས་ཏེ། མདོ་སྔགས་གཉིས་ཀས་བལྟ་ཡུལ་ཆོས་ཀྱི་དབྱིངས་ཙམ་ལ་ལྟ་བ་གཞོལ་བ་ལ་འབབ་ཀྱང་ལྟ་བ་རང་གི་ངོ་བོ་ལ་མིག་གསལ་བ་དང་མི་གསལ་བས་གཟུགས་ལ་ལྟ་བ་དང་མཚུངས་ཏེ། རྒྱུ་མཚན་ཉིད་ཐེག་པས་ཆོས་ཉིད་དོན་དམ་པའི་བདེན་པ་སྟོང་པ་ཆེན་པོ་སྤྲོས་མཐའ་བརྒྱད་དང་བྲལ་བར་གཏན་ལ་ཕབ་ཀྱང་། དབྱིངས་ཡེ་ཟུང་འཇུག་གི་རང་བཞིན་ཅན་ཇི་ལྟ་བ་བཞིན་རྟོགས་མ་ནུས་པའི་རྨོངས་པའི་ཆ་དེ་བསལ་ནས་དབྱིངས་ཡེ་ཟུང་འཇུག་གི་རང་བཞིན་གཏན་ལ་ཕབ་པས་ཆོས་ཉིད་ཀྱི་ལྟ་བ་མ་རྨོངས། ཆོས་ཅན་ཀུན་རྫོབ་ཀྱི་དངོས་པོ་དེ་རྒྱུ་མཚན་ཉིད་ཐེག་པས་རྟེན་འབྲེལ་སྒྱུ་མ་ལྟ་བུའི་རང་བཞིན་དུ་གཏན་ལ་ཕབ་ཀྱང་། ད་དུང་མ་དག་པ་སྒྱུ་མ་ལྟ་བུ་ལས་སྐུ་དང་ཡེ་ཤེས་སུ་གཏན་ལ་མ་ཕབ་པའི་རྨོངས་པའི་ཆ་དེ། གསང་སྔགས་རྡོ་རྗེ་ཐེག་པས་སྐུ་དང་ཡེ་ཤེས་རོལ་པ་ཡེ་ནས་དབྱིངས་ཡེ་གཉིས་སུ་མེད་པའི་དོན་བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་གཏན་ལ་ཕབ་པས་མ་རྨོངས་པའི་ཁྱད་པར། སྒོམ་པ་ཐབས་བསྐྱེད་པའི་རིམ་པ། ཤེས་རབ་རྫོགས་པའི་རིམ་པ་གཉིས་ཀྱིས་ཁྱད་པར་འཕགས་པ་ཡིན། སྤྱོད་པ་དཀའ་བ་མེད་པ་ནི། རྒྱུ་མཚན་ཉིད་ཐེག་པས་འདོད་པའི་ཡོན་ཏན་ལྔ་མ་སྤང་བར་བྱང་ཆུབ་སྒྲུབ་པའི་ལམ་བསྟན་པ་མེད་ལ། སྐབས་འདིར་ཡིད་ཤེས་བདེ་མྱུར་དུ་སྐྱོབ་པ་འདོད་ཡོན་མ་སྤངས་ལམ་དུ་ཁྱེར་ནས་ཚེ་གཅིག་ལུས་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་སྒྲུབ་ནུས་པས་ཁྱད་པར་འཕགས། བཞི་པ་གང་ཟག་དབང་པོ་རྣོན་པོའི་རྣོན་པོ་ཡིན་པའི་ཁྱད་པར་ནི། སྤྱིར་རྣམ་བྱང་བསྐྱེད་པའི་དབང་པོ་ལྔ་པོ་ཁྱད་པར་ཅན་གྱིས་ཁྱད་པར་འཕགས་པ་དང་། ཁྱད་པར་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ལྟ་བ་ཟབ་མོ་རྟོགས་ནུས་པའི་ཤེས་རབ་དང་། སྤྱོད་པ་རླངས་པོ་ལ་མི་སྐྲག་ཅིང་དད་པའི་དབང་པོ་ཤིན་ཏུ་རྣོན་པོའི་གང་ཟག་ཁྱད་པར་ཅན་གྱི་ཡུལ་དུ་གྱུར་པས་ཁྱད་པར་འཕགས་པའོ། ། དེ་ལྟ་བུའི་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཉན་འཆད་སྒོམ་སྒྲུབ་གང་གི་དུས་སུ་ཕུན་སུམ་ཚོགས་པ་ལྔ་པོ་ཡོད་དེས་ཆོག མེད་ཐབས་ཆགས་ཡིན་ཏེ། འཇིགས་མེད་གླིང་པའི་ཞལ་ནས། བླ་མ་མིར་མཐོང་ན། དངོས་གྲུབ་ཁྱི་ལས་མི་འབྱུང་ཞེས་གསུངས་པ་བཞིན། བླ་མས་སློབ་མ་ལ་བལྟས་ན་སངས་རྒྱས། སློབ་མས་བླ་མ་ལ་བལྟས་ན་སངས་རྒྱས་སུ་མཐོང་དགོས་མ་གཏོགས་གསང་སྔགས་རྡོ་རྗེ་ཐེག་པའི་དམ་ལྡན་དམ་ཉམས་གཉིས་ཀའི་བར་ན་སྣང་བ་ལྷར་མཐོང་དུས་དམ་ལྡན། ས་ལ་ས། ཆུ་ལ་ཆུར་མཐོང་དུས་དམ་ཉམས་ལས་མེད་པས་ཕུན་སུམ་ཚོགས་པ་ལྔའི་དང་པོ་བླ་མ་སངས་རྒྱས་སུ་སྒྲུབ་པ་ལ། ལུང་དང་། ཆོས་ཉིད་ཀྱི་རིགས་པ་གཉིས་ལས། དང་པོ་ནི། ཨཱཪྱ་དེ་ཝས། འདི་ནི་རང་བྱུང་བཅོམ་ལྡན་འདས། ། གཅིག་པུ་བདག་ཉིད་ཆེ་བའི་ལྷ། ། མན་ངག་རྣམས་ནི་རབ་སྟེར་བས། ། རྡོ་རྗེ་སློབ་དཔོན་དེ་བས་ལྷག ། ཅེས་དང་། བླ་མ་སངས་རྒྱས་བླ་མ་ཆོས། ། སོགས་དང་། བླ་མ་ཀུན་བཟང་དགོངས་སུ་གསོལ། ། ཞེས་དང་། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། ། ཞེས་སོགས་བླ་མ་སངས་རྒྱས་སུ་བཤད་པའི་ལུང་མཐའ་ཡས་སོ། ། རིགས་པས་སྒྲུབ་པ་ནི། བླ་མའི་ཐུགས་ཡེ་ཤེས་ཆེན་པོ་དེ་ཆོས་སྐུ་ཡིན། ཡེ་ཤེས་དེའི་རྣམ་འགྱུར་གཟུགས་སྐུ་ཡིན་ལ་གཟུགས་སྐུའི་ངོ་བོ་ཆོས་སྐུ། ཆོས་སྐུའི་རྣམ་འགྱུར་གཟུགས་སྐུ། དབྱེར་མེད་རྡོ་རྗེའི་སྐུ་ཡིན་ཏེ། ཐུགས་ཡེ་ཤེས་ཆེན་པོ་སྐུ་ལྟར་ཤར་བ་སྣང་སྟོང་སྐུ་རྡོ་རྗེ། སྐུ་ཡེ་ཤེས་ཆེན་པོ་གསུང་ལྟར་གྲགས་པ་གྲགས་སྟོང་གསུང་རྡོ་རྗེ། ཐུགས་ལྟར་འཕྲོ་བ་དྲན་རྟོགས་ཐུགས་རྡོ་རྗེ་སྟེ། རྡོ་རྗེ་གསུམ་གྱི་རང་བཞིན་ཡིན་པས་ཐུགས་ཡེ་ཤེས་ཆེན་པོའི་འཆར་ཚུལ་གཟུགས་སྐུ་དང་གཟུགས་སྐུའི་ངོ་བོ་ཡེ་ཤེས་ཡིན་པས་དེ་གཉིས་དབྱེར་མ་ཕྱེད་པའི་ཆ་ཟུང་འཇུག་རྡོ་རྗེ་འཆང་སྐྱབས་གནས་དགུ་སྤྲུག་གི་ངོ་བོ་བླ་མ་ཡིན་པས་བླ་མ་སངས་རྒྱས་སུ་གྲུབ་ལ། འཁོར་ཐམས་ཅད་ཀྱང་རང་རང་གི་རྟོགས་རུང་མ་རྟོགས་རུང་བདེ་བར་གཤེགས་པའི་སྙིང་པོས་ཏིལ་ལ་མར་གྱིས་ཁྱབ་པ་བཞིན་དུ་ཁྱབ་པས། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། ། སོགས་ཀྱིས་གསལ་བར་སངས་རྒྱས་ཡིན་པར་བསྟན་ཏེ། རང་བཞིན་རྣམ་དག་གི་སངས་རྒྱས། ངོ་བོ་ཡེ་དག་གི་སངས་རྒྱས། ཡོན་ཏན་ལྷུན་གྲུབ་ཀྱི་སངས་རྒྱས་ཡིན་ཀྱང་། སངས་རྒྱས་གོ་མི་ཆོད་པའི་རྒྱུ། འོན་ཀྱང་དྲི་མ་གློ་བུར་འབྲལ་རུང་བས་བསྒྲིབས་ནས་ཡོད་མོད་ཀྱང་། དོན་ལ་སངས་རྒྱས་ཡིན་པས། རིགས་གང་རུང་གི་དཔའ་བོ་མཁའ་འགྲོ་རྣམས་སུ་གསལ་བཏབ། སྟོན་འཁོར་གཉིས་ཀ་སངས་རྒྱས་ཡིན་ན་དེའི་ཞིང་ཁམས་ཀྱང་དག་པར་གྲུབ་པས་གནས་འོག་མིན་སོགས་སུ་གསལ། ཆོས་ནི་འོད་གསལ་རྫོགས་པ་ཆེན་པོ། དུས་ཀུན་ཏུ་བཟང་པོ་ནས་ད་ལྟའི་རྩ་བའི་བླ་མའི་བར་དུ་ཞལ་ནས་སྙན་དུ་བརྒྱུད་པའི་བརྒྱུད་པ་མ་ཆད་པ་རྟག་པ་རྒྱུན་གྱི་འཁོར་ལོ་སྟེ་ཕུན་སུམ་ཚོགས་པ་ལྔ་ཡེ་ནས་ཡིན་པ་ལ་ཡིན་པར་གསལ་བཏབ་པ་སྟེ་སྣང་སྲིད་གཞིར་བཞུགས་ཀྱི་སངས་རྒྱས་ལ་གཞིར་བཞེངས་སུ་གསལ་བཏབ་པ་མ་གཏོགས། བོང་བུ་ལ་རྟ་ཡིན། སོལ་བ་ལ་གསེར་ཡིན་ཟེར་བ་ལྟ་བུ་མ་ཡིན་ནོ། ། དེ་ཡན་ཆད་ཀྱི་ཀུན་སློང་དེ་སོང་ནས། ད་ནི་གཉིས་པ་ཀུན་སྤྱོད་ལ། དུག་ལྟ་བུའི་སྤང་བྱའི་ཀུན་སྤྱོད་དང་། སྨན་ལྟ་བུའི་བླང་བྱའི་ཀུན་སྤྱོད་གཉིས་ལས། དང་པོ་ལ་གསུམ་ལས་སྣོད་ཀྱི་སྐྱོན་ཞེས་པ་ནི། སྣོད་དུག་ཅན་ཞིག་གི་ནང་ལ་བཅུད་བཟང་པོ་ཇི་ལྟ་བུ་ཞིག་བླུག་ན་སྣོད་ཀྱི་དུག་གིས་དུག་ཅན་དུ་འགྲོ་བ་བཞིན་སློབ་མ་སྣོད་མེད་ལ་ཆོས་ཇི་ཙམ་བསྟན་ཀྱང་ཉོན་མོངས་པའི་གཉེན་པོར་མི་འགྲོ་བར་མ་ཟད་ཆོས་ཉོན་མོངས་པའི་སྣོན་མར་འགྲོ་བས། དང་པོ་རྣ་བས་མ་ཉན་ན་སྣོད་ཁ་སྦུབས་ཏེ་སྟེང་ནས་བཅུད་བླུགས་ཀྱང་ནང་དུ་མི་འགྲོ་བ་བཞིན། ལུས་ཆོས་གྲལ་ན་གནས་ཀྱང་སེམས་ཆོས་གྲལ་དུ་མེད་པས་བླ་མའི་གསུང་ལ་རྣ་བས་མ་ཉན་ན་ཅི་གསུང་མི་གོ་བས་རྣ་བའི་དབང་པོ་གཏད་ནས་ཉན་དགོས། རྣ་བས་ཉན་ཀྱང་སེམས་ལ་མ་བཟུང་ན་མི་ཕན་ཏེ་ཚིག་དོན་གཉིས་ཀ་མི་གོ་བས་ཡིད་ལ་འཛིན་དགོས། ཉོན་མོངས་དང་འདྲེས་ན་ཆོས་བཙོང་དང་། ཆོས་རའི་ནང་དུ་ཆགས་སྡང་རྨོངས་པ་སྐྱེ་ན་ལས་ངན་སོགས་འགྲོ་བས་ཉོན་མོངས་དང་འདྲེས་དུག་ཅན་ལྟ་བུ་ཡིན་པས། དེ་གསུམ་གྱི་གཉེན་པོ་ལ། མདོ་ལས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱོད་ལ་བཤད་དོ་ཞེས་གསུངས་ཏེ། དེ ་བཞིན་གཤེགས་པས་ཀུན་དགའ་བོ་ལ་ཁྱོད་ཀྱི་ཀུན་སློང་ཉོན་མོངས་དང་མ་འདྲེས་པར་ཚིག་རྣ་བས་ཉོན་དོན་ཡིད་ལ་ཟུངས་ཤིག་དང་ཁྱོད་ལ་བཤད་དོ་ཞེས་གསུངས་པ་མ་གཏོགས། ཀུན་སློང་ཆགས་སྡང་དང་འདྲེས་རྣ་བ་མ་གཏད་ཡིད་ལ་མ་འཛིན་དང་ཁྱོད་ལ་བཤད་དོ་ཞེས་མ་གསུངས་པས་ཀུན་སློང་ཆགས་སྡང་དང་མ་འདྲེས་པ་བསམ་པ་བྱང་ཆུབ་སེམས་དང་མ་བྲལ་བས་ཚིག་རྣ་བས་ཉན་དོན་ཡིད་ལ་བཟུང་སྟེ་ཉན་དགོས། གཉིས་པ་དྲི་མ་དྲུག་ནི། ང་རྒྱལ་དང་ནི་སོགས་སོ། ། དང་པོ་ང་རྒྱལ་ནི་རང་ལས་དམན་པ་ལ་ལྟོས་ཏེ་དེ་ལས་རང་མཐོ་བའི་རྣམ་པ་ཅན་དེ་ཡིན། ང་རྒྱལ་ཡོད་ནས་བཟུང་རང་ལས་དམན་པ་ལ་བརྙས་བཅོས། མཐོ་བ་ལ་ཕྲག་དོག བར་བ་ལ་འགྲན་སེམས་སྐྱེས་པས། ང་རྒྱལ་ལྕགས་ཀྱི་གོང་བུ་ལ། ཡོན་ཏན་གྱི་ཆུ་མི་ཆགས། ཞེས་ལ་ལྟར། རང་རྒྱུད་ལ་ང་རྒྱལ་ཡོད་ནས་བཟུང་རང་གི་སྐྱོན་མི་མཐོང་། གཞན་གྱི་ཡོན་ཏན་མི་མཐོང་བས། དེའི་གཉེན་པོ་རྟག་ཏུ་རང་སྐྱོན་ངོས་བཟུང་། རང་མཚང་ཐེར་ལ་བཏོན། དམའ་མོའི་ས་བཟུང་། ཧྲུལ་པོའི་གོས་གྱོན། བཟང་ངན་འབྲིང་གསུམ་ཐམས་ཅད་གོང་དུ་བཀུར་དགོས། མ་དད་པ་ནི་ཆོས་དང་གང་ཟག་ལ་ཡིད་མི་ཆེས་པ་ཡིན་པས། དེའི་གཉེན་པོ་ཆོས་དང་གང་ཟག་གིས་མི་བསླུ་བར་ཡིད་ཆེས་དགོས། དོན་གཉེར་མེད་པ་ནི། ཆོས་ཐོབ་རུང་མ་ཐོབ་རུང་ཆོས་ལ་དོན་གཉེར་མེད་པ་རྟ་སྔོན་དུ་རུས་པ་བླུགས་པ་དང་། ཁྱི་སྔོན་དུ་རྩྭ་འཕང་བ་ལྟ་བུའི་བསམ་པ་དེ་ཡིན་ལ། དེའི་གཉེན་པོ་ཆོས་དང་འཕྲད་པར་དཀའ་བ་དགེ་བའི་གཤེས་གཉེན་དང་མཇལ་བར་དཀའ་བའི་འདུ་ཤེས་བསྐྱེད་ནས་ཆོས་ཀྱི་ཚིག་དོན་རེ་རེ་ལའང་དོན་གཉེར་གྱི་འདུན་པ་བསྐྱེད་དགོས། ཕྱི་རོལ་རྣམ་གཡེང་གི་སྒོ་ནས་ཆགས་སོགས་ཉོན་མོངས་པ་བསྐྱེད་པས་དེའི་གཉེན་པོར་སེམས་ནང་དུ་སྡུད་དགོས། ཡང་ཧ་ཅང་ནང་དུ་སྡུད་ཆེ་ན་གཉིད་དང་རྨུགས་པ་བྱིང་བ་རྣམས་འབྱུང་བས། དབང་པོ་བག་ཡངས་ལ་བཞག་ཤེས་པ་དང་བཏོན་ནས་ཉན་དགོས། སྐྱོ་བས་ཉན་པ་ནི། ཆོས་ཐུན་རིང་དྲག་པ་ལ་སོགས་པའི་ཚེ་བཀྲེས་སྐོམ་དང་ཉི་མ་དང་ཆར་བ་སོགས་ཀྱིས་གདུང་བ་ན་ཆོས་དང་བླ་མ་སྤང་འགྲོ་ཉེན་ཆེ་བས། ཆོས་སྤང་མ་བསགས་གོང་ནས་ཆོས་དང་བླ་མ་འཇལ་བར་སྨོན་ལམ་བཏབ་ནས་ཆོས་གྲལ་ནས་བུད་འགྲོ་དགོས། ཡང་ན་དགའ་བ་བསྐྱེད་དེ་བདག་གི་སྔོན་དོན་མེད་ལུས་སྲོག་ཆུད་ཟོས་སུ་སོང་། ད་རེས་དམ་པའི་ཆོས་འདིའི་ཆེད་དུ་ན་ཚ་བཀྲེས་སྐོམ་སོགས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ན་གོ་དང་ཚ་གོ་སོགས་བཅད་དེ་ཉན་ན། ཞིང་གཞན་ནས་རྡོ་རྗེ་དམྱལ་བར་འགྲོ་བའི་ལས་ངན་མང་པོ། བདག་ཅག་གི་སྟོན་པའི་ཞིང་ཁམས་འཛམ་གླིང་ལས་ཀྱི་ས་པ་འདིར་མགོ་ན་བ་ཙམ་གྱིས་བྱང་ན་ད་རེས་ལས་ངན་དཔག་ཏུ་མེད་པ་འཛད། ཚོགས་དཔག་ཏུ་མེད་པ་རྫོགས་པ་ཡིན་པས་ང་རེ་དགའ་སྙམ་དུ་དགའ་བཞིན་སྤྲོ་བཞིན་དུ་ཉན་དགོས། གསུམ་པ་མི་འཛིན་པ་ལྔ་ནི། རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཁ་ཕྲལ་ནས་འཛིན་པ་ཡིན། དང་པོ་དོན་ལ་མི་སེམས་པར་ཚིག་སྙན་སྙན་ལེགས་ལེགས་གཏམ་རྒྱུད་ལྟ་བུ་རེའམ་ཡང་ན་ཚིག་འཁྲི་བཅད་དགོས་ཟེར་ནས་དོན་མེད་པའི་ཚིག་གི་ཕྲེང་བ་འཛིན་པ་ཡིན། གཉིས་པ་རྙིང་མ་ལྟ་བུའི་སྒོམ་ཆེན་ཡིན་ཟེར་བ་རྣམས་ཀྱིས་བཤད་པ་ཚིག་གི་རོ་ཡིན། སེམས་ངོ་འདི་ལ་ཅིག་གོ་དགོས་ཟེར་ནས་བྲང་ལ་འཛུབ་མོ་བཙུག་ནས་ཚིག་ལ་མི་ལྟ་བར་དོན་རྗེན་པར་ཟིན་རྒྱུ་ཡོད་པར་འདོད་པ་དེ་ཡིན། དེ་གཉིས་ཀའི་གཉེན་པོ་ཚིག་དོན་འབྲེལ་ཆགས་སུ་འཛིན་དགོས། གསུམ་པ་བརྡ་མ་འཕྲོད་ནས་འཛིན་པ་ནི། དྲང་དོན་ལ་ངེས་དོན་དུ་འཛིན། དགོངས་པ་ལྡེམ་དགོངས་ཕྱིན་ཅི་ལོག་ཏུ་འཛིན། རྟོན་པ་བཞི་གོ་བཟློག་ནས་འཛིན་པ་ཡིན། དེའི་གཉེན་པོ་གང་ཟག་ལ་མི་རྟོན་པར་ཆོས་ལ་རྟོན་དགོས། གང་ཟག་གྲགས་པ་ཆེ་རུང་ཆོས་རྒྱུ་འབྲས་ཐེག་པ་ཆེན་པོའི་ལམ་དང་མ་མཐུན་ན་གང་ཟག་གིས་མི་ཕན་པས། ཆོས་ཐེག་པ་ཆེན་པོ་དང་མཐུན་ན་གང་ཟག་ཀྱང་དེ་ཅི་ལྟ་བུ་ཡིན་པས་ཆོས་ལ་རྟོན་དགོས། ཆོས་ཀྱི་ཚིག་ལ་མི་རྟོན་པར་དོན་ལ་རྟོན་དགོས། དོན་དྲང་དོན་དང་ངེས་དོན་གཉིས་ལས་ངེས་དོན་ལ་རྟོན་དགོས། ངེས་དོན་ལ་རྣམ་ཤེས་ཡེ་ཤེས་གཉིས་ཀྱི་ཟླས་ཕྱེ་བའི་ཡེ་ཤེས་ལ་རྟོན་དགོས། བཞི་པ་ལོག་པར་འཛིན་པ་ནི་དོན་ལོག་པར་འཛིན་པ་ཡིན་པས་གསང་སྔགས་ཀྱི་ཆོས་ཞིག་ཞུས་ནས་བཟུང་ནག་ཆང་སྦྱོར་སྒྲོལ་གྱི་སྤྱོད་པ་ལ་སྤྱད་ཆོག་པར་བསམ་པ་དེ་ཡིན་ལ། དེའི་གཉེན་པོ་སྤྱོད་པ་དུས་ཚོད་དང་འབྲེལ་དགོས་ཏེ། ཏིང་ངེ་འཛིན་གྱི་དྲོད་ཐོབ་ནས་འབྲུ་གསུམ་བརྗོད་པས་ཆང་གི་ཁ་དོག་དྲི་རོ་བསྒྱུར་ནུས་དུས། སྤྱོད་པས་བསད་ནུས་པ་དགོངས་པས་གསོ་ནུས་པ་ལ་སོགས་པའི་དྲོད་ཐོབ་པ་དང་བསྟུན་སྤྱོད་པ་སྤྱད་དགོས། དེ་ལྟར་མ་ཤེས་གབ་པའི་གསང་བ་མ་རྟོགས་པར་སྦས་པའི་གསང་བ་ལ་འཆོལ་ཉོག་ཏུ་སྤྱོད་ན་བདུད་དང་རུ་ཏྲ་ལྟ་བུ་ལས་འགྲོ་ས་གཞན་མེད། ལྔ་པ་གོང་འོག་བསྣོལ་ནས་འཛིན་པ་སྔོན་འགྲོ་མ་ཞུས་གོང་ནས་དངོས་གཞི་བཤད་ཉན་བྱེད། སྔོན་འགྲོ་ལ་ཐུན་མོང་ཕྱི་ནང་གི་སྔོན་འགྲོ་གོ་བཟློག་ནས་འཛིན་པ་ཡིན་པས། དེའི་གཉེན་པོ་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་སྐས་ཀྱི་གདང་བུ་ལྟ་བུའི་གོང་འོག་བབ་ཆགས་པས་འཛིན་དགོས། གཉིས་པ་བླང་བྱའི་ཀུན་སྤྱོད་ལ། འདུ་ཤེས་བཞི་བསྟེན་པ་རང་ལ་ནད་པའི་འདུ་ཤེས་ལ་རང་རྒྱུད་ཀྱི་རྒྱུ་དུག་གསུམ་འབྲས་བུ་སྡུག་བསྔལ་གསུམ་གྱི་ནད་ཀྱིས་ཟིན་པའི་རང་སྐྱོན་ངོས་ཟིན་དགོས། གཞན་གོ་སླའོ། ། ཕྱིན་དྲུག་གི་ཉན་པ་པོ་དང་འཆད་པ་པོ་དྲུག་ལས། དང་པོའི་དྲུག་ནི་དངོས་དང་། འཆད་པ་པོའི་དྲུག་ནི། རྙེད་བསྟོད་སྙན་གྲགས་ཀྱི་རེ་བ་མེད་པའི་སྒོ་ནས་འཆད་པ་སྦྱིན་པ། གཞན་ལ་ཟུར་ཟ་ཁྱད་གསོད་སོགས་མེད་པ་ཚུལ་ཁྲིམས། ཡང་ཡང་དྲིས་ན་མི་ཁྲོ་བ་བཟོད་པ། ཉིན་མཚན་རྣམས་སུ་ཆོས་བཤད་ན་མི་སྐྱོ་བ་བརྩོན་འགྲུས། ཚིག་དོན་ལ་སེམས་གཏད་པ་བསམ་གཏན། འཁོར་གསུམ་དག་པ་དང་སློབ་མ་ལ་ཐོས་བསམ་བསྐྱེད་པ་ཤེས་རབ་ཡིན་ནོ། ། གཞན་ནི་གོ་སླའོ། ། གཉིས་པ་བཤད་བྱའི་ཆོས་ཀྱི་རིམ་པ་དལ་འབྱོར་རྙེད་པར་དཀའ་བ་སོགས་དྲུག་ཡིན། ཆོས་ཞེས་པའང་གོང་ལྟར་ཆོས་འདིས་རང་གི་སེམས་འདུལ་དགོས་ཏེ། རལ་པས་མ་ཡིན་དབྱུག་པས་མིན། ། ཞེས་པས་དལ་འབྱོར་སོགས་འདི་དག་ཡང་ནས་ཡང་དུ་རང་རྒྱུད་ལ་བསམ་དགོས། དང་པོ་བློ་ལྡོག་གི་ཆོས་རྣམ་པ་བཞིའམ། ཞེན་ལོག་གི་ཆོས་རྣམ་པ་བཞིའམ། ངེས་འབྱུང་གི་ཆོས་རྣམ་པ་བཞི་ཞེས་པ་དོན་གཅིག་མིང་གི་རྣམ་གྲངས་ཡིན་ལ། དང་པོ་དལ་འབྱོར་རྙེད་དཀའ་དང་། ཚེ་མི་རྟག་པ་ག ཉིས་ཀྱིས་ཚེ་འདི་ལ་བློ་ལྡོག་དགོས། ཞེན་པ་བཞི་བྲལ་ལས། ཚེ་འདི་ལ་ཞེན་ན་ཆོས་པ་མིན། ། ཞེས་པས་དལ་འབྱོར་འདི་ནི་རྙེད་པར་དཀའ་བས། ཡང་ཡང་རྙེད་དཀའ་ཨུ་དུམ་ཝ་ར་འདྲ། ། རྙེད་པ་དོན་ཆེ་ཡིད་བཞིན་ནོར་བུ་འདྲ། ། ཞེས་པས། ཡར་འགྲོ་མར་འགྲོའི་ས་མཚམས་རྟ་ཁ་སྲབ་ཀྱིས་བསྒྱུར་བ་ལྟ་བུ་ད་རེས་ཀྱི་ལུས་རྟེན་འདིའི་སྟེང་ནས་ཡིན་པ་ཤེས་དགོས་ཏེ། དེ་ཡང་མི་རྟག་པ་སྐྱེ་བ་ཡོད་ན་འཆི་བ་ཆོས་ཉིད་དུ་གྲུབ་པས་མི་རྟག་འཆི་བའི་དབང་དུ་འགྲོ་བས་ཚེ་འདི་བསྒྲུབ་པ་ལ་དོན་ནམ་སྙིང་པོ་མེད་པར་ཤེས་ནས་ཕྱི་མ་དོན་དུ་གཉེར་དགོས། འཁོར་བ་རྒྱུ་འབྲས་གཉིས་བསམ་ནས། ཕྱི་མ་ཕན་ཆད་ཀྱི་འཁོར་བ་ལ་བློ་ལྡོག་དགོས། དེ་ལ་བློ་ལྡོག་ཚུལ་ལ། སྐྱེས་བུ་ཆུང་ངུས་ངན་སོང་གསུམ་ལ་བློ་ལྡོག་ནས་མཐོ་རིས་དོན་དུ་གཉེར། འབྲིང་གིས་འཁོར་བ་རིགས་དྲུག་པོ་ལ་བློ་ལྡོག་ནས་ཐར་པ་དོན་དུ་གཉེར། ཁྲིད་ལུགས་གཞན་ལ་འདི་གཉིས་ལས་མེད་ཀྱང་། ཀུན་མཁྱེན་ཡབ་སྲས་ཀྱི་ལུགས་ལ་རང་འདོད་ཡིད་བྱེད་ཀྱི་བསམ་པ་ལ་བློ་ལྡོག་དགོས། དེ་ཡང་འཁོར་བའི་ཉེས་དམིགས་བསམ་པའི་དུས་སུ་སེམས་སྡུག་ལྷང་ངེ་སྐྱོ་ཤས་དང་། དེ་ལས་ཐར་འདོད་ཀྱི་ངེས་འབྱུང་གི་བསམ་པ་སྐྱེ་བའི་དུས་ང་རང་གཅིག་པུ་ཙམ་ཐར་བས་ཅི་ཕན། ཐོག་མ་མེད་པ་ནས་དྲིན་གྱིས་བསྐྱངས་པའི་མ་དྲིན་མོ་ཆེ་རྣམས་ཤུལ་དུ་བཞག་ནས་རང་གཅིག་ཐར་པར་བྱས་ན་དེ་ལས་ཁྲེལ་བོར་བ་སུ་ཡང་མེད་པས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་དགོས་བསམ་ནས་མཐའ་གཉིས་ལས་ངེས་པར་འབྱུང་བ་ཆེན་པོའི་བློའོ། ། ངེས་འབྱུང་བཞིར་བཞག་ན། སྐྱེས་བུ་ཆུང་ངུའི་ཀུན་སློང་དེ་ངེས་འབྱུང་ཙམ་དང་། ཉན་རང་གཉིས་ཀྱི་ངེས་འབྱུང་གཉིས། ངེས་འབྱུང་ཆེན་པོ་དང་བཞིའོ། ། ངེས་འབྱུང་གསུམ་གྱི་དབང་དུ་ན། ཉན་རང་གཉིས་དང་བྱང་སེམས་གསུམ་གྱིས་ངེས་འབྱུང་དང་གསུམ་མོ། ། ད་འཁོར་བ་མཐའ་དག་ལ་ངེས་པར་འབྱུང་ནས་འབྲོས་ས་ཞིག་བཙལ་དགོས་པས། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་དགོས། ཐར་པའི་ལམ་དེ་རང་གི་རང་གར་ནི་མི་ཤེས། ཕ་མ་ཉེ་དུ་སོགས་ཀྱིས་མི་སྟོན། སྟོན་ཀྱང་མི་ཤེས་པས་དགེ་བའི་བཤེས་གཉེན་ཞིག་བཙལ་དགོས། དེ་ཡང་སུ་ཐུག་ཐུག་གང་རུང་རུང་ཞིག་གིས་མི་འོང་བས་བླ་མ་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་མཉེས་པ་གསུམ་གྱི་ཞབས་ཏོག་སྒྲུབ་པའི་སྒོ་ནས་བརྟེན་ཅིང་དགོངས་སྤྱོད་བསླབ་དགོས། དེ་ལས་དང་པོ་དལ་འབྱོར་རྙེད་པར་དཀའ་བའི་ཁྲིད་སོགས་ལ་སྨིན་ཁྲིད་དང་མོས་ཁྲིད་གཉིས་ལས་ད་ལྟ་མོས་ཁྲིད་ཙམ་ལས་མེད་ནའང་། རིག་འཛིན་ཆེན་པོ་འཇིགས་མེད་གླིང་པ་ཚུན་ཆད་དུ་སྨིན་ཁྲིད་ཀྱི་དོད་ཐུབ་ཙམ་བཞུགས་པས་དང་པོ་དལ་འབྱོར་རྙེད་པར་དཀའ་བའི་ཁྲིད་ནི་རང་གི་ལུས་ཀྱི་ཁྲིད་ཡིན་པས། དལ་འབྱོར་འདིའི་སྟེང་ནས་འགྲོ་ས་གཉིས་ལས་མེད། ལེགས་ན་ཐར་པའི་གྲུ་གཟིངས་ལུས་འདི་ཡིན། ། ཞེས་པས་ལུས་འདིའི་སྟེང་ནས་དམ་པའི་ཆོས་ཡང་དག་པ་ཞིག་བསྒྲུབ་ན་བདེ་བ་དང་སྐྱིད་པའི་ཆུས་མགོ་ཚུགས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་དང་། ཁྱད་པར་འོད་གསལ་རྫོགས་པ་ཆེན་པོ་བསྒོམ་ན་ཚེ་འདིའམ། བར་དོའམ། ཕྱི་མ་གསུམ་གང་རུང་ལ་གྲོལ་བར་འགྱུར། ཉེས་ན་འཁོར་བའི་གཏིང་རྡོ་ལུས་འདི་ཡིན། ། ཞེས་པས་ལུས་འདིའི་སྟེང་ནས་འཇིག་རྟེན་ཚེ་འདི་བསྒྲུབ་ན་འཇིགས་དང་སྡུག་བསྔལ་ཐམས་ཅད་ཀྱི་མགོ་འཛིན་པ་ཡིན། དེ་ལྟ་བུའི་རང་ངོས་ནས་ཆོས་སྒྲུབ་པའི་འགལ་རྐྱེན་མེད་ཅིང་ཁོམས་པས་ན་དལ་བ་ཞེས་བྱ་བ་འདི་རང་གི་ལུས་འདི་ཡིན་པས་དེའི་ལྡོག་ཕྱོགས་མི་དལ་བ་བརྒྱད་ཡོད་དེ་བརྒྱད་ལ་རང་རྒྱུད་རྟེན་གྱི་མི་ཁོམས་པ་བརྒྱད་ཟེར། དེ་ལ་མི་མ་ཡིན་པའི་མི་ཁོམས་པ་བཞི་དང་། མིའི་མི་ཁོམས་པ་བཞི་ལས། དང་པོ་མི་མ་ཡིན་པའི་མི་ཁོམས་པ་དམྱལ་བ་བསྒོམ་ནས་ཆོས་སྒྲུབ་པ་ལ་ཁོམས་མི་ཁོམས་ཡང་ནས་ཡང་དུ་བསམ་དགོས། དེ་ལ་ཐུན་དང་ཐུན་མཚམས་གཉིས། ཐུན་ལའང་ཐུན་གཉིས་དང་གསུམ་དང་བཞི་དང་དྲུག་ལ་སོགས་པའི་ལུགས་མང་ཡང་འདིར་ནི་ཉིན་ཐུན་གཉིས་མཚན་ཐུན་གཉིས་དང་བཞིའི་དབང་དུ་བྱས་ན། ལས་དང་པོ་པ་འཇུག་བདེ་བའི་ཕྱིར་ནངས་དུས་ཐོ་རངས་བྱ་གྲགས་དང་པོ་ཙམ་ནས་ཐུན་མགོ་བཟུང་སྟེ་ནམ་མ་གསལ་བར་དུ་ཐོར་ཐུན་ནམ་ལངས་པ་དང་ཐུན་གྲོལ་ནས་ཉི་མའི་དྲོས་པོ་ཆེ་བར་དུ་ཐུན་མཚམས་ཀྱི་བྱ་བ་ཆུ་གཏོར་དང་དཀར་གསུར་རྒྱུན་དུ་མི་ཆག་པའི་ཡི་དམ་རྣམས་འདོན། དེ་ནས་ཐུན་བསྡམ་ནས་ཉིན་གོང་ཉི་མ་ཀླད་ལ་མ་འཁོར་གྱི་བར་དུ་སྔ་ཐུན། དེ་ནས་ཐུན་གྲོལ་ནས་གུང་ཚིགས་དང་། ཕྱག དཔེ་ལྟས་སོགས་བྱས་ནས་ཕྱི་དྲོ་གྲིབ་ཆེན་གུག་མ་འོང་བར་དལ་བར་བསྡད། དེ་ནས་ཐུན་བསྡམ་ནས་ཉི་མ་ལ་མ་སོང་བར་དུ་ཐུན་བསྡམ་པ་ཕྱི་ཐུན། དེ་ནས་ཐུན་གྲོལ་ནས་གསོལ་ཀ་དང་བསྔོ་བ་སྨོན་ལམ་གང་ཤེས་དང་དམར་གསུར་རྣམས་འདོན། དེ་ནས་སྲོད་གདོང་ནག་ཅེས་མི་གཅིག་མཐོང་ན་མི་ཡིན་རྒྱུ་ཙམ་ལས་འདི་ཡིན་ནོ་ཞེས་ངོ་མི་ཤེས་པའི་དུས་སུ་ཐུན་བསྡམ་པ་སྲོད་ཐུན། དེ་ནས་མི་ཉལ་ཕྱི་བ་ཙམ་དུ་ཐུན་གྲོལ་བ་སྟེ་ཐུན་བཞི་བོ་དེའི་དུས་སུ་བསྒོམ་ན་སེམས་ལས་སུ་རུང་ལ། ཐུན་མཚམས་རྣམས་སུ་ལས་དང་པོ་པས་བསྒོམ་ཀྱང་གནད་དུ་མི་འགྲོ་ཁྱད་པར་བྱིང་རྒོད་ཀྱི་སྐྱོན་ལྷག་པར་འབྱུང་བས་ཐུན་མཚམས་ཁ་ཏོན་དང་དགེ་སྦྱོར་ལ་བརྩོན་པ་ལས་བསྒོམ་པ་བག་ཡང་བྱ། དེ་ལྟ་བུའི་ཐུན་རེ་རེ་ལ་ཐུན་གྱི་སྔོན་འགྲོ་དང་དངོས་གཞི་དང་རྗེས་གསུམ་ལས་དང་པོ་སྔོན་འགྲོ་ལ་སྔོན་འགྲོའི་སྔོན་འགྲོ་དང་སྔོན་འགྲོ་གཉིས་ལས་སྔོན་འགྲོའི་སྔོན་འགྲོ་ནི། སྣབས་འབུད་གདོང་ཕྱི་སྒོ་ཕྱི་ནང་གི་བྱ་བ་བསྒྲུབ་རྒྱུ་ཡོད་ཚད་རྣམས་བ སྒྲུབ་མདོར་ན་ཐུན་ནང་ནས་ཐུན་ཕེད་དེ་བརྒྱུག་མི་དགོས་པར་བྱེད་པ་ཡིན། དེ་ནས་མལ་དུ་ལུས་སེམས་ཁོད་ལྷོད་དེ་བསྡད་ནས་ངལ་བསོ། དེ་ནས་ད་ངས་ཐུན་ནང་འདིར་དྲིན་ཆེན་གྱི་ཕ་དེ་ཐོན་འོང་ནའང་ཐུན་ཕེད་དེ་འཁྲུལ་པའི་དབང་དུ་གཏོང་རེ་ཤི དེ་ལྟ་བུའི་དམ་བཅའ་དེ་ཤ་སེན་མོས་བཏོགས་ཏེ་བསད་ན་གཏོང་རེ་སྙམ་པའི་དམ་བཅའ་དྲག་པོ་ཞིག་བྱས་ཏེ། ཐུན་གྱི་སྔོན་འགྲོ་ནི་ལུས་གནད་རྣམ་སྣང་ཆོས་བདུན་ཏེ། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་། ལག་པ་མཉམ་བཞག རྒལ་ཚིག་དོང་ཚེ་ལྟར་བརྩིགས། དཔུང་པ་ལྷོད་དེ་བརྒྱང་། མགྲིན་པ་ཨེན་ཙམ་དགུག ལྕེ་ཡ་རྐན་ལ་སྦྱར། མིག་སྣ་རྩེར་ཕབ་པ་སྟེ་བདུན། ངག་གནད་རླུང་རོ་བསལ་བ་ལ་གཡས་གཡོན་རེས་མོས་གསུམ་གསུམ་མཉམ་དུ་གསུམ་སྟེ་དགུ་སྤྲུག་གམ། ཡང་ན་གཡས་གཅིག་གཡོན་གཅིག་མཉམ་པར་གཅིག་སྟེ་སུམ་སྤྲུག་གམ། ཡང་ན་མཉམ་པར་གསུམ་སྟེ་སུམ་སྤྲུག་གང་རུང་བྱེད། དེ་ལ་ལག་པ་གཡོན་པ་རྡོ་རྗེ་ཁུ་ཚུར་བརླའི་རྩ་བོ་ཆེའི་སྟེང་ནས་མནན། གཡས་པ་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱས་སྣ་བུག་གཡས་པ་བཀག གཡོན་པ་ནས་རླུང་ནང་དུ་དལ་བུས་རྔུབ་ལྟེ་འོག་ཏུ་ཆིལ་གྱིས་བཅགས། དམིགས་པ་བདག་གི་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་ཉོན་མོངས་སྡིག་སྒྲིབ་དམ་ཚིག་ཉམས་ཆག་སྒོམ་སྐྱོན་བྱིང་རྨུགས་འཐིབ་གསུམ་རླུང་ནག་པོ་ཞིག་གི་རྣམ་པར་གྱུར་ནས་ཕྱིར་སངས་ཀྱིས་འགྲོ་བར་བསམ་ལ་རླུང་འཕེན་དུས་ནས་འབྲུ་འདྲ་བར་དང་པོ་ཆུང་ངུ་བར་ཆེར་བསྐྱེད་ཐ་མ་ནར་གྱིས་འཕང་། དེས་ནི་སྣོད་བཀྲུ་བཤལ་བྱེད་པ་དང་མཚུངས། གསུམ་པ་སེམས་གནད་ཀུན་སློང་བཅོས་པ་ནི་ད་ག་རེ་ངའི་ཐུན་ཞིག་སྡོམ་པ་འདི། ཚེ་འདིའི་ནད་སོགས་ཞི་བར་འདོད་པའི་འཇིགས་སྐྱོབ་ཀྱི་ཀུན་སློང་རེད་དམ། རྙེད་བསྟོད་བསྒྲུབ་པའི་ལེགས་སྨོན་དེ་ཡིན། དེ་གཉིས་ཀ་ཡིན་ན་དུག་ལྟར་སྤང་། ལུང་མ་བསྟན་ཡིན་ན་བཅོས། སྐྱེས་བུ་ཆུང་ངུའི་ཀུན་སློང་དེ་འཇིག་རྟེན་རྒན་པོའི་བསམ་བྱ་ཡིན་པས་ང་ལམ་ཞུགས་ཤིག་གི་བསམ་བྱ་མིན། སྐྱེས་བུ་འབྲིང་གི་ཀུན་སློང་དེ་ཡང་བདག་རང་འདོད་བསྒྲུབ་པའི་བསམ་པ་ཡིན་པས་དེ་ཡང་སྤང་བྱ་ཡིན། ད་ནི་སྐྱེས་བུ་ཆེན་པོའི་ཀུན་སློང་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཏེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ངས་དལ་འབྱོར་རྙེད་པར་དཀའ་བ་བསྒོམ་པར་བགྱིའོ་སྙམ་པའི་ཀུན་སློང་རྣམ་པར་དག་པ་བསྐྱེད་དགོས། བླ་མ་ལ་གསོལ་བ་འདེབས་པ་ནི། རང་གི་སྤྱི་བོར་པདྨ་དཀར་པོ་འདབ་མ་འབུམ་ཕྲག་བརྡལ་བ་ཟེའུ་འབྲུ་དམར་སེར་གྱེས་པའི་སྟེང་དུ་སེང་ཁྲི་དར་ཟབ་འབོལ་བརྩེགས་ཀྱི་གདན་ལ་རྩ་བའི་བླ་མ་རབ་བྱུང་ངམ་སྔགས་པའི་ཆ་ལུགས་ཇི་ལྟ་བ་བཞིན་གསལ་ལ་བླ་མ་སངས་རྒྱས་སུ་ཤེས་པ་ལྔས་གསོལ་བ་བཏབ་སྟེ། དུས་གསུམ་སངས་རྒྱས་ཐམས་ཅད་སོགས་དང་། བློ་ལྡོག་བཞི་པོའི་མགོ་མཇུག་གི་གསོལ་འདེབས་ཀྱི་ཚིགས་བཅད་དེ་དག་བཏོན་ཏེ་མོས་གུས་དུང་དུང་བས་གསོལ་བ་བཏབ་པས་བླ་མ་ཐུགས་བརྩེ་བ་ཆེན་པོས་འོད་དུ་ཞུ་ནས་རང་ལ་ཐིམ་སྟེ་བླ་མ་དང་ཐུགས་ཡིད་དབྱེར་མེད་དུ་འདྲེས་པའི་ངང་ལ་འདས་པའི་རྗེས་སུ་མི་འབྲང་། མ་འོངས་པའི་མདུན་མི་བསུ། ད་ལྟའི་རྟོག་པ་འཕྲོ་མི་མཐུད་པར་ཅི་གནས་སུ་མཉམ་པར་འཇོག དེ་དག་ནི་ཐུན་གྱི་སྔོན་འགྲོ་ཡིན། དངོས་གཞི་ལ་དང་པོ་དལ་བ་བརྒྱད་སྒོམ་པའི་མི་མ་ཡིན་པའི་མི་ཁོམས་པ་བཞིའི་དང་པོ་དམྱལ་བ་ལ་གནས་དང་། ལུས་དང་། སྡུག་བསྔལ་དང་། ཚེ་ཚད་བསྒོམ་པ་བཞི་ལས། གནས་ནི་མུན་པ་མུན་ནག་སྨག་ཏུ་གྱུར་པའི་གནས། ས་གཞི་ཐམས་ཅད་ལྕགས་སྲེག་གི་ས་གཞི་མགལ་གྱི་སོལ་མེ་ལས་བྱུང་བ་ལྟ་བུ་ཐ་མལ་ས་རྡོག་པ་བཞག་ས་ཙམ་ཡང་མི་མངོན་པ། མེ་རི་སྨུག་ནག་ཁྲུ་གང་བ་འབར་བ། སྟེང་ན་མདག་མ་དང་། རྡོ་བསྲེག་དང་མཚོན་ཆའི་ཆར་བ་འབེབས་པ། དེའི་ལུས་ནི། འཛམ་བུ་གླིང་པའི་མི་བས་བཞི་འགྱུར་གྱིས་ཆེ་བ་ལུས་མདོག་ཁྲག་ཚོས་པའམ། ཡང་ན་བལ་ནག་གི་འདབ་མ་གཡེང་བ་ལྟ་བུའམ་རྒྱལ་པོའི་བུ་བཙས་མ་ཐག་པ་ལྟ་བུའི་པགས་པ་སྲབ་པ། ཤ་ཚག་དམ་པ། ཤིན་ཏུ་དྭངས་པ་མིག་ལྟ་བུ་རེག་བྱ་སྲན་མི་བཟོད་པ། སྐྲ་གྱེན་དུ་གཟེང་བ། མིག་ཟུར་གསུམ་པ། བ་སྤུ་གཟེང་བ་ཡན་ལག་རགས་པ། གསུས་ཁྱིམ་ཆེ་བ་ཁྲོ་བོ་ལྟ་བུ་དམྱལ་བའི་སེམས་ཅན་དེ་འཛམ་བུ་གླིང་པའི་མིས་མཐོང་ན་བརྒྱལ་འགྲོ་ཐུབ་པ་ལྟ་བུ། སྡུག་བསྔལ་ཉིན་མི་དལ་མཚན་མི་ཉལ་བར་ཉིན་དང་མཚན་མེད་པར་མཚོན་གྱིས་གཤོག་པ་དང་། ས་གཞི་དང་རྡོ་བསྲེག་གི་ཆར་བ་སོགས་ཀྱིས་ལུས་མགོ་མཇུག་མེད་པར་བསྲེགས་ཏེ་བདེ་བའི་གོ་སྐབས་ཅུང་ཟད་ཙམ་ཡང་མེད་དེ་སྡུག་བསྔལ། ཚེ་ཚད་ནི་ལོའི་གྲངས་ལས་འདས་པ་བར་གྱི་བསྐལ་བ་ལ་སོགས་པར་མྱོང་དགོས། གྲང་དམྱལ་གྱི་གནས་གངས་རི་ཆབ་རོམ་གྱི་ཁྲོད་ཁ་བ་བུ་ཡུག་སྦྲེབས་པ། ལུས་ཚ་དམྱལ་དང་མཚུངས། སྡུག་བསྔལ་གྲང་བའི་སྡུག་བསྔལ། ཚེ་ཚད་ལོ་དཔག་ཏུ་མེད་པར་མྱོང་དགོས། ད་དེ་ལྟ་བུའི་ཚ་གྲང་གི་དམྱལ་བ་གང་དུ་སྐྱེས་ཀྱང་དམ་པའི་ཆོས་བསྒྲུབ་ཁོམས་སམ་མི་ཁོམས་ཡང་ནས་ཡང་དུ་བསམ་སྟེ་དཔྱད་སྒོམ་དང་། ཡང་དེ་ལྟར་དཔྱད་ནས་སེམས་ཆད་དེ་གར་ཡང་འགྲོ་མི་བཏུབ་ན་འདས་པའི་རྗེས་སུ་མི་འབྲང་། མ་འོངས་པའི་མདུན་མི་བསུ། ད་ལྟའི་འཕྲོ་མི་མཐུད་པར་བཅས་བཅོས་མེད་པར་འཇོག་སྒོམ་བྱེད། ཡང་རྟོག་པ་ཞིག་འཕྲོ་བར་རྩོམ་པ་ན་ཡང་དཔྱད། ཡང་འཕྲོ་མི་འདོད་དུས་བཞག་དཔྱད་འཇོག་རེས་མོས་བྱེད་པ་ཡིན། གཉིས་པ་ཡི་དྭགས་ཀྱི་གནས་ནི། ཟག་མ་དང་རྡོ་གསེག་གིས་གང་བ། སྡོང་དུམ་མེས་ཚིག་པ་མང་པོ་དང་། དུག་ཚེར་རགས་པོ་ཐ་ཐོར་ཡོད་པ། ཆུ་སྐམ་པའི་གྲམ་པ་སྐྱ་ཁྲོག་གེ་ཡོད་པ། ན་བལ་སྐམ་པ་མང་པོ་གཡེང་བ། ལུས་ནི་བསྐལ་པའི་རུས་པའམ། ཤྭ་མོང་སྐམ་པའམ། མར་གྱི་སྐོག་གྱོང་བ་ལྟ་བུ། མགོ་བོ་ནི་རྒྱ་རྫ་ཙམ། མགྲིན་པ་རྟ་རྔ་ཙམ། ལྟོ་བ་ཡུལ་ལྗོངས་ཙམ། ཡན་ལག་འཇག་སྐྱ་ཙམ། ཡི་དྭགས་གཅིག་སོང་བའི་སྒྲ་ལ་ཤིང་རྟ་འཁོར་ལོ་ལྔ་བརྒྱ་ཙམ་དྲུད་པའི་སྐྲ་ཙམ་དང་། ལྷུ་ཚིགས་ནས་མེ་སྟག་དམར་ཆལ་ཆལ་བྱེད་པ། སྡུག་བསྔལ་ནི། ཡི་དྭགས་རྣམས་ལ། དབྱར་ནི་ཟླ་བའང་ཚ་ལ། དགུན་ནི་ཉི་མའང་གྲང་བ་ལྗོན་ཤིང་ཐོག་བུ་ཅན་མང་པོ་མཐོང་ཡང་མེད་པར་འགྱུར་བ་དང་། རྒྱ་མཚོ་ཆེན་པོ་རླབས་ཕྲེང་ཤེལ་ཕྲེང་ལྟར་གཡོ་བ་མཐོང་ཡང་མཐོང་བ་ཙམ་གྱིས་སྐམ་ནས་སྔ་མ་བས་ཀྱང་ཉམས་ཐག་ཅིང་སྡུག་བསྔལ་བར་འགྱུར་བ་ཡིན། ཚེ་ཚད་རིང་མཐའ་མི་ལོ་ཁྲི་དང་ཐུང་ཚད་མ་ངེས་སོ། ། དེ་ལྟ་བུའི་གནས་སུ་སྐྱེས་ན་དམ་པའི་ཆོས་བསྒྲུབ་ཁོམས་མི་ཁོམས་ལ་དཔྱད་འཇོག་སྤེལ་མར་བསྒོམ། གསུམ་པ་དུད་འགྲོའི་གནས་ནི། ཕལ་ཆེར་གླིང་བར་མུན་པ་མུན་ནག་གི་གནས་རང་གི་ལག་པ་བརྐྱང་བསྐུམ་ཙམ་ཡང་མི་མངོན་པའི་གནས་སུ། ལུས་ནི་ཉ་དང་ཆུ་སྲིན་གྱི་རིགས་རིའི་རྒྱལ་པོ་རི་རབ་ལ་དཀྲིས་ལན་གསུམ་ལ་སོགས་པར་འཁོར་བ། ཆུང་བ་རྡུལ་ཕྲན་དང་ཁབ་རྩེ་ལ་སོགས་པའི་རྣམ་པ། སྡུག་བསྔལ་ནི་སྤྱིར་གླེན་ཅིང་གཏི་མུག་པ་བླང་དོར་ལ་རྨོངས་པ།
བྱེ་བྲག་ཏུ་ཆེན་པོ་རྣམས་ཀྱིས་ཆུང་ངུ་རྣམས་གྱུར་མིད་བྱེད། ཆུང་ངུ་རྣམས་ཀྱིས་ཆེན་པོ་རྣམས་ཐལ་མར་འབིགས་ཤིང་གནས་དང་གོས་གཉིས་ཀའི་གོ་བཅད་དེ་ཟ་བའི་སྡུག་བསྔལ་དཔག་ཏུ་མེད། ལྷ་ཚེ་རིང་པོ་གནས་བསམ་གཏན་བཞི་པའི་གྲོང་གི་བྱང་ཤར་མཚམས་ན་སྡོང་དུམ་མེས་ཚིག་པ་ལྟ་བུའི་ནག་ངམ་མེ་བའི་གནས་སུ། ལུས་ནི་སྟོང་རིག་ཏིང་ངེ་འཛིན་གྱི་ལུས། བདེ་སྡུག་དང་། དགེ་སྡིག་གི་འདུ་ཤེས་མེད་པ་དཔེར་ན་གཉིད་འཐུག་པོའི་གནས་སྐབས་ལྟ་བུ་ཡིན། དེ་ཡང་བསམ་གཏན་བཞི་པའི་ཐད་དུ་ཡོད་པར་བཤད་པ་དྲང་དོན་དང་། གང་དུ་འཆི་ས་དེ་དང་ཅིས་མི་མཚུངས་ཞེས་པ་ལྟར་རང་ཉིད་གང་དུ་འཆི་ས་དེ་ཉིད་དུ་འདུ་ཤེས་མེད་པའི་ངང་དུ་གནས་ནས་བསྐལ་པ་ཆེན་པོ་བརྒྱད་ཅུ་རེའི་བར་དུ་གནས་པས་དམ་པའི་ཆོས་ཀྱི་སྣང་བ་དང་བྲལ་ཏེ་ཆོས་བསྒྲུབ་མི་ཁོམས། དེ་ལྟར་དཔྱད་འཇོག་ལེགས་པར་བྱས་ནས་བསྒོམ། གཞན་མིའི་མི་ཁོམས་པ་བཞི་ནི། སྒོམ་ཚུལ་གོང་ལྟར་དཔྱད་འཇོག་སྤེལ་མར་བསྒོམ། དེ་ནི་ཐུན་གྱི་དངོས་གཞིའོ། ། ཐུན་གྱི་རྗེས་ནི། དེ་ལྟར་ཐུན་དེའི་ནང་དུ་བསྒོམ་པའི་དགེ་བ་དེས་མཚོན་དུས་གསུམ་གྱི་དགེ་བའི་དངོས་པོ་རྣམས་དང་རྒྱལ་བ་སྲས་བཅས་ཀྱི་ཟག་མེད་ཀྱི་དགེ་བའི་རྩ་བ། སེམས་ཅན་ཐམས་ཅད་ཀྱི་ཟག་བཅས་ཀྱི་དགེ་བའི་རྩ་བ་ཐམས་ཅད་བློས་གཅིག་ཏུ་བསྡུས་ཤིང་བསྡུམས་ཏེ་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པའི་ཆེད་དུ་བསྔོ། བསྔོ་བའི་ཚུལ་ཡང་རྒྱལ་བ་སྲས་དང་བཅས་པས་འཁོར་གསུམ་ཡང་དག་གི་བསྔོ་བའི་སྒོ་ནས་ཇི་ལྟར་བསྔོས་པ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ་སྙམ་པའི་སྒོ་ནས། འཇམ་དཔལ་དཔའ་བོས་ཇི་ལྟར་སོགས་བརྗོད། དེ་ནས་ཧར་ལངས་མི་བྱེད་པར་ད་ག་རེ་ངས་སྔ་ཐུན་གྱི་མགོར་དམ་བཅས་པ་དེ་འཁྲུལ་པའི་དབང་དུ་ཤོར་རམ་མ་ཤོར་སྙམ་དུ་ཕྱི་ལྟས་བྱེད་ཅིང་། གལ་ཏེ་འཁྲུལ་པའི་དབང་དུ་སྐད་ཅིག་ཀྱང་མ་སོང་བར་ཐུན་ལེགས་པར་ཆོད་ན་དགའ་ཞིང་ང་རྒྱལ་བར་འགྱུར་བས་ང་རྒྱལ་བཅགས་དགོས་ཏེ། ཨོ་ཁྱོད་ལ་ད་ལྟ་ཐུན་ལེགས་པོ་ཞིག་ཆོད་འོང་རྒྱུ་དེ་བསོད་ནམས་འཁྱམས་པོས་ཕྱི་ལྟས་ཟེར་བ་དེ་རེད་ཁྱོད་ལ་ང་རྒྱལ་རྒྱུ་ཅི་ཡོད། ཁྱོད་དེ་འདྲའི་བཟང་པོ་ཞིག་ཨེ་ཡིན་ངས་ཐུན་ཕྱི་མའི་ནང་དུ་བལྟའོ་སྙམ་དུ་ང་རྒྱལ་གཅག་དགོས། ཡང་སེམས་འཁྲུལ་པའི་དབང་དུ་སོང་ནས་དགེ་བ་སྣ་གཅིག་བསམ་མ་ཉན་ན་སེམས་སྡུག་འོང་སྟེ་ཨེ་ངས་ཅི་འོང་ས་མི་འདུག་སྙམ་སྒྱིད་ལུག་པར་འགྱུར་བས། དེ་ལ་སྤྲོ་བ་བ སྲིངས་ཤིང་གཟེངས་བསྟོད་དགོས་ཏེ། ཨོ་ཁྱོད་ད་ལྟ་འཁྲུལ་པའི་དབང་དུ་ཤོར་སོང་བས་མ་ལེགས་ཀྱང་སྡུག་རྒྱུ་ཡང་ཅི་ཡོད། ཁྱོད་ཐོག་མ་མེད་པའི་དུས་ནས་ད་ལྟའི་བར་དུ་འཁྲུལ་ཏེ། ད་ལྟའང་ཐུན་དང་ཐུན་མཚམས་ཕྱེ་ནས་བསྒོམ་དགོས་པ་དེ་ལ་ཐུག་པ་ཡིན་མ་གཏོགས་ཁྱོད་དང་པོ་ནས་མི་འཁྲུལ་བ་ཞིག་ཡིན་ན་ད་སངས་ཅིའི་ཕྱིར་མ་རྒྱས། ད་ལྟ་འཁྲུལ་བའི་དབང་དུ་སོང་རུང་ཐུན་ཕྱི་མ་དེ་ལ་འཁྲུལ་པའི་དབང་དུ་གཏོང་རེ་ཀན་སྙམ་དུ་དམ་བཅའ་བློས་འཁྱུད་ཚད་ཅིག་བྱ། དེ་ནས་དལ་གྱིས་གདན་ལས་ལངས་ཏེ་ཐུན་མཚམས་ཀྱི་བྱ་བ་རྣམས་ལ་འཇུག དེའང་ཐུན་མཚམས་སུ་སྔར་གྱི་དལ་བ་བརྒྱད་པོ་རེ་རེ་ནས་མ་བསམ་ན། དཔེར་ན་མགལ་གྱིས་མེ་ནང་དུ་ལྕགས་བསྲེགས་པ་ཕྱིར་བླངས་པ་དང་མཉམ་དུ་ནག་ཁྲོག་གེ་འགྲོ་བ་བཞིན་ཐུན་ནང་དུ་ཅུང་ཟད་སེམས་འགྱུར་བ་ལྟ་བུ་རེ་ཡོད་པ་དེ་ཐུན་མཚམས་འཇིག་རྟེན་ཚེ་འདིའི་སྣང་ཤས་གང་དགའ་དགའ་ལ་ཐོང་དང་ཐུན་ནང་དུ་དལ་བ་སོགས་བསམ་མ་བསམ་མེད་པར་བློ་དྲེད་པོར་འཆོར་ཉེན་ཡོད། དེས་ཐུན་གྱི་རྗེས་སོང་ནས། འབྱོར་པ་བཅུ་ནི་དེ་ལྟར་དལ་བ་ཙམ་ཐོབ་པས་མི་ཕན་པར་དམ་པའི་ཆོས་བསྒྲུབ་པ་ལ་རང་ངོས་ནས་མཐུན་རྐྱེན་ཚང་དགོས་པ་ལྔ་དང་། གཞན་ངོས་ནས་མཐུན་རྐྱེན་ཚང་དགོས་པ་ལྔ་སྟེ་བཅུ་པོ་དེ་དག་གི་སྔ་མ་གསུམ་གསུམ་ཚང་བ་ལ་དགའ་བ་བསྒོམ་པ་ཙམ་ལས་མེད་ལ། ཕྱི་མ་གཉིས་གཉིས་ལེགས་པར་བརྟགས་ཏེ་ཚང་བའི་ཐབས་ལ་འབད་དགོས་པ་ཐུན་དང་ཐུན་མཚམས་ཕྱེ་སྟེ་དཔྱད་འཇོག་སྤེལ་མར་བསྒོམ་པ་འདྲའོ། ། འཕྲལ་བྱུང་རྐྱེན་གྱི་མི་ཁོམས་པ་བརྒྱད་པོ་དེ་དཔེར་ན་དལ་འབྱོར་བཅོ་བརྒྱད་པོ་ལུག་བཅོ་བརྒྱད་ཡོད་པ་ལྟ་བུ་ཞིག་ལ་འཕྲལ་བྱུང་རྣམས་སྤྱང་ཁུ་བྱུང་སྟེ་གཅིག་བསད་ན་བཅུ་བདུན་ལས་མེད། གཉིས་བསད་ན་བཅུ་དྲུག་ལས་མེད་པ་ལྟ་བུ་ཡིན་པས་འཕྲལ་བྱུང་རྣམས་དེ་རིང་རང་རྒྱུད་ལ་མེད་ཀྱང་སང་ཉིན་འབྱུང་ཉེ། ཐུན་སྔ་མ་ལ་མེད་ཀྱང་ཕྱི་མ་ལ་འབྱུང་ཉེ། ཐུན་མགོར་མེད་ཀྱང་ཐུན་མཇུག་ཏུ་འབྱུང་ཉེ་བས་རང་རྒྱུད་ལ་ཞིབ་ཏུ་བརྟགས་ནས་རེ་རེ་ནས་གཉེན་པོ་བསྟེན་དགོས། དང་པོ་ནི་ཉོན་མོངས་གང་ཆེ་གཉེན་པོ་འབད་དེ་བསླབ་ཅེས་པས་འདོད་ཆགས་ཀྱི་གཉེན་པོ་མི་སྡུག་པ། ཞེ་སྡང་གི་གཉེན་པོ་བྱམས་པ། གཏི་མུག་གི་གཉེན་པོ་ཁམས་ཀྱི་རབ་དབྱེ་རྣམས་བསྒོམ། བླུན་རྨོངས་ཀྱི་གཉེན་པོ། ཐོས་པས་ཚིག་མི་གོ བསམ་པས་དོན་མི་ཤེས། བསྒོམས་པས་གནས་ལུགས་ཀྱི་རྟོགས་པ་མི་སྐྱེ་བ་སྔོན་གྱི་སྡིག་པ་དང་སྒྲིབ་པ་ཡིན་པས་གཉེན་པོ་སྟོབས་བཞི་ཚང་བའི་བཤགས་པ་དང་། བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་པོ་རེ་རེ་བཞིན་ཐུགས་བསྐྱེད་དང་ཕྲིན་ལས་ཀྱི་ཁྱད་པར་འཕགས་པ་རེ་རེ་ཡོད་པས་ཤེས་རབ་བསྐྱེད་པའི་ལྷ་འཕགས་པ་འཇམ་དཔལ་དབྱངས་ལ་གསོལ་བ་འདེབས། བདུད་ཀྱིས་ཟིན་པའི་གཉེན་པོ་དགེ་བའི་བཤེས་གཉེན་ཡང་དག་ཡིན་མིན་བརྟག་དགོས། དེ་ཡང་ཕྱིའི་རྫུ་འཕྲུལ་དང་མངོན་ཤེས་ལ་སོགས་པས་མི་བརྟག དེའི་ཐུགས་རྒྱུད་ན་རིན་ཆེན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡོད་མེད་ཀྱིས་བརྟག་དགོས། ཡོད་ན་འབྲེལ་ཚད་དོན་ལྡན་ཡིན་པས་དགའ་བ་བསྒོམ། མེད་ན་དེ་ལྟ་བུའི་བདུད་ཀྱི་བཤེས་གཉེན་ནམ་བདུད་ཀྱི་གྲོགས་པོ་དེ་དང་ཡང་ན་བཟང་གྱེས་བྱེད། ཡང་ན་ངན་གྱེས་བྱས་ནས་བུད་འགྲོ་དགོས། ལས་ངན་ཐོག་བབས་ཀྱི་གཉེན་པོ་ནི། དང་པོ་དགེ་བའི་གཤེས་གཉེན་མཇལ་བ། བར་དུ་ཐོས་བསམ་བྱེད་པ། ཐ་མ་བསྒོམ་པའི་དུས་རྣམས་སུ་བར་ཆད་ཀྱི་རྐྱེན་བྱུང་བ་ན། ང་ལ་འདི་ལྟ་བུ་འོང་མི་ཐང་བ་ལ་མི་བསམ་པར་རྡོ་རྗེ་གཅོད་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་མནར་མནར་ཤིན་ཏུ་མནར་བར་འགྱུར་གསུངས་པ་བཞིན་ལས་རྒྱུ་འབྲས་བསླུ་བ་མེད་པ་ལ་ཡིད་ཆེས་བསྐྱེད་ནས་སྔོན་གྱི་ལས་ངན་ལ་འགྱོད་པ་བྱེད་དགོས། ལེ་ལོའི་གཉེན་པོ་ནི། འཆི་བ་མི་རྟག་པ་སྙིང་ནས་དྲན་ཅིང་རྟག་སྦྱོར་དང་གུས་སྦྱོར་གྱི་བརྩོན་འགྲུས་རྩོམ་དགོས། གཞན་འཁོར་བྲན་གཡོག་གི་གཉེན་པོ་ནི། བླ་མ་དང་ཕྱུག་པོའི་བྲན་གཡོག་དབང་མེད་དུ་གྱུར་པ་ལ་ཐབས་ལེགས་པ་ཞིག་བཙལ་ཏེ། དེ་ལས་ཐར་པའི་ཐབས་ལ་འབད་དགོས། འཇིགས་སྐྱོབས་ཀྱི་གཉེན་པོ་ནི། ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ་ཞིག་གིས་ཟིན་པ་བྱེད་དགོས། ཆོས་ལྟར་བཅོས་པའི་གཉེན་པོ་འཇིག་རྟེན་ཚེ་འདི་སྒྲུབ་པའི་བསམ་སྦྱོར་གྱི་ཉེས་དམིགས་ཤེས་ནས་སྤང་དགོས། རིས་ཆད་ནི་རང་གི་རྒྱུད་དང་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གཉིས་སོ་སོར་བྲལ་བས་རིས་ཆད་དམ་འདི་བརྒྱད་པོ་གང་བྱུང་ན་ཐར་པ་བྱང་ཆུབ་གསུམ་གྱི་མྱུ་གུ་སྔོ་སྐམ་དུ་གྱུར་ནས་ཐར་པའི་རིགས་དང་བྲལ་བས་ན་རིགས་ཆད་ཅེས་བྱ། སྐྱོ་ཤས་ཆུང་བའི་གཉེན་པོ་ནི་སྲིད་པ་ཁམས་གསུམ་འཁོར་བའི་ཉེས་དམིགས་ཤེས་ནས་ངེས་འབྱུང་གི་བློ་བསྐྱེད་པའོ། ། དད་མེད་ཀྱི་གཉེན་པོ་ཆོས་དང་བླ་མའི་ཡོན་ཏན་ལ་བསམ་སྟེ་ཕྱིར་མི་ལྡོག་པའི་དད་པ་འཆང་། འདོད་སྲེད་ཀྱི་གཉེན་པོ་མི་རྟག་མཐའ་བཞིའི་བསྡུས་པའི་ཉེས་དམིགས་དྲན་དགོས། ཀུན་སྤྱོད་ངན་པ་ལ་གཉེན་པོ་མེད་དོ། ། སྡོམ་ཉམས་ཀྱི་གཉེན་པོ་ནི་ལྟུང་བ་འབྱུང་བའི་རྒྱུ་བཞི་པོ་ཡང་དག་པ་ཤེས་པར་བྱས་ནས། སོ་ཐར་གྱི་རྩ་བ་བཞི་པོའི་གཅིག་ཉམས་ཀྱང་གཞན་གསུམ་པོ་བསྲུང་དགོས། བཞི་ཀ་ཉམས་ན་ཚུལ་བཞིན་བཤགས་པ་བྱེད་དགོས། ཚུལ་ལྡན་ང་རྒྱལ་ཆེ་བ་བས། ། ཚུལ་འཆལ་འགྱོད་པ་མང་ན་དགའ། ། ཞེས་པས། དང་པོ་ཚུལ་ཁྲིམས་བླངས་ནས་མ་ཉམས་ན་སངས་རྒྱས་ཀྱི་བསྟན་པའི་རྒྱལ་མཚན་བསྒྲེང་། བདུད་ཀྱི་རྒྱལ་མཚན་སྙིལ་བ་པོ་ཡིན། གལ་སྲིད་ཉམས་ནའང་ཆོས་བཞིན་དུ་བཤགས་པ་བྱེད་པ་དེ་བསྟན་པའི་རྒྱལ་མཚན་བསྒྲེང་། བདུད་ཀྱི་རྒྱལ་མཚན་སྙིལ་པ་པོ་ཡིན་པས་ཅི་མི་སྙམ་དུ་མི་བཞག་པར་བཤགས་པ་བྱེད་དགོས། སྙིང་ཐག་པ་ནས་བཤགས་བསྡམས་དང་། ཚུལ་ཁྲིམས་ལྡན་པ་གཞན་ལའང་ཡི་རང་ཕུལ་ན་རང་ཚུལ་ལྡན་དུ་འགྱུར་བ་ཡིན། བྱང་སེམས་ཀྱི་སྨོན་འཇུག་གཉིས་ཉམས་ན་ཐུན་གྱི་དྲུག་ཆ་ལས་མ་འདས་གོང་དུ་བཤགས་ན་རྩ་ལྟུང་དུ་མི་འགྱུར་བས་དྲུག་ཆ་ལས་མ་འདས་པར་བཤགས་དགོས། སྔགས་སྡོམ་ཉམས་ན་བྱང་སེམས་བཞིན་གཉེན་པོས་སླེབ་དགོས། སྔགས་ཀྱི་སྡོམ་པ་ཐམས་ཅད་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཏུ་འདུ་བས། སྐུའི་དམ་ཚིག་ཏུ་བླ་མ་དང་མཆེད་ལྕམ་གྱི་སྐུ་མི་བརྙས། གསུང་གི་དམ་ཚིག་ཏུ་བླ་མ་དང་མཆེད་ལྕམ་གྱི་གསུང་མི་བཅག ཡི་དམ་ལྷའི་བཟླས་པ་རབ་ཆུ་བོའི་རྒྱུན་བཞིན་འབྲིང་ཉ་སྟོང་དུས་དྲུག་ཐ་ན་ཟླ་བ་བྱུང་ངོ་ཅོག་གམ། ཡང་ཐ་ར་བ་རྣམས་སམ་ཤིན་ཏུ་ཐ་ནའང་ལོ་སར་གྱི་ཟླ་བའི་དུས་ཆེན་ལ་བཟླས་བརྗོད་མི་ཆགས་པར་འབད། ཐུགས་ཀྱི་དམ་ཚིག་ཏུ་གསང་བ་བཅུ་པོ་བསྲུང་བ་དང་བླ་མ་དང་མཆེད་ལྕམ་གྱི་ཐུགས་མི་དཀྲུག་པར་འདུ་བ་ཡིན། རྙེད་དཀའི་དཔེ་ལ་བསམ་པ་ལ་མན་ངག་གི་ལུགས་ལ་དང་པོ་རྒྱུའི་སྒོ་ནས་རྙེད་པར་དཀའ་བ་བསམ་དགོས། གྲགས་རྒྱལ་གྱིས། དལ་འབྱོར་མི་ལུས་ཐོབ་པ་འདི། ། ཕོ་སྒོ་མཐོ་བས་མ་ལགས་ཏེ། ། བསོད་ནམས་བསགས་པའི་འབྲས་བུ་ཡིན། ། ཞེས་པས་བསྟན་ཏེ། དེ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་རང་གི་ད་སྔོན་ལས་དགེ་བ་ཅི་བསགས་ལ་བསམ་པ་དང་ད་ལྟ་ཅི་བསགས་ལ་བསམ་ན་དགེ་བ་ཅུང་ཟད་རེ་བསགས་ཡོད་ནའང་སྡིག་པ་བསམ་གྱིས་མི་ཁྱབ་པ་ཞིག་བསགས་ཡོད་པས་དལ་བ་ཙམ་ཡང་ཐོབ་པ་དཀའ་ན་འབྱོར་བ་ཐོབ་པ་ལྟ་ཅི། བྱེ་བྲག་ཏུ་དལ་བ་ཐོབ་པ་ལ་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་དགོས། འབྱོར་བ་ཐོབ་པ་ལ་སྦྱིན་སོགས་དགེ་བའི་བསགས་རྒྱབ་རབ་ཏུ་མང་པོ་ཞིག་བསགས་དགོས། དེ་ཡང་དལ་འབྱོར་ཐོབ་པའི་ཆེད་དུ་རྐྱེན་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་དགོས་པས། དང་པོ་དལ་བ་ཐོབ་པའི་རྒྱུ་ཚུལ་ཁྲིམས་ལ་ཕྱི་སོ་སོར་ཐར་པའི་སྡོམ་པ་ལ་སྤོང་བའི་བསླབ་བྱ་ཉིས་བརྒྱ་དང་ལྔ་བཅུ་རྩ་གསུམ། སྒྲུབ་པའི་བསླབ་བྱ་བཞི་བཅུ་བདུན་པོའི་སྤང་བླང་ལ་དང་པོ་རྩ་བ་བཞི་ནས་ཞིབ་ཏུ་བསམ་ན་རང་བཞིན་གྱིས་ངོ་ཚའི་ལེན་འབེན་ཙམ་གྱིས་མོ་ཁ་མ་ཕོག་པ་ཙམ་ལས་སོ་ཐར་གྱི་སྡོམ་པ་ལ་དལ་བ་ཐོབ་པར་ཡིད་བརྟན་རུང་བའི་ཚུལ་ཁྲིམས་དེ་ཡང་དཀའ་མོར་གདའ། རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཟབ་མོ་ལྟ་སྲོལ་གྱི་རྩ་ལྟུང་བཅོ་བརྒྱད་སྨོན་འཇུག་གི་བསླབ་བྱ་གཉིས་དང་ཉི་ཤུ་པོ་དང་ཡན་ལག་གི་ཉེས་བྱས་བརྒྱད་ཅུ་པོ་ལ་བསམ་ན་དེ་བས་དཀའ། རྒྱ་ཆེན་སྤྱོད་པའི་ཕྱོགས་ཀྱི་རྩ་ལྟུང་ཀུན་སློང་བཞི་སྦྱོར་བ་བརྒྱད་ཡན་ལག་གི་ཉེས་བྱས་ཞེ་དྲུག་པོ་ལ་བླང་དོར་བྱས་ནས་དལ་བ་ཐོབ་པའི་རྒྱུ་ཡིད་བརྟན་རུང་བའང་ཤིན་ཏུ་དཀའ། གསང་སྔགས་རྡོ་རྗེ་ཐེག་པའི། ཐོག་མའི་བརྟུལ་ཞུགས་ཉེར་ལྔ། ཐུན་མོང་ཕྱི་ནང་གི་རིགས་ལྔའི་སྡོམ་པ། རྩ་ལྟུང་བཅུ་བཞི། ཡན་ལག་གི་སྦོམ་པོ་བརྒྱད། རྫོགས་པ་ཆེན་པོའི་བསྲུང་དུ་ཡོད་པ་རིམ་གྱིས་པའི་དམ་ཚིག་རྩ་བ་བླ་མའི་སྐུ་གསུང་ཐུགས་ལ་དབྱེ་བ་ཉེར་བདུན། ཡན་ལག་གི་དམ་ཚིག་ཉེར་ལྔ། བསྲུང་དུ་མེད་པ་ཅིག་ཆར་པའི་དམ་ཚིག་མེད་ཕྱལ་གཅིག་པུ་ལྷུན་གྱིས་གྲུབ་པ་བཞི། ཡན་ལག་གི་དམ་ཚིག་ས་མ་ཡ་འབུམ་སྡེ་པོ་རྣམས་ལ་བསམ་ན་དལ་བ་ཐོབ་པའི་རྒྱུ་ཡིད་བརྟན་རུང་བ་ཞིག་ཉིན་མོའི་སྐར་མ་བས་དཀོན། གལ་ཏེ་ཚུལ་ཁྲིམས་རྣམ་པར་དག་པ་དལ་བ་ཐོབ་པའི་རྒྱུ་ཞིག་ཡོད་སྲིད་ནའང་། འབྱོར་བ་ཐོབ་པའི་རྒྱུ་སྦྱིན་སོགས་དགེ་བའི་ཆོས་ཡར་དཀོན་མཆོག་ལ་མཆོད་པ། མར་ངན་སློང་ལ་སྦྱིན་པ་ཅི་ལྟ་བུ་ཞིག་སྦྱིན་ཡོད་དེ་རང་རྒྱུད་ལ་བརྟག་ན་དེ་ཡང་དཀའ་ལ། གལ་ཏེ་ཚུལ་ཁྲིམས་བསྲུངས། སྦྱིན་སོགས་བྱིན་ཡོད་ན་རྐྱེན་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་ཡོད་མེད་བརྟག དལ་འབྱོར་ཐོབ་པའི་ཆེད་དུ་སྨོན་ལམ་རྣམ་པར་དག་པས་ཆེད་དུ་མཚམས་སྦྱར་མེད་ཀྱང་། རིན་ཆེན་བྱང་ཆུབ་སེམས་ཀྱིས་ཟིན་པའི་ཚུལ་ཁྲིམས་སོགས་དགེ་བ་ཡང་དག་པ་ཞིག་འགྲུབ་ཡོད་ན། དཔེར་ན་སྟོན་ལོ་ཏོག་གི་ཆེད་དུ་ས་བོན་བཏབ་ན་སྡོང་བུ་ལོ་མ་ཤུགས་ལ་འབྱུང་བ་བཞིན་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་པའི་དགེ་བ་ཞིག་བ སྒྲུབས་ཡོད་ན་གནས་སྐབས་སུ་ལྷ་དང་མིའི་ལུས་རྟེན་ཁྱད་པར་ཅན་ཤུགས་ལ་འགྲུབ་པ་ཡིན་ཏེ་གནས་སྐབས་སུ་བྲམ་ཟེའི་རིགས་ཤིང་སཱ་ལ་ལྟ་བུ། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ལྟ་བུ། རྒྱལ་རིགས་ཤིང་སཱ་ལ་ལྟ་བུ་ལ་སོགས་པ་མང་པོ་ཐོབ་པ་ཡིན། དེ་ལྟར་ཞིབ་ཏུ་དཔྱད་དེ་བསམ་ལ་དཔྱད་འཇོག་སྤེལ་མར་བསྒོམ་དགོས། དེ་ལྟར་ལེགས་པར་བསམ་ན། སྔ་མ་གང་བྱས་ད་ལྟའི་ལུས་ལ་ལྟོས། ། ཞེས་པས། སྔོན་བསགས་བསོད་ནམས་ཀྱི་འབྲས་བུས་ད་ལྟའི་ལུས་རྟེན་ཁྱད་པར་ཅན་འདི་ཐོབ་པ་ཡིན་ལ། ཕྱི་མ་གར་འགྲོ་ད་ལྟའི་ལས་མ་ལྟོས། ། ཞེས་པས། ཕྱི་མ་ལ་འབྲོག་པ་ཞོ་འཐུང་ས། རོང་པ་རྒོ་ལི་ཟ་ས་ཞིག་ལ་མི་སྐྱེ་ངེས་པ་རེད་ཅེས་ཨ་བུ་རིན་པོ་ཆེ་ནས་གསུངས། ད་ནི་དེ་ལྟར་དལ་བ་དང་འབྱོར་པ་རྒྱུའི་སྒོ་ནས་རྙེད་པར་དཀའ་བ་རྣམས་ལ་བསམ་སྟེ་དལ་འབྱོར་ལ་སྙིང་པོ་ཞིག་ལེན་དགོས། ད་ལྟའི་གྲོང་ཆོག་པ་རྣམས་གྱིས་བསྐྱེད་རྫོགས་གང་ཡང་མེད་པའི་ཆོ་ག་ཉིན་གང་མ་ཞིག་བཏོན་ཞལ་ཟས་རུལ་བ་སྤུ་མཐོ་གང་སྐྱེས་ཡོད་པ་ཞིག་གི་ནང་དུ་སྨན་རག་གཡའ་ཁུ་མ་ཞིག་བླུགས་ནས་མིག་སྐར་མ་ལོག་བྱས་ཏེ། སྙིང་པོ་མེད་ལས་དངོས་གྲུབ་སྙིང་པོ་བླངས། ། ཀཱ་ཡ་སིདྡྷི་ཨོཾ་སོགས་ཟེར་བ་ལ་སྙིང་པོ་ཅི་ཡང་མེད། དེ་བས་དལ་འབྱོར་གྱི་ལུས་མི་གཙང་བའི་རྫས་སུམ་ཅུ་སོ་དྲུག་གི་རང་བཞིན་ཅན་གྱི་ལུས་འདི་ལ་སྙིང་པོ་དམ་པའི་ཆོས་ཀྱི་སྙིང་པོ་ཞིག་ལོན་ན་ཀཱ་ཡ་སིདྡྷི་ཨོཾ་དེ་ཡིན། ཝཱཀྐ་སིདྡྷི་ཨཱཿདེ་ཡིན། ཙིཏྟ་སིདྡྷི་ཧཱུྃ་དེ་ཡིན་པས་ད་རེས་ཀྱི་ལུས་རྟེན་འདིའི་སྟེང་ནས་ཡར་འགྲོ་མར་འགྲོའི་ས་མཚམས་རྟ་ཁ་སྲབ་ཀྱིས་བསྒྱུར་བ་ལྟ་བུའི་མཛོ་བདམས་ཚྭ་བདམས་ཀྱི་དཔེ་ལྟར་སྐྱིད་སྡུག་གང་གི་སྣེ་ནས་འཛིན་ན་ད་ལྟ་རང་ལག་ན་ཡོད་དེ། སྐྱིད་ཀྱི་སྣེ་ནས་འཛིན་བསམ་ནས་དམ་པའི་ཆོས་དགེ་བ་ཞིག་བསྒྲུབ་ན་ཚེ་སྟོད་བས་ཚེ་སྨད་དུ་སྐྱིད། ཚེ་སྨད་བས་བར་དོར་སྐྱིད། བར་དོ་བས་ཡང་སྲིད་སྐྱེ་བ་ཕྱི་མར་སྐྱིད། དེ་ནས་བདེ་ནས་བདེ་བར་འགྲོ་བ་ཡིན་ཏེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་ཀྱི་རྟ་ཞོན་ནས། ། བདེ་ནས་བདེ་བར་འགྲོ་བ་ལ། ། སེམས་ཤེས་སུ་ཞིག་སྒྱིད་ལུགས་འགྱུར། ། ཞེས་དང་། བསོད་ནམས་ཀྱིས་ནི་ལུས་བདེ་ལ། ། ཤེས་རབ་ཀྱིས་ནི་སེམས་བདེ་ན། ། གཞན་དོན་འཁོར་བར་གནས་ཀྱང་ནི། ། སྙིང་རྗེ་ཅན་དག་ཅི་སྟེ་སྐྱོ། ། ཞེས་པས། སྣང་བཅས་བསོད་ནམས་ཀྱི་ཚོགས་ཀྱིས་ལུས་བདེ་སྟེ་རིགས་དང་ཡོན་ཏན་གྱི་འབྱོར་པའི་གོ་འཕང་ཐོབ་པ་དང་། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་སེམས་བདེ་སྟེ་ཆོས་ཐམས་ཅད་དོན་དམ་སྤྲོས་བྲལ་དང་ཀུན་རྫོབ་སྒྱུ་མ་ལྟ་བུའི་རང་བཞིན་དུ་མཐོང་བས་འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི་འཇིགས་པ་དང་བྲལ་བས་བདེ་བར་འགྱུར་བ་ཡིན་ལ། སྡུག་གི་སྣེ་ནས་འཛིན་བསམ་ན་ཡང་རང་གི་ལག་ན་ཡོད་དེ་སྡིག་པ་མི་དགེ་བ་འབའ་ཞིག་བསྒྲུབ་ན་ཚེ་སྟོད་བས་ཚེ་སྨད་སྡུག དེ་བས་བར་དོར་སྡུག དེ་བས་ཡང་སྲིད་སྐྱེ་བ་ཕྱི་མར་སྡུག་ནས་ངན་སོང་ངན་འགྲོ་མུ་མཐའ་མེད་པར་འགྲོ་དགོས་པས་ད་རེས་ཀྱི་ལུས་རྟེན་འདིའི་སྟེང་ནས་སྙིང་པོ་དམ་པའི་ཆོས་ལེན་དགོས། སྙིང་པོ་ལེན་ལུགས་སྐྱེས་བུ་ཆུང་ངུས་ངན་སོང་གསུམ་པོ་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ནས་མངོན་མཐོ་ལྷ་མིའི་གོ་འཕང་སྒྲུབ་པའི་ཆེད་དུ་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་མི་དགེ་བ་བཅུ་སྤངས། དགེ་བ་བཅུ་སྒྲུབ། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཡར་དཀོན་མཆོག་ལ་མཆོད་པ། མར་ངན་སློང་ལ་སྦྱིན་པ་བྱེད། མི་གཡོ་བ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བསམ་གཏན་བཞི་དང་གཟུགས་མེད་བཞིའི་ཏིང་ངེ་འཛིན་བསྒོམས་ཏེ་སྐྱེས་བུ་ཆུང་ངུའི་ལུགས་ཀྱི་སྙིང་པོ་ལོན་ཀྱང་། དེ་ནི་ལམ་གྱི་རྟེན་ཙམ་ལས་ལམ་རང་གི་ངོ་བོ་མིན་པས། འབྲིང་དང་ཆེན་པོ་གཉིས་ཀའི་སྙིང་པོ་ལོན་པ་མ་ཡིན། སྐྱེས་བུ་འབྲིང་གི་ལམ་བདེན་གྱི་གཙོ་བོ་བདག་མེད་རྟོགས་པའི་ཤེས་རབ་ཀྱི་བསླབ་པ་དང་འཁོར་ཚུལ་ཁྲིམས་དང་ཏིང་ངེ་འཛིན་གྱི་བསླབ་པ་སྟེ་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ལ་བསླབས་ཏེ་སྐྱེས་བུ་འབྲིང་གི་ལུགས་ཀྱི་སྙིང་པོ་ལོན་ཀྱང་། ཆེན་པོའི་སྙིང་པོ་ལོན་པ་མིན། དེས་ན་སྐྱེས་བུ་ཆེན་པོའི་ལུགས་ཀྱིས། རིང་ལམ་མཚན་ཉིད་ཐེག་པ། ཉེ་ལམ་རྡོ་རྗེ་ཐེག་པ། དེ་ལའང་ནང་གསེས་ཕྱི་རྒྱུད་ཀྲྀ་ཡོག་སྡེ་གསུམ་རིང་ལམ། ནང་རྒྱུད་ཀྱི་མ་ཧཱ་ཨ་ནུ་གཉིས་ཉེ་ལམ། མྱུར་ལམ་འོད་གསལ་རྫོགས་པ་ཆེན་པོ་རྣམས་གང་རུང་གིས་དལ་འབྱོར་ལ་སྙིང་པོ་ལེན་དགོས་བསམ། ཁྱད་པར་འོད་གསལ་རྫོགས་པ་ཆེན་པོའི་ལམ་ནས་ལོ་དང་ཟླ་བས་འཇའ་ལུས་འཕོ་བ་ཆེན་པོའི་གོ་འཕང་ཐོབ་པས་དེའི་ལམ་ནས་སྙིང་པོ་ཞིག་ལེན་དགོས་སྙམ་དུ་དཔྱད་འཇོག་སྤེལ་མའི་སྒོ་ནས་ཡང་ནས་ཡང་དུ་ཐུན་དང་ཐུན་མཚམས་ཕྱེས་ཏེ་བསྒོམ་དགོས། རུས་སྦལ་གྱི་དཔེའི་སྐབས། རྒྱ་མཚོའི་དཔེ་ལ་ངན་སོང་གསུམ་པོ་གཏིང་ཟབ་པ་རྒྱ་ཆེ་བ་སྡུག་བསྔལ་མཐའ་མི་མངོན་པ་དང་། རུས་སྦལ་ལོང་བ་ལྟ་བུའི་ངན་སོང་གི་འགྲོ་བ་བླང་དོར་གྱི་མིག་དང་བྲལ་བ། ལོ་བརྒྱ་རེ་ལས་སྟེང་དུ་མི་འབུད་པ་ལྟ་བུ་དེ་ལས་ཐར་དཀའ་བ། གཉའ་ཤིང་བུ་ག་གཅིག་པ་ལྟ་བུའི་ལྷ་མིའི་ལུས་རྟེན་རྒྱ་ཆུང་ཞིང་ཉུང་བ། རླུང་གིས་དེད་པ་ལྟ་བུའི་དགེ་བའི་རྐྱེན་གྱིས་གཞན་དབང་ཅན་ཡིན་པའི་དོན་དཔེས་མཚོན་ཏེ་དཔྱད་འཇོག་སྤེལ་མར་བསྒོམ།
གཉིས་པ། ཚེ་མི་རྟག་པ། ད་སྙིང་པོ་ཞིག་ལེན་པར་བྱེད་པ་ལ་དལ་མོས་མི་ལོན་པར་མི་རྟག་འཆི་བའི་དབང་དུ་འགྲོ་བས་དེ་ལ་བདུན། དང་པོ་ཕྱི་སྣོད་ཀྱི་འཇིག་རྟེན་འདི་ཆགས་པ་ལ། སྣོད་ཀྱི་འཇིག་རྟེན་མས་ནས་ཡར་ཆགས། བཅུད་ཀྱི་སེམས་ཅན་ཡས་ནས་མར་ཆགས་པ་ཡིན་པས་དེ་བསམ་པ་ཐུན་དང་ཐུན་མཚམས་ཕྱེ་སྟེ་བསྒོམ་པ་དལ་འབྱོར་རྙེད་དཀའ་ལྟར་ཡིན་ལ། ཐུན་གྱི་དངོས་གཞི་ལ། དང་པོ་འཇིག་རྟེན་འདིའི་སྔོན་དུ་བསྐལ་བ་གཅིག་ཞིག་ནས་ནམ་མཁའ་སྟོང་པ་གཅིག་ཏུ་གྱུར་པའི་བར་བསྐལ་ཉི་ཤུ་རྫོགས་ནས་ད་ལྟའི་འཇིག་རྟེན་འདི་ཆགས་པའི་མགོ་རྩོམ་པ་ལ། བསྐལ་བ་འདིའི་སེམས་ཅན་རྣམས་ཀྱིས་སྤྱི་མཐུན་གྱི་བསོད་ནམས་ཀྱིས་འོག་གཞི་ཡིད་མཁའ་རྣམ་དག་གི་ནམ་མཁའ་ཆོས་འབྱུང་གི་དབྱིབས་ཅན་ཁ་དོག་མཐིང་ཀ་མཐིང་གསལ་གྱི་མུ་ཁྱུད་ཅན་ཞིག་ཆགས། དེའི་སྟེང་དུ་རླུང་གི་དཀྱིལ་འཁོར་ཤར་རླུང་ནུབ་ལ་འཐབ། ནུབ་རླུང་ཤར་དུ་འཐབ། ལྷོ་རླུང་བྱང་དུ་འཐབ། བྱང་རླུང་ལྷོ་རུ་འཐབ་པ་རྒྱ་གྲམ་གྱི་རྣམ་པ་ཞེས་ཁ་དོག་ལྗང་ནག་གི་མུ་ཁྱུད་ཅན། དེའི་སྟེང་དུ་སྤྲིན་གསེར་གྱི་སྙིང་པོ་ཅན་ལས་ཆར་བབས་པས་ཆུའི་དཀྱིལ་འཁོར་དཀར་གསལ་ཟླུམ་པོ་ཁ་དོག་དཀར་གསལ་གྱི་མུ་ཁྱུད་ཅན། དེའི་སྟེང་དུ་ཁམས་རབ་འབྱེད་པའི་རླུང་གིས་རི་རབ། འབྲིང་འབྱེད་པའི་རླུང་གིས་གསེར་རི། ཐ་མ་འབྱེད་པའི་རླུང་གིས་གླིང་བཞི་རྡོ་སོལ་ཅན་གྱི་ལྕགས་རི་དང་བཅས་པ་ཆགས། བཅུད་ཀྱི་སེམས་ཅན་རྣམས་ཡས་ནས་མར་ཆགས་ཏེ་སྲིད་རྩེ་ནས་བཟུང་སྟེ་དམྱལ་བའི་བར་དུ་རྟོག་པ་ཇེ་རགས་ཇེ་རགས་སུ་སོང་སྟེ་རིམ་གྱིས་དམྱལ་བའི་སེམས་ཅན་གཅིག་དང་པོ་སྐྱེ་བའི་བར་དུ་བར་བསྐལ་ཉི་ཤུ། དེ་ནས་གནས་པའི་མགོ་བརྩམས་ཏེ་སྐྱེ་རྒུ་རྣམས་ཀྱི་ཚེ་ལོ་དཔག་མེད་ཐུབ་པ་ནས་བཅུ་པའི་བར་དུ་འགྲིབ་པ་ཡ་ཐོག་རིང་མོ། དེ་ནས་འཕེལ་ཏེ་ཚེ་ལོ་བརྒྱད་ཁྲིར་འཕེལ། ཡང་འགྲིབ་སྟེ་བཅུ་པའི་བར་དུ་ཁུག་པ་གཅིག དེ་ལྟར་འཕེལ་འགྲིབ་བཅོ་བརྒྱད་རྫོགས་དེ་ནས་ཡར་འཕེལ་ཚེ་ལོ་དཔག་མེད་དུ་འཕེལ། དེ་ནས་གཅིག་འགྲིབ་པ་དང་མོས་པ་བྱོན་ནས་བརྒྱད་ཁྲིར་ཐུག་པ། མ་ཐོག་ཐུང་ངུ་སྟེ་བར་བསྐལ་ཉི་ཤུ། བརྒྱད་ཁྲི་ནས་འཇིག་པའི་མགོ་བརྩམས་ཏེ་ཞིང་འདིའི་དམྱལ་བ་ལ་སེམས་ཅན་གསར་སྐྱེ་གཅིག་མི་སྐྱེ་བར་ཞིང་གཞན་དང་གཞན་གྱིས་དམྱལ་བར་སྐྱེ། སྐྱེས་ཟིན་རྣམས་རིམ་གྱིས་ལས་སྲབ་པ་གནས་གོང་མ་གོང་མར་སྐྱེ། རྡོ་རྗེའི་གདན་དུ་མཚམས་མེད་པའི་ལས་བྱས་པ་དམ་པའི་ཆོས་སྤངས་པ། སྔགས་ཀྱི་རྡོ་རྗེ་སློབ་དཔོན་དང་དམ་ཚིག་ཉམས་པ་འགའ་ཞིག་ལས་དམྱལ་བ་རྣམས་སྟོང་། དེ་ནས་རིམ་གྱིས་ཡི་དྭགས་དང་དུད་འགྲོ་རྣམས་དེ་བཞིན་དུ་སྟོང་། དེ་ནས་མི་རྣམས་ཀྱི་ནང་ནས་གཅིག་གིས་དབེན་པ་ལ་སོང་ནས་བསམ་གཏན་གཉིས་པའི་སེམས་རྙེད་ནས་ཀྱེ་མ་དབེན་པ་ལས་བྱུང་བའི་དགའ་བ་དང་བདེ་བ་ནི་འདིའོ་ཞེས་བསྒྲགས་པས་མི་ཐམས་ཅད་ཀྱིས་གོ་ནས་བསྒོམས་པས་བསམ་གཏན་གཉིས་པའི་སེམས་ཐོབ་ནས་རིམ་གྱིས་འཕོས་ཏེ་བསམ་གཏན་གཉིས་པ་འོད་གསལ་གྱིས་གནས་སུ་སྐྱེས། དེ་ནས་རྒྱལ་ཆེན་རིགས་བཞི་དང་སུམ་ཅུ་རྩ་གསུམ་པ་དང་ནམ་མཁའ་ལ་བརྟེན་པའི་གནས་བཞི་པོ་རིམ་བཞིན་མི་ལྟར་བསམ་གཏན་གཉིས་པའི་སེམས་ཐོབ་སྟེ་ཐམས་ཅད་བསམ་གཏན་གཉིས་པར་སྐྱེས། བསམ་གཏན་དང་པོ་པ་རྣམས་བསམ་གཏན་གཉིས་པར་འཕོས་ནས་བསམ་གཏན་གཉིས་པ་མན་ཆད་དང་དམྱལ་བའི་མཐིལ་གཉིས་ཀྱི་བར་དུ་སེམས་ཅན་སྣ་ནས་རླུང་རྒྱུ་བ་གཅིག་ཀྱང་མེད་པས་ཆར་མི་འབབ་རྩི་ཤིང་ནགས་ཚལ་ཐམས་ཅད་བསྐམས་ཏེ། ཉི་མ་བདུན་རིམ་གྱིས་ཤར་ནས་རི་རབ་གླིང་བཞི་ལྷ་གནས་དང་བཅས་པ་མེས་ཚིག་ཅིང་མེ་ལྕེ་ཆེན་པོ་གཅིག་ཏུ་གྱུར་པས་རླུང་གིས་ཐུར་དུ་དེད་ནས་ངན་སོང་གི་གནས་སྟོང་པ་རྣམས་བསྲེགས་ནས་དམྱལ་བའི་མེ་དང་འཕྲད་པ་ན་དང་པོ་དམྱལ་བའི་མེས་དུས་མཐའི་མེ་གྱེན་དུ་བསྲེགས་པ་དང་། ལས་སྟོབས་ཤུགས་བཙན་པས་དུས་མཐའི་མེས་དམྱལ་བའི་མེ་ཐུར་དུ་བསྲེགས་ནས་དམྱལ་གནས་གོང་མ་རྣམས་བསྲེགས། མནར་མེད་བསྲེགས་པ་དང་ལྷན་ཅིག་དེའི་སེམས་ཅན་རྣམས་མིག་འབྱེད་འཛུམ་ཙམ་གྱི་ཡུན་ལ་ཞིང་གཞན་གྱི་མནར་མེད་དུ་སྐྱེས། དེ་ནས་མེ་ལྕེ་གྱེན་དུ་ལོག་པས་ལྷ་གནས་གོང་མའི་གནས་སྟོང་པ་རྣམས་བསྲེགས་ཏེ་བསམ་གཏན་གཉིས་པ་མན་ཆད་སྟོང་སྟེ་ཐལ་བའི་ཕུང་པོ་གཅིག་ཏུ་གྱུར་པ་ལ་བསམ་གཏན་གཉིས་པ་རྣམས་བསམ་གཏན་གསུམ་པར་འཕོས་པས་བསམ་གཏན་གཉིས་པའི་གནས་ནས་སྤྲིན་ཆུའི་སྙིང་པོ་ཅན་ཆགས་ཏེ་ཆར་གྱི་རྒྱུན་གཉའ་ཤིང་ཙམ་དང་གཤོལ་མདའ་ཙམ་པ་མང་པོ་བབ་པས་སྔར་གྱི་ཐལ་ཕུང་དེ་ཆུས་བཤིགས་ནས་སྐྱོ་མར་གྱུར་པ་ལ། བསམ་གཏན་གསུམ་པ་རྣམས་བཞི་པའི་སེམས་ཐོབ་ནས་འཕོས་པ་ལ། འོག་གཞི་རླུང་རྒྱ་གྲམ་འུ་རུ་རུ་གྱེན་དུ་འཕགས་ནས་བསམ་གཏན་གསུམ་པ་མན་ཆད་ཐལ་བ་རླུང་གིས་གཏོར་བ་ལྟ་བུར་གྱུར་ནས་ནམ་མཁའ་སྟོང་པ་གཅིག་ཏུ་གྱུར་པའི་བར་དུ་བར་བསྐལ་ཉི་ཤུ། དེ་ནས་ནམ་མཁའ་སྟོང་པ་གཅིག་ཏུ་གྱུར་པའི་སྐབས་བར་བསྐལ་ཉི་ཤུ་སྟེ་བསྐལ་བ་ཆགས་གནས་འཇིག་སྟོང་བཞི་པོའི་ཡུན་ལ་བར་བསྐལ་བརྒྱད་ཅུ་ཐམ་པ་ལ་བསྐལ་བ་ཆེན་པོ་གཅིག་ཅེས་བཏགས་པ་ཡིན་ལ་འདི་ནི་བསྒོམ་ཚུལ་ཡིན་ལ་བཤད་ཚུལ་གཞན་ཡོད་དོ། ། དེ་ལྟར་ཕྱི་སྣོད་བཅུད་མི་རྟག་པ་ལྟར། ནང་རང་གི་ལུས་འདི་ཡི་ལུས་ནི་སྣོད། རྣམ་ཤེས་ནི་བཅུད་ཀྱི་སེམས་ཅན་ལྟ་བུ་ཡིན། དང་པོ་མའི་མངལ་དུ་ཆགས་ནས་བཙའ་བའི་བར་ཆགས་པ། བྱིས་པ་ནས་ན་བའི་བར་གནས་པ། འཆི་ནད་ཀྱིས་བཏབ་ནས་འཆི་བའི་བར་འཇིག་པ། དཀར་ལམ་ཆུ་འཇིག དམར་ལམ་མེ་འཇིག ནག་ལམ་རླུང་འཇིག བརྒྱལ་བ་སྟོང་པའི་སྐབས་ཡིན་པས་ཕྱི་ནང་སྣོད་བཅུད་ཐམས་ཅད་མི་རྟག་པའི་ཚུལ་ཐུན་དང་ཐུན་མཚམས་ཕྱེ་སྟེ་དཔྱད་འཇོག་སྤེལ་མར་བསྒོམ་ནས་འཆི་ཁ་ཕན་བྱེད་དགེ་བ། གནོད་བྱེད་སྡིག་པ་ལས་མེད་པའི་ཚུལ་བསམ་ལ་གནོད་བྱེད་སྡིག་པ་ཡོད་ན། རྗེ་བཙུན་མི་ལས་སྡིག་པ་ལ་ཡོན་ཏན་མེད་ཀྱང་། བཤགས་པས་འདག་པ་སྡིག་པའི་ཡོན་ཏན་ཡིན་གསུངས་པ་བཞིན་སྡིག་པ་ལ་བཤགས་པ་བྱེད། དགེ་བ་མེད་ན་ད་ལྟ་ཅི་འགྲུབ་བྱེད་དགོས་པས་ད་ལྟ་ནས་རང་རྒྱུད་ལ་དགེ་སྡིག་གི་གོ་རྩིས་ལེན་དགོས་མ་གཏོགས། འཆི་ཁར་དགེ་སྡིག་ལ་གོ་རྩིས་བླངས་པས་དགེ་བ་མེད་སྡིག་པ་ཡོད་ན། ཨ་ཕ་ཕོ་ཕོ་མ་སྐྱེས་འདུན་མ་མ་ལེགས་སྙམ་ནས། མིག་མཆི་མས་གང་། བྲང་སེན་རྗེས་ཀྱིས་བཀང་། སེམས་སྡུག་ཡུས་ཀྱིས་བཀང་ནས་ཕྱི་མའི་ལམ་པོ་ཆེར་འགྲོ་དགོས་པས་ད་ནི་འཆི་ཁར་ཕན་པའི་ཆོས་རྣམ་དག་ཞིག་མི་བྱེད་རེ་ཤི་སྙམ་དུ་ཡང་ནས་ཡང་དུ་བསམ་དགོས། ནམ་འཆི་ངེས་མེད་ཀྱི་སྐབས་ངེས་པར་འཆི་བ་དང་། ནམ་འཆི་ངེས་པ་མེད་པ་དང་། འཆི་བའི་དུས་གང་གིས་ཀྱང་མི་ཕན་པ་དང་གསུམ་པོ་དེ་ཐུན་དང་ཐུན་མཚམས་ཕྱེ་ནས་བསྒོམ་དགོས། དེ་ལ་དང་པོ་ངེས་པར་འཆི་བ་ནི་སྐྱེ་བ་ཡོད་ན་འཆི་བའི་ཆོས་ཉིད་དུ་གྲུབ་པས་ཉི་མ་ནུབ་རིར་ཕྱོགས་པའམ་གསོད་སར་ཁྲིད་པའི་དུད་འགྲོ་བཞིན་སྐད་ཅིག་རེ་རེ་སོང་། ཡུད་ཙམ་རེ་རེ་སོང་བ་བཞིན་ཚེ་འཛད་དེ་ད་ལྟའི་ལོ་བརྒྱད་ཅུ་ལོན་པ་ཞིག་དང་མདངས་སུམ་སྐྱེ་བའི་བྱིས་པ་ཞག་གཅིག་ལོན་པ་གཉིས་ད་སྟེ་ལོ་བརྒྱ་ལོན་པ་དང་གཉིས་ཀ་མེད་ལུགས་འདྲ་བས་ངེས་པར་འཆི་བ་འདི་གོ་སླ་ལ། ནམ་འཆི་ངེས་པ་མེད་པ་འདི་རྒྱུད་ལ་མ་སྐྱེས་པའི་ལན་པས། ནམ་འཆི་ངེས་པ་མེད་པ་ནི། ང་ལོ་ཉུང་སྙམ་ནས་མི་འཆི་བའི་གདེང་མེད། ཟས་དང་གོས་ལ་སོགས་པའི་མཐུན་རྐྱེན་འཛོམས་སྙམ་ནས་མི་འཆི་བའི་གདེང་མེད། ནད་མེད་སྙམ་ནས་མི་འཆི་བའི་གདེང་མེད། མི་འཆི་སྙམ་པའི་གདེང་ཞིག་ཡོད་དགོས་ན། ཡང་ན་སྟོན་པ་ཐམས་ཅད་མཁྱེན་པས་ཁྱོད་འདི་ཙམ་དུ་མི་འཆི་ཞེས་ལུང་བསྟན་པའམ། ཡང་ན་རང་ལ་ཟག་མེད་ཀྱིས་མངོན་པར་ཤེས་པ་ཞིག་ཡོད་ནས་འདི་ཙམ་དུ་མི་འཆི་སྙམ་པའི་མཁྱེན་པ་ཡོད་པའམ། ཡང་ན་གཤིན་རྗེ་ཆོས་རྒྱལ་དང་འཕྲད་ནས་ཁྱོད་འདི་ཙམ་དུ་ཁོ་བོས་མི་ཁྲིད་ཅེས་ཤག་པོ་བཟང་པོ་ཞིག་བསྒྲིགས་ཡོད་དགོས་མ་གཏོགས། ད་ལྟའི་ཚེ་འདིའི་འཕེན་པ་ནི། དཔེར་ན་མདའམ། མར་མེ་ལྟར་སྐྱེས་བུའི་མཐེབ་ཤུགས་དང་སྣུམ་ཟད་པ་བཞིན་དེ་རིང་ཙམ་ལ་ཟད་ཨེ་ཡོད་སང་ཉིན་ཙམ་ལ་ཟད་ཨེ་ཡོད་ཟླ་བ་འདིའི་མར་ངོའམ། ཟླ་བ་ཕྱི་མའམ་ལོ་ཕྱི་མ་ལ་ཟད་ཨེ་ཡོད་མི་ཤེས་པས། ནམ་འཆི་ངེས་པ་མེད་པ་ཡིན། ཚེ་ཟད་ནས་འཆི་བ་ལ། སངས་རྒྱས་སྨན་ལྷས་སྨན་སྦྱིན་རྒྱུ། ཚེ་དཔག་མེད་ཀྱིས་ཚེ་དབང་བསྐུར་རྒྱུ། ཕྱག་ན་རྡོ་རྗེས་བསྲུང་བ་བྱེད་རྒྱུ་མེད་པར་འཆི་བ་ཡིན། གློ་བུར་གྱི་འཆི་བ་ལ་བཟློག་རྒྱུ་ཡོད་ཀྱང་དཔེར་ན་མར་མེ་སྣུམ་མ་ཟད་གོང་ནས་རླུང་གིས་བསད་པ་བཞིན་གློ་བུར་གྱི་རྐྱེན་ནད་རིགས་བཞི་བརྒྱ་རྩ་བཞི། གདོན་སྟོང་ཕྲག་བརྒྱད་ཅུ། ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ལ་སོགས་པས་གློ་བུར་གློ་བུར་དུ་འཆི་བ་འབྱུང་བས་འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་པས། གནས་གང་དུ་སོང་ཡང་འཆི། གྲོགས་སུ་དང་འགྲོགས་ཀྱང་འཆི། ཡུལ་གང་དུ་བསྡད་ཀྱང་འཆི། འབྱོར་བ་ལོངས་སྤྱོད་དང་ལྡན་ཀྱང་འཆི། མི་ལྡན་ཀྱང་འཆི། དེས་ན་ཚེའི་འཕེན་པ་དེ། དེ་རིང་ཙམ་དུ་ཟད་ཨེ་ཡོད་མི་ཤེས་པས་ནམ་འཆི་ངེས་པ་མེད། ཚེའི་འཕེན་པ་ཟད་མེད་ཀྱང་གློ་བུར་གྱི་རྐྱེན་གྱིས་ནམ་འཆི་ངེས་པ་མེད་པ་སྙིང་ནས་ཡང་ནས་ཡང་དུ་དཔྱད། འཆི་བའི་དུས་གང་གིས་མི་བསྟོངས་པ་ནི། འཆི་བའི་དུས་སུ་དམ་པའི་ཆོས་མ་གཏོགས་པའི་ཟས་གོས་གནས་མལ་ལོངས་སྤྱོད་ཕ་མ་གཉེན་བཤེས། གྲོགས་དགའ་མཛའ་སུས་ཀྱང་མི་ཕན། གྲྭ་སྟོང་ཕྲག་མང་པོའི་བླ་མ་ཡིན་ཀྱང་གྲྭ་པ་གཅིག་ཁྲིད་ས་མེད། སྡེ་འབུམ་ཕྲག་མང་པོའི་མགོ་དཔོན་ཡིན་ཀྱང་གཡོག་པོ་གཅིག་ཁྲིད་དབང་མེད། འཛམ་བུ་གླིང་གི་ལོངས་སྤྱོད་ལ་དབང་ཡང་ཁབ་སྐུད་པ་གཅིག་འཁྱེར་དབང་མེད། ཐ་ན་གཅེས་པར་བསྐྱངས་པའི་ལུས་ཀྱང་ཤུལ་དུ་བཞག་ནས་འགྲོ་དགོས་པས། མལ་གྱི་ཐ་མ་ན་ཉལ། ཟས་ཀྱི་ཐ་མ་ལ་སྤྱོད། གོས་ཀྱི་ཐ་མ་ནི་གྱོན། གཏམ་གྱི་གཞུག་མ་ནི་གླེང་། གཉེན་བཤེས་ཀྱི་ཐ་མས་ནི་བསྐོར་ཞིང་འཆི་བའི་དུས་ལ་བབ་པའི་ཚེ་ཐམས་ཅད་ཀྱིས་བཤོལ་ནི་མི་ཐེབ། སྡོད་དབང་ནི་མེད། གཉེན་བཤེས་ལོངས་སྤྱོད་ཐམས་ཅད་བློས་ནི་མི་ཐོང་། རྗེས་སུ་ནི་མི་འབྲང་བར་གཅེར་བུ་ལག་སྟོང་མཆན་དུ་བཅུག་ནས་ཕྱི་མའི་ལམ་པོ་ཆེར་འགྲོ་བའི་དུས་སུ་ཕ་མ་གཉེན་བཤེས་ལ་སོགས་པའི་དོན་དུ་བསགས་པའི་སྡིག་པ་ཐམས་ཅད་སུ་ལའང་བགོ་བཤའ་བྱེད་དུ་མེད་པར་རང་གིས་ཁུར་དུ་བླང་ནས་འགྲོ་བ་མ་གཏོགས་མེད་པས། དེའི་དུས་སུ་གནོད་བྱེད་སྡིག་པ་མ་ཡིན་པར་འཛམ་བུ་གླིང་པ་དགྲར་གྱུར་ཀྱང་མདའ་སྐྱ་ཤར་གཅིག་རྗེས་སུ་འཕེན་པ་མེད། དམ་པའི་ཆོས་མ་གཏོགས་འཛམ་བུ་གླིང་གི་ནོར་ལ་དབང་ཡང་ཁབ་སྐུད་པ་ཙམ་ཡང་ཁྱེར་དབང་མེད་ན་དམ་པའི་ཆོས་ནི་མགོན་དང་སྐྱབས་དང་། གླིང་དང་། དཔུང་གཉེན་དང་། སྣང་བ་དང་། སྒྲོན་མེ་ཡིན་པས་ད་ལྟ་ཉིད་ནས་འཆི་ཁར་ཕན་པའི་ཆོས་ཞིག་བ སྒྲུབ་དགོས། དེ་ལ་སྐྱེས་བུ་ཆུང་ངུས་ངན་སོང་གསུམ་པོ་སྡུག་བསྔལ་དུ་ཤེས་ཤིང་། མངོན་མཐོ་ལྷ་མིའི་གོ་འཕང་དོན་དུ་གཉེར་བའི་བསམ་པས་བསོད་ནམས་བྱ་བའི་དངོས་པོ་གསུམ་བསྒྲུབས་ཏེ་སྐྱེས་བུ་ཆུང་ངུ་རང་གི་ལུགས་ཀྱིས་འཆི་ཆོས་འགྲུབ་པ་ཡིན་ཀྱང་། འབྲིང་དང་ཆེན་པོ་གཉིས་ཀའི་ལུགས་ཀྱིས་འཆི་ཆོས་འགྲུབ་པ་མིན་ལ། སྐྱེས་བུ་འབྲིང་གིས་སྲིད་པ་ཁམས་གསུམ་འཁོར་བ་སྡུག་བསྔལ་དུ་ཤེས་ནས་རང་ཉིད་གཅིག་པུ་ཐར་འདོད་ཀྱི་ངེས་འབྱུང་གི་བསམ་པས་ཀུན་ནས་བསླངས་ཏེ་ཐར་པ་འཐོབ་འདོད་ཀྱི་བསམ་པས་ལམ་ལྷག་པའི་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ཉམས་སུ་བླངས་ཏེ་སྐྱེས་བུ་འབྲིང་གི་འཆི་ཆོས་འགྲུབ་ཀྱང་ཆེན་པོའི་འཆི་ཆོས་འགྲུབ་པ་མིན། སྐྱེས་བུ་ཆེན་པོས་གཞན་ཕན་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླངས་ཏེ། རིང་ལམ་མཚན་ཉིད་ཐེག་པའམ། ཉེ་ལམ་རྡོ་རྗེ་ཐེག་པ། མྱུར་ལམ་འོད་གསལ་རྫོགས་པ་ཆེན་པོ་གསུམ་གང་རུང་གི་ལམ་ནས་འཆི་ཆོས་ཞིག་བསྒྲུབ་ན་སྐྱེས་བུ་ཆེན་པོ་རང་ལམ་གྱི་འཆི་ཆོས་རྣམ་པར་དག་པ་འགྲུབ་པ་ཡིན་ལ། དེ་ལས་ཁྱད་པར་འོད་གསལ་རྫོགས་པ་ཆེན་པོའི་ལམ་ནས་འཆི་ཆོས་རྣམ་པར་དག་པ་ཞིག་བསྒྲུབ་ན། སྐྱེ་འཆིའི་བར་ལག་གྱེས། འཆི་མེད་གཉུག་མའི་བཙན་ས་ཟིན་པ་ཞིག་མི་བྱེད་རེ་ཤི་སྙམ་པ་དང་། དེ་ལྟ་བུའི་དམ་བཅའ་དེ་གཏོང་རེ་སྙམ་པའི་དམ་བཅའི་ལྕགས་ཀྱུ་གཉིས་པ་རེས་ཟིན་པར་བྱེད་པ་ཡིན་ལ། དེ་ལྟར་ཐུན་དང་ཐུན་མཚམས་ཕྱེས་ཏེ་ཐུན་གྱི་དངོས་གཞི་ལ་དཔྱད་འཇོག་སྤེལ་མར་བསྒོམ་པ་ཡིན། རྩ་བའི་འདུན་པ་ནི་ལམ་རྗེས་ཐོབ་ཀྱིས་གནས་སྐབས་སུ་བསྒོམ་པ་ཡིན། ད་ནི་དེ་ལྟར་འཆི་བ་མི་རྟག་པ་འོང་ཡང་མེ་ཤི་བའམ་ཆུ་སྐམ་པ་ཙམ་ལས་མེད་ན་དེར་ཟད་ཀྱང་། ཤི་ནས་མེད་དུ་མི་འགྲོ་ཞིང་སྐྱེ་བ་ལེན་དགོས་ཞེས་པས། ཤི་ནས་འཁོར་བའི་གནས་འདི་ལས་གཞན་དུ་འགྲོ་ས་མེད་པས་འཁོར་བའི་ཉེས་དམིགས་བསམ་དགོས། འཁོར་བ་ནི་ཁམས་གསུམ་ཡིན་ལ་ཉེས་དམིགས་ནི་སྡུག་བསྔལ་གསུམ་ཡིན། དེ་ལྟ་བུའི་དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་ཐོབ་རུང་མི་རྟག་འཆི་བའི་དབང་དུ་འགྲོ་བས་ཚེ་འདིའི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱིས་དེད། བར་དོའི་སྡུག་བསྔལ་གྱིས་བསུས། ཕྱི་མའི་སྡུག་བསྔལ་ལ་མཚམས་སྦྱར་བ་ཡིན་ཏེ་བར་དོའི་བརྒྱལ་སངས་པ་དང་། དང་པོ་ཤི་བ་ངོ་མ་ཤེས་ནས་རང་གི་ཉེ་དུ་སོགས་ཀྱིས་ངུ་འབོད་བྱེད་པ་ལ་མ་ཤི་སྟེ་འདི་ན་ཡོད་དོ་ཟེར་ཀྱང་དེ་རྣམས་ཀྱིས་མི་མཐོང་མི་ཐོས་ནས། ད་ནི་ང་ངེས་པར་ཤི་བ་ཡིན་ནམ་མིན་སྙམ་ནས་ཉི་མ་ལ་གྲིབ་མ་དང་། བྱེ་མ་ལ་རྐང་རྗེས་ཡོད་མེད། ཆུ་ལ་གཟུགས་བརྙན་ཡོད་མེད་བརྟགས་པས་དེ་དག་མེད་ན་ང་ངེས་པར་ཤི་བ་ཡིན་སྙམ་ནས་སྐྲག་པའི་རྐྱེན་གྱིས་འཇིགས་པའི་སྒྲ་བཞི་ནི། ས་ཆེན་པོ་དུས་གཅིག་ལ་གཡོས་པ་ལྟ་བུའི་སྒྲ་དང་། སྟོང་གསུམ་གྱི་སྟོང་ཆེན་པོ་མེས་ཚིག་པ་ལྟ་བུའི་སྒྲ་དང་། སྟོང་གསུམ་གྱི་སྟོང་ཆེན་པོ་རླུང་གིས་འཐོར་བའི་སྒྲ་དང་། སྟོང་གསུམ་གྱི་སྟོང་ཆེན་པོ་ཆུས་བཤིགས་པ་ལྟ་བུའི་སྒྲ་དང་བཞི། ཡ་ང་བའི་གཡང་ས་གསུམ་ནི། སྤྱིར་མུན་ཚབ་ཚུབ་ཀྱི་དུས་ལྟ་བུའི་འདོད་ཆགས་ཀྱི་རང་མདངས་གང་དུ་བལྟས་པ་ཐམས་ཅད་དམར་ཟང་ཟིང་བ་དང་། ཞེ་སྡང་གི་རང་མདངས་གང་དུ་བལྟས་པ་ཐམས་ཅད་དཀར་ལྷག་ལྷག་པ་དང་། གཏི་མུག་གི་རང་མདངས་གང་དུ་བལྟས་པ་ཐམས་ཅད་ནག་མུན་མུན་པའི་སྣང་བ་ཤར་དུས། ལས་དག་པ་རྣམས་ལ་དཔའ་བོ་དང་མཁའ་འགྲོའི་བསུ་མ་སླེབས་ཏེ་ཡར་གྱི་ཟང་ཐལ་དུ་གྲོལ་བ་དང་། མཚམས་མེད་ཀྱི་ལས་བྱས་པ་རྣམས་སྔགས་ཀྱི་ལུགས་ལ་ལས་མཁན་དང་མདོ་ལྟར་གཤིན་རྗེའི་སྐྱེས་བུ་མང་པོའི་སྣང་བ་ཤར་ནས་མར་གྱི་ཟང་ཐལ་དུ་འགྲོ་ལ། དེ་ལས་གཞན་རྣམས་ལ་ཞག་ཞེ་དགུའི་བར་དང་མིན་ཀྱང་བདུན་གསུམ་དང་བཞི་ལ་སོགས་པར་ཚད་མེད་རུང་། ཞག་ཞེ་དགུའི་བར་དུ་འདུག་ན་ཕྱེད་ཡན་ཆད་ལ་སྔར་གྱི་ལུས་དང་། ཕྱེད་མན་ཆད་ལ་ཕྱི་མའི་ལུས་ལྟ་བུ་མཐོང་སྟེ་དམྱལ་བ་དང་ཡི་དྭགས་སུ་སྐྱེ་ན་མགོ་ཐུར་དུ་བསྟན་ནས་འགྲོ་བ་ལྟ་བུའི་སྣང་བ་དང་། དུད་འགྲོ་ལ་སྐྱེ་ན་མགོ་ལ་རྭ་ཟིང་ངེ་ཡོད་སྣང་དང་གོག་ནས་འགྲོ་སྣང་དང་། ལྷ་དང་མིར་སྐྱེས་ན་མགོ་གྱེན་དུ་བསྟན་ནས་འགྲོ་སྣང་དང་ལུས་ལ་ཉི་ཟླའི་འོད་སྣང་བ་ཡིན་ལ། དེ་ལྟར་བར་དོའི་སྡུག་བསྔལ་གྱིས་མཚམས་སྦྱར་ནས་ཕྱི་མའི་སྡུག་བསྔལ་གྱི་མགོ་བརྩམས་པ་ཡིན། དེ་ཡང་ཁྲིད་ཚུལ་གཞན་ལ། ལས་རྒྱུ་འབྲས་ཀྱི་ཁྲིད་སྔོན་དུ་བཤད་ཀྱང་། འདིར་ནི་དེ་བཞིན་གཤེགས་པས་དང་པོ་བདེན་པ་བཞིའི་ཆོས་སྟོན་པ་ན། སྡུག་བསྔལ་ཤེས་པར་བྱ་ཞེས་གསུངས་པ་ལྟར། དང་པོ་སྡུག་བསྔལ་ཤེས་པར་བྱ་བ་འཁོར་བའི་ཉེས་དམིགས། དེ་ནས་ཀུན་འབྱུང་སྤང་བར་བྱ་བ་ལས་རྒྱུ་འབྲས་ཀྱི་ཁྲིད། དེ་ནས་ལམ་རྒྱུད་ལ་བསྟེན་པ་ཐར་པའི་ཕན་ཡོན་བསམ་པ་དང་། བཤེས་གཉེན་བསྟེན་པའི་ཁྲིད་གཉིས་ཀྱིས་ལམ་གྱི་མཚམས་སྦྱར་ནས་ལམ་དངོས་སྐྱབས་འགྲོ་ནས་བླ་མའི་རྣལ་འབྱོར་གྱི་བར་དང་། འགོག་པ་མངོན་དུ་བྱ་བ་འོད་གསལ་རྫོགས་པ་ཆེན་པོའི་དངོས་གཞིའི་ཁྲིད་བཏབ་ནས་ལེ་ལོ་ཅན་འབད་མེད་དུ་གྲོལ་བ་ཀ་དག་ཁྲེགས་ཆོད། བརྩོན་འགྲུས་ཅན་འབད་བཅས་སུ་གྲོལ་བ་ལྷུན་གྲུབ་ཐོད་རྒལ་གྱི་ཁྲིད་རྣམས་ཡིན་པས།
གསུམ་པ། འཁོར་བའི་ཉེས་དམིགས། དང་པོ་འཁོར་བའི་ཉེས་དམིགས་ལ་སྤྱི་དང་བྱེ་བྲག་གཉིས་ལས་དང་པོ་ལ་དྲུག གནས་གང་དུ་འཁོར་བ་དང་། སེམས་ཅན་སུ་འཁོར་བ་དང་། དུས་ནམ་འཁོར་བ། ཚུལ་ཇི་ལྟར། རྒྱུ་གང་གིས་འཁོར་བ། དཔེ་ཇི་ལྟར་འཁོར་བ་དང་དྲུག་ཏུ་བསྡུས་ནས་དཔྱད་འཇོག་སྤེལ་མའི་ཚུལ་དུ་བསྒོམ། འཁོར་བ་རྣམས་ཀྱིས་དང་པོ་སྐྱིད་ཀྱི་མགོ་བཟུང་སྡུག་གིས་མཐའ་ཕུད་པ་ཡིན། ཆོས་པ་རྣམས་དང་པོ་སྡུག་གི་མགོ་བཟུང་ནས་སྐྱིད་ཀྱིས་མཐའ་ཕུད་པ་ཡིན་པས། དེ་ལྟ་བུའི་འཁོར་བའི་སྡུག་བསྔལ་སྤྱིར་བསམ་པ་ཙམ་ལས་མི་དགོས་ཀྱང་དེས་བློ་མ་ལྡོག་ན། བྱེ་བྲག་གི་སྐབས་སུ་རིགས་དྲུག་སོ་སོའི་སྡུག་བསྔལ་བསམ་པའི་སྐབས། དམྱལ་བ་རྣམས་ལྕགས་ཀྱི་ཁང་པ་ཐོག་སོ་བརྒྱད་ཀྱི་ཚུལ་དུ་བསམ་པ་ནི་སྒོམ་ཚུལ་ཡིན་གྱི། སྤྱིར་དམྱལ་བ་ལ་གནས་དང་སྡུག་བསྔལ་མིང་གི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པ་ནི་མདོ་སྡེ་དྲན་པ་ཉེར་བཞག་ལས་གསུངས་པ་ལྟར་ཤེས་དགོས་ལ། འཁོར་བའི་ཉེས་དམིགས་དང་ལས་རྒྱུ་འབྲས་ཀྱི་སྐབས་འདི་རྣམས་སུ། མདོ་སྡེ་ལས་བརྒྱ་པ་དང་། མཛངས་བླུན། དྲན་པ་ཉེར་བཞག གང་པོའི་རྟོགས་བརྗོད་རྣམས་ལ་ཡང་ཡང་བལྟ་རྟོགས་དགོས། སྡུག་བསྔལ་གྱི་རྣམ་གྲངས་རྣམས་བསམ་པའི་དུས་སུ་ཕར་མི་གཅིག་བཅད་གཏུབ་བྱེད་པ་ལ་ལྟད་མོ་ལྟ་བ་ལྟར་མ་ཡིན་པར་རང་དེ་དང་དེར་དངོས་སུ་སྐྱེས་ནས་སྡུག་བསྔལ་ཉམས་སུ་མྱོང་བ་དངོས་ལྟ་བུ་ཞིག་བསམ་དགོས། དེ་དག་བསམ་དུས་གནས་དང་གཅིག ལུས་རྟེན་དང་གཉིས། སྡུག་བསྔལ་དང་གསུམ། ཚེ་ཚད་དང་བཞི་པོ་དལ་བའི་སྐབས་ལྟར་ཡིན། དེ་ལྟར་བསམ་པའི་དུས་སུ་སེམས་སྡུག་ལྷང་ངེ་འོང་བ་དེ་སྐྱོ་ཤས་ཡིན་ལ། དེ་ལས་ཐར་འདོད་ཀྱི་བློ་སྐྱེ་བ་ནི་ངེས་འབྱུང་ཡིན་པས་ངེས་འབྱུང་གི་འབྲས་བུ་དང་། བསམ་པ་གཉིས་ལས་འདི་ངེས་འབྱུང་གི་བསམ་པ་ཡིན་ལ། དམྱལ་བ་དེར་སྐྱེ་བའི་རྒྱུ་སྤྱིར་དུག་གསུམ་གྱིས་ཀུན་ནས་བསླངས་བའི་མི་དགེ་བ་བཅུ་ཀ་ཆེན་པོར་བསགས་པ་ཡིན་ཀྱང་གཙོ་བོ་ཞེ་སྡང་གིས་ཀུན་ནས་བསླངས་བའི་སྲོག་གཅོད་པ་སོགས་ཡིན་པས། དེ་ལྟ་བུའི་ལས་རང་རྒྱུད་ལ་ཐོག་མ་མེད་པའི་དུས་ནས་བསགས་པ་གྲངས་ཀྱིས་མི་ཆོད་པ་ཡོད་པས་དེ་དག་ལ་གཉེན་པོ་སྟོབས་བཞི་ཚང་བའི་བཤགས་པ། སླད་ཆད་དེ་ལྟ་བུའི་ཞེ་སྡང་གི་ལས་དེ་ཤ་མཐེབ་གཏོགས་བྱས་ནས་གསོད་ཀྱང་མི་བྱེད་སྙམ་པའི་དམ་བཅའ། དེར་སྐྱེས་པའི་སེམས་ཅན་རྣམས་ལ་མར་ཤེས། དྲིན་དྲན། དྲིན་བཟོ་འདོད་ཀྱི་རྟོག་པ་བསྐྱེད། དེ་ལྟ་བུའི་སྡུག་བསྔལ་རྒྱུ་འབྲས་གཉིས་པོ་དེ་དང་བྲལ་བར་གྱུར་ཅིག་སྙམ་པའི་འདུན་པ་དང་འབྲེལ་བ། བྲལ་ན་ཅི་མ་རུང་སྙམ་པའི་སྨོན་པ་དང་འབྲེལ་བ། དེ་དང་བྲལ་བ་ཞིག་ངས་བྱ་སྙམ་པའི་དམ་བཅའ་དང་འབྲེལ་བ་སྟེ་འབྲེལ་བ་སུམ་ལྡན། སྡུག་བསྔལ་རྒྱུ་འབྲས་གཉིས་པོ་དེ་དང་བྲལ་བ་ཞིག་སྐྱབས་བསླུ་བ་མེད་པའི་དཀོན་མཆོག་གསུམ་ལ་གསོལ་བ་བཏབ་ནས་ངའི་མ་རྒན་སེམས་ཅན་དམྱལ་བ་ན་གནས་པ་དེ་དག་སྡུག་བསྔལ་རྒྱུ་འབྲས་གཉིས་དང་དུས་ད་ལྟ་ཉིད་མྱུར་བ་ཉིད། འདུག་ས་འདི་རུ། གདན་ས་འདི་རུ་ཐར་བ་ཞིག་ཟེར་ནས་ཉག་བརྡུང་སྟེ་དཀོན་མཆོག་ལ་གསོལ་བ་འདེབས་པ་ནི། ཀྱེ་མ་ཀྱེ་ཧུད་དཀོན་མཆོག་ཐུགས་རྗེ་ཅན་སོགས། བླ་མ་རྒྱལ་བ་འགྲོ་བའི་མགོན། ། འགྲོ་བ་སྐྱོབས་པའི་དོན་བརྩོན་པ། ། སོགས་དང་། དཔའ་བོ་ཁྱོད་ལ་ཐུགས་རྗེའི་སྟོབས་མངའ་བས་སོགས་བརྗོད་པ་ནི་ཀུན་མཁྱེན་ཡབ་སྲས་ཀྱི་ལུགས་ལ་རང་འདོད་ཡིད་བྱེད་ཀྱི་བསམ་པ་ལ་ཤུགས་ཀྱིས་བློ་ལྡོག་དགོས་གསུངས་པ་དེ་ཡིན། དེ་བཞིན་དུ་རིགས་དྲུག་གཞན་གྱི་སྡུག་བསྔལ་རྣམས་ལའང་གནས་ལུས་སྡུག་བསྔལ་ཚེ་ཚད་སོགས་ཞིབ་ཏུ་བསམ་ནས་སྐྱོ་ཤས་ངེས་འབྱུང་། བཤགས་པ་དམ་བཅའ། མར་ཤེས་དྲིན་དྲན་སོགས་བསྒོམ་པ་མཚུངས་སོ། །
བཞི་པ། ལས་རྒྱུ་འབྲས། གཉིས་པ་ཀུན་འབྱུང་སྤང་བར་བྱ་གསུངས་པ་དེ། རྒྱུ་འབྲས་ཀྱི་ཁྲིད་འདི་ཡིན་ཏེ། སྲིད་པ་རིགས་དྲུག་གི་གནས་རིས་འདྲ་མི་འདྲ་ལུས་རྟེན་འདྲ་མི་འདྲ། བདེ་སྡུག་འདྲ་མི་འདྲ། ཚེ་ཚད་འདྲ་མི་འདྲ་སོགས་ཐམས་ཅད་ལས་རྒྱུ་འབྲས་ལས་བྱུང་བ་ཡིན་ཏེ། དེ་ལ་སྟོན་པ་བཅོམ་ལྡན་འདས་ཀྱི་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་དེ་ཡེ་དྷརྨཱ་ནས་ཤྲ་མ་ཎའི་བར་དེ་ཡིན། དེའི་མགོར་ཨོཾ་བདེ་ལེགས་དང་འཇུག་གི་སྭཱ་ཧཱ་གཞི་ཚུག་ཟེར་བ་ཡིན། དེ་གཉིས་ནི་པཎྜི་ཏ་ཐམས་ཅད་ཀྱིས་རབ་གནས་དང་བཀྲ་ཤིས་རྣམས་ལ་དགོངས་ནས་བཞག་པ་ཡིན། ཡེ་དྷརྨཱ་དེ་བོད་སྐད་དུ་བསྒྱུར་ན། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་བ་དང་། ། དེ་ཡི་རྒྱུ་དང་དེ་འགོག་གང་ཡིན་པ། ། དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་བསྩལ་པ། ། དེ་སྐད་གསུངས་པའི་ཚུལ་ཅན་དགེ་སྦྱོང་ཆེ། ། ཞེས་པ་ཡིན་པས། དང་པོ་ཆོས་རྣམས་ཐམས་ཅད་མང་ཚིག་ཡིན་པས་དེ་ལྟ་བུའི་ཆོས་མང་པོ་དེ་གང་ཡིན་ན་ཤེས་བྱ་འཁོར་འདས་ལམ་གསུམ་གྱི་བསྡུས་པའི་ཆོས་རྣམས་ཡིན། དེ་ལ་ནང་པ་སངས་རྒྱས་ཀྱི་ལུགས་ལ་རྒྱུ་དང་ལས་ལས་བྱུང་བ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཐམས་ཅད་རྒྱུ་ལས་བྱུང་བ་ཡིན། དེ་ལ་དང་པོ་ཕྱི་རོལ་པའི་ལུགས་ལ་རྒྱུ་ལས་མ་བྱུང་པའམ། རྒྱུ་མེད་པ་ལས་བྱུང་བར་འདོད་པའི་ལྟ་ལོག་སུམ་བརྒྱ་དྲུག་ཅུ་ཡོད། དེ་རྣམས་བསྡུ་ན་ཏརྐ་སྡེ་ལྔའམ་རྟོག་གེ་སྡེ་ལྔར་འདུས། དེ་བསྡུ་ན་རྟག་ཆད་གཉིས་ལ་འདུ། དང་པོ་ཆད་ལྟ་ཚང་གིས་གོ་ཏ་མ་དང་རྟག་ལྟ་བའི་ལུགས་གཉིས་ཀ་དེ་ནོར་བ་ཡིན་ཏེ་ཆོས་ཐམས་ཅད་ངོ་བོ་ཉིད་ལས་བྱུང་བ་ཡིན། དཔེར་ན་ད་ལྟའི་ལུས་འདི་ནམ་མཁའ་ལ་འཇའ་ཚོན་ཤར་བའམ་སྤང་ལ་ཤྭ་མང་བ རྡོལ་བ་ལྟར་སྣང་བ་ཡིན་ཏེ་ལུས་ནི་ཁ་བ་ལྟ་བུ་དང་སེམས་སྤྱང་ཁུའི་རྗེས་ལྟ་བུ་ཡིན་ཏེ་ཁ་བ་ཞུ་འགྲོ་སྐབས་སྤྱང་ཁུའི་རྗེས་མེད་འགྲོ་བ་ལྟར་ད་ལྟའི་སྣང་བ་ཙམ་ལས་ཚེ་ཕྱི་མ་ཐར་པ་གྲོལ་བ་ཐམས་ཅད་མེད་པར་འདོད་དེ། འཆི་བའི་ཚེ་ལུས་ནི་འབྱུང་བཞིའི་ཁམས་ལ་དེངས་འགྲོ། སེམས་ནི་དེའི་བག་ལ་ཞ་ནས་མེད་འགྲོ་བ་ཡིན་ཏེ་དབང་ཕྱུག་ནག་པོའི་གཞུང་ལས། ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་དང་། ། སྲན་ཟླུམ་ཚེར་མ་གཟེང་རིང་རྣོ་བ་དང་། ། རྨ་བྱའི་མདོངས་བཀྲ་ལྟ་ན་སྡུག་པ་རྣམས། ། སུས་ཀྱང་མ་བྱས་ངོ་བོ་ཉིད་ལས་བྱུང་། ། ཞེས་སོ། ། རྟག་ལྟ་བའི་ལུགས་ལ། གོ་ཏ་མའི་ལུགས་དེ་ནོར་བ་ཡིན། ཚེ་སྔ་ཕྱི་ཡོད་ཀྱང་ལས་རྒྱུ་འབྲས་ལས་བྱུང་བ་མིན། བྱེད་པ་པོ་གཞན་ཞིག་གིས་བྱེད་པ་ཡིན་ཏེ། སུས་བྱེད་ན་ལྷ་ཆེན་དབང་ཕྱུག་ཆེན་པོ་རྟག་པ་གཅིག་པུ་རང་དབང་ཅན་ཞིག་གིས་བྱས་པ་ཡིན་ཏེ། དེ་ལ་བྱིས་པ་དང་བ་གླང་གི་ཤས་མཆོད་ན་དེ་མགུ་ནས་འཇིག་རྟེན་ལ་བདེ་བ་སྟེར་འོང་། མ་མགུ་ན་འཇིག་རྟེན་ལ་མི་བདེ་བ་སྟེར་འོང་བས། བདེ་སྡུག་གཞན་གྱི་བྱས་པའམ། ཡང་ན་གཙོ་བོ་ཞེས་བྱ་བ་བདེ་སྡུག་བཏང་སྙོམས་གསུམ་མམ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ཆ་མཉམ་པ་ལ་གཙོ་བོའི་གོ་ཁུག་བཏགས་པ་ནམ་མཁའ་ལས་རྡུལ་སྤྲུལ་པ་དེ་ལ་ནང་ཤེས་རིག་གི་སྐྱེས་བུ་རྟག་པས་ལོངས་སྤྱོད་ནས་མཐར་ཤེས་པས་གཙོ་བོས་སྤྲུལ་པ་ཡིན་པར་ཤེས་པའི་ཚེ་གཙོ་བོ་ངོ་ཚ་ནས་བྲོས་པ་ན། གཙོ་བོའི་རྣམ་འགྱུར་ཐམས་ཅད་གཙོ་བོའི་ཀློང་དུ་ནུབ་ནས་སྐྱེས་བུ་རྣམ་འགྱུར་དང་བྲལ་བའི་ཚེ་ཐར་བ་ཐོབ་པར་འདོད་ལ་སྙིང་གི་ནང་ན་བསམ་གྱིས་མི་ཁྱབ་པའི་བདག་རྟག་པ་ཆེ་ཆུང་མཐེ་འོང་ཙམ་དུ་ཡོད་པར་འདོད་པས་དཔེར་ན་ལུས་འདི་རྫ་མ་ལྟ་བུ་ཡིན་ལ་ཤེས་པ་དེ་བྱིའུ་ལྟ་བུ་ཡིན་པས། ལུས་ཞིག་འགྲོ་བའི་ཚེ་ཤེས་པ་དེ་ལ་རང་དབང་ཡོད་བཞིན་དུ་གང་ལ་ཡང་འགྲོ་ཆོག་ཟེར། ནང་པ་སངས་རྒྱས་པའི་ལུགས་ལ་རྟག་ཆད་གཉིས་ཀའི་འདོད་པ་དེ་ནོར་བ་ཡིན། འཁོར་འདས་ལམ་གསུམ་གྱི་བསྡུས་པའི་ཆོས་དེ་ཐམས་ཅད་རྒྱུ་ལས་བྱུང་བ་ཡིན་ཏེ། རྒྱུ་ལས་ཇི་ལྟར་བྱུང་བའི་ཚུལ་འགྲོ་བ་ལྷ་དང་བཅས་པ་ཚངས་པ་དང་བཅས་པ་བདུད་དགའ་རབ་དབང་ཕྱུག་དང་བཅས་པས་མི་མཁྱེན། སྐྱེ་དགུའི་བདག་པོ་རྒྱལ་པོ་གཟུགས་ཅན་སྙིང་པོ་དང་རྒྱལ་པོ་མ་སྐྱེས་དགྲ་དང་ཤར་པ་སོགས་ཀྱིས་མི་མཁྱེན། ཕྱི་རོལ་པའི་སྟོན་པ་སྡེ་དྲུག་ལ་སོགས་པས་མི་མཁྱེན། ནང་པའི་སངས་རྒྱས་ཀྱི་སྲས་རྒྱལ་ཚབ་བྱམས་པ་མགོན་པོ་དང་འཇམ་དཔལ་དབྱངས་ཀྱིས་ཀྱང་སངས་རྒྱས་ཀྱི་བཀའི་རྗེས་སུ་འབྲང་ནས་སྟོན་པ་མ་གཏོགས་མི་མཁྱེན། དེའི་མཁྱེན་པ་དེ་མུར་ཐུགས་པ་ཞིག་ཡིན་པའི་རྒྱུ་མཚན་བག་ཆགས་ཀྱི་སྒྲིབ་པ་མ་སྤང་བའི་ཕྱིར་རོ། ། ཀླུ་སྒྲུབ་ཐོགས་མེད་སོགས་རྒྱན་དྲུག་མཆོག་གཉིས་ལ་སོགས་པས་མི་མཁྱེན། སློབ་མ་ཉན་ཐོས་དང་རང་རྒྱལ་དག་གིས་མི་མཁྱེན། དེ་དག་གི་རང་ལམ་ཡང་སངས་རྒྱས་ཀྱི་བཀའི་རྗེས་སུ་འབྲང་བ་མ་གཏོག་མི་མཁྱེན་ཏེ། ཉན་ཐོས་ལ་མི་མཁྱེན་པའི་རྒྱུ་བཞི་ཡོད་པས་གནས་ཀྱིས་བསྐལ་བས་མི་མཁྱེན་པ་དང་གཅིག དུས་ཀྱིས་བསྐལ་བས་མི་མཁྱེན་པ་དང་གཉིས། རྒྱུ་ཐུག་མེད་ཀྱི་འབྲས་བུ་ཐུག་མེད་མི་ཤེས་པ་དང་གསུམ། སངས་རྒྱས་ཀྱི་ཆོས་ར བ་ཏུ་མང་པོ་མི་མཁྱེན་པ་དང་བཞི་ཡོད་པས་མི་མཁྱེན། དེའི་རྒྱུ་དེ་བཞིན་གཤེགས་པས་གསུངས་ཞེས་པ་ནི་འཁོར་འདས་གཉིས་ཀ་རྒྱུ་ལས་བྱུང་བ་ཡིན་པས། དེའི་རྒྱུ་དེ་བཞིན་གཤེགས་པས་གསུངས་པ་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་དོན་དམ་པའི་བདེན་པ་ཆོས་ཀྱི་དབྱིངས་ཡང་དག་པའི་མཐའ་ཆོས་སྐྱོན་མེད་པ་ཉིད་དང་ཆོས་ཀྱི་གནས་ཉིད་དེ་དེ་ལྟ་བུའི་གནས་ལུགས་དེ་རྟོགས་བསྒོམ་མཐར་ཕྱིན་ཏེ་ལྷག་མ་མ་ལུས་པ་མངོན་དུ་བྱས་ནས་ཆོས་ཐམས་ཅད་ཀྱི་གནས་ལུགས་དོན་དམ་པའི་བདེན་པ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས། དེའི་སྟོང་ཉིད་དེ་རྟོགས་པས་ཤེས་བྱ་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་དཔེར་ན་མེ་ལོང་ནང་ན་གཟུགས་བརྙན་ཤར་བའམ། སྐྱུ་རུ་ར་ལག་མཐིལ་དུ་བཞག་པ་ལྟ་བུའི་ཅིག་ཆར་དུ་མཁྱེན་པ་དེ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཡིན། དེ་ལ་དབྱེ་ན་ཤེས་བྱ་ཐམས་ཅད་མཁྱེན་པ་དང་ཉེར་མཁོ་ལྷག་པར་མཁྱེན་པ་གཉིས་ལས། དང་པོ་ཤེས་བྱ་ཐམས་ཅད་མཁྱེན་པ་ནི་ལྷས་སྦྱིན་གྱི་གྲོང་ཁྱེར་གྱི་འབྲུ་དང་ཉིན་སྲིབ་ཀྱི་རྩི་ཤིང་ནགས་ཚལ་ཐམས་ཅད་བསྲེགས་པའི་ཐལ་བ་དང་ཀུ་ཤ་རྒྱ་མཚོ་ལ་རིམ་ཅན་དུ་བྱ་ན་པ་ལྟ་བུ་ལྷས་སྦྱིན་ལ་ལྐོག་གྱུར་དུ་ཡོད་པ་ཐམས་ཅད་སངས་རྒྱས་ལ་མངོན་གྱུར་དུ་ཡོད་པ་ནི། ཇི་སྐད་དུ། རྨ་བྱའི་མདོངས་བཀྲ་གཅིག་ལ་ཡང་། །
རྒྱུ་ཡི་དབྱེ་བ་ཐ་དད་པ། ། དེ་མཁྱེན་པ་ནི་ཀུན་མཁྱེན་ཏེ། ། ཀུན་མཁྱེན་ཡེ་ཤེས་མིན་པས་མིན། ། ཞེས་པས། དེ་ནི་གདུལ་བྱ་རྣམས་ལ་དད་པ་ཙམ་རེ་སྐྱེ་བ་མ་གཏོགས་དགོས་པ་ཆེར་མེད་ལ། ཉེར་མཁོ་ལྷག་པར་མཁྱེན་པ་ནི་འཁོར་འདས་གཉིས་ཀྱི་རྒྱུ་འབྲས་མཁྱེན་པས་འཁོར་བའི་རྒྱུ་ཀུན་འབྱུང་གི་བདེན་པ། འབྲས་བུ་སྡུག་བསྔལ་གྱི་བདེན་པ། མྱང་འདས་ཀྱི་རྒྱུ་ལམ་གྱི་བདེན་པ། འབྲས་བུ་འགོག་པའི་བདེན་པ་སྟེ་དོན་ལ་བདེན་བཞིའི་བླང་དོར་ཚུལ་བཞིན་མཁྱེན་པ་ཡིན། རྒྱུ་ལ་འགོག་པ་གང་ཡིན་པ། ། ཞེས་པས་འགོག་ཚུལ་ལ། ཕྱི་རོལ་པས་རྒྱུ་མི་འགོག་པར་འབྲས་བུ་འགོག་པར་འདོད་དེ། དཔེར་ན་རྒྱུ་དུག་འཐུང་བར་མི་འགོག་པར་འབྲས་བུས་ནད་འགོག་པ་ལྟ་བུ་ཡིན་ཀྱང་། འབྲས་བུ་འགོག་མི་ནུས་པས་རྒྱུ་འགོག་དགོས་ཏེ་དཔེར་ན་དུག་མ་འཐུང་ན་ནད་མི་འབྱུང་བ་བཞིན་དུ་སྐྱེ་བ་ཕྱི་མ་ཕན་ཆད་ཀྱི་རྒྱུ་ཀུན་འབྱུང་ལས་དང་ཉོན་མོངས་རྣམས་འགོག་དགོས་པས་དེ་ལ་སྐྱེས་བུ་གསུམ་གྱི་རྒྱུ་འགོག་ཚུལ་ལ། དང་པོ་ཐར་པ་བྱང་ཆུབ་གསུམ་གྱི་ལམ་བསྒྲུབ་པ་ལ་ལུས་རྟེན་ཁྱད་པར་ཅན་གཅིག་ལོན་དགོས་པས། སྐྱེས་བུ་ཆུང་ངུས་ངན་སོང་གསུམ་པོ་སྡུག་བསྔལ་དུ་ཤེས་ཏེ་དེ་ལས་ཐར་འདོད་ཀྱི་བློས་མཐོ་རིས་ལྷ་མིའི་གོ་འཕང་དུ་གཉེར་ནས་མི་དགེ་བ་བཅུ་སྤང་དགེ་བ་བཅུ་བསྒྲུབ། དེའི་སྟེང་ལ་མི་གཡོ་པའི་ལས་བསམ་གཟུགས་བརྒྱད་བསྒོམ་པས་མཐོ་རིས་ལྷ་མིའི་གོ་འཕང་ཐོབ་པ་ཡིན་ལ་དེའི་ལས་དགེ་བས་མི་དགེ་བ་འགོག་པ་མ་གཏོགས། ཉོན་མོངས་འགོག་མི་ནུས་སྐྱེས་བུ་ཆེ་འབྲིང་གཉིས་ཀས་སྲིད་པ་རིགས་དྲུག་པོར་བློ་ལྡོག་ནས་འཁོར་བ་རྒྱུ་འབྲས་གཉིས་སྤང་མྱང་འདས་རྒྱུ་འབྲས་གཉིས་བླང་དགོས། དེ་ཡང་རྒྱལ་པོ་གསལ་རྒྱལ་གྱི་བུ་མོ་དཔལ་ཕྲེང་སེངྒེ་སྒྲས་ཞུས་པའི་མདོ་ལས། བདེན་བཞི་བགྱི་བ་དང་བཅས་པ་དང་། བགྱི་བ་མ་མཆིས་པ་གཉིས་གསུངས་པས། དང་པོ་སྐྱེས་བུ་འབྲིང་གིས་འཁོར་བ་མཐའ་དག་སྡུག་བསྔལ་དུ་ཤེས་རུང་། ཉན་རང་གཉིས་ཀའི་ས་ན་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ། ལྷན་སྐྱེས་ཀུན་བརྟགས་གཉིས་ལས་ལྷན་སྐྱེས་ཀྱི་མ་རིག་པ་ཡིད་ཀྱི་རང་བཞིན་ཅན་གྱི་ལུས། ཟག་མེད་ཀྱི་ལས་བསམ་གྱི་མི་ཁྱབ་པའི་འཆི་འཕོ་སོགས། རྟེན་འབྲེལ་ཕྲ་བའི་སྡུག་བསྔལ་མ་ཤེས་པའི་སྡུག་བསྔལ་ཤེས་བྱ་དེ་ཡང་བགྱི་བ་དང་བཅས་པ་ཡིན། ཀུན་འབྱུང་སྤང་བར་བྱ་བ་དེའི་ལས་ཉོན་གཉིས་སྤང་རུང་ཤེས་སྒྲིབ་མ་སྤང་པས་ཀུན་འབྱུང་སྤང་བར་བྱ་བ་བགྱི་བ་དང་བཅས་པ་ཡིན། ལམ་རྒྱུད་ལ་བརྟེན་པར་བྱ་བ་དེ་ལ་གང་ཟག་གི་བདག་མེད་རྟོགས་ཆོས་བདག་རིལ་པོར་འཛིན་པ་ཞིག་ནས་སིལ་བུར་རྟོགས་རུང་། ད་དུང་ཆེན་པོ་གསུམ་གྱི་ལྟ་བ་མ་རྟོགས་པས་ལམ་བགྱི་བ་དང་བཅས་པ་ཡིན། འབྲས་བུ་དགྲ་བཅོམ་པའི་གོ་འཕང་ཐོབ་རུང་སངས་རྒྱས་ཀྱི་འོད་ཟེར་གྱིས་འགོག་པ་ལས་བསླང་ནས་ད་གཟོད་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་དགོས་པས་འགོག་པ་དེ་བགྱི་བ་དང་བཅས་པ་ཡིན། དེའི་འཁོར་བ་རིགས་དྲུག་པོ་སྡུག་བསྔལ་དུ་ཤེས་ནས་རང་ཐར་འདོད་ཀྱིས་བློས་ཀུན་ནས་བསླངས་ཏེ་འཁོར་བའི་སྡུག་བསྔལ་བསྐྱེད་པར་བྱེད་པ་ཀུན་འབྱུང་ལས་དང་ཉོན་མོངས་གཉིས་ཉོན་མོངས་པའི་རྩ་བ་བདག་ཏུ་འཛིན་པ་འདི་ཡིན་པས། དེའི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་ཡིན་པ་ལ། དང་པོ་ནས་ཤེས་རབ་ཞིག་རྒྱུད་ལ་བསྟེན་རྒྱུ་མེད་པས་ངེས་འབྱུང་གི་བསམ་པས་ཀུན་ནས་བསླངས་ཏེ་སོ་ཐར་གྱི་སྒོར་ཞུགས་ཚུལ་ཁྲིམས་རྣམ་པར་དག་པས་རྒྱུད་བསྡམ། དེའི་སྟེང་དུ་བསམ་གཟུགས་བརྒྱད་བསྒོམ། དེའི་སྟེང་དུ་ཤེས་རབ་བསྐྱེད་དགོས་པས། དེ་ནི་གང་ཟག་གི་བདག་ང་ཞེས་བྱ་བ་དེ་གང་ན་འདུག་ཕུང་པོ་ལྔ་དང་གཅིག་གམ་ཐ་དད་པར་བརྟག་ན་གཅིག་དང་ཐ་དད་མེད་པའི་ཚུལ་གྱིས་བསྒོམ་པས་བདག་མེད་མངོན་གསུམ་དུ་མཐོང་བ་རྒྱུན་ཞུགས་མཐོང་ལམ་ལྟ་བུ་ཡིན། ཕྱིར་འོང་ཕྱིར་མི་འོང་གཉིས་བསྒོམ་ལམ་ཡིན། ལས་ཀྱི་རྩ་བ་ཉོན་མོངས་དང་དེའི་རྩ་བ་ངར་འཛིན་མེད་པར་རྟོགས་པས། དཔེར་ན་སྒྱུ་མ་མཁན་གྱི་རྒད་པོ་བསད་ན་སྒྱུ་མའི་འཁྲུལ་འཁོར་ཤུགས་ཀྱིས་ལྡོག་འགྲོ་བ་ལྟར་ངར་འཛིན་གྱི་བསྐྱེད་པའི་ལས་ཉོན་གཉིས་ལྡོག་ནས་འབྲས་བུ་དགྲ་མཅོམ་པ་ལྷག་བཅས་ཀྱི་མྱང་འདས་དང་ལྷག་མེད་གཉིས་ཐོབ་པ་མི་སློབ་པའི་ལམ་ཡིན། སྐྱེས་བུ་ཆེན་པོས་འཁོར་བ་མཐའ་དག་དང་། ཞི་བ་ཉན་རང་གི་མཐའ་ལ་བློ་ལྡོག་ནས་དེ་ཕན་ན་སྡུག་བསྔལ་ཤེས་བྱ་གཞན་མེད་པས་སྡུག་བསྔལ་ཤེས་བྱ་བགྱི་བ་མ་མཆིས་པ་ཡིན། ཀུན་འབྱུང་སྤང་བྱ་དེ་ཡང་ལས་དང་ཉོན་མོངས་ཤེས་བྱ་བག་ཆགས་དང་བཅས་པ་ཡིན་པས། དེ་ཕན་ན་ཀུན་འབྱུང་སྤང་བྱ་མེད་པས་ཀུན་འབྱུང་སྤང་བར་བྱ་བ་བགྱི་བ་མ་མཆིས་པ་ཡིན། ལམ་བདེན་ལ་ཆོས་ཐམས་ཅད་ཀྱི་གནས་ལུགས་དོན་དམ་པའི་བདེན་པ་བདག་མེད་གཉིས་ཀྱི་རང་བཞིན་ཅན་རྟོགས་པས། ལམ་རྒྱུད་ལ་བསྟེན་པར་བྱ་བར་བགྱི་བ་མ་མཆིས་པ་ཡིན། འབྲས་བུ་སངས་རྒྱས་ཆོས་ཀྱི་སྐུ་ཐོབ་པས་དེ་ཕན་ན་ཐོབ་བྱ་གཞན་མེད་པས་འགོག་པ་བགྱི་བ་མ་མཆིས་པ་ཡིན། ད་སྐྱེས་བུ་ཆེན་པོས་སྲིད་ཞི་གཉིས་ཀ་ལ་བློ་ལྡོག་ནས་ངེས་འབྱུང་ཆེན་པོས་ཀུན་ནས་བསླངས་ཏེ་རིང་ལམ་མཚན་ཉིད་ཐེག་པ་སོགས་ཀྱི་མདོ་སྔགས་གཉིས་ཀྱི་སྡོམ་པས་རྒྱུད་བསྡམ་བསམ་གཟུགས་བརྒྱད་དང་སྔགས་ཀྱི་བསྐྱེད་རྫོགས་གཉིས་སྒོམ་པ་ནི་བསམ་གཏན་ཡིན་ལ་དེའི་སྟེང་དུ་ཆེན་པོ་གསུམ་གྱི་ལྟ་བ་རྟོགས་པ་ཤེས་རབ་ཡིན། ཉན་རང་ནས་ཨ་ནུ་མན་ཆད་ཀྱི་རྟོགས་པས་རྟོགས་པ་འདུལ་བ་ཡིན། ཨ་ཏིའི་སྤྲོས་བྲལ་ཀ་དག་གི་ལྟ་བ་གཅིག་པུའི་རང་ངོ་བསྐྱངས་པས་དེའི་བཟང་ངན་གྱི་རྟོག་པ་ཐམས་ཅད་ཡེ་ཤེས་ཆེན་པོ་དེའི་ཀློང་དུ་དག་གྲོལ་ཞིག་ཆད་ནས་ལས་ཉོན་ཤེས་བྱ་བག་ཆགས་ཀྱི་སྒྲིབ་པ་མ་ལུས་པ་བཅོམ་ནས་སངས་རྒྱས་ཆོས་ཀྱི་སྐུ་ཐོབ། དེ་ལས་གཟུགས་སྐུ་འགགས་པ་མེད་པ་ལོངས་སྐུ་དང་སྤྲུལ་སྐུས་འགྲོ་བའི་དོན་མཛད་པ་ཡིན་ནོ། ། དེ་ལྟ་བུའི་བདེན་པ་བཞིའི་རྣམ་པར་བཞག་པ་དེ་སྟོན་པ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་མཉམ་མེད་ཤཱཀྱའི་རྒྱལ་པོ་ཤཱཀྱ་སེངྒེ་དེའི་དེ་སྐད་དུ་གསུངས་པ་ཡིན་ནོ། ། དེ་རྣམས་ནི་བསྟན་པ་སྤྱིའི་སྡོམ་དུ་གསུངས་པ་ཡིན་ནོ། ། ད་ཉམས་སུ་བླང་བྱ་ལ་སྤང་བྱ་མི་དགེ་བའི་ལས་དང་། བསྒྲུབ་བྱ་དགེ་བའི་ལས་དང་། ཐམས་ཅད་ལས་ཀྱི་རང་བཞིན་དུ་བསྟན་པ་དང་གསུམ་ལས། དང་པོ་སྤང་བྱ་མི་དགེ་བའི་ལས་བཤད་པ་དང་འབྲས་བུ་བཤད་པ་གཉིས་ལས། དང་པོ་མི་དགེ་བའི་ལས་དེ་ལ་མུ་དང་མཐའ་མེད་པ་ཞིག་ཡོད་ནའང་དེ་ཐམས་ཅད་བསགས་པའི་སྒོ་ནས་བསྡུ་ན་ལུས་ཀྱི་མི་དགེ་བ་གསུམ་སོགས་བཅུའོ། ། ལས་ཀྱི་ཀུན་ནས་སློང་བར་བྱེད་པ་པོ་དུག་གསུམ་ཡིན་ཏེ། དབུ་མ་རིན་ཆེན་ཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། ། དེས་བསྐྱེད་ལས་ནི་མི་དགེ་བའོ། ། ཞེས་པས། དུག་གསུམ་པོ་དེ་ངོ་བོ་ཉིད་ཀྱིས་མི་དགེ་བ་དང་དེའི་ཀུན་ནས་བསླངས་བའི་ལས་དེ་ལ་མཚུངས་ལྡན་གྱི་མི་དགེ་བ་ཞེས་བྱ། ཉོན་མོངས་པས་ཀུན་ནས་སློང་བར་བྱེད་པ་པོ་ནི་གཞུང་གི་ལུགས་ལ་སེམས་བྱུང་སེམས་པ་དང་། མན་ངག་གི་ལུགས་ལ་ཡིད་རྟོག་བཅས་ཡིན་ལ། ཉོན་མོངས་པ་དེ་སྐྱེ་བའི་ཚེ་ཡུལ་ལ་བརྟེན་ནས་སྐྱེ་དགོས་པས་ཡུལ་ཡིད་དུ་འོང་བ་ལ་བརྟེན་ནས་འདོད་ཆགས། མི་འོང་བ་ལ་བརྟེན་ནས་ཞེ་སྡང་། བར་མ་ལ་བརྟེན་ནས་གཏི་མུག་རྣམས་འབྱུང་བ་ཡིན་ནོ། ། འབྲས་བུ་ལ་བཞི་སོགས། གཉིས་པ་བསྒྲུབ་བྱ་དགེ་བའི་ལས་དེ་བསམ་གྱིས་མི་ཁྱབ་པ་མུ་དང་མཐའ་མེད་པ་ཞིག་ཡོད་ནའང་། དེ་བསགས་པའི་སྒོ་ནས་བསྡུ་ན་ལུས་ཀྱི་དགེ་བ་གསུམ་སོགས་ཡིན་ནོ། ། ཀུན་ནས་སློང་བར་བྱེད་པ་དེ་ལ། ཇི་སྐད་དུ། མ་ཆགས་མི་སྡང་གཏི་མུག་མེད། ། དེས་བསྐྱེད་ལས་ནི་དགེ་བ་འོ། ། ཞེས་པས། མི་དགེ་བ་བཅུ་བསྒྲུབ་མི་ཉན་བསམ་ནས་ཕྱིན་ཆད་སྲོག་ལ་བབ་ཀྱང་མི་དགེ་བ་བཅུ་མི་བྱེད་བསམ་པ་དེ་མི་དགེ་བ་བཅུ་སྤང་གི་ཚུལ་ཁྲིམས་ཡིན། དགེ་བཅུ་ཁྱད་པར་བ ་སྲོག་གཅོད་པ་སྤང་ནས་སྲོག་སྐྱབས་པ་སོགས་ཡིན། འབྲས་བུ་བཞིའོ། ། དེ་ལྟ་བུའི་མི་དགེ་བའི་ལས་དང་། དགེ་བའི་ལས་གཉིས་བསྒོམ་དུས་རྒྱུ་འབྲས་ཐོ་གཏུག་ནས་བསམ་དགོས་སོ། ། གསུམ་པ་ཐམས་ཅད་ལས་ཀྱི་རང་བཞིན་དུ་བསྟན་པ་ལ། མདོ་ལས། ལུས་ཅན་དག་གི་ལས་རྣམས་ནི་སོགས། ལས་དེ་ལ་གཅིག་ཏུ་དཀར་བའི་ལས་དང་། གཅིག་ཏུ་གནག་པའི་ལས། དཀར་ནག་འདྲེས་མའི་ལས་དང་གསུམ། གཅིག་ཏུ་དཀར་བའི་ལས་ནི་མཐའ་གཅིག་ཏུ་བསམ་སྦྱོར་དགེ་བ་ཡིན། དེའི་འབྲས་བུ་ལྷ་དང་མི་ཡི་བདེ་འབྱོར་ཆེ་ཤོས་རྣམས་སུ་སྐྱེ། གཅིག་ཏུ་གནག་པའི་ལས་ནི། བསམ་སྦྱོར་གཉིས་ཀ་མི་དགེ་བ་ཡིན་པས་ངན་སོང་གསུམ་གྱི་སྡུག་བསྔལ་ཆེ་ཤོས་རྣམས་སུ་སྐྱེ། གསུམ་པ་འདྲེས་མའི་ལས་ནི་བསམ་པ་དཀར་ལ་སྦྱོར་བ་གནག་པའི་ལས་དེད་དཔོན་སྙིང་རྗེ་ཅན་གྱིས་མི་ནག་མདུང་འཐུང་ཅན་བསད་པ་ལྟ་བུ་རང་འདོད་ཀྱི་འཁྲི་བ་མེད་ན་བྱང་ཆུབ་སེམས་དཔའ་ལ་ལུས་ངག་གི་མི་དགེ་བ་བདུན་གནང་བའི་སྐབས་ཡོད་པ་ལྟ་བུའོ། ། བསམ་པ་གནག་ལ་སྦྱོར་བ་དཀར་བའི་ལས་ནི་ཀུན་སློང་ཚེ་འདི་སྒྲུབ་འདོད་ཀྱིས་ཀུན་ནས་བསླངས་ཏེ། སྦྱོར་བ་དགེ་བའི་ལས་སྒྲུབ་པ་ལྟ་བུ་ཡིན། བསམ་སྦྱོར་འདྲེས་མའི་ལས་ནི་ཐང་འགའ་བསམ་སྦྱོར་གཉིས་ཀ་དཀར་བ་དང་། ཐང་འགའ་བསམ་སྦྱོར་གཉིས་ཀ་གནག་པའི་ལས་ཡིན་པས་དེའི་འབྲས་བུས་གླིང་བཞིའི་མི་དང་ལྷ་འཐོར་བུ་རྣམས་སུ་སྐྱེ་བ་ཡིན་ནོ། ། ལས་མ་བྱས་པ་དང་མི་འཕྲད། བྱས་པ་ཆུད་མི་ཟ། ཉེ་དུ་ལོངས་སྤྱོད་ཀྱི་རྗེས་སུ་མི་འབྲང་ལས་བསགས་པ་པོ་འབའ་ཞིག་གི་རྗེས་སུ་འབྲང་བ་ཡིན་ཏེ། དེ་ལྟ་བུའི་ལས་དེ་ས་ལ་མི་སྨིན་རྡོ་ལ་མི་སྨིན་ཤེས་རྒྱུད་ཀྱིས་ཟིན་པའི་ཕུང་པོ་འབའ་ཞིག་ལ་སྨིན། དེ་ལྟར་སྨིན་པའི་ཚུལ་མཐོང་ཆོས་མྱོང་འགྱུར་གྱི་ལས་དང་། སྐྱེས་ནས་མྱོང་འགྱུར་གྱི་ལས། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་གསུམ་ལས། མཐོང་ཆོས་མྱོང་འགྱུར་གྱི་ལས་དེ་ལ་དགེ་སྡིག་གཉིས། སྡིག་པའི་འབྲས་བུ་ཉི་འོག་གི་རྒྱལ་ཁབ་ས་འོག་ཏུ་སོང་བ་ལྟ་བུའོ། ། དགེ་བའི་འབྲས་བུ་རྒྱལ་པོ་གསལ་རྒྱལ་གྱི་བུ་མོ་རྡོ་རྗེ་ལྟ་བུའོ། ། སྐྱེས་ནས་མྱོང་འགྱུར་གྱི་ལས་མཚམས་མེད་པའི་ལས་ཡིན། ལན་གྲངས་གཞན་ལ་མྱོང་འགྱུར་མི་རྟ་སོགས་བསད་པའི་སྡིག་པ་ཡིན། ལས་དེ་མི་བམ་མི་རུལ་མི་སྐམ་པར་ཆུད་མི་ཟ། ཆུད་ཟ་བར་བྱེད་པ་ལ་ཡང་ན་འབྲས་བུ་མྱོང་ནས་འཛད་ལ། ཡང་ན་སྡིག་པ་ལ་བྱང་སེམས་མན་ཆད་ཀྱི་གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་ན་ལས་ཇེ་སྲབ་ལ་འགྲོ་སྟེ། དཔེར་ན་ཁ་བ་ཉི་མས་སྲབ་པ་ལྟ་བུའོ། ། བྱང་ཆུབ་སེམས་དཔས་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ན་སྡིག་པ་མ་བཤགས་ན་ཡང་རང་དག་ལ་འགྲོ་སྟེ་དཔེར་ན་ཉི་མས་མུན་པ་བསལ་བ་བཞིན་ནོ། ། དགེ་བ་ཡང་ཆུད་ཟད་དེ་དགེ་རྩ་ཟད་པའི་རྒྱུ་བཞིའི་ཆུད་འཛད་པ་ཡིན། ལས་དེ་དག་བསགས་པའི་གཞི་ནི་དབུ་མ་བས་བསགས་པའི་གཞི་མེད་པར་འདོད་དེ་ལས་བསགས་དུས་སྟོང་པར་འགགས་ནས་མྱོང་དུས་སྟོང་རྟེན་འབྱུང་དུ་ཤར་ནས་མྱོང་བ་ཡིན་ཟེར། སེམས་ཙམ་པས་ཀུན་གཞི་དང་སྔགས་ཀྱི་ལུགས་ལ་མ་དག་པའི་རླུང་སེམས་མ་དག་པའི་ཚེ་ན་རིགས་དྲུག་གི་ས་བོན་དྲུག་གནས་པས་ལས་ཀྱི་བསྒོ་གཞིར་འདོད་དོ། ། ལས་མྱོང་བ་པོ་ནི་སངས་རྒྱས་ཡར་གཅད་རྒྱུ་མེད། སེམས་ཅན་མར་གཅད་རྒྱུ་མེད། སངས་རྒྱས་སྲས་དང་སློབ་མ་རིག་པ་འཛིན་པའི་ཚོགས་སོགས་ཐམས་ཅད་ཀྱི་མྱོང་དགོས། ལས་དེ་ལྕི་ཡང་བྱེད་ཚུལ་ལ་ཀུན་སློང་གསུམ་ལས། རྟག་པའི་ཀུན་སློང་། མངོན་ཞེན་གྱི་ཀུན་སློང་། གཉེན་པོ་མེད་པའི་ཀུན་སློང་། དེ་གསུམ་དགེ་སྡིག་གཉིས་ལ་འདྲ། ཡོན་ཏན་གྱི་ཞིང་ཕན་བརྟགས་པའི་ཡུལ། སྡུག་བསྔལ་བའི་ཡུལ་ལས། དཀོན་མཆོག་གི་ཞིང་ལ་བརྟེན་ནས། དགེ་མི་དགེ་བཅུ་བསགས་པ་དང་། ཁྱད་པར་རྡོ་རྗེ་ཐེག་པའི་ལུགས་ལ་བླ་མ་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་ཡིན་པས། དེ་ལ་བསྟེན་པའི་དགེ་སྡིག་གང་བསགས་ཀྱང་ཉེས་པ་དང་ཕན་ཡོན་ཆེ། ཕན་བཏགས་པའི་ཡུལ་ཕ་མ་སོགས། རང་ལ་ཕན་བཏགས་པ་ལ་ཕན་གནོད་བྱེད་པ་ཕན་ཡོན་དང་ཉེས་པ་ལྕི་བ་ཡིན། སྡུག་བསྔལ་བའི་ཡུལ་ནད་པ་དང་སྡུག་བསྔལ་ཅན་སོགས་ལ་བརྟེན་པའི་དགེ་སྡིག་གི་ལས་དེ་དག་ཕན་ཡོན་དང་ཉེས་པ་ལྕི་བ་ཡིན། དེ་ལྟ་བུའི་ལས་དེ་མྱོང་བ་ལ་དུས་སྔ་ཕྱིའི་གོ་རིམ་ནི། ལས་ཀྱིས་འབྲས་བུ་ལྕི་གང་དང་། ། ཉེ་བ་གང་དང་གོམས་པ་གང་། ། སྔར་བྱས་གང་ཡིན་དེ་དག་ནི། ། ཐོག་མ་ཉིད་དུ་སྨིན་པར་འགྱུར་། ། ཞེས་པས། དེ་ལྟ་བུའི་དགེ་སྡིག་གི་ལས་གཉིས་པོ་དེའི་འབྲས་བུ་གང་སྔོན་དུ་མྱོང་བ་ཡིན་ཞེ་ན་དགེ་སྡིག་གཉིས་ཀྱི་འབྲས་བུ་གང་ལྕི་བ་དེ་སྔོན་དུ་མྱོང་བ་ཡིན་ལ། ལྕི་ཡང་མཉམ་ན་འཆི་ཁའི་མཚམས་སྦྱོར་གང་གིས་ཉེ་བ་དེ་སྔོན་དུ་མྱོང་ལ། འཆི་ཁའི་མཚམས་སྦྱོར་ལ་ཡང་མཉམ་ན་སྔར་གོམས་ཤུགས་གང་ཆེ་བ་དེ་སྔོན་དུ་མྱོང་ལ། གོམས་ཤུགས་ཀྱང་འདྲ་ན། སྔར་བྱས་པའི་གོ་རིམ་ལྟར་གང་སྔོན་དུ་བྱས་པ་དེ་ཐོག་མ་ཉིད་དུ་སྨིན་པ་ཡིན་པས་ཤེས་པར་བྱའོ། ། ད་ནི་དེ་ལྟ་བུའི་ལས་དགེ་བ་བཅུ་ལྟ་བུ་དེ་ཡང་སྲིད་པ་སྒྲུབ་པའི་ལས་དང་། ཞི་བ་སྦྱོར་བའི་ལས་གཉིས། གང་དུ་འགྲོ་མི་འགྲོའི་ཚུལ་རང་རྒྱུད་ལ་བརྟགས་ཏེ་ཀུན་སློང་མངོན་མཐོ་དོན་གཉེར་གྱི་བསམ་པས། དགེ་བཅུ་དང་བསམ་གཟུགས་བརྒྱད་བསྒོམས་པས་མཐོ་རིས་ཐོབ་པ་སྲིད་པ་སྒྲུབ་པའི་ལས་དང་། རང་སྲིད་པ་རིགས་དྲུག་གི་གནས་ལས་ཐར་ནས་ཐར་པའི་གོ་འཕང་དོན་དུ་གཉེར་ཅིང་དགེ་བ་བཅུ་བསྒྲུབ་ན་སྐྱེས་བུ་འབྲིང་གི་ཞི་བ་སྦྱོར་བའི་ལས་ཡིན་རུང་། དེ་ཐབས་རྐྱང་པ་ཡིན་པས་ཤེས་རབ་ཀྱིས་ཟིན་དགོས་སོ། ། སྐྱེས་བུ་ཆེན་པོས་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་ནས་དགེ་བཅུ་བསྒྲུབ་ན་སྐྱེས་བུ་ཆེན་པོའི་ཞི་བ་སྦྱོར་བའི་ལས་ཡིན། དམ་པ་གསུམ་དང་ལྡན་པས་ཉམས་སུ་ལེན་དགོས། དེ་ལྟ་བུའི་ལས་རྣམས་རྟེན་འབྲེལ་ཡིན་ཏེ་རྒྱུ་དགེ་སྡིག་ལ་ལྟོས་ནས་འབྲས་བུ་བདེ་སྡུག་འབྲེལ་བར་འབྱུང་བས་རྟེན་ཅིང་འབྲེལ་བར་འབྱུང་བའོ། ། དེ་ཡང་ཀླུ་སྒྲུབ་ཀྱིས། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པ། ། ཆོས་འགའ་ཡོད་པ་མ་ཡིན་ནོ། ། རྒྱུ་དཔྱིད་ཀྱི་ས་བོན་འདེབས་རྒྱུ་མེད་ན་སྟོན་གྱི་འབྲས་བུ་ནས་མི་འབྱུང་བས་རྒྱུ་དཔྱིད་ཀྱི་ནས་དེ་ལ་བརྟེན་ནས་འབྲས་བུ་འབྲེལ་བར་འབྱུང་བའོ། ། རྒྱུ་ལོག་ལྟ་དང་ཞེ་སྡང་སོགས་མེད་ན་འབྲས་བུ་སྡུག་བསྔལ་བ་མེད་པ་ཡིན་པས། རྒྱུ་ལོག་ལྟ་དང་ཞེ་སྡང་སོགས་ལ་བརྟེན་ནས་འབྲས་བུ་འབྲེལ་བར་འབྱུང་བའོ། ། རྒྱུ་དགེ་བཅུ་ལྟ་བུ་མ་བ སྒྲུབ་ན་འབྲས་བུ་ལྷ་མིའི་གོ་འཕང་མི་ཐོབ་པ་ཡིན་རུང་། རྒྱུ་དགེ་བ་བཅུ་བསྒྲུབ་པས་འབྲས་བུ་མངོན་མཐོ་ལྷ་མིའི་གོ་འཕང་ཐོབ་པ་རྟེན་ཅིང་འབྲེལ་བར་འབྱུང་བའོ། ། དེ་བཞིན་དུ་རྒྱུ་བྱང་ཆུབ་གསུམ་གྱི་ལམ་དང་། འབྲས་བུ་བྱང་ཆུབ་གསུམ་གྱི་གོ་འཕང་རྟེན་ཅིང་འབྲེལ་བར་འབྱུང་བའོ། ། དེ་ཐམས་ཅད་ཐོབ་པ་ལ་བདེན་འཛིན་གྱིས་འཛིན་སྟངས་ལྟར་གྲུབ་ན་བདེན་གྲུབ་ལ་རྟེན་འབྲེལ་གྱི་བྱ་བྱེད་མི་རུང་བས། དེ་ཕྱིར་སྟོང་ཉིད་མ་གཏོགས་པ། ། ཆོས་འགའ་ཡོད་པ་མ་ཡིན་ནོ། ། ཞེས་པས། རྒྱུ་ནས་ལྟ་བུ་དེ་བདེན་པར་གྲུབ་པ་རང་གི་ངོ་བོས་གྲུབ་པ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཞིག་ཡིན་ན་སྟོན་ལོ་ཐོག་སྐྱེད་པའི་བྱ་བ་བྱེད་མི་རུང་ཡང་རྒྱུ་ནས་དེ་བདེན་པར་གྲུབ་པ་མ་ཡིན། རང་གི་ངོ་བོས་གྲུབ་པ་མ་ཡིན་པས། འབྲས་བུ་བསྐྱེད་པའི་བྱ་བ་བྱེད་རུང་བ་ཡིན་ཏེ། གང་ལ་སྟོང་པ་ཉིད་རུང་བ། ། དེ་ལ་ཐམས་ཅད་རུང་བ་ཡིན། ། ཞེས་གསུངས་པ་བཞིན། རྒྱུ་ནས་ཞིག་ནས་འབྲས་བུ་མྱུ་གུ་བསྐྱེད། མྱུ་གུས་ནི་ལྗང་བུ་སོགས་རིམ་གྱིས་བསྐྱེད་པས། རྒྱུར་མ་ཟད་སྟོན་གྱི་འབྲས་བུ་དེ་ཡང་བདེན་པར་གྲུབ་པ་ངོ་བོས་གྲུབ་པ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཞིག་ཡིན་ན་རྒྱུ་ལ་ལྟོས་མི་དགོས་པར་འབྲས་བུ་རང་ཚུགས་ཐུབ་པ་ཞིག་ཡིན་དགོས་པས། དེ་ལྟར་ན་གཞོམ་གཞིག་ཐམས་ཅད་དང་བྲལ་བར་འགྱུར་བས་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་སུ་མི་རུང་ངོ་། ། དེ་བཞིན་དུ་ལོག་ལྟ་དང་ཞེ་སྡང་སོགས་བདེན་པར་གྲུབ་པ་ངོ་བོས་གྲུབ་པ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཞིག་ཡིན་ན། དང་པོ་ཉིད་ནས་ལོག་ལྟ་སོགས་རྟག་པར་ཚུགས་ཐུབ་ཡིན་དགོས་པ་དང་། ཡུལ་ལ་མི་ལྟོས་པར་འགྱུར་བ་དང་། རྣམ་རྟོག་གཞན་གྱིས་བར་མི་ཆོད་པ་དང་། འབྲས་བུ་སྡུག་བསྔལ་བསྐྱེད་མི་རུང་བའི་སྐྱོན་དུ་འགྱུར་ཡང་། དེ་མ་ཡིན་པར་སྣང་ལ་རང་བཞིན་མེད་པ་དོན་དམ་དཔྱོད་པའི་རིགས་ངོ་ན་ལོག་ལྟ་ལ་སོགས་པའི་མི་དགེ་བའི་ལས་དེ་དག་རང་གི་ངོ་བོ་ཉིད་མ་སྐྱེས་པས་ལས་སྟོང་པའོ། ། ཞེས་དང་། སྟོང་ཉིད་ཅིར་ཡང་མ་ཡིན་པའི་རྩལ་ལས་རྟེན་འབྱུང་འགགས་པ་མེད་པའི་རང་བཞིན་དུ་ཤར་བས་སྟོང་པ་ཉིད་ལས་སོ། ། དེ་ལྟར་སྟོང་དང་རྟེན་འབྱུང་དབྱེ་བསལ་མེད་པས་སྣང་བས་ཡོད་མཐའ་སེལ་ཞིང་། སྟོང་པས་མེད་མཐའ་སེལ་བའི་སྣང་ལ་རང་བཞིན་མེད་པ་ཆུ་ནང་གི་ཟླ་བ་ལྟ་བུ་དེ་ནི་སྟོང་པ་ཉིད་ལས་ལས་གཞན་མ་ཡིན། ལས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ་ཞེས་པའི་སྟོང་ཉིད་བཞི་སྦྱོར་གྱི་རིགས་པས་དཔྱད་པར་བྱའོ། ། རྒྱུ་དད་སོགས་བྱང་ཆུབ་གསུམ་གྱི་ལམ་བདེན་པར་གྲུབ་པ་རང་གི་ངོ་བོས་གྲུབ་པ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཡིན་ན། ཡུལ་ལ་ལྟོས་མི་དགོས་པ་དང་། དེ་ལ་གཞན་གྱི་བར་མེད་པ་དང་། དེའི་འབྲས་བུ་བྱང་ཆུབ་བསྐྱེད་པའི་བྱ་བ་བྱེད་མི་རུང་། འབྲས་བུ་བྱང་ཆུབ་གསུམ་གྱི་གོ་འཕང་དེ་བདེན་པར་གྲུབ་པ་སོགས་ཡིན་ན་རྒྱུ་བསྒྲུབ་པས་འབྲས་བུ་བསྐྱེད་མི་རུང་ངོ་། ། དེ་ལ་མཐའ་གཉིས་སེལ་ཚུལ་ནི། རྒྱུ་འབྲས་བུར་འཕོ་བ་མེད་ཅིང་སྐྱེ་བ་མེད་པས་རྟག་པའི་མཐའ་དང་བྲལ། རྒྱུ་སྔོན་དུ་སོང་བ་ལ་བརྟེན་ནས། འབྲས་བུ་འགགས་པ་མེད་པས་ཆད་པའི་མཐའ་དང་བྲལ་བ་སྟེ་དེ་ཐམས་ཅད་སྟོང་པ་དང་སྟོང་པ་རྟེན་འབྱུང་དང་སྟོང་དང་རྟེན་འབྱུང་དབྱེ་བསལ་མེད་པར་བསྒྲུབ་དགོས་སོ། ། ལས་དེ་རྣམས་སུས་བསགས་ན་བཅོམ་ལྡན་འདས་ཀྱི་མདོ་སྡེ་ལས། གང་རྣམ་པར་རྟོག་པ་ལས་འབྱུང་གི་རྣམ་པར་མི་རྟོག་པས་ནི་མ་ཡིན་ནོ། ། ཞེས་དང་། བྱང་ཆུབ་སེམས་འགྲེལ་ལས། ཀུན་རྫོབ་ཉོན་མོང་ལས་ལས་བྱུང་། ། ལས་ནི་སེམས་ལས་བྱུང་བ་ཡིན། ། སེམས་ནི་བག་ཆགས་རྣམས་ཀྱིས་བསགས། ། བག་ཆགས་བྲལ་ན་བདེ་བ་སྟེ། ། བདེ་བའི་སེམས་ནི་ཞི་བ་ཉིད། ། ཅེས་དང་། ལང་ཀར་གཤེགས་པ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། ། ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། ། བདག་ཏུ་རྟོག་པར་འགྱུར་ན་མི་རུང་གི །ངས་འདི་བྱིས་པ་རྣམས་ལ་ཡོངས་མ་བསྟན། ། ཞེས་དང་། ཀུན་མཁྱེན་ཆེན་པོས། དེ་ལྟར་སྲིད་ཞིར་འདུ་བྱེད་སོགས། དེ་ལྟ་བུའི་བདེན་པ་བཞི་པོ་དེ་རྟེན་འབྲེལ་ཡིན། དེ་གང་ལས་བྱུང་ན་དོན་དམ་པའི་བདེན་པ་དེ་ལས་བྱུང་བ་ཡིན། ཇི་ལྟར་བྱུང་ན་ཆོས་ཉིད་ངོ་བོ་ཀ་ནས་དག་པའི་བདེན་པ་དེ་ལས་ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པའི་ཆོས་ཐམས་ཅད་དཔེར་ན་ནམ་མཁའ་ལས་སྤྲིན་འབྱུང་བ་དང་། ཆུ་ལས་རླབས་འབྱུང་བ་དང་ཉི་མ་ལས་འོད་བྱུང་བ་ལྟ་བུ་ཡིན་པས་དེ་ལྟར་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་འབྱུང་བས་མེད་ན་མི་འབྱུང་ངེས་པའི་རྒྱུ་ཡིན་མ་གཏོགས་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་མཚན་ཉིད་པ་མིན་པས། དེ་ལྟ་བུའི་ཀུན་རྫོབ་དང་དོན་དམ་གཉིས་དབྱེར་མེད་དུ་ཤེས་ན་ཤེས་རབ་ཀྱི་ལྟ་བ་དག་འཁྲུལ་པའི་ངོས་ནས་རྒྱུ་འབྲས་སྤང་བླང་ཡོད་པར་ཤེས་ནས་རྒྱུ་འབྲས་ལ་བླང་དོར་བྱེད་དགོས་ཏེ། ཨོ་རྒྱན་ཆེན་པོས། ལྟ་བ་ནམ་མཁའ་བས་ཀྱང་མཐོ། ལས་རྒྱུ་འབྲས་བག་ཕྱེ་བས་ཀྱང་ཞིབ། ཅེས་པས་རྒྱུ་འབྲས་ལ་སྤང་བླང་བྱས་པས་ཐབས་ཀྱི་སྤྱོད་པ་དག་ནས་དེ་ལྟ་བུའི་ཚོགས་གཉིས་ཟུང་འཇུག་གམ་བདེན་གཉིས་ཟུང་འཇུག་གིས་འབྲས་བུ་སྐུ་གཉིས་ཟུང་འཇུག་གི་གོ་འཕང་ཐོབ་པ་ཡིན་ནོ། ། ལས་དང་པོ་པས་དོན་དམ་པར་མེད་པས་མེད་གོ་མི་ཆོད་པས་དགེ་སྡིག་ལ་བླང་དོར་བྱེད་དགོས། བྱེད་ལུགས་ལ་དྲན་ཤེས་བཞིན་བག་ཡོད་གསུམ་གྱི་སྒོ་ནས་དང་པོ་བླང་དོར་གྱི་གནས་མི་བརྗེད་པའི་དྲན་པ་སྒོ་བ་ལྟ་བུ། སྒོ་གསུམ་ལ་བརྟགས་པར་བྱེད་པའི་ཤེས་བཞིན་བྱ་ར་བ་ལྟ་བུ། བླང་དོར་གྱི་གནས་ལ་གཟོབ་པ་ལྷུར་ལེན་པ་བག་ཡོད་བག་མ་ལྟ་བུ་སྟེ་དེ་ལྟ་བུའི་རྫི་བོ་དེ་གསུམ་གྱི་རང་གི་སྒོ་གསུམ་གྱི་སྤྱོད་པ་དང་ཁྱད་པར་སེམས་འདི་ལ་བརྟག་ནས་དགེ་མི་དགེ་བར་མའི་རྟོག་པ་གསུམ་ཡོད་པས། མི་དགེ་བའི་རྟོག་པ་སྐྱེས་ན་ཕག་སྣ་གཏུན་བུས་རྒྱོབ། སྤྲ་མེ་སེན་རྩེས་སོད། རྟོག་པ་འབུར་འཇོམ་བྱེད་དགོས་པ་གསུམ་དང་ལྡན་པ་བྱ་དགོས་སོ། ། དེ་ཡན་ཆད་ཀྱིས་ལས་རྒྱུ་འབྲས་ཚར་རོ། །
ལྔ་པ། ཐར་པའི་ཕན་ཡོན། ད་འཁོར་བ་མཐའ་དག་ལ་བློ་ལྡོག་ནས་འགྲོ་ས་བཙལ་དགོས་པས་ཐར་པའི་ཕན་ཡོན་བསམ་དགོས། དེ་ལྟར་བློ་ལྡོག་རྣམ་པ་བཞིས་འཁོར་བ་མཐའ་དག་ལ་བློ་ལྡོག་ནས་ཐར་བའི་ཕན་ཡོན་བསམ་པ་ལ་སྔོན་འཁོར་བ་བདེ་བར་བཟུང་ནས་སྡུག་བསྔལ་བར་མ་མཐོང་ཡང་ད་འཁོར་བའི་ཉེས་དམིགས་བསམ་ནས་ཐར་པའི་ཕན་ཡོན་དྲན་པས་བྱང་ཆུབ་གསུམ་གྱི་གོ་འཕང་དེའི་ཡོན་ཏན་ཞི་བ་བསིལ་བ་གྱ་ནོམ་པ་སྤང་བ་དང་རྟོགས་པའི་ཡོན་ཏན་རྣམས་དྲན། དེ་ལ་བདམས་ང་ཞིག་བྱེད་ན། ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་དགོས་དལ་འབྱོར་རྙེད་དཀའ་སོགས་བསམ་ནས་དེ་རྙེད་པར་དཀའ་བའི་ཕན་ཡོན་སོགས་དྲན། སྐྱབས་འགྲོ་སོགས་ནས་དངོས་གཞིའི་ཡོན་ཏན་རྣམས་དྲན་དགོས། ད་ཐར་པ་བྱང་ཆུབ་གསུམ་གྱི་གོ་འཕང་ཞིག་བསྒྲུབ་པ་ལ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་འདུས་པས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་དྲན་དགོས་དེ་ལ་ཐར་པ་བྱང་ཆུབ་གསུམ་གྱི་ལམ་གྱི་རྟེན་ལུས་རྟེན་ཞིག་ལོན་དགོས་པས། སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པ་ཉམས་སུ་བླང་དགོས་དེ་ལ་ཐེག་པ་འཇིག་རྟེན་པའི་ཐེག་པ་ཀུན་སློང་མངོན་མཐོ་དོན་གཉེར་གྱི་ཀུན་སློང་དགེ་རྩ་བསོད་ནམས་ཆ་མཐུན་ནམ་སྲིད་པ་སྒྲུབ་པའི་ལས་ཡིན། ལྟ་བ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཡིན། དགེ་བའི་རྩ་བ་དེ་རྣམས་མདོར་བསྡུ་ན་ངེས་བྱུང་གི་བསམ་པས་མ་ཟིན་སྟོང་ཉིད་ཀྱི་ལྟ་བས་མ་ཟིན། བྱང་ཆུབ་སེམས་ཀྱིས་མ་ཟིན་པའི་དགེ་བའི་རྩ་བ་རྒྱ་ཆེ་ཆུང་ཅི་བསྒྲུབ་ན་སྐྱེས་བུ་ཆུང་ངུའི་དགེ་རྩ་ཡིན། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དེ་བསྒོམ་ན་འབྲས་བུ་ལྷ་མིའི་གོ་འཕང་ཐོབ། སྐྱེས་བུ་འབྲིང་གི་ལམ་གྱི་རིམ་པ་ཇི་ལྟར་ཡིན་ན་སངས་རྒྱས་ཀྱི་བཀའི་ནང་གསེས་འཇིག་རྟེན་ལས་འདས་པའི་ཐེག་པ། ཀུན་སློང་རང་འདོད་ཡིད་བྱེད་ཀྱི་བསམ་པ་ཀུན་སློང་ཡིན། དགེ་རྩ་ཐེག་དམན་ཐར་པ་ཆ་མཐུན་ཡིན། ལུང་གི་ཆོས་སྡེ་སྣོད་གསུམ། རྟོགས་པའི་ཆོས་བསླབ་པ་གསུམ། འདུལ་བའི་བསྟན་དོན་ཚུལ་ཁྲིམས་ཀྱི་བསླབ་པ་སོགས་ཚུལ་ཁྲིམས་ཀྱི་བསླབ་པ། མདོ་སྡེའི་བསྟན་དོན་མི་སྡུག་པ་སོགས་ཏིང་ངེ་འཛིན་གྱི་བསླབ་པ། མངོན་པའི་བསྟན་དོན་གང་ཟག་གི་བདག་ང་ཞེས་བྱ་བ་གང་ན་འདུག་བརྟག་ན་ཕུང་པོ་ལྔ་དང་ཁམས་དྲུག་ལ་སོགས་པ་གཅིག་དང་ཐ་དད་དུ་བརྟག་ན་གང་ཟག་གི་བདག་མེད་པར་རྟོགས། ཆོས་ཀྱི་བདག་རགས་པ་མེད་པར་རྟོགས། དེ་ཤེས་རབ་ཀྱི་བསླབ་པ་ཡིན་པས་དེ་ཡུན་རིང་པོར་མི་ཚེ་གསུམ་དང་ལོ་སྟོང་ལ་སོགས་པ་གོམས་པས་འབྲས་བུ་ལྷག་བཅས་ལྷག་མ་མེད་པའི་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། ། རང་རྒྱལ་ནི་ལྟ་བ་ཅུང་ཟད་ཙམ་མ་གཏོགས་ཉན་ཐོས་དང་འདྲའོ། ། མདོར་ན་ངེས་འབྱུང་གི་བསམ་པས་ཟིན། སྟོང་ཉིད་ཉི་ཚེ་བའི་རྟོགས་པས་ཟིན་བྱང་ཆུབ་སེམས་ཀྱིས་མ་ཟིན་པའི་དགེ་རྩ་རྒྱ་ཆེ་ཆུང་གང་བསྒྲུབ་ཀྱང་ཐེག་དམན་ཐར་པ་ཆ་མཐུན་གྱི་དགེ་རྩ་ཡིན། ད་སྔ་མ་གང་བྱས་ད་ལྟའི་ལུས་ལ་ལྟོས། ། ཞེས་པས། སྐྱེ་བ་སྔོན་མ་དེས་དགེ་རྩ་རྒྱ་ཆེན་པོ་བསྒྲུབས་པས་ད་ལྟའི་ལུས་འདི་ཐོབ། ཕྱི་མ་གར་སྐྱེ་ད་ལྟའི་ལས་ལ་རགས། ། ཞེས་པས། རང་ལ་རགས་ལས་པས། རང་གི་མངོན་མཐོ་དང་ཉན་རང་གི་ལམ་རྣམས་བསྒྲུབ་དགོས་མི་འདུག་པས། གང་བ སྒྲུབ་དགོས་ན་སྐྱེས་བུ་ཆེན་པོའི་ལམ་ལ་ཞུགས་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་དགོས་པས། དེ་སྒྲུབ་པར་བྱེད་པ་ལ་སྐྱེས་བུ་ཆེན་བོའི་ལམ་ལ་ཞུགས་དགོས། དེ་སངས་རྒྱས་ཀྱི་བཀའ་ཐེག་པ་ཆེན་པོ་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ཀུན་སློང་བྱང་ཆུབ་ཀྱི་སེམས་དགེ་རྩ་ཐེག་ཆེན་ཐར་པ་ཆ་མཐུན་དེ་གང་ཡིན་ན། རིང་ལམ་གྱི་ཚོགས་གཉིས། ཉེ་ལམ་གྱི་བསྐྱེད་རྫོགས་གཉིས། མྱུར་ལམ་གྱི་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གཉིས་ཏེ་ལྟ་བ་ཆེན་པོ་གསུམ་གྱི་ལྟ་བ་དེ་ལྟ་བུ་རྟོགས་སྒོམ་མཐར་ཕྱིན་ན། མདོ་ལུགས་ལ་སངས་རྒྱས་དང་། སྔགས་ཀྱི་ལུགས་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པ་ནི་འབྲས་བུ་ཡིན་ནོ། ། མདོར་ན་ངེས་འབྱུང་གི་བསམ་པས་ཟིན། བདག་མེད་གཉིས་རྟོགས་ཀྱི་ཤེས་རབ་ཀྱིས་ཟིན། བྱང་ཆུབ་སེམས་ཀྱིས་ཟིན་པའི་དགེ་རྩ་རྒྱ་ཆེ་ཆུང་གང་བ སྒྲུབ་ན་ཐེག་ཆེན་ཐར་པ་ཆ་མཐུན་གྱི་དགེ་རྩ་ཡིན། དེ་ལ་བདམས་ང་བྱས་ནས་རིང་ལམ་ཉེ་ལམ་མྱུར་ལམ་གསུམ་ལས། མྱུར་ལམ་འོད་གསལ་རྫོགས་པ་ཆེན་པོ་བསྒོམ་དགོས། རིང་ལམ་མཚན་ཉིད་ཐེག་པས་བསྐལ་བ་གྲངས་མེད་གསུམ་སོགས་ཀྱི་བར་དུ་རྫོགས་སྨིན་སྦྱང་བ་རྒྱ་མཚོ་ལྟ་བུ་མཐར་ཕྱིན་པར་བྱེད་པ་ནི་བཟང་པོ་སྤྱོད་པའི་སྨོན་ལམ་ལས་བཤད་པ་ལྟར། སེམས་ཅན་རྒྱ་མཚོ་ལྟ་བུ་སྨིན་པར་བྱེད། ཞིང་ཁམས་རྒྱ་མཚོ་ལྟ་བུ་སྦྱོང་བ། སངས་རྒྱས་རྒྱ་མཚོ་ལྟ་བུ་མཆོད་པས་ཐུགས་སུན་པར་མ་བྱས་མགུ་བར་བྱས་ནས་ཚོགས་གཉིས་རྒྱ་མཚོ་རྫོགས་པར་མ་བྱས་པར་སངས་རྒྱས་ཐོབ་པ་མིན་ལ། ཉེ་ལམ་རྡོ་རྗེ་ཐེག་པས་སྨིན་བྱེད་ཀྱི་དབང་ལ་དང་པོ་བྱ་རྒྱུད་སོགས་གསུམ་ལ་ཐུན་མོང་རིགས་ལྔའི་དབང་གིས་སྨིན་པར་བྱས་ནས་རང་ལམ་གྱི་དམ་ཚིག་རྣམ་པར་དག་པས་རྒྱུད་བསྡམས་ཏེ་མཚན་བཅས་མཚན་མ་མེད་པའི་རྣལ་འབྱོར་བསྒོམ་ནས་མི་ཚེ་གསུམ་མམ་ལྔའམ་བདུན་གྱིས་སངས་རྒྱས་བསྒྲུབ་པ་ཡིན་ལ། མ་ཧཱ་དང་ཨ་ནུ་གཉིས་ཀ་སྨིན་བྱེད་དམ། འཇུག་སྒོའམ་སྡོམ་ཆོག་དམ་ཚིག་རྣམ་པར་དག་པས་རྒྱུད་བསྡམས་ནས། ཐབས་བསྐྱེད་པའི་རིམ་པ་དང་ཤེས་རབ་རྫོགས་པའི་རིམ་པ་གཉིས་བསྒོམས་ནས་མི་ཚེ་གཅིག་གིས་རྡོ་རྗེ་འཆང་གི་གོ་འཕང་བསྒྲུབ་པ་ཡིན་ལ། འོད་གསལ་རྫོགས་པ་ཆེན་པོའི་ལུགས་ཀྱིས་སྤྲོས་བཅས་སྤྲོས་མེད་སོགས་ཀྱི་དབང་ཐོབ། དམ་ཚིག་རྣམ་པར་དག་པས་རྒྱུད་བསྡམས་ནས། ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གཉིས་ཀྱི་ལམ་ཉམས་སུ་བླངས་པས་ལོ་དང་ཟླ་བས་འཕོ་བ་ཆེན་པོའི་སྐུ་བསྒྲུབ་པ་ཡིན་པས་རིང་ལམ་སོགས་ལས་མྱུར་ལམ་ཉམས་སུ་ལེན་དགོས་སོ། །
དྲུག་པ། བཤེས་གཉེན་བསྟེན་པ། དྲུག་པ་བཤེས་གཉེན་བསྟེན་ཚུལ་ནི། དེ་ལྟ་བུའི་ལམ་དེ་སྟོན་པ་ཞིག་བཙལ་ན། འགྲོ་བ་ལྷ་དང་བཅས་པ། བདུད་དང་བཅས་པ། སྐྱེ་དགུའི་བདག་པོ་ཚངས་པ་དང་བཅས་པས་སྟོན་མི་ཤེས། རང་ཉིད་ལ་བརྩེ་བའི་ཕ་མ་དང་གཉེན་བཤེས་གྲོགས་དགའ་མཛའ་ལ་སོགས་པས་སྟོན་མི་ཤེས། དེ་ལྟ་བུའི་ལམ་དེ་སུས་སྟོན་ན་བླ་མ་དགེ་བའི་བཤེས་གཉེན་ཞིག་གིས་སྟོན་ལ། དགེ་བའི་བཤེས་གཉེན་ནི་ཕན་འདོགས་པ་པོ་ཡིན་པས་དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་བསྟེན་དགོས། དེ་གཉིས་ལ་མ་བརྟེན་པར་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་མི་ཤེས་ལ། དེ་གཉིས་མ་བསྟེན་པར་རང་བཟོ་དང་ཕོ་ཚོད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ནས་མ་གསུངས་ལ། དེ་གཉིས་མ་བསྟེན ་པར་ཐར་པའི་ལམ་རང་གིས་བསྒྲུབ་ཤེས་མི་ཤེས་བརྟག་དགོས་པས་དེ་ལྟར་བརྟག་ན་རང་གིས་བསྒྲུབ་མི་ཤེས་པས། བླ་མ་དགེ་བའི་བཤེས་གཉེན་ཞིག་བསྟེན་དགོས་ལ་དེ་ཡང་སུ་ཐུག་ཐུག་ཞིག་གིས་མི་ཕན་ཏེ། ལྟ་སྤྱོད་ཕྱིན་ཅི་ལོག་ཏུ་སྟོན་པ་ཞིག་བླ་མ་བྱས་ནས་བསྟེན་ན་བདུད་ཀྱི་བཤེས་གཉེན་དང་། གྲོགས་པོ་བྱས་ནས་བསྟེན་ན་བདུད་ཀྱི་གྲོགས་པོ་ཡིན་པས། དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་བཙལ་བར་བྱེད་པ་ལ། དང་པོ་བླ་མ་བརྟག་དགོས། དེ་ལ་རིང་པོའི་རྣ་ཐག ཐུང་ཐུང་གི་མིག་རིག མོ་དང་ཕྲ་ལ་སོགས་པས་བརྟག་པ་དང་། ཁྱད་པར་ཆོས་ཀྱིས་བརྟག་དགོས་ཏེ། ཉན་རང་གི་དགེ་བའི་བཤེས་གཉེན་ནམ་མཁན་པོ་ལྔ་ཕྲུག་ཉེར་གཅིག་དང་ལྡན་པའི་སོ་ཐར་ཞུས་ནས་ལོ་བཅུ་ལོན་པ་དེའི་ཚུལ་ཁྲིམས་ཉམས་པ་མ་བྱུང་པ་སོགས་བརྟན་མཁས་བཙུན་པའི་ཡོན་ཏན་དང་ལྡན་པ། བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ཞི་བ་དུལ་བ་ཉེ་བར་ཞི་བ་ལ་སོགས་པའི་ཡོན་ཏན་བཅུ་ལྡན། རྡོ་རྗེ་ཐེག་པའི་བཤེས་གཉེན་ནམ་བླ་མ་རྒྱུད་སྡེ་རང་རང་གི་གཞུང་ནས་བཤད་པའི་ཡོན་ཏན་དང་ལྡན་པ། ཁྱད་པར་མ་ཧཱ་ཨ་ནུ་གཉིས་ཀྱི་བླ་མ་སྟོན་པ་མཛོད་ལྡན་ཆུ་བོ་རྫོགས་སོགས་ཡོན་ཏན་བརྒྱད་ལྡན། དེ་ལས་ཁྱད་པར་མན་ངག་སྟོན་པའི་བླ་མ། རྫོགས་པ་ཆེན་པོ་རང་ལམ་གྱི་དབང་འོག་མའི་དབང་བཞི་པ་ལས་སྤྲོས་པའི་སྤྲོས་བཅས་སྤྲོས་མེད་སོགས་ཀྱི་དབང་བཞི་ཐོབ་པས་རྒྱུད་སྨིན་པ། དམ་ཚིག་ལ་བསྲུང་དུ་ཡོད་པ་རིམ་གྱིས་པའི་དམ་ཚིག་རྩ་བ་བླ་མའི་སྐུ་གསུང་ཐུགས་ལ་དབྱེ་བ་ཉི་ཤུ་རྩ་བདུན། ཡན་ལན་གི་དམ་ཚིག་ཉེར་ལྔ་དང་། བསྲུང་དུ་མེད་པ་ཅིག་ཆར་པའི་མེད་ཕྱལ་སོགས་ཏེ། མེད་ཕྱལ་གཉིས་ཀ་དག་དང་། གཅིག་པུ་དང་ལྷུན་གྲུབ་གཉིས་ལྷུན་གྲུབ་ཀྱི་དམ་ཚིག་རྣམ་པར་དག་པས་རྒྱུད་བསྡམས། གྲོལ་བྱེད་ཀྱི་གདམས་པ་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གཉིས་ཀྱི་ཆོས་ཉིད་མངོན་སུམ་དུ་མཐོང་བ། ལམ་སྣང་བ་བཞིའི་ས་མཚམས་ཀྱི་གོ་མྱོང་རྟོགས་པ་ཅི་རིགས་དང་ལྡན་པ། སློབ་མ་བཟང་ངན་མེད་པར་རྗེས་སུ་འཛིན་པ། བརྒྱུད་པའི་བྱིན་རླབས་དང་ལྡན་པ་བརྒྱུད་པ་གསེར་གྱི་ཉག་ཐག་ལ་དམ་སེལ་གྱི་གཡའ་ཡིས་མ་གོས་པ། བརྒྱུད་པ་གོང་མའི་བྱིན་རླབས་བུམ་པ་གང་བྱོའི་ཚུལ་དུ་སྙན་ནས་སྙན་དུ་བརྒྱུད་པའི་བྱིན་རླབས་དང་ལྡན་པ་སྟེ་དེ་ལྟ་བུའི་བླ་མ་ཡོན་ཏན་ཐམས་ཅད་དང་ལྡན་པ་ཞིག་ཨེ་ཡིན་བརྟག ཁྱད་པར་བླ་མ་བརྟག་པ་གཅིག་པུ་བྱང་ཆུབ་ཀྱི་སེམས་ཡོད་མེད་ཀྱིས་བརྟག བྱང་ཆུབ་ཀྱི་སེམས་དང་ལྡན་ན་འབྲེལ་ཚད་དོན་ལྡན་བཟང་འབྲེལ་ཚེ་གཅིག་གིས་སངས་རྒྱས། ངན་འབྲེལ་འཁོར་བ་མཐའ་ཅན་ཡིན་ལ། དེའི་སྟེང་དུ་ཆེན་པོ་གསུམ་གྱི་ལྟ་བ་ལ་གོ་མྱོང་རྟོགས་གསུམ་དང་ལྡན་པ་ཞིག་ཡིན་མིན་བརྟག བར་དུ་བླ་མ་བསྟེན་པ་ནི། མཉེས་པ་གསུམ་གྱིས་ཞབས་ཏོག་གི་སྒོ་ནས་བསྟེན་ཅིང་། དེ་བསྟེན་པའི་ཚེ་སྒྲུབ་པ་གཙོ་བོར་མི་བྱེད་པར་ཐོས་བསམ་གཉིས་གཙོ་བར་བྱེད་དགོས། ཐ་མ་དགོངས་སྤྱོད་སློབ་པའི་ཚེ་དང་པོ་བླ་མའི་ཐུགས་དམ་གྱི་མཐིལ་གང་ཡིན་པ་དེ་རང་རྒྱུད་ལ་ལོན་དགོས། བླ་མའི་དགོངས་པ་མ་ལོན་པར་སྤྱོད་པ་ལ་བསླབ་ན་ཚུལ་འཆོས་སུ་འགྲོ་བས་དགོངས་པ་ལོན་ན་དེ་ནས་སྤྱོད་པ་བསླབ་དགོས།
ཐུན་མིན་ནང་གི་སྔོན་འགྲོ། གཉིས་པ་ཐུན་མིན་སོགས་ནི་བསྡུ་བ་རྣམ་པ་བཞིའི་ནང་ཚན་དོན་སྤྱོད་པ་ཡིན་ལ། དེ་ལ་དྲུག་ལས་དང་པོ་ལམ་ཐམས་ཅད་ཀྱི་རྨིང་རྡོ་སྐྱབས་སུ་འགྲོ་བའི་ཁྲིད་ནི། ལམ་ཐམས་ཅད་ཅེས་པ་མང་ཚིག་ཡིན་པས་དེ་གང་ཡིན་ན། མདོ་སྔགས་གཉིས་ཀྱི་ལམ་ཐམས་ཅད་ཀྱི་སྔོན་ལ་སྐྱབས་འགྲོ་དགོས་ཏེ། ཇི་སྐད་དུ། སྡོམ་པ་ཀུན་ལ་ཡོད་མོད་ཀྱི། ། སྐྱབས་སུ་མ་སོང་པ་ལ་མེད། ། ཅེས་པས། ཕྱི་རོལ་པ་ཀུན་ལ་སྡོམ་པ་རེ་ལེན་རྒྱུ་ཡོད་མོད་ཀྱང་། སྐྱབས་འགྲོ་རྩོམ་བྱེད་དུ་མ་བྱས་པར་དགེ་བའི་སྡོམ་པ་རྣམ་པར་དག་པ་ཞིག་མེད་པས། དེ་ལ་ལམ་བདེན་བདག་མེད་རྟོགས་པའི་ཤེས་རབ་ཞིག་རྒྱུད་ལ་བརྟེན་པར་བྱེད་པ་ལ། དེའི་རྟེན་ཏིང་ངེ་འཛིན་དགོས་ཏེ། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། ། ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། ། ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། ། འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། ། ཅེས་པ་བཞིན་དུ། དེའི་རྟེན་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་དགོས། ཚུལ་ཁྲིམས་བླང་དགོས་ན། དང་པོ་སྐྱབས་འགྲོ་རྩོམ་བྱེད་དུ་མ་བྱས་པར་སྡོམ་པ་ཞུ་བའི་ཐབས་མེད་པས་སོ། ། སྐྱབས་འགྲོའི་ངེས་ཚིག་ནི། རང་གཞན་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས། ཡུལ་ཁྱད་པར་ཅན་ལ་སྐྱབས་སུ་འཛིན་པར་ཁས་བླངས་ནས་དམ་བཅའ་བ་ཡིན། དཔེར་ན་བྱིས་པ་ཁྱིས་དེད་པས་མི་ཆེན་པོ་ལ་སྐྱབས་སུ་འགྲོ་བ་དང་འདྲ། ཁྱད་པར་ཐེག་པ་ཆེན་པོའི་ལུགས་ལ་སྲིད་ཞི་གཉིས་ཀའི་མཐའ་ལ་འཇིགས་ནས་སྐྱབས་སུ་འགྲོ་བ་ཡིན། དང་པོ་ལམ་ཐམས་ཅད་ཀྱི་སྒོ་ཕྱེ་བ་སྐྱབས་འགྲོ་ཡིན་ལ། སྐྱབས་འགྲོའི་སྒོ་དབྱེ་བ་དད་པ་ཡིན་ཅིང་། དད་པ་དེ་ལ་དབྱེ་ན་བཞི་ལས། དང་པོ་དང་བའི་དད་པ་ལ་རྒྱུ་མཚན་ཤེས་མི་དགོས་ལ། ཡུལ་སྐུ་གཟུགས་དང་། ཆོས་པུ་སྟི་དང་། དགེ་འདུན་པ་གོས་དམར་སེར་གྱི་ལྷན་པ་གྲུ་བཞི་ཡན་ཆད་འཆང་བ་ཞིག་གིས་གོ་ཆོད། འདོད་པའི་དད་པ་ལ། འཁོར་བའི་ཉེས་དམིགས་ཤེས། ཐར་པའི་ཕན་ཡོན་དྲན་ནས་དེ་ཐོབ་འདོད་ཀྱི་བསམ་པ་དེ་ཡིན། ཡིད་ཆེས་པའི་དད་པ་ལས་རྒྱུ་འབྲས་ལ་ཡིད་ཆེས་པ་དེ་ཡིན། དེ་སངས་རྒྱས་ལ་ཤེས་པའི་དད་པ། ཆོས་ལ་ཤེས་པའི་དད་པ། དགེ་འདུན་ལ་ཤེས་པའི་དད་པ་སྟེ་རྒྱུ་མཚན་ཤེས་དགོས་ཤིང་། དེ་ཡང་སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ་སོགས་དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་དགོས་ཏེ། དཀོན་མཆོག་གསུམ་དང་ཁྱད་པར་བླ་མ་ལ་མི་བསླུ་བར་ཤེས་ནས་ཡིད་ཆེས་པ་ཡིན། དེ་ལྟ་བུའི་སྒོ་ནས་སྐྱབས་སུ་འཛིན་པ་དེ་ནི་སྐྱབས་གསུམ་འཛིན་པའི་དགེ་བསྙེན་ཟེར་བས་གོང་དུ་སྐྱབས་འགྲོ་བདུན་ཅུ་པ་ལས། སྡོམ་པ་ཀུན་ལ་ཡོད་མོད་ཀྱང་སོགས་ཀྱི་དོན་ཡིན་པས། དང་པོ་སྐྱབས་སུ་མ་སོང་བར་སྡོམ་པས་རྒྱུད་བསྡམ་པ་མེད་ཅིང་། དེ་མེད་ན་ཚུལ་ཁྲིམས་བསྲུང་བའང་མེད་ལ། ཚུལ་ཁྲིམས་བསྲུང་བ་མེད་ན་ལམ་གྱི་ཆོས་ཐམས་ཅད་བསྒྲུབ་པའི་ཐབས་མེད་པས། དེ་ལྟ་བུའི་དད་པ་རྣམ་པ་བཞི་ལས་ཡིད་ཆེས་པའི་དད་པའམ་ཕྱིར་མི་ལྡོག་པའི་དད་པས་གཞི་བཟུང་ནས། རང་ངོས་ནས་དད་པ་ཡོད་ན་ཡུལ་ལ་བཟང་ངན་མེད་དེ་རྒན་མོ་ཁྱི་སོས་སངས་རྒྱས་པའི་དཔེ་ལྟར་ཡིན།
དང་པོ། སྐྱབས་སུ་འགྲོ་བ། སྐྱབས་འགྲོའི་དབྱེ་བ་ལ་སྐྱེས་བུ་གསུམ་གྱི་སྐྱབས་འགྲོ་གསུམ་ལས། དང་པོ་སྐྱེས་བུ་ཆུང་ངུའི་བསམ་པའི་ཁྱད་པར་རང་ཉིད་ངན་སོང་གསུམ་ལས་ཐར་ནས་མཐོ་རིས་ལྷ་མིའི་གོ་འཕང་ཐོབ་པའི་ཆེད་དུ་སྐྱབས་སུ་འགྲོ་བ་ཡིན། དུས་ཀྱི་ཁྱད་པར་དུས་ཉི་ཚེ་བ་གནས་སྐབས་ཇི་སྲིད་འཚོ་དང་མཐར་ཐུག་ལྷ་མིའི་གོ་འཕང་མ་ཐོབ་བར་དུའོ། ། ཡུལ་གྱི་ཁྱད་པར་སངས་རྒྱས་དཀོན་མཆོག་གི་སྐུ་གཟུགས། དམ་པའི་ཆོས་གླེགས་བམ་བརྩེགས་པ། དགེ་འདུན་ཀྱང་འཕགས་པ་མི་དགོས་པར་སོ་སྐྱེའི་དགེ་འདུན་ཚུལ་ཁྲིམས་ལྡན་པ་ཙམ་ལས་རྒྱུ་མཚན་ཆེར་ཤེས་མི་དགོས། དེ་ལྟ་བུའི་སྐྱེས་བུ་ཆུང་ངུ་དེ་ལ་ནང་པའི་སྐྱེས་བུ་ཆུང་ངུས་དཀོན་མཆོག་ལ་སྐྱབས་སུ་འཛིན་ཅིང་། ཕྱི་པའི་སྐྱེས་བུ་ཆུང་ངུས་མི་འཛིན་པའི་ཁྱད་པར་ཡོད། སྐྱེས་བུ་འབྲིང་ཉན་རང་གཉིས་ཡིན་ལ། དེས་ནི་རྒྱུ་མཚན་ཤེས་དགོས་ཏེ། བསམ་པའི་ཁྱད་པར་སྲིད་པ་རིགས་དྲུག་པོ་སྡུག་བསྔལ་དུ་ཤེས་ནས་དེ་ལས་རང་ཉིད་གཅིག་པུ་ཐར་འདོད་ཀྱི་བསམ་པ་དེ་ནི་བསམ་པའི་ཁྱད་པར། དུས་གནས་སྐབས་ཇི་སྲིད་འཚོ་དང་མཐར་ཐུག་དགྲ་བཅོམ་པའི་གོ་འཕང་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་ཡིན། ཡུལ་གྱི་ཁྱད་པར། སངས་རྒྱས་ཀྱང་ཉན་རང་དགྲ་བཅོམ་པ་ཞིག་ལས་སྤངས་རྟོགས་མཐར་ཕྱིན་པའི་མཐའ་གཉིས་ལ་མི་གནས་པའི་མྱང་འདས་ཡིན་པར་མི་འདོད་ལ། མཁྱེན་པའི་ཡེ་ཤེས་དང་མཚན་དཔེའི་ཡོན་ཏན་གྱིས་བརྒྱན་ཅིང་ཉན་རང་ལས་འཕགས་པ་ནི་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས་པ་དང་། རིགས་འཁོར་ལོས་བསྒྱུར་བའི་རིགས་སུ་འཁྲུངས་པའི་སྟོབས་ལས་བྱུང་བ་ཡིན། དེའི་སྐུ་དེ་ནི་སྐྱབས་སུ་འགྲོ་བའི་ཡུལ་མིན། རྣམ་སྨིན་གྱི་ཕུང་པོ་སྡུག་བདེན་གྱི་ལྷག་མ་མི་གཙང་པའི་རང་བཞིན་ཡབ་རྒྱལ་པོ་ཟས་གཙང་མ་དང་། ཡུམ་སྒྱུ་མ་ལྷ་མཛེས་མའི་ས་བོན་ལས་བྱུང་བ་ཡིན་པས་ཐུགས་འགོག་པ་དམ་པ་དེ་ལ་སྐྱབས་སུ་འགྲོ་དགོས། ཆོས་ཐེག་པ་ཆེན་པོ་ཞེས་པ་ནི་མེད་ལ་སངས་རྒྱས་ཀྱིས་ཀྱང་མ་གསུངས། ཐེག་པ་དམན་པའི་སྡེ་སྣོད་གསུམ་དང་བསླབ་པ་གསུམ་ཡིན། དེ་ལ་ལུང་རྟོགས་གཉིས་ལས་རྟོགས་པའི་ཆོས། དེ་ལ་ལམ་དང་འགོག་པའི་བདེན་པ་གཉིས་ལས་འགོག་པའི་བདེན་པ་དེ་སྐྱབས་སུ་འགྲོ་བའི་ཡུལ་ཡིན། དགེ་འདུན་ལ་སོ་སྐྱེ་དང་འཕགས་པ་གཉིས་ལས་འཕགས་པ་རྒྱུན་ཞུགས་དང་ཕྱིར་འོང་ཕྱིར་མི་འོང་བའི་འཕགས་པའི་དགེ་འདུན་ཡིན་ལ། དེའི་སྐུ་ལུས་ནི་རྣམ་སྨིན་གྱི་ཕུང་པོ་སྡུག་བདེན་གྱི་ལྷག་མ་མི་གཙང་བའི་རང་བཞིན་ཡིན་པས་ཐུགས་འགོག་པ་དམ་པ་དེ་ལ་སྐྱབས་སུ་འགྲོ་དགོས། སངས་རྒྱས་ནི་དགྲ་བཅོམ་པ་ཞིག་ཡིན་པར་འདོད་པས་སྟོན་པ་སངས་རྒྱས་དཀོན་མཆོག་ཡིན་ཞེས་འདོད། དེའི་སྐྱབས་སུ་འགྲོ་ཚུལ་ནི་འོག་ནས་བཤད་པ་ལྟར་སྟོན་པ་ལམ་གྲོགས་ཀྱི་ཚུལ་དུ་སྐྱབས་སུ་འགྲོ་བ་ཡིན། སྐྱེས་བུ་ཆེན་པོའི་བསམ་པའི་ཁྱད་པར་བདག་རང་གི་དོན་མ་ཡིན་པར། གཞན་དོན་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་བསམ་པ་སྟེ་སྦྱོར་བ་སེམས་བསྐྱེད་དམ་པ་ཡིན་ལ། དུས་ཀྱི་ཁྱད་པར་དུས་དེ་རིང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་ཡིན། བྱང་ཆུབ་ཐོབ་དུས་ནའང་སྐྱབས་སུ་འགྲོ་ཨེ་དགོས་སྙམ་ན། དེའི་དུས་སུ་བདག་ཉིད་སྟོབས་བཅུའི་སྟོབས་དང་ལྡན། དབང་བཅུའི་དབང་གིས་ཕྱུག་པས་རང་ཉིད་འཇིགས་པ་ཐམས་ཅད་དང་བྲལ་ལ། གཞན་སྐྱོབས་པའི་ནུས་པ་དང་ལྡན་པས་དེའི་དུས་སུ་སྐྱབས་སུ་འགྲོ་མི་དགོས་སོ། ། ཡུལ་གྱི་ཁྱད་པར། སངས་རྒྱས་སྐུ་བཞི་ཡེ་ཤེས་ལྔ་དང་ལྡན་པ། ཆོས་ཐེག་པ་ཆེན་པོའི་ལུང་དང་རྟོགས་པའི་ཆོས་གཉིས། དགེ་འདུན་འཕགས་པ་ས་དང་པོ་ནས་ས་བཅུའི་རྒྱུན་གྱི་ཐ་མའི་བར་དུ་བཞུགས་པའི་བྱང་ཆུབ་སེམས་དཔའ་སྟེ་ཐུན་མོང་ཕྱིའི་སྐྱབས་ཡུལ་དཀོན་མཆོག་གསུམ། ཐུན་མིན་ནང་གི་སྐྱབས་ཡུལ། བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ། ཁྱད་པར་ཐབས་མཆོག་རྡོ་རྗེ་སྙིང་པོའི་སྐྱབས་ཡུལ་གནས་པ་རྩ། གཡོ་བ་རླུང་། བཀོད་པ་བྱང་ཆུབ་ཀྱི་སེམས་དང་གསུམ། མཐར་ཐུག་བསླུ་བ་མེད་པ་གནས་ལུགས་རྡོ་རྗེའི་སྐྱབས་ཡུལ། དཀོན་མཆོག་གསུམ་དངོས་བདེ་གཤེགས་ཞེས་པས། ཆོས་དང་དགེ་འདུན་གཉིས་གནས་སྐབས་ཀྱི་སྐྱབས་ཡུལ་དང་། མཐར་ཐུག་གི་སྐྱབས་གཅིག་པུ་དཀོན་མཆོག་ཀུན་འདུས་སངས་རྒྱས་ཉག་མ་གཅིག་པུ་དེ་ཡིན་ཏེ། བྱམས་པས། སྤངས་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། ། མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། ། ཆོས་རྣམ་གཉིས་དང་དགེ་འདུན་ནི། ། གཏན་གྱི་སྐྱབས་ཡུལ་མ་ཡིན་ནོ། ། ཞེས་པས། ལུང་གི་ཆོས་ནི་དོན་རྟོགས་དགོས་པས་དོན་ཇི་བཞིན་རྟོགས་དུས་ཚིག་ལ་དགོས་པ་ཆུང་བས་ཆུ་བརྒལ་ཟིན་དུས་གྲུ་ཁུར་མི་དགོས་པ་བཞིན་སྤངས་བའི་ཕྱིར་དང་། རྟོགས་པའི་ཆོས་ནི་ལམ་གོང་མ་གོང་མ་ཐོབ་དུས་སྔ་མ་སྤང་པའམ་བསླུ་བ་སྟེ་མི་རྟག་པའི་ཕྱིར་དང་། མེད་པའི་ཕྱིར་དེ་ཉན་རང་འཕགས་པ་ལ་བྱང་ཆུབ་སེམས་དཔའི་འཕགས་པ་རྣམས་ཀྱི་ཡོན་ཏན་མེད་པའི་ཕྱིར་བྱང་སེམས་འཕགས་པ་ལ་སངས་རྒྱས་ཀྱི་ཡོན་ཏན་མེད་པའི་ཕྱིར་དང་། བྱང་སེམས་སོ་སོའི་སྐྱེ་བོ་རྣམས་ད་དུང་ངན་སོང་གི་འཇིགས་པ་དང་བཅས་པའི་ཕྱིར་གཏན་གྱི་སྐྱབས་ཡུལ་མ་ཡིན་ལ། མཐར་ཐུག་གི་སྐྱབས་སངས་རྒྱས་དེ་ཉིད་དཀོན་མཆོག་གསུམ་གྱི་བདག་ཉིད་ཡིན་ཏེ། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། ། ཚོགས་ཀྱང་དེ་ཡི་མཐར་ཐུག་གོ །ཞེས་པ་བཞིན། ཐུབ་པ་ནི། སྟོན་པ་སངས་རྒྱས་དཀོན་མཆོག་དང་། ། ཆོས་ནི་རྟོགས་པ་ཆོས་སྐུ་དང་། ། བསྟན་པ་ཆོས་སྐུ་གཉིས་ཡིན་ལ། ། ཐུགས་རྒྱུད་ཡོན་ཏན་གྱི་ཆོས་དང་མི་ཕྱེ་མི་འབྱེད་པ་ནི་དགེ་འདུན་ཏེ་དོན་ལ་མཐར་ཐུག་གི་སྐྱབས་ནི་སངས་རྒྱས་ཁོ་ན་ཡིན་ནོ། ། རྩ་བ་གསུམ་དང་། རྩ་རླུང་ཐིག་ལེ་རྣམས་འོག་ཏུ་འཆད་པ་དེ་ཡིན་ལ། སྐབས་འདིར་བསྟན་པ་ནི་ངོ་བོ་རང་བཞིན་ཐུགས་རྗེ་ཞེས་པ་དེ་རྫོགས་པ་ཆེན་པོའི་སྐྱབས་ཡུལ་ཡིན་ཏེ། རྟེན་རྩ་ཐིག་རླུང་གསུམ་ལ་བརྟེན་པ་རང་བཞིན་བྱང་ཆུབ་ཀྱི་སེམས་འོད་གསལ་བའི་ཡེ་ཤེས་ཡིན་ལ། གཅིག་ཏུ་བསྡུ་ན། མདོ་ལྟར་ན་བདེ་བར་གཤེགས་པའི་སྙིང་པོ། སྔགས་ལྟར་ན་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག གཉིས་སུ་དབྱེ་ན། ཀ་དག་སྟོང་པ་ཆེན་པོའི་ཡེ་ཤེས་དང་། ལྷུན་གྲུབ་སྣང་བའི་ཡེ་ཤེས་གཉིས། གསུམ་དུ་དབྱེ་ན། ངོ་བོ་སྟོང་པའི་ཡེ་ཤེས། རང་བཞིན་གསལ་བའི་ཡེ་ཤེས། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ཏེ། དེ་ལ་ཕྱི་གསལ་གྱི་ཐུགས་རྗེ་དང་ནང་གསལ་གྱི་ཐུགས་རྗེ་གཉིས་ལས། ནང་གསལ་གྱི་ཐུགས་རྗེ་སྣང་སྟོང་དབྱེར་མེད་པའི་བདག་ཉིད་དེ་རྣམ་གསུམ་དབྱེར་མེད་ཆེན་པོ་དེ་ཡིན། དུས་ཀྱི་ཁྱད་པར་རྒྱུ་མཚན་ཉིད་ཐེག་པ་ལྟར་ན་ཕྱིའི་བྱང་ཆུབ་སྙིང་པོ་བྱང་ཆུབ་ཤིང་གི་དྲུང་དུ་མ་བཞུགས་ཀྱི་བར་དང་། ནང་གི་བྱང་ཆུབ་སྙིང་པོ་རིག་པ་བདེ་བར་གཤེགས་པའི་སྙིང་པོ་མངོན་དུ་མ་གྱུར་པའམ། སྔགས་ལྟར་ན་ནམ་མཁའ་ལྷའི་འཁོར་ལོར་མ་སད་པ་དེ་སྲིད་དུ་སྐྱབས་སུ་འགྲོ་བ་ཡིན། དེ་ལྟ་བུའི་ཁྱད་པར་གསུམ་ལྡན་གྱིས་སྐྱབས་སུ་འགྲོ་བ་དེ་ལ། རྒྱུ་སྐྱབས་དང་། འབྲས་སྐྱབས་གཉིས་ལས། རྒྱུ་སྐྱབས་དེ་ལ་དབྱེ་ན་བཏགས་པ་བ་ཁས་ལེན་གྱི་སྐྱབས་འགྲོ་དང་། མཚན་ཉིད་པ་ལམ་རྗེས་སུ་བསྒྲུབ་པའི་སྐྱབས་འགྲོ་གཉིས་ལས། དང་པོ་ནི། སྟོན་པ་ལམ་གྲོགས་སུ་ཤེས་པའི་སྒོ་ནས་ཁྱད་པར་གསུམ་དང་ལྡན་པར་སྐྱབས་སུ་འགྲོ་བས་སྐྱབས་འགྲོ་འབུམ་ཕྲག་ལ་སོགས་པ་འདོན་པ་དེ་ཡིན་ལ། ལམ་རྗེས་སུ་བསྒྲུབ་པ་ནི། ཁས་བླངས་པ་དེ་ལྟར། སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་ལམ་བསྒྲུབ་པའི་གྲོགས་སུ་སྦྱོར་བ་ཉམས་ལེན་གྱི་སྒོ་ནས་བསྒྲུབ་པ་ཡིན། འབྲས་སྐྱབས་ནི་མདོ་ལྟར་སྨོན་པ་བྱང་ཆུབ་ཀྱི་སེམས་སམ་འདི་སྐབས་ཀྱི་བསམ་པའི་ཁྱད་པར་དེ་ཡིན། སྔགས་ཀྱི་འབྲས་སྐྱབས་རང་བྱུང་གི་ཡེ་ཤེས་རྣམ་གསུམ་དབྱེར་མེད་ཆེན་པོ་དེ་ཡིན་ལ་དེ་ལྟ་བུའི་གནས་ལུགས་དེ་རྟོགས་ན། ཡིད་ཤེས་བདེ་མྱུར་དུ་སྐྱོབས་པ་སྔགས་ཀྱི་མཚན་ཉིད་ཅེས་པ་བཞིན་མཚན་འཛིན་གྱི་རྣམ་པར་རྟོག་པ་ཐམས་ཅད་མཚན་མེད་རྣམ་པར་མི་རྟོག་པའི་ཀློང་དུ། རང་ཞིག རང་གྲོལ། རང་ཆད། རང་ཐིམ། རང་དག་སྟེ་སྐྱོབས་པས་ན་འབྲས་བུའི་སྐྱབས་འགྲོའམ། ཡང་ན་མཚན་ཉིད་ཐེག་པས་གཞན་རྒྱུད་ལ་བྱོན་ཟིན་པའི་དཀོན་མཆོག་གསུམ་ལ་དམིགས་ནས་དེ་རང་རྒྱུད་ལ་ཐོབ་འདོད་ཀྱི་དམ་བཅའ་བ་དེའམ། སྔགས་ཀྱིས་འབྲས་བུ་ལམ་དུ་བྱེད་པས་འབྲས་བུ་སྐུ་གཉིས་ཀྱི་གཟུགས་སྐུ་ལམ་བྱེད་ཐབས་བསྐྱེད་པའི་རིམ་པ་དང་། ཆོས་སྐུ་ལམ་བྱེད་ཤེས་རབ་རྫོགས་པའི་རིམ་པ་གཉིས་ཀྱི་སྒོ་ནས་འབྲས་བུ་སྐུ་གསུམ་གྱི་མཛད་པ་ལམ་དུ་བྱེད་པས་འབྲས་སྐྱབས་ཞེས་བརྗོད་པ་ཡིན། དེ་ལྟ་བུའི་སྐྱེས་བུ་གསུམ་གྱིས་སྐྱབས་སུ་འགྲོ་ཚུལ་ལས་སྐབས་འདིར། སྐྱེས་བུ་ཆེན་པོའི་སྐྱབས་སུ་འགྲོ་ཚུལ། བསམ་པའི་ཁྱད་པར་བདག་རང་གི་དོན་མིན་པར་གཞན་སེམས་ཅན་ཐམས་ཅད་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བསམ་པ་དེ་ཡིན། དུས་ཀྱི་ཁྱད་པར་དེ་རིང་ནས་བཟུང་རྫོགས་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་ཡིན། ཡུལ་གྱི་ཁྱད་པར་རྟོགས་པ་མངོན་གྱུར་གྱི་སངས་རྒྱས་དང་འཕགས་པ་དང་དེ་དག་གི་ཐུགས་རྒྱུད་ན་བཞུགས་པའི་ཆོས་རྣམས་ཡིན། ཁྱད་པར་ཐབས་མཆོག་རྡོ་རྗེ་སྙིང་པོ་སོགས་ཀྱི། རགས་པ་རྒྱུའི་རྩ་ཐིག་རླུང་གསུམ་པོ་རང་ལ་ཚང་ཞིང་རང་བཞིན་གྱི་རྣམ་པར་དག་པ་ཡིན་རུང་མངོན་དུ་མ་གྱུར་པས། ཡུལ་དེ་སྔགས་ཀྱི་ལུགས་ལ་ཡེ་ཤེས་སེམས་དཔའ་ཡིན། རགས་པ་རྒྱུའི་རྩ་ཐིག་རླུང་གསུམ་བདག་དམ་ཚིག་པར་བསྒོམ་སྟེ་ཕྲ་བ་ཡེ་ཤེས་ཀྱི་རྩ་ཐིག་རླུང་གསུམ་ཡེ་ཤེས་སེམས་དཔར་བསྒོམ་ཞིང་ཡུལ་དེ་རྣམས་ལ་བརྟེན་ནས་དག་པ་མངོན་གྱུར་གྱི་སངས་རྒྱས་བསྒྲུབ་པ་ཡིན། དེ་ལྟ་བུའི་རྩ་དེ་ལ་དབྱེ་ན་རྩ་གཙོ་མོ་གསུམ་དང་འཁོར་ལོ་ལྔར་ཡོངས་སུ་གྲགས་པའི་དབུ་མ་དང་། གཡས་རོ་མ་དང་། གཡོན་རྐྱང་མ་གསུམ། འཁོར་ལོ་ལྔ་ནི། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། སྙིང་ག་ཆོས་ཀྱི་འཁོར་ལོ། ལྟེ་བ་སྤྲུལ་པའི་འཁོར་ལོ། གསང་གནས་བདེ་སྐྱོང་གི་འཁོར་ལོ་དང་ལྔའམ་བདུན་དུ་དབྱེ་ན། སྦར་བྱ་མེའི་འཁོར་ལོ། སྦར་བྱེད་རླུང་གི་འཁོར་ལོ་གཉིས་བསྣན་པས་བདུན་ནམ། རྫོགས་པ་ཆེན་པོའི་ལུགས་ལྟར། སྤྱི་བོར་རྣམ་བཀོད་ཀྱི་འཁོར་ལོ་རྩ་འདབ་སུམ་བརྒྱ་དྲུག་ཅུ། མགྲིན་པ་རོ་རྣམས་འདུས་པ་ན་རྩ་འདབ་བཅུ་དྲུག སྙིང་ག་དྲན་པ་རྣམ་བཀོད་ན་རྩ་འདབ་བརྒྱད། ལྟེ་བ་སྐྱེད་བྱེད་ཀྱི་འཁོར་ལོ་ན་རྩ་འདབ་དྲུག་ཅུ་པོ་རྣམས་ཁ་ཡས་མར་དུ་བསྟན་པ་རྒྱ་གླིང་གི་བུང་ཚང་ལྟ་བུ་ཡིན་པས་རྡོ་རྗེའི་ལུས་ཞེས་གྲགས་པ་དེ་ལ་གནས་པ་རྩ། རྩ་དེ་ལ་རྒྱུ་བ་རླུང་ཡིན། རླུང་གི་ངོ་བོ་འབྱུང་བ་ལྔའི་རླུང་དེ་ཡང་རྩ་བའི་རླུང་ལྔ། ཡན་ལག་གི་རླུང་ལྔ་ལས། དང་པོ་རྩ་བའི་རླུང་ལྔ་ནི། སྲོག་འཛིན། གྱེན་རྒྱུ། ཐུར་སེལ། མེ་མཉམ། ཁྱབ་བྱེད་ཀྱི་རླུང་དང་ལྔ། ཡན་ལག་གི་རླུང་ལྔ་ནི་དབང་པོ་གཟུགས་ཅན་ལྔ་ལ་རྒྱུ་བའི་རླུང་ཡིན། དེ་ཡང་རྒྱུ་བའི་བྱེ་བྲག་གིས་དབྱེ་ན། མི་རང་བཞིན་གྱི་དར་བབ་འབྱུང་བ་རྣལ་དུ་གནས་པ་ཞིག་ལ་ཉིན་ཞག་ཕྲུགས་ཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ཕྱིའི་འགྱུ་བའི་རླུང་ཡིན་ལ། ནང་ནས་རྩ་ཕྲན་གྱི་ཡན་ལག་ཏུ་རྒྱུ་བའི་རླུང་ནི་ཆིག་འབུམ་ཉི་ཁྲི་དྲུག་བརྒྱ་རྒྱུ་བས་དེ་ནི་གཡོ་བ་རླུང་ཡིན་ལ། དེ་ལ་ཐིག་ལེ་བརྟེན་པ་སྟེ་བཀོད་པ་བྱང་ཆུབ་ཀྱི་སེམས་ཐིག་ལེ་དཀར་དམར་གཉིས་བརྟེན་པས་རྩ་ཐམས་ཅད་ལ་ཏིལ་ལ་སྣུམ་གྱིས་ཁྱབ་པ་བཞིན་ཁྱབ་པ་ཡིན། གནས་ལུགས་རྡོ་རྗེའི་སྐྱབས་འགྲོའི་ཡུལ། རྟེན་རྩ་ཐིག་རླུང་གསུམ་ལ་བརྟེན་པ་བྱང་ཆུབ་ཀྱི་སེམས་དེ་ཡིན་ལ་དེ་ལ་གཅིག་ཏུ་བསྡུ་བ་དང་གཉིས་སུ་དབྱེ་བ་དང་གསུམ་དུ་དབྱེ་བ་ནི་གོང་དུ་བཤད་པ་ལྟར་ཡིན། དེ་ལྟ་བུའི་རྩ་ཐིག་རླུང་གསུམ་དེ་དག་པ་དང་སྦྱར་ན་རྩ་དག་པ་དགེ་འདུན་དཀོན་མཆོག་དང་སྤྲུལ་པའི་སྐུ། རླུང་དག་པ་ཆོས་དཀོན་མཆོག་དང་ལོངས་སྐུ། ཐིག་ལེ་དག་པ་སངས་རྒྱས་དཀོན་མཆོག་དང་ཆོས་སྐུ། ངོ་བོ་སྟོང་པ་སངས་རྒྱས། རང་བཞིན་གསལ་བ་ཆོས། ཐུགས་རྗེ་ཀུན་ཁྱབ་སྣང་སྟོང་ཟུང་འཇུག་གི་ཡེ་ཤེས་དེ་མི་ཕྱེད་པ་དགེ་འདུན་ཡིན། ད་གོང་དུ་བཤད་པའི་རྩ་བ་གསུམ་དང་། རྩ་རླུང་ཐིག་ལེ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་པོ་ཐམས་ཅད་དཀོན་མཆོག་གསུམ་ལ་འདུས་ཤིང་དེ་ལས་མི་འདའ་བས། དཀོན་མཆོག་གསུམ་པོ་དེ་ལ་དབྱེ་ན། ངོ་བོ། དབྱེ་བ། ཡོན་ཏན་གསུམ་རེ་ཡོད་ལ། དང་པོ་སངས་རྒྱས་ཀྱི་ངོ་བོ་ནི། སྤངས་རྟོགས་མཐར་ཕྱིན་སངས་རྒྱས་ཀྱི་ངོ་བོ་ཡིན། མཐར་ཇི་ལྟར་ཕྱིན་ན་ཉན་རང་གིས་གང་ཟག་གི་བདག་མེད་རྟོགས། ཆོས་བདག་རགས་པར་འཛིན་པ་ཞིག་ནས་སྤང་བྱ་ལས་ཉོན་གཉིས་སྤངས། ཤེས་སྒྲིབ་དང་བག་ཆགས་ཀྱི་སྒྲིབ་པ་མ་སྤངས། བྱང་ཆུབ་སེམས་དཔའ་ས་དང་པོ་མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་རྟོགས་པ་དང་ཀུན་བཏགས་ཀྱི་སྒྲིབ་པ་ཅིག་ཆར་དུ་སྤངས། བསྐལ་ཆེན་ལྔ་བརྒྱར་མཉམ་པར་བཞག་ནས། དེའི་རྗེས་ཐོབ་ཏུ་ཉོན་མོངས་པ་སེར་སྣ་སྤངས། སྦྱིན་པའི་ཕ་རོལ་ཏུ་ཕྱིན། དེ་ནས་ས་གཉིས་པ་ནས་རིམ་བཞིན་ས་ནས་སར་འཕར་ནས་སྤང་བྱ་སྤངས་རྟོགས་བྱ་རྟོགས། དེའི་རྟོགས་པ་དེ་ལས་སྐྱེད་འདོན་རྒྱུ་དང་བོགས་དབྱུང་རྒྱུ་ཡོད་པས་ཉོན་སྒྲིབ་དངོས་སུ་སྤངས། ཤེས་སྒྲིབ་ས་དང་པོ་ནས་བརྒྱུད་དེ་ཉམས་སྨད་ནས་ས་བདུན་པ་ཐོབ་ཚེ་ཉོན་སྒྲིབ་ལྷག་མ་མ་ལུས་པ་སྤངས། དག་པ་ས་གསུམ་ནས་ཤེས་སྒྲིབ་ཕྲ་རགས་ཐམས་ཅད་སྤངས་ནས་ས་བཅུའི་རྒྱུན་གྱི་ཐ་མ་ལ་བག་ཆགས་ཀྱི་སྒྲིབ་པ་ཕྲ་མོ་གཉེན་པོ་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས་ལྷག་མ་མ་ལུས་པ་བཅོམ་ནས་ཡེ་ཤེས་ལྷག་མ་མ་ལུས་པ་མངོན་དུ་བྱས་ནས་སྤང་བྱ་ཡང་མེད། རྟོགས་བྱ་ཡང་དེ་ལས་སྐྱེད་འདོན་དུ་མེད་བོགས་དབྱུང་དུ་མེད་པས་སྤངས་རྟོགས་མཐར་ཕྱིན་སངས་རྒྱས་ཀྱི་ངོ་བོ་ཡིན། གཉིས་པ་དབྱེ་བ་ལ་གསུམ། རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་དང་གསུམ་ལས། དང་པོ་རྟེན་སྐུ་དེ་ལ་ནང་གསེས་ཀྱིས་དབྱེ་ན་བཞི། སངས་རྒྱས་ངོ་བོ་ཉིད་སྐུ་དེ་ལ་གསར་རྙིང་གི་འདོད་ཚུལ་གཉིས་ལས་གསར་མས་ཕུང་པོ་ལྔ་བྲལ་གྱི་སྟོང་ཉིད་ཡིན་པར་འདོད། དེའི་སྟོང་པའི་སྟོང་ཆ་དེ་ཕྱང་ཆད་ཡིན་པས་སངས་རྒྱས་ལ་མཁྱེན་པའི་ཡེ་ཤེས་མེད་ཅེས་འདོད། རྙིང་མས་དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པ་སྟོང་བ་ཡེ་ཤེས་ཀྱི་སྙིང་པོ་ཅན་དུ་འདོད། ཆོས་སྐུ་ནི་རང་བཞིན་གསལ་བའི་ཡེ་ཤེས་དེ་ཡིན། ཀཱ་ཡ་ཞེས་པའི་སྒྲ་ལ་དྲངས་ན་ཚོགས་པ་ལའོ་ཞེས་པས། ཟག་མེད་ཀྱི་ཆོས་སྡེ་ཉེར་གཅིག་འཚོགས་པའི་བདག་ཉིད་ཅན་དུ་འདོད་ལ། དེ་གཉིས་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་པས་སངས་རྒྱས་རང་ངོས་ནས་འཇོག་པ་ཡིན། ལོངས་སྤྲུལ་གཉིས་གདུལ་བྱ་གཞན་ངོས་ནས་བཞག་ན་གདུལ་བྱ་དེ་ལ་དག་མ་དག་གཉིས། དག་པ་རྣམས་ཀྱི་ངོར་རང་བཞིན་གྱི་ཐུགས་རྗེ་དང་སྨོན་ལམ་གྱི་སྟོབས་དང་། གདུལ་བྱ་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ཀྱི་སྟོབས་ཀྱིས་ལོངས་སྐུ་ངེས་པ་ལྔ་ལྡན་ཏེ། གནས་ངེས་པ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས། སྟོན་པ་ངེས་པ་རིགས་ལྔ་གངས་ཅན་མཚོ་རིགས་ལྔ། དེ་རེ་རེ་ལའང་རིགས་ཆུང་གི་འཁོར་ལྔ་ལྔ་སྟེ་ནམ་མཁས་གར་ཁྱབ་ཆོས་སྐུས་ཁྱབ་ལ་ཆོས་སྐུས་གར་ཁྱབ་ཀྱི་གདུལ་བྱ་དག་པ་རྣམས་འདུལ་བའི་ཕྱིར་ལོངས་སྐུས་ཁྱབ་པ་ཡིན། ཆོས་ངེས་པ་ཐེག་པ་ཆེན་པོའི་ཆོས་སྒྲ་ཚིག་བརྗོད་པ་དང་བྲལ་བ། འཁོར་ངེས་པ་ས་བཅུའི་བྱང་ཆུབ་སེམས་དཔའ། དུས་ངེས་པ་རྟག་པ་རྒྱུན་གྱི་འཁོར་ལོ། དེ་ཡང་ངོ་བོས་རྟག་པ་མིན་ལ། རྒྱུན་གྱི་རྟག་པ་ཡིན་ནོ། ། མ་དག་པའི་གདུལ་བྱ་ལ། ལོངས་སྤྱོད་རྫོགས་པའི་སྨོན་ལམ་གྱི་སྟོབས་དང་། གདུལ་བྱའི་དཀར་པོ་རྣམ་པར་འཕེལ་བའི་བསོད་ནམས་ཀྱི་སྟོབས་ཀྱིས་སངས་རྒྱས་མཆོག་གི་སྤྲུལ་པའི་སྐུར་སྣང་། དེ་ལ་ཡང་མཆོག་གི་སྤྲུལ་པའི་སྐུ་དང་། སྐྱེ་བ་སྤྲུལ་པའི་སྐུ་དང་། བཟོ་སྤྲུལ་པའི་སྐུ་དང་། སྣ་ཚོགས་སྤྲུལ་པའི་སྐུ་དང་བཞི་ལས། དང་པོ་མཆོག་གི་སྤྲུལ་པའི་སྐུ་དེ་ཚོགས་ལམ་ཆེན་པོ་ཆོས་རྒྱུན་དང་། སྦྱོར་ལམ་ངེས་འབྱེད་ཆ་བཞི་ན་བཞུགས་པ་མ་གཏོགས་མི་མཇལ། ཞེས་པ་དང་། ཡང་ལུགས་གཅིག་ལ་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་ཚེ། སྦལ་བ་དང་། སྒྲེན་མོ་བྱ་རོག་སོགས་ཀྱིས་མཇལ་བའང་ཡོད་པར་བཞེད་ལ་གང་ལྟར་ཀྱང་མཛད་པ་བཅུ་གཉིས་རྫོགས་པར་སྟོན་པ་དེ་མཆོག་གི་སྤྲུལ་པའི་སྐུ་ཡིན། སྐྱེ་བ་སྤྲུལ་པའི་སྐུ་ནི། རིགས་དྲུག་གི་གནས་ན་ཐུབ་པ་དྲུག་དང་བླ་མ་དགེ་བའི་བཤེས་གཉེན་རྣམས་ཡིན་ཏེ། མྱང་འདས་ལས། མྱ་ངན་མ་བྱེད་ཀུན་དགའ་བོ། ། སྨྲེ་ངག་མ་འདོན་ཀུན་དགའ་བོ། ། ལྔ་བརྒྱའི་ཐ་མར་གྱུར་པ་ན། ། ང་ནི་དགེ་བའི་བཤེས་བགྱིད་དེ། ། ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། ། ཞེས་པ་བཞིན། བླ་མ་དགེ་བའི་བཤེས་གཉེན་དམ་པ་རྣམས་ཡིན། བཟོ་སྤྲུལ་པའི་སྐུ་ནི་ལུགས་གཅིག་ལ་བཟོ་རྒྱལ་ཀརྨ་བི་ཤྭ་ལ་སོགས་པར་སྤྲུལ་པ་རྣམས་ཡིན་ལ། ལུགས་གཅིག་ལ། ས་བཟོ། རྡོ་བཟོ། ཟངས་བཟོ་སོགས། ལུགས་སུ་བླུགས་པ། རིས་སུ་བྲིས་པ། འབུར་དུ་དོད་པ་ལ་སོགས་པ་སྟེ་དཀར་པོ་རྣམ་པར་འཕེལ་བའི་ཚོང་ཟོངས་སུ་གྱུར་པ་རྣམས་ཡིན། སྣ་ཚོགས་སྤྲུལ་པའི་སྐུ་ནི། གྲུ་དང་། གཟིངས་དང་། ཟམ་པ་དང་། ངལ་སྟེགས་དང་། ཐ་ན་ཚ་བས་གདུང་བའི་དུས་སུ་བསིལ་བའི་རེག་བྱ་དང་། གྲང་བས་གདུང་བའི་ཚེ་དྲོ་བའི་རེག་བྱ་སྟེ་འགྲོ་བ་ལ་ཕན་བདེ་སྟེར་བའི་རྒྱུར་གྱུར་པ་ཐམས་ཅད་ཡིན་ནོ། ། བརྟེན་པ་ཡེ་ཤེས་ནི། དཔེར་ན་རང་རེའི་སེམས་ལྟ་བུའི་མི་འཆར་དགུ་འཆར་གྱི་ཆ་ལྟ་བུ་ཡིན་པས་དེ་ལ་ཡང་ཆོས་དབྱིངས་སོགས་ལྔ་ལས། དང་པོ་ཆོས་དབྱིངས་ཡེ་ཤེས་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་དོན་དམ་པའི་བདེན་པ་དེ་མངོན་སུམ་དུ་བྱས་པ་ཡིན། མེ་ལོང་ལྟ་བུའི་ཡེ་ཤེས་ནི། དཔེར་ན་མེ་ལོང་དྭངས་པའི་ངོས་ལ་གཟུགས་བརྙན་ཐམས་ཅད་འཆར་རུང་བ་ལྟར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེའི་ངོས་ལ་འཁོར་འདས་ཀྱི་ཆོས་སྣང་བའི་དྭངས་ཆ་འགགས་པ་མེད་པ་དེ་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན། མཉམ་ཉིད་ཡེ་ཤེས་ནི། དཔེར་ན་མེ་ལོང་གི་ནང་དུ་གཟུགས་བརྙན་ཅི་འཆར་ཡང་བཟང་ངན་མེད་པ་གཟུགས་བརྙན་ཙམ་དུ་མཚུངས་པ་ལྟར་འཁོར་འདས་གཉིས་མཉམ་པ་ཉིད་ཚུལ་གཅིག་པ་རོ་གཅིག་པའི་ཚུལ་དུ་གཟིགས་པ་མཉམ་ཉིད་ཡེ་ཤེས་ཡིན། སོར་རྟོགས་ནི། ཆོས་ཉིད་ཀྱི་ངོས་ནས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མཉམ་རུང་། ཆོས་ཅན་གྱི་ངོས་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་མ་འདྲེས་སོ་སོར་མཁྱེན་པས་སོར་རྟོགས་ཡེ་ཤེས་ཡིན། བྱ་གྲུབ་ཡེ་ཤེས་ནི། དཔེར་ན་སྨན་པས་ལག་གི་རྩས་ནད་ངོས་བཟུང་ནས་ནད་ལ་ཕན་པའི་སྨན་གྱི་བྱ་བ་ལ་བརྩོན་པ་ལྟར། སངས་རྒྱས་ཀྱི་གདུལ་བྱ་རྣམས་དེ་དང་དེ་ལྟ་བུས་འདུལ་བར་དགོངས་ནས་གདུལ་བྱ་འདུལ་བ་ལ་གཡོ་བ་དང་འབད་པའི་རྩོལ་བ་མེད་པར་ལྷུན་གྲུབ་ཏུ་འབྱུང་བ་ནི་བྱ་གྲུབ་ཡེ་ཤེས་ཡིན། ཡེ་ཤེས་དེ་བསྡུ་ན་གཉིས། ཆོས་དབྱིངས། མེ་ལོང་མཉམ་ཉིད་གསུམ་ཇི་ལྟར་མཁྱེན་པའི་ཡེ་ཤེས། སོར་རྟོགས་བྱ་གྲུབ་གཉིས་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཡིན། དེ་ཐམས་ཅད་བསྡུ་ན་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་གཅིག་ཏུ་འདུ་བ་ཡིན་ནོ། ། མཛད་པ་ཕྲིན་ལས་ནི་སངས་རྒྱས་ཀྱི་ངན་སོང་གི་འགྲོ་བ་རྣམས་མཐོ་རིས་ལ་བཀོད། མཐོ་རིས་ཀྱི་འགྲོ་བ་རྣམས་རིགས་ཅན་གསུམ་གྱི་ལམ་ལ་བཀོད། རིགས་ཅན་གསུམ་མཐར་གྱིས་སངས་རྒྱས་ཀྱི་ས་ལ་བཀོད། དང་པོ་ཉན་རང་བྱང་སེམས་རྣམས་རང་རང་གི་ས་ལ་བཀོད་པ་མ་གཏོགས་སངས་རྒྱས་ཀྱི་ས་ལ་མི་བཀོད་པར་གདུལ་བྱ་རང་རང་གི་བསམ་པ་བཞིན་ལམ་སྟོན་པ་ལ་མཐར་ཐུག་སངས་རྒྱས་ཀྱི་ས་ལ་འགོད་པའི་ཕྲིན་ལས་མཛད་པ་དེ་ལ་ཉན་རང་བྱང་སེམས་གསུམ་ལས་ཁྱད་པར་དུ་འཕགས་པའི་ཆོས་གསུམ་སྟེ། རྟག་པ་ཁྱབ་པ་ལྷུན་གྱིས་གྲུབ་པའི་མཛད་པ་གསུམ་ལས། དང་པོ་རྟག་པ་ནི། སངས་རྒྱས་ཀྱི་སྔོན་གདུལ་བྱའི་དོན་མཛད་པ་དང་ད་ལྟ་མི་མཛད་པ་མེད་པས་རྟག་པ། ཁྱབ་པ་ནི་ཤར་ཕྱོགས་སུ་མཛད་པ་མཛད། ལྷོ་ཕྱོགས་སུ་མཛད་པ་མི་མཛད་པ་མེད་པར་ཕྱོགས་བཅུ་དུས་གསུམ་ཀུན་ལ་ཁྱབ་པས་ཁྱབ་པ། ལྷུན་གྱིས་གྲུབ་པ་ནི་འབད་པ་དང་རྩོལ་བ་མེད་པ་ལྷུན་གྱིས་གྲུབ་པ་ཡིན། གསུམ་པ་ཡོན་ཏན་ནི། སངས་རྒྱས་ཆོས་སྐུའི་ཡོན་ཏན་དང་། གཟུགས་སྐུའི་ཡོན་ཏན་གཉིས་ལས། ཆོས་སྐུའི་ཡོན་ཏན་ནི། སྟོབས་བཅུ་མི་འཇིགས་པ་བཞི། མ་འདྲེས་པ་བཅོ་བརྒྱད་སོགས་ཟག་མེད་ཀྱི་ཆོས་སྡེ་ཚན་ཉི་ཤུ་རྩ་གཅིག་གི་རང་བཞིན་དེ་རྣམས་ཡིན། སངས་རྒྱས་གཟུགས་སྐུའི་ཡོན་ཏན་ལ། སྐུ་མཚན་བཟང་སུམ་ཅུ། དཔེ་བྱད་བརྒྱད་ཅུ། གསུང་ཚངས་དབྱངས་ཡན་ལག་དྲུག་ཅུའི་ཡོན་ཏན་དང་། ཐུགས་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན། མཁྱེན་པའི་ཡོན་ཏན་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་མངོན་སུམ་དུ་གཟིགས་པ་ཇི་ལྟ་བ་མཁྱེན་པ། ཆོས་ཅན་ཀུན་རྫོབ་ཀྱི་དངོས་པོ་ཐམས་ཅད་མ་འདྲེས་མངོན་སུམ་དུ་གཟིགས་པ་དཔེར་ན་སྐྱུ་རུ་ར་རློན་པ་ལག་མཐིལ་དུ་བཞག་པ་ལྟར་མཁྱེན་པ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཡིན། བརྩེ་བའི་ཐུགས་རྗེ་ནི་ཉིན་མཚན་དུས་དྲུག་ཏུ་སུ་ཞིག་ནི་དར། སུ་ཞིག་ནི་རྒུད་སོགས་གཟིགས་པ་མ་གཅིག་པུའི་བུ་གཅིག་པ་ལྟར་སེམས་ཅན་ཐམས་ཅད་ལ་ཉེ་རིང་ཕྱོགས་ཆ་མེད་པར་གཟིགས་པ་དེ་ཡིན། སྐྱོབས་པའི་ནུས་མཐུ་ནི། མདོ་ལས། རྒྱ་མཚོར་ཆུ་སྲིན་གནས་ཀྱི་རླབས། ། དུས་ལས་ཡོལ་བར་འགྱུར་ཡང་སྲིད། ། གདུལ་བར་བྱ་བའི་སྲས་རྣམས་ལ། ། སངས་རྒྱས་དུས་ལས་ཡོལ་མི་སྲིད། ། ཅེས་གསུངས་པ་བཞིན། ཉན་ཐོས་དང་། རང་རྒྱལ་དང་། བྱང་སེམས་རྣམས་ཀྱིས་གདུལ་བྱ་འདུལ་བའི་དུས་ལ་བབ་ཀྱང་། ལེ་ལོ་དང་བརྗེད་ངས་སོགས་ཀྱིས་གདུལ་རྒྱུར་མི་འགྲོ་བར་ཡལ་བར་འདོར་སྲིད་ལ། དེ་བཞིན་གཤེགས་པས་གཟིམ་ཁྲི་ཐ་མར་མྱ་ངན་ལས་འདས་པའི་དུས་སུ་མིའི་གདུལ་བྱ་ཀུན་ཏུ་རྒྱུ་རབ་དགའ་དང་། མི་མ་ཡིན་པའི་གདུལ་བྱ་དྲི་ཟ་རབ་དགའ་བདེན་པ་ལ་བཀོད་པ་ཡིན་ཏེ། སྔོན་གྱི་དུས་ཀྱི་ཚོང་པ་ལྔ་བརྒྱ་རྒྱ་མཚོར་ནོར་བུ་ལེན་དུ་ཕྱིན་པས་དུས་མ་ཡིན་པའི་རླུང་གིས་ཆུ་སྲིན་གྱི་ཁ་ནང་དུ་གཟིངས་དེད་པ་ལ་གཞན་རྣམས་ཀྱིས་རི་དང་ཚལ་དང་ཤིང་གི་ལྷ་ལ་སོགས་པར་གསོལ་བ་བཏབ་པ་ལ། དེད་དཔོན་བྱང་ཆུབ་སེམས་དཔས་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ལ་སྐྱབས་སུ་འགྲོ་དགོས། ཞེས་གསུངས་པས། ཐམས་ཅད་ཀྱིས་སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་བསྒྲགས་པས་དེ་བཞིན་གཤེགས་པའི་མཚན་ཐོས་པས་འཇིགས་ཏེ་རྒྱ་མཚོར་ནུབ་ནས་ཁ་བཙུམ་པས་མུ་གེར་ཤི་ནས་སངས་རྒྱས་ཀྱི་མཚན་ཐོས་པས་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་ནས་གཟོད་བདེན་པ་མཐོང་བ་ཡིན་པས། དེ་ལྟར་དེ་བཞིན་གཤེགས་པའི་མཚན་ཙམ་ཐོས་པས་ཀྱང་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་སྐྱོབས་པའི་ཕྲིན་ལས་དེ་ལྟར་མངའ་བ་ཡིན་ནོ། ། གཉིས་པ་དམ་པའི་ཆོས་ལ། ངོ་བོ་དབྱེ་བ་ཡོན་ཏན་གསུམ་ལས། དང་པོ་ངོ་བོ་ནི། ཉོན་མོངས་ཤེས་བྱ་བག་ཆགས་ཀྱི་སྒྲིབ་པ་སྤོང་པའམ་སྤོང་བྱེད་ཀྱི་ཐབས་སུ་གྱུར་པ་དམ་པའི་ཆོས་ཀྱི་ངོ་བོ་ཡིན། སྤང་བའམ་ཞེས་པ་ནི། ཉན་རང་བྱང་སེམས་གསུམ་གྱིས་ཉོན་མོངས་སྤོང་པའི་འགོག་པ་དམ་པ་དེ་དང་། སྤོང་བྱེད་ལམ་གྱིས་བདེན་པ་ཡིན་ནོ། ། དབྱེ་ན་ལུང་གི་ཆོས་དང་། རྟོགས་པའི་ཆོས་གཉིས། ལུང་གི་ཆོས་དེ་ལ་དབྱེ་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཞིག་ཡོད་པ་དེ་བསྡུ་ན། གསུང་རབ་ཡན་ལག་བཅུ་གཉིས། དེ་བསྡུ་ན་ལུང་སྡེ་སྣོད་གསུམ་དུ་འདུ་བ་ཡིན། ལུང་གི་ཆོས་དེ་ནི་དགེ་འདུན་པ་རྣམས་ཀྱི་ཐུགས་རྒྱུད་ན་བཞུགས་པ་དེ་ཡིན་མ་གཏོགས། ཕྱིའི་ཡི་གེ་པོ་ཏིའི་རྣམ་པ་རྣམས་ནི་ལུང་གི་ཆོས་ཀྱི་རྟེན་དུ་རྒྱུ་མཚན་ཉིད་ཐེག་པས་འདོད། གསང་སྔགས་ཀྱི་སྐབས་སུ། བརྡར་གྱུར་པ་དང་། བརྡར་སྣང་བ། བརྡར་གྲགས་པ་གསུམ་ལས། བརྡར་གྱུར་པ་ནི། གསུང་རབ་པོ་ཏིའི་རྣམ་པ། བརྡར་སྣང་བ་ནི། དགེ་འདུན་གྱི་ཐུགས་རྒྱུད་ན་ལུང་གི་ཆོས་སྣང་བ། བརྡར་གྲགས་པ་ནི། ངག་གི་བརྗོད་པའི་སྒྲ་ཚིག་རྣམས་ཡིན་པས་དོན་དུ་རྒྱལ་བའི་ལུང་རྟོགས་ཀྱི་ཆོས་རིན་པོ་ཆེ་རྣམ་པ་གཉིས་ཞེས། དཔེར་ན་སྲོག་གཅོད་པ་སྤངས་པའི་ཚིག་དེ་བློ་ལ་ངེས་པ་ལུང་གི་ཆོས་དང་། དེའི་དོན་ཉམས་སུ་ལེན་ཅིང་སྒྲུབ་པ་རྟོགས་པའི་ཆོས་ཡིན། རྟོགས་པའི་ཆོས་དེ་ལ་ལམ་ལྷག་པའི་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་སྟེ། ཐེག་དམན་ཉན་རང་གི་ལུང་གི་ཆོས་རྗོད་བྱེད་སྡེ་སྣོད་གསུམ་པོ་དེའི་བརྗོད་བྱ་བསླབ་པ་གསུམ། ཐེག་པ་ཆེན་པོའི་འདུལ་བའི་རྗོད་བྱེད་ཀྱི་བརྗོད་བྱ། རྩ་ལྟུང་ཉི་ཤུ་སོགས་ཚུལ་ཁྲིམས་ཀྱི་བསླབ་པ། མདོ་སྡེའི་རྗོད་བྱེད་མདོ་མང་གི་བརྗོད་བྱ་བྱམས་པ་དང་ཏིང་ངེ་འཛིན་སོགས་ཏིང་ངེ་འཛིན་གྱི་བསླབ་པ། ཡུམ་རྒྱས་འབྲིང་བསྡུས་གསུམ་སོགས་མངོན་པའི་ཆོས་ཀྱི་བརྗོད་བྱ་དབུ་མ་ཆེན་པོ་ཤེས་རབ་ཀྱི་བསླབ་པ། སྔགས་ཀྱི་དབང་དང་སྡོམ་ཆོག་ཐམས་ཅད་འདུལ་བ། དེའི་བསྟན་དོན་དམ་ཚིག་གི་རིམ་པ་རྣམས་ཚུལ་ཁྲིམས་ཀྱི་བསླབ་པ། རྒྱུད་སྡེ་བཞིའམ་དྲུག་གི་ཆོས་མདོ་སྡེ། དེའི་བསྟན་དོན་ཐུན་མོང་བའི་བསྐྱེད་རྫོགས་གཉིས་ཏིང་ངེ་འཛིན་གྱི་བསླབ་པ། རྫོགས་པ་ཆེན་པོའི་རྒྱུད་རྣམས་མངོན་པའི་ཆོས། དེའི་བསྟན་དོན་ཀ་དག་ཁྲེགས་ཆོད་དང་། ལྷུན་གྲུབ་ཐོད་རྒལ་གཉིས་ཤེས་རབ་ཀྱི་བསླབ་པ་མཐར་ཐུག་པ་ཡིན། མདོར་ན་རྗོད་བྱེད་ཚིག་གི་ཆ་ཐམས་ཅད་ལུང་གི་ཆོས། བརྗོད་བྱ་དོན་གྱི་ཆ་ཐམས་ཅད་རྟོགས་པའི་ཆོས་ཡིན། ཡོན་ཏན་ནི། ཆོས་ཀྱི་ཡོན་ཏན་བསམ་མི་ཁྱབ། ། ཅེས་པས། སྲིད་ཞིའི་རྒུད་པ་ཐམས་ཅད་སེལ་བ་དང་། སྲིད་ཞིའི་ཕུན་ཚོགས་ཐམས་ཅད་འབྱུང་བ་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན། དགེ་འདུན་ལ། ངོ་བོ། དབྱེ་བ། ཡོན་ཏན་གསུམ་ལས། ངོ་བོ་ནི་རིག་གྲོལ་གྱི་ཡོན་ཏན་གཉིས་དང་ལྡན་པ་དགེ་འདུན་གྱི་ངོ་བོ་ཡིན། དེ་ལ་མཐོང་རིགས་རྟོགས་གསུམ་དོན་གཅིག་མིང་གི་རྣམ་གྲངས་ཡིན་ལ། ཉན་རང་གིས་འབྲས་བུ་བཞི་པོ་རིམ་པ་བཞིན་བདེན་པ་བཞིས་རང་བཞིན་མཐོང་ཞིང་སྤང་བྱ་ཅི་རིགས་ལས་གྲོལ་བ་དང་། བྱང་ཆུབ་སེམས་དཔའ་མཐོང་ལམ་ཆོས་ཉིད་ཀྱིས་བདེན་པ་མཐོང་ཞིང་རྟོགས་ནས་སྤངས་བྱ་ཅི་རིགས་ལས་གྲོལ་བ་ཡིན་ལ། དེ་ནས་བཟུང་ས་བཅུའི་རྒྱུན་གྱི་ཐ་མའི་བར་དུ་ཉོན་ཤེས་བག་ཆགས་ཅི་རིགས་ལས་གྲོལ་བའི་དགེ་འདུན་པ་ཡིན། དབྱེ་ན་ཐེག་དམན་ཉན་རང་གི་དགེ་འདུན་དང་། ཐེག་ཆེན་འཕགས་པའི་དགེ་འདུན་གཉིས་ལས། དང་པོ་ཐུན་མོང་གི་དགེ་འདུན་ཉན་ཐོས་དང་རང་རྒྱལ་བྱང་ཆུབ་སེམས་དཔའ་གསུམ་དང་། ཐུན་མིན་གྱི་དགེ་འདུན་རིག་འཛིན་ནང་གི་དགེ་འདུན་རྣམས་ཡིན། དང་པོ་དེ་ལ་སོ་སྐྱེ་དང་འཕགས་པའི་དགེ་འདུན་གཉིས། སོ་སྐྱེས་ནི་ངོ་བོ་ངེས་འབྱུང་གི་བསམ་པས་ཀུན་ནས་བསླངས་ཏེ་སྡོམ་པ་སོ་སོར་ཐར་པ་རིགས་བརྒྱད་ཀྱི་སྡོམ་པ་ཞུས་ནས་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་། ཏིང་ངེ་འཛིན་བསྒོམ། ཤེས་རབ་བསྐྱེད་ནས་བདེན་པ་མ་མཐོང་གི་བར་ཚོགས་སྦྱོར་གྱི་ལམ་དུ་བཞུགས་པ་རྣམས་ཡིན། འཕགས་པ་ནི་ཁྱད་གཞི་བདེན་པ་བཞི་ལ་ཁྱད་ཆོས་མི་རྟག་སོགས་བཅུ་དྲུག་གི་ཚུལ་དུ་བདེན་པ་མཐོང་ནས་དེའི་རྒྱུན་ལ་ཞུགས་པ་རྒྱུན་ཞུགས། འདོད་ཉོན་སྐོར་དགུ་ལས་ཐམས་ཅད་མ་སྤང་ཞིང་འདོད་པར་ལན་གཅིག་སྐྱེ་བ་ལེན་དགོས་པ་ལན་གཅིག་ཕྱིར་འོང་དང་། འདོད་ཉོན་ལྷག་མ་མ་ལུས་པ་སྤངས་པས་ཕྱིར་འདོད་ཁམས་སུ་སྐྱེ་བ་ལེན་མི་དགོས་པས་ཕྱིར་མི་འོང་། ཁམས་གསུམ་གྱི་ཉོན་མོངས་པའི་དགྲ་མ་ལུས་པ་བཅོམ་པ་ནི་དགྲ་བཅོམ་པ། དེ་ལ་ལྷག་བཅས་དང་ལྷག་མེད་གཉིས་སོ། ། རང་རྒྱལ་ནི་དང་པོ་ལམ་ལ་སློབ་པའི་ཚེ་ཉན་ཐོས་ཇི་ལྟ་བ་ལ་ཚོགས་བསྐལ་བ་ཆེན་པོ་བརྒྱར་བསགས་ནས་སྲིད་པ་ཐ་མ་པའི་ཚེ་སྨོམ་ལམ་བཞི་བཏབ་པ་ནི་སངས་རྒྱས་མ་བྱོན་པའི་ཞིང་སྟོང་པར་སྐྱེ་ནས། སློབ་དཔོན་མེད་པར་རང་གིས་བྱང་ཆུབ་བརྙེས་པ་དང་། ངག་གིས་སྒྲས་ཆོས་མི་སྟོན་པ་དང་། སྐུའི་རྫུ་འཕྲུལ་གྱིས་གདུལ་བྱ་ལ་བསོད་ནམས་བསྐྱེད་པར་སྨོན་ལམ་བཏབ་པས། སངས་རྒྱས་དང་ཉན་ཐོས་མེད་པའི་ཞིང་དུ་སྐྱེས་ཤིང་མཚན་དཔེ་ཅུང་ཟད་རེས་བརྒྱན་པ་ཁྱིམ་ལ་མི་དགའ་ཞིང་དབེན་པར་མོས་པ་ཞིག་བྱུང་ནས་དུར་ཁྲོད་ཀྱི་གོས་ལས་ཆོས་གོས་གསུམ་སྐྱེས་ཐོབ་ཀྱི་ཤེས་རབ་ཀྱིས་ཤེས་ནས་དྲས་ཤིང་དྲབ་པ་བསྒོས་ནས་དུར་ཁྲོད་ཀྱིས་རུས་གོང་ལ་བལྟས་ཏེ་རུས་པ་འདི་ཅི་ལས་བྱུང་ན་སྐྱེ་བ་ལས་བྱུང་། སྐྱེ་བ་གང་ལས་བྱུང་ན་སྲིད་པ་ལས་བྱུང་སོགས་རྟེན་འབྲེལ་ལུགས་ལྡོག་གི་ཚུལ་དུ་མ་རིག་པ་ལས་བྱུང་བ་ཤེས། མ་རིག་པ་ལས་འདུ་བྱེད་དེ་ལས་རྣམ་ཤེས་སོགས་ནས་རྒ་ཤིའི་བར་དུ་ལུགས་འབྱུང་དང་། རྒ་ཤི་གང་ལས་འགགས་ན་སྐྱེ་བ་འགགས་པ་ལས་འགགས་སོགས་འགགས་རིམ་ལུགས་ལྡོག་དང་། མ་རིག་པ་འགགས་པས་འདུ་བྱེད་འགགས་པ་སོགས་འགགས་རིམ་ལུགས་འབྱུང་གིས་རྒ་ཤི་འགགས་པའི་བར་རྣམས་ལེགས་པར་བརྟགས་པས་རྟེན་འབྲེལ་ལུགས་འབྱུང་ལྡོག་གི་ཆོས་ཉིད་མཐོང་ནས་རྒྱུན་ཞུགས་སོགས་ཉན་ཐོས་དང་འདྲ་བས་རྟེན་བསམ་གཏན་བཞི་པ་ལ་བརྟེན་པ་ཡིན། དེ་ཡང་དབང་པོ་རྣོན་པོ་གྲོགས་ལ་བརྟེན་མི་དགོས་པ་རྣམས་ནི་བསེ་རུ་ལྟ་བུར་གཅིག་པུར་གནས་པ་དང་། དབང་རྟུལ་གྲོགས་ལ་བརྟེན་དགོས་པ་རྣམས་ནི་ནེ་ཙོ་ལྟ་བུ་ཁྱུས་ལྡིང་བ་མང་པོ་ལྷན་ཅིག་ཏུ་བཞུགས་པ་སྟེ་དེ་ལ་ལྷག་བཅས་ལྷག་མེད་ཀྱི་དགྲ་བཅོམ་པ་གཉིས་ཡོད། བྱང་སེམས་ཀྱི་དགེ་འདུན་ལ་ཡང་སོ་སྐྱེ་དང་འཕགས་པའི་དགེ་འདུན་གཉིས་ལས། དང་པོ་ནི། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་ཀྱིས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས་བྱང་སེམས་ཀྱི་སྡོམ་པ་སྲོལ་གཉིས་གང་ཡང་རུང་བ་ཞིག་ཞུས་ནས། རང་ལམ་གྱི་ཚུལ་ཁྲིམས་རྣམ་པར་དག་པས་རྒྱུད་བསྡམས་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པའི་རྫོགས་སྨིན་སྦྱང་བའི་སྒོ་ལ་སློབ་པ་ཚོགས་སྦྱོར་མོས་སྤྱོད་ཀྱི་ས་ན་བཞུགས་པ་སོ་སྐྱེ་དང་། མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་མཐོང་བ་ཡན་ཆད་འཕགས་པའི་དགེ་འདུན་ཏེ། ས་དང་པོ་ནས་བདག་མེད་གཉིས་མངོན་སུམ་དུ་མཐོང་། མཐོང་སྤངས་ཀུན་བཏགས་ཀྱི་ཆ་རྣམས་སྤངས། སངས་རྒྱས་བརྒྱའི་ཞལ་མཐོང་། སེམས་ཅན་བརྒྱ་སྨིན། ཞིང་ཁམས་བརྒྱ་བགྲོད། ཞིང་བརྒྱ་འོད་ཟེར་གྱིས་སྣང་བར་ནུས། ཞིང་བརྒྱ་རྫུ་འཕྲུལ་གྱིས་གཡོ་བར་བྱེད། ཏིང་ངེ་འཛིན་གྱི་སྒོ་བརྒྱ་ཐོབ། རང་གི་ལུས་བརྒྱར་སྟོན། དེ་རེ་རེ་ལའང་འཁོར་བརྒྱ་བརྒྱ་སྤྲུལ་པ་སོགས་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ། དེ་ནས་ས་གཉིས་པ་ནས་སྔར་མཐོང་ལམ་གྱིས་གནས་སྐབས་སུ་མཐོང་བའི་མཉམ་བཞག་གི་རྒྱུན་སྐྱོང་ཞིང་གོམས་པ་ལས་སྒོམ་སྤངས་ལྷན་སྐྱེས་ཀྱི་ཆ་རིམ་གྱིས་སྤངས་ནས། ཡོན་ཏན་འབུམ་ཕྲག་བཅུ་གཉིས་སོགས་ནས། བརྗོད་དུ་མེད་པའི་རྡུལ་གྱི་གྲངས་དང་མཉམ་པའི་ཡོན་ཏན་ཐོབ་དེའི་བར་དུ་སེམས་ཅན་རྒྱ་མཚོ་ལྟ་བུ་སྨིན་པར་བྱེད། ཞིང་རྒྱ་མཚོ་ལྟ་བུ་སྦྱངས། སངས་རྒྱས་རྒྱ་མཚོ་ལྟ་བུ་མཉེས་པར་བྱས་ཐུགས་སུན་པར་མ་བྱས་པའི་སྒོ་ནས་ཚོགས་གཉིས་རྒྱ་མཚོ་ལྟ་བུ་རྫོགས་པར་བྱས་པ་སྟེ། མདོར་ན་སེམས་ཅན་རྣམས་སེམས་མགུ་བར་བྱས། སུན་པར་མ་བྱས། སངས་རྒྱས་རྣམས་ཐུགས་མཉེས་པར་བྱས། སུན་པར་མ་བྱས་ནས་ཚོགས་གཉིས་རྒྱ་མཚོ་ལྟ་བུའི་སྒོ་ལ་འཇུག་ཅིང་ཏིང་ངེ་འཛིན་གྱི་སྒོ་དཔག་ཏུ་མེད་པ་ཐོབ་པ། ཡོན་ཏན་བསམ་གྱིས་མི་ཁྱབ་པས་བརྒྱན་པ་དེ་དག་ནི་བྱང་སེམས་འཕགས་པའི་དགེ་འདུན་ཡིན། རིག་འཛིན་ནང་གི་དགེ་འདུན་ནི། ཕྱི་རྒྱུད་ཀྲྀ་ཡོག་སྡེ་གསུམ་གྱི་དང་པོ་ཀྲྀ་ཡའི་སྒོར་འཇུག་པ་ལ། སྔགས་ཡིན་ན་སྡོམ་ཆོག་གམ། འཇུག་སྒོ། སྨིན་བྱེད་ཐམས་ཅད་དབང་ཡིན་པས། ཀྲྀ་ཡ་བས་དང་པོ་ཐུན་མོང་རིག་པའི་དབང་ལ། མི་བསྐྱོད་པ་ཆུ། རིན་འབྱུང་ཅོད་པན། སྣང་མཐའ་དྲིལ་བུའི་དབང་གསུམ་མཐའ་རྟེན་བཀྲུ་བྱབས་བསྲུང་གསུམ་དང་བཅས་པ་ཐོབ་ནས། བྱ་རྒྱུད་རང་ལམ་གྱི་དམ་ཚིག་རྣམ་པར་དག་པས་རྒྱུད་སྡོམ་པ་སྨིན་བྱེད་ཡིན་ལ། གྲོལ་བྱེད་ཀྱི་གདམས་པ་ཉམས་སུ་ལེན་པ་ལ་མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་ཞེས་པ་མ་གཏོགས་བསྐྱེད་རིམ་དང་རྫོགས་རིམ་གྱི་ཐ་སྙད་མེད་ལ། དང་པོ་མཚན་བཅས་ཀྱི་རྣལ་འབྱོར་ལ་རྙིང་མ་ལྟར་ཚད་མེད་བཞི་བསྒོམ་པ་དང་། སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་ཉིད་དུ་སྦྱང་ཞིང་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པ་ལས་ཀྲྀ་ཡ་ལྷ་དྲུག་གི་ཚུལ་དུ་བསྒོམ་ཞིང་བདག་དམ་ཚིག་སེམས་དཔའ་དང་ལྷ་ཡེ་ཤེས་སེམས་དཔའ་རྗེ་ཁོལ་གྱི་ཚུལ་དུ་བསྒོམ་པ་སྟེ་དམ་ཡེ་ཐ་དད་ཀྱི་ཚུལ་དུ་བསྒོམས་ནས་ལྷ་གཤེགས་སུ་གསོལ་ཞིང་། དམ་ཚིག་པ་དམིགས་པ་མེད་པར་བསྡུ་ལ། རྗེས་ཐོབ་ཏུ་དཀར་གསུམ་མངར་གསུམ་གྱི་ཟས་ཟ་ཞིང་། ཁྲུས་དང་གཙང་སྦྲ་ལ་གཙོ་བོར་སྤྱོད་པས་ནམ་ཞིག་ན་སྒྲུབ་རྟེན་བྲིས་སྐུ་བཞད་པ་དང་། མར་མེ་རང་འབར་བ། སྤོས་ཀྱི་ངད་ལྡང་བ་སོགས་གྲུབ་པའི་མཚན་མ་འབྱུང་གི་བར་སོ་སྐྱེ་དང་། དེ་ནས་དངོས་གྲུབ་བླང་བ་དང་མཉམ་དུ་འདོད་གཟུགས་ཀྱི་རིག་འཛིན་གྲུབ་ནས་རིགས་གསུམ་གྱི་ལྷའི་ཞལ་མཐོང་བ་དང་མཉམ་དུ་མཆོག་གི་དངོས་གྲུབ་ལ་སྦྱོར་ཏེ་དེ་ནས་མི་ཚེ་བཅུ་དྲུག་གི་བར་དུ་ལམ་སྦྱངས་ཤིང་མཐར་རིགས་གསུམ་རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་པ་སྟེ། དེ་ལྟར་ཉམས་སུ་ལེན་པའི་གང་ཟག་རིག་འཛིན་ནང་གི་དགེ་འདུན་སྔགས་པ་དང་སྔགས་མ་ཞེས་འདོགས་པ་ཡིན། སྤྱོད་རྒྱུད་ཀྱིས་འཇུག་སྒོ་སྔར་གྱི་དབང་གསུམ་པོའི་སྟེང་དུ། དོན་འགྲུབ་དྲིལ་བུའི་དབང་དང་། རྣམ་སྣང་མིང་གི་དབང་ཐོབ་ནས་རང་ལམ་གྱི་དམ་ཚིག་རྣམ་པར་དག་པས་རྒྱུད་བསྡམས་ཏེ། གྲོལ་བྱེད་ཀྱི་གདམས་པ་ཉམས་སུ་ལེན་པ་ལ་རྣལ་འབྱོར་དང་མཐུན་པར་བསྒོམས་ནས། དམ་ཡེ་མཉམ་པར་སྤུན་ནམ་གྲོགས་པོའི་ཚུལ་དུ་ལྟ་ཞིང་ཡི་དམ་ལྷའི་ཞལ་མ་མཐོང་གི་བར་སོ་སྐྱེའི་སྔགས་པ་དང་། འདོད་གཟུགས་ཀྱི་ལྷ་དང་ལུས་དང་ལོངས་སྤྱོད་སོགས་དང་སྐལ་བ་མཉམ་པའི་རིག་འཛིན་གྲུབ་ནས་ལྷའི་ཞལ་མཐོང་སྟེ་མཆོག་དངོས་གྲུབ་གྲུབ་ཅིང་། དེ་ནས་མི་ཚེ་བདུན་གྱི་བར་དུ་ལམ་སྦྱངས་ནས་མཐར་རིགས་བཞི་རྡོ་རྗེ་འཛིན་པའི་གོ་འཕང་མ་ཐོབ་བར་འཕགས་པའི་སྔགས་པ་དང་སྔགས་མ་ཞེས་དང་། རྣལ་འབྱོར་རྒྱུད་ཀྱི་སྨིན་བྱེད་དམ་འཇུག་སྒོ་ཐུན་མོང་རིག་པའི་དབང་ལྔ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་རྣམས་དང་མཐའ་རྟེན་རྟགས་བརྒྱད་རྫས་བརྒྱད་དང་བཅས་པའི་དབང་ཐོབ། རང་ལམ་གྱི་དམ་ཚིག་རྣམ་པར་དག་པས་རྒྱུད་བསྡམ། གྲོལ་བྱེད་གདམས་པ་ལ་ཁྲུས་དང་གཙང་སྦྲ་གཙོ་བོར་མི་བྱེད་པར་ནང་བསྒོམ་པ་མངོན་བྱང་ལྔའི་སྒོ་ནས་དམ་ཡེ་དབྱེར་མེད་དུ་བསྒོམ་པས་སྒྲུབ་རྟེན་འབར་བ་འོད་དང་ཞལ་འཛུམ་པ་སོགས་ཀྱི་སྒོ་ནས་དངོས་གྲུབ་བླངས་བས་འདོད་གཟུགས་ཀྱི་རིག་འཛིན་གྲུབ་ནས་ཡི་དམ་ལྷའི་ཞལ་མཐོང་སྟེ་མདོ་ལྟར་བདེན་པ་མཐོང་བའམ། སྔགས་ཀྱི་མཆོག་གི་དངོས་གྲུབ་གྲུབ་ཅིང་དེ་ནས་མི་ཚེ་ལྔའི་བར་དུ་ལམ་སྦྱངས་ཏེ་མཐར་རིགས་ལྔ་རྡོ་རྗེ་འཛིན་པའི་གོ་འཕང་མ་ཐོབ་ཀྱི་བར་སོ་སྐྱེ་དང་འཕགས་པའི་སྔགས་པ་དང་སྔགས་མ་ཞེས། ཕྱི་རྒྱུད་སྡེ་གསུམ་གྱི་རིག་འཛིན་ནང་གི་དགེ་འདུན་ཡིན། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ་ལ་རྙིང་མ་ལྟར། མ་ཧཱ། ཨ་ནུ། ཨ་ཏི་ཡོ་ག་གསུམ་ལས། དང་པོ་མ་ཧཱ་ཡོ་གའི་འཇུག་སྒོའམ། སྨིན་བྱེད་དམ། སྡོམ་ཆོག་ནི། རྒྱུད་སྡེ་ཞི་ཁྲོའམ། སྒྲུབ་སྡེ་བཀའ་བརྒྱད་ཀྱི་དབང་ལྟ་བུ་ཞིག་མ་ཐོབ་ན་དབང་གཞན་གྱིས་ལམ་དབང་གིས་གཞི་དབང་གི་གོ་མི་ཆོད་པས། དང་པོ་རྒྱུད་ལྟར། ཕྱི་ཕན་པའི་དབང་བཅུ། ནང་ནུས་པའི་དབང་ལྔ། གསང་བ་ཟབ་མོའི་དབང་གསུམ་ཐོབ་དགོས་ཏེ། དང་པོ་བླ་མས་སློབ་མའི་རྒྱུད་སྨིན་པར་བྱེད་པ་ལ། དང་པོ་ལྟ་གོན་ནས་བཟུང་སྟེ་སྐྱབས་སེམས་སྡོམ་བཟུང་གི་བར་རྣམས། དཔེར་ན་ཆང་གི་དང་པོ་ནས་བཙོས་པ་ལྟ་བུ་ཡིན། དེ་ནས་དབང་གི་སྣོད་རུང་དུ་སྒྲུབ་པ་སློབ་མ་ལྷར་གསལ་བའི་གནས་གསུམ་ཡི་གེ་གསུམ་ལ་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་གསལ་ཞིང་དེ་ལས་འོད་ཟེར་མཁའ་ཁྱབ་ཏུ་སྤྲོས་ནས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་དང་། ཁྱད་པར་དུ་འོག་མིན་སོགས་ནས་ལྷ་ཡེ་ཤེས་པ་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པས་སྤྱན་དྲངས་ནས་སློབ་མ་ལ་བསྟིམས་པས། རབ་ཡིན་ན་དབང་དོན་གྱི་ཡེ་ཤེས་རྟོགས། འབྲིང་ཡིན་ན་བདེ་གསལ་མི་རྟོག་གི་ཉམས་སྐྱེས། ཐ་མ་ཡིན་ཀྱང་སྒོ་གསུམ་རྡོ་རྗེ་གསུམ་གྱི་བློ་གཞན་གྱིས་མི་འཕྲོག་པ་ཞིག་ངེས་པར་སྐྱེ་དགོས་ཏེ། དཔེར་ན་ནས་ལ་ཕབ་བཏབ་པ་དང་མཚུངས། དེ་ནས་དབང་བཞི་རིམ་གྱིས་བསྐུར་ནས་མཇུག་ཏུ་དམ་ཚིག་ཐམས་ཅད་བསྡུས་ཏེ་ཁས་ལེན་པ་གཙོ་བོས་ཇི་ལྟར་བཀའ་སྩལ་པ་སོགས་ཀྱི་བར་ཆང་བསྙལ་བ་ལྟ་བུ་དང་མཚུངས་པས། དེ་ནས་དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་རྣམ་པར་དག་པས་རྒྱུད་མ་བསྡམ་ན། ཆང་ལ་དང་པོ་ནས་བཙོས་ཕབ་བཏབ་ནས་བསྙལ་ཀྱང་། གདོན་དང་འགྲུལ་སྣ་སོགས་ཀྱིས་རུལ་འགྲོ་བ་བཞིན། ཕྱག་ན་རྡོ་རྗེ་མངོན་པར་དབང་བསྐུར་བའི་རྒྱུད་ལས། དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་སྟེ། ། ཉམས་ན་ས་བོན་མེ་ཡིས་ཚིག་པ་བཞིན། ། ཞེས་གསུངས་པས། དང་པོ་དབང་མཚན་ཉིད་པ་ཞིག་ཐོབ་ཀྱང་། བར་དུ་དམ་ཚིག་རྣམ་པར་དག་པ་ཞིག་མ་བསྲུང་ན་མི་ཕན་ཏེ། དམ་ལྡན་དང་དམ་ཉམས་གཉིས་ཀྱི་བར་དུ་ཁྱད་ཆེན་པོ་མེད་དེ། ས་ལ་སར་མཐོང་ན་དམ་ཉམས། ས་ལ་སངས་རྒྱས་སྤྱན་མར་མཐོང་ན་དམ་ལྡན་ཡིན་དགོས་ཀྱང་། དུས་ཕྱིས་སྔགས་པ་རྣམས་ལ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པ་འཆར་དགོས་རྒྱུ་ལ་སྣང་བ་ཐམས་ཅད་འདྲེ་དང་རྒྱལ་པོར་ཤར་ནས་རང་གཞན་ཐམས་ཅད་ཡིད་མི་བདེ་བར་བྱེད་པ་དེ་དག་ལ་སྔགས་ཀྱི་དྲི་ཙམ་ཡང་མི་བྲོ། དེས་ན་སོ་ཐར་ཕྱི་ལུས་ངག་གི་ལས་གཙོ་ཆེ་བས་བསྲུང་སླ། དེ་བས་བྱང་སེམས་སེམས་ཀྱི་རྣམ་རྟོག་བཟང་ངན་ཙམ་ལ་རག་ལས་པ་སྔ་མ་ལས་ཅུང་ཟད་དཀའ། སྔགས་ཀྱི་དམ་ཚིག་ཐམས་ཅད་ཡེ་ཤེས་ཀྱི་སྟེང་ནས་བརྩི་དགོས་ཏེ་ཤིན་ཏུ་དཀའ་རུང་། དེང་སང་ཕལ་ཆེ་བས། སོ་ཐར་གྱི་སྡོམ་པ་སྲུང་དཀའ་བར་བསམ། སྔགས་ཀྱི་སྡོམ་པ་ཆུ་འབོག་ལྷམ་འབོག་བྱེད་ཆོག་པར་བསམ་པ་ཡིན་ཀྱང་དེ་ནི་ཕྱིན་ཅི་ལོག་ཏུ་བཟུང་བ་ཡིན། དེས་ན་མ་ཧཱ་ཡོ་ག་རང་ལམ་གྱི་དམ་ཚིག་རྣམ་པར་དག་པས་རྒྱུད་བསྡམ། གྲོལ་བྱེད་ཀྱི་གདམས་པ་ལ་མ་ཧཱ་ཡོ་ག་པས་ཐབས་བསྐྱེད་པའི་རིམ་པ་གཙོ་བོར་བསྒོམ། ཤེས་རབ་རྫོགས་པའི་རིམ་པ་ཆ་ཙམ་སྟེ་རླུང་དང་ཐིག་ལེའི་རྫོགས་རིམ་གཉིས་ལས་རླུང་གི་རྫོགས་རིམ་བསྒོམ་པ་ཡིན་ལ། དང་པོ་ཐབས་བསྐྱེད་པའི་རིམ་པ་ནི། ཐ་མལ་མ་དག་པའི་མཚན་རྟོག་གི་གཉེན་པོ་ཐབས་བསྐྱེད་པའི་རིམ་པ་བསྒོམས་པས་ཡུལ་གསུམ་གྱད་དུ་འགྱུར་བ་སྟེ། དང་པོ་ཡིད་ཀྱི་ཡུལ་དུ་རང་ཡི་དམ་གྱི་ལྷའི་རྣམ་པར་བཀྲ་ལམ་གྱིས་གསལ་ལ། གཉིས་པ་རེག་པའི་ཡུལ་རང་གི་ལག་པས་རེག་ཀྱང་ལྷ་དེ་དང་དེའི་རྒྱན་དང་ཕྱག་མཚན་ལ་སོགས་པ་ཐོག་རེག་གི་རྣམ་པ་ལྟ་བུར་ཡོད་པར་སྣང་བ་དང་། གསུམ་པ་དབང་པོའི་ཡུལ་དུ་གསལ་བ། ཕ་རོལ་པོས་བླ་མ་དེ་དཔལ་ཆེན་པོ་དང་རྡོ་རྗེ་འཇིགས་བྱེད་ལ་སོགས་པར་མཐོང་བ་རེད་ཅེས་པ་དེ་ལྟ་བུའི་བསྐྱེད་རིམ་ལ་གསལ་བརྟན་གྱི་ཚད་བརྒྱད་ཚད་དུ་ཕྱིན། ཉམས་ལྔ་མཐར་མ་ཕྱིན་གྱི་བར་དུ་གོམས་པས་ཐ་མལ་པའི་མཚན་རྟོག་བསྐྱེད་རིམ་གྱིས་ལྷའི་ངོ་བོར་སྡོམ་ཐུབ་ཀྱང་། ལྷར་འཛིན་གྱི་ཞེན་རྟོག་དང་མ་བྲལ་བས། གྱ་ནོམ་ལྷར་ཞེན་གྱི་གཉེན་པོ་ཤེས་རབ་རྫོགས་པའི་རིམ་པ་བསྒོམ་དགོས་ཏེ། དེ་ལ་རླུང་དང་ཐིག་ལེའི་རྫོགས་རིམ་གཉིས་ལས་དང་པོ་རླུང་ལས་སུ་མ་རུང་ན་ཐིག་ལེ་ལ་གནད་དུ་བསྣུན་མི་ནུས་པས། དང་པོ་བསྐྱེད་རིམ་མཐར་ཕྱིན་ནས་བརྟན་པ་ཐོབ་པ་ཞིག་གིས་ཕྱི་ལུས་ཀྱི་སྟོང་ར་ལྷར་གསལ་པ་མ་གཏོགས་ཐ་མལ་པའི་ལུས་ལྟར་མི་གསལ་བ། རླུང་དགང་སྟོང་ཙམ་གྱིས་རྫོགས་རིམ་གྱི་གོ་མི་ཆོད་པས། དང་པོ་བསྐྱེད་རིམ་བརྟན་པ་གལ་ཆེ། དེ་ནས་རླུང་བུམ་པ་ཅན་སྦྱོར་བ་བཞི་དང་ལྡན་པ་གོམས་པ་ལས་རླུང་སེམས་དབུ་མར་ཞུགས་པ་དང་གནས་པ་དང་ཐིམ་པའི་སྟོབས་དང་། སྟོང་པ་བཞི་སྟེ་རླུང་དབུ་མར་ཞུགས་རིམ་བཞིན་སེམས་དབང་ཤེས་ཡིད་ཤེས་ལ་ཐིམ་པ་སྟོང་པ། ཡིད་ཤེས་ཉོན་ཡིད་ལ་ཐིམ་པ་སྟོང་པ་ཆེན་པོ། ཉོན་ཡིད་ཀུན་གཞི་ལ་ཐིམ་པ་རབ་ཏུ་སྟོང་པ། ཀུན་གཞི་ཡེ་ཤེས་ལ་ཐིམ་པ་ཐམས་ཅད་སྟོང་པ་སྟེ་སྟོང་བཞིས་དྲངས་པའི་དཔེའི་འོད་གསལ་རྒྱུད་ལ་སྐྱེས། དེའི་རྗེས་སུ་སྣང་བ་གསུམ་གྱིས་འོད་གསལ་གྱི་རྒྱུ་བྱེད། རླུང་འོད་ཟེར་ལྔ་པས་རྐྱེན་བྱས་ནས་མ་དག་པའི་སྒྱུ་ལུས་རླུང་སེམས་ཙམ་ལས་གྲུབ་པའི་ལྷ་སྐུ་བཅོས་མིན་སྒྱུ་མ་ལྟར་ལྡང་ནུས་ལ། དེ་ལྟ་བུའི་དཔེའི་ཡེ་ཤེས་དེ་དོན་ཀྱི་འོད་གསལ་ལ་སྦྱོར་བར་བྱེད་པ་བོགས་འདོན་གྱི་སྤྱོད་པ་ནི་མ་ཧཱ་རིང་ལམ་གྱི་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་ཟླ་དྲུག་སྤོག་ཆོག་དགོས་པ་དང་མི་དགོས་པ་གཉིས་ཀ་ཡོད་ཅིང་། དོན་དུ་སྔར་བཤད་པ་ལྟར་དཔོན་སློབ་ཐམས་ཅད་བསྐྱེད་རིམ་དང་རླུང་ལ་བརྟན་པ་ཐོབ་པ་སྦྱོར་ལམ་དྲོད་ཀྱི་ཡེ་ཤེས་བརྙེས་པ་ཤ་སྟག་དཀྱིལ་འཁོར་གྱི་ཚོམ་བུའི་གྲངས་དང་མཐུན་པར་འཚོགས་དགོས། དེ་ལ་འཁོར་ཁང་རིམ་པ་གསུམ་དང་ལྡན་པ་དགྲ་བཟློག་མཚོན། ནད་བཟློག་སྨན། འཚོ་བ་ཟས། སྒྲུབ་པ་རྫས་ཀྱི་ཡོ་བྱད་ཐམས་ཅད་འཚོགས་པར་བྱས། དེ་ཡང་འཚོགས་པ་དེའི་ནང་དུ་རྩ་བའི་དམ་ཚིག་ཉམས་པ་གཅིག་ཡོད་ནའང་། གཞན་ཐམས་ཅད་ཀྱི་སྒྲུབ་པ་དོན་མེད་པར་མཆོག་དངོས་ནི་མི་འགྲུབ་ལ། ཐུན་མོང་གི་དངོས་གྲུབ་ཙམ་རེ་འགྲུབ་སྲིད་མ་གཏོགས། ཚོགས་སྒྲུབ་དོན་མེད་པ་ཡིན་ཏེ། ཨིནྡྲ་བྷཱུ་ཏིས། རྣལ་འབྱོར་ཉམས་པ་གཅིག་གིས་ནི། ། རྣལ་འབྱོར་ཅན་ཀུན་མ་རུངས་བྱེད། ། སྦལ་བ་རྨ་ཅན་གཅིག་གིས་ནི། ། སྦལ་བ་གཞན་རྣམས་རུལ་བར་བྱེད། ། ཅེས་པ་བཞིན། དམ་ཚིག་དང་ལྡན་པ་ཤ་སྟག་ཡིན་ན་ནི། ཟླ་བ་དྲུག་སྤོག་ཆོག་སྟེ། ཁ་བསྐང་དགོས་མི་དགོས་དབང་པོའི་ཁྱད་ཡིན་ལ། ཟླ་བ་དྲུག་རྫོགས་པའི་དུས་ཀྱི་སྲོད་ལ་འོད་སེར་སྔོ་དམར་བསྣོལ་མར་སྤྲོས་ཏེ་ལྷ་ལས་དངོས་གྲུབ་ལེན་པ་དང་། གུང་ལ་དགྲ་ལས་དངོས་གྲུབ་བླངས་ཏེ་འཚིང་བ་གསུམ་ལྡན་དུ་བསྒྲལ་ཞིང་དངོས་གྲུབ་ལེན་པ་དང་། ཐོ་རངས་ཀྱི་དུས་གཞན་ལུས་ཕྱག་རྒྱའི་ལམ་ལ་བརྟེན་ཏེ། ཐིག་ལེ་ཡས་བབ་ལ་བརྟེན་ཏེ་དངོས་པོ་ལྷན་གཅིག་སྐྱེས་པའི་ཡེ་ཤེས་ཞེས། བདེ་ཉམས་དང་མ་བྲལ་བའི་ཡེ་ཤེས་རྒྱུད་ལ་སྐྱེས། ཐིག་ལེ་མས་བསྟེན་གྱི་མཐར་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་གསལ་མི་རྟོག་པའི་ཉམས་ཞེན་ཐམས་ཅད་དང་བྲལ་བའི་དོན་གྱི་ཡེ་ཤེས་རྒྱུད་ལ་སྐྱེ་བ་སྟེ། དེའི་ཚེ་ཡབ་ལ་བདེ་བའི་ཡེ་ཤེས་དང་། ཡུམ་ལ་སྟོང་པའི་ཡེ་ཤེས་མངོན་སུམ་དུ་རྒྱུད་ལ་སྐྱེས་ནས་དེའི་རྗེས་ཐོབ་ཏུ་དག་པའི་སྒྱུ་ལུས་སློབ་པའི་ཟུང་འཇུག་སྟེ། སྐུ་ཐུགས་ཟུང་དུ་འཇུག་པའི་རྫོགས་རིམ་མ་བཅོས་པའི་ལྷ་སྐུར་ལྡང་བར་ནུས་ཤིང་། དེ་ཡང་ཚོགས་ལམ་པ་སྦྱོར་ལམ་དུ་ན་འཕར། སྦྱོར་ལམ་པ་མཐོང་ལམ་དུ་ན་འཕར། མཐོང་ལམ་ས་གཉིས་པ་ལ་སོགས་པར་ན་འཕར་ཞིང་། ཐམས་ཅད་དམ་ཚིག་དང་ལྡན་ན། ནམ་ཚོད་འཛིན་པའི་བྱ་དང་ཁྱི་མཛོ་མོ་ལ་སོགས་པས་རིག་འཛིན་གྱི་ས་མངོན་དུ་བྱས་འགྲོ་ཞིང་། དེ་ཡང་ཚོགས་སྒྲུབ་པ་རྣམས་དྲོད་ཐོབ་པ་ཤ་སྟག་ཡིན་ན་ཟླ་བ་དྲུག་གི་བར་དུ་རྩེ་མོ་དང་བཟོད་པ་གཉིས་རྫོགས་དངོས་གྲུབ་ལེན་པའི་དུས་ཆོས་མཆོག་སྐད་ཅིག་མའི་ཡེ་ཤེས་དེའི་རྗེས་སུ་མདོ་ལྟར་མཐོང་ལམ་མམ། སྔགས་ལྟར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ལ་སྦྱོར་བ་སྟེ། བཀའ་སྡེ་ཟུར་བའི་དགོངས་པ་ལྟར། ལམ་རིམ་ལས། ནུས་པ་ཐོབ་དང་མ་ཐོབ་པས། ། མཐོང་ལམ་གཉིས་སུ་བྱས་པ་ཡིན། ། ཞེས་པ་ལྟར། ཏིང་ངེ་འཛིན་གྱིས་མེས་ཐ་མལ་གྱི་ལུས་སྦྱངས་ནུས་ཤིང་དྭངས་མར་གྱུར་ཏེ་སྐྱེ་འཆི་མེད་པའི་ཚེ་དབང་བརྙེས་པ་ལ་ཚེ་དབང་རིག་འཛིན་དང་། སྦྱངས་མ་ནུས་པ་སེམས་ལྷ་སྐུར་སྨིན་ཀྱང་ལུས་སྦྱངས་མ་ནུས་པ་རྣམ་སྨིན་རིག་འཛིན། ས་གཉིས་པ་ནས་དགུ་པའི་བར་དུ་ཕྱག་རྒྱ་ཆེན་པོའི་རིག་འཛིན། དེ་ནས་མཐར་ལམ་ལྷུན་གྲུབ་རིག་འཛིན་སངས་རྒྱས་མ་རག་པའི་ཆ་དེ་ཡིན་ལ། ཀུན་མཁྱེན་ཆེན་པོའི་དགོངས་པ་ལྟར་ན། ཚོགས་ལམ་ཆེན་པོའི་མཐའ་ལ་བཞུགས་པ་ལུས་ལྷ་སྐུར་མ་སྨིན་ཞིང་། སེམས་ལྷ་སྐུར་སྨིན་པ་རྣམ་སྨིན་རིག་འཛིན་དང་། དེ་ནས་མཐོང་ལམ་ཕྱག་ཆེན་རིག་འཛིན་ཡིན་ལ། དེ་ལ་ལུས་དྭངས་མར་གྱུར་ནས་ཚེ་ལ་དབང་བ་ནི་ལམ་མཆོག་ཡོངས་རྫོགས་ཚེ་དབང་རིག་འཛིན་དང་། ཚེ་ལ་དབང་བ་མ་ཐོབ་ན་ཚེ་འདིར་མཐོང་ལམ་བརྙེས་པ་དེ་བར་དོར་ས་གཉིས་པར་ན་འཕར་ཞིང་རྗེས་ཐོབ་སློབ་པའི་ཟུང་འཇུག་ཏུ་ལྡང་ནས་རྒྱུན་མཐའ་མན་ཆད་ཕྱག་ཆེན་རིག་འཛིན། དེ་ནས་མཐར་ཕྱིན་སངས་རྒྱས་ཀྱི་ས་མངོན་དུ་གྱུར་པ་ལྷུན་གྲུབ་རིག་འཛིན་ཡིན་ལ་དེ་ལྟར་རིག་འཛིན་རྣམ་པ་བཞིའི་ས་ལ་བཞུགས་པ་དེ་རྣམས་མ་ཧཱ་ཡོ་གའི་ལུགས་ཀྱི་དཔའ་བོ་དང་དཔའ་མོ་ཞེས་རིག་འཛིན་ནང་གི་དགེ་འདུན་ཡིན། ཨ་ནུ་ཡོ་གའི་སྨིན་བྱེད་ཀྱི་དབང་། ཕྱི་དབང་རྒྱུད་ཀྱི་ཆུ་བོ་བཅུ། ནང་དབང་འབྱུང་བའི་ཆུ་བོ་བཅུ་གཅིག སྒྲུབ་དབང་གྲགས་པའི་ཆུ་བོ་བཅུ་གསུམ། གསང་དབང་རྫོགས་པའི་ཆུ་བོ་གཉིས་ཏེ་རྩ་བའི་དབང་མཆོག་སུམ་ཅུ་སོ་དྲུག་ཐོབ་ནས། རང་ལམ་གྱི་དམ་ཚིག་རྣམ་པར་དག་པས་རྒྱུད་བསྡམས་ཏེ། གྲོལ་བྱེད་ཀྱི་གདམས་པ་ཉམས་སུ་ལེན་པ་ལ། བསྐྱེད་རིམ་ཆ་ཙམ་དང་རྫོགས་རིམ་མ་ཧཱའི་སྐབས་ལྟར་རླུང་གི་རྫོགས་རིམ་སྔོན་དུ་སོང་ནས། འདིར་ཐིག་ལེའི་རྫོགས་རིམ་གཙོ་བོར་གནད་དུ་བསྣུན་ནས་རང་ལུས་ཐབས་ལྡན་རྩ་དྲང་རླུང་བྱང་། ཐིག་ལེ་ལས་སུ་རུང་ནས། གཞན་ལུས་ཕྱག་རྒྱའི་ལམ་ལ་བརྟེན་ཅིང་། དང་པོ་ཐིག་ལེ་ཡས་བབ་ཀྱི་སྟོབས་ཀྱིས་དྲངས་བའི་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། མས་བརྟན་གྱི་མཐའ་ལ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བཏགས་ཀྱང་ལས་དང་པོ་པའི་གནས་སྐབས་སུ་ཉམས་ཞེན་དང་བྲལ་བའི་ཡེ་ཤེས་སྐྱེ་དཀའ། དེ་ནས་དཔེའི་ཡེ་ཤེས་རྒྱུད་ལ་སྐྱེས་ཡོད་ན་རྗེས་ཐོབ་ཏུ་མ་དག་པའི་སྒྱུ་ལུས་ཞེས་དོན་ལ་རླུང་སེམས་ཙམ་ལས་གྲུབ་པའི་ལྷ་སྐུར་ལྡང་ནུས་ལ། དོན་གྱི་ཡེ་ཤེས་རྒྱུད་ལ་སྐྱེས་ཡོད་ན་དག་པའི་སྒྱུ་ལུས་ཞེས་ཡེ་ཤེས་ཀྱི་གདངས་ལས་ཤར་བའི་ལྷ་སྐུར་ལྡང་ནུས་ཤིང་། དེ་ཡང་འདུན་པ་སེམས་པ་ཚོགས་ལམ་དང་། རིགས་ཆེན་འབྱེད་པ་སྦྱོར་ལམ། ལུང་ཆེན་ཐོབ་པ་མཐོང་ལམ། དབུགས་ཆེན་འབྱིན་པ་སྒོམ་ལམ། རྩལ་ཆེན་རྫོགས་པ་མི་སློབ་པའི་ལམ་སྟེ་དེ་ལྟར་རིག་འཛིན་རྣམ་པ་ལྔའི་ས་ལ་བཞུགས་པ་རྣམས་ནི་ཨ་ནུ་ཡོ་ག་རང་གི་ལམ་གྱི་མཁའ་འགྲོ་དང་མཁའ་འགྲོ་མ་སྟེ་རིག་འཛིན་ནང་གི་དགེ་འདུན་ཡིན། ཨ་ཏི་ཡོ་གའི་སྨིན་བྱེད་ཀྱི་དབང་། དབང་འོག་མ་གཉིས་ཀྱི་བཞི་པ་ཚིག་དབང་རིན་པོ་ཆེ་ལས་ཁྱད་པར་དུ་ཕྱེས་པའི་དབང་སྤྲོས་བཅས་སྤྲོས་མེད་སོགས་ཀྱི་དབང་བཞི་ཐོབ། རང་ལམ་གྱི་དམ་ཚིག་རྣམ་པར་དག་པས་རྒྱུད་བསྡམ། གྲོལ་བྱེད་ཀྱི་གདམས་པ་ལ། ལེ་ལོ་ཅན་འབད་མེད་དུ་གྲོལ་བ་ཀ་དག་ཁྲེགས་ཆོད་དང་། བརྩོན་འགྲུས་ཅན་འབད་བཅས་སུ་གྲོལ་བ་ལྷུན་གྲུབ་ཀྱི་གདམས་པ་གཉིས་ཉམས་སུ ་བླངས། ཆོས་དབང་བཙན་དུ་བྱས་ན་ཆོས་ཉིད་མངོན་སུམ་མཐོང་ལམ་ལ་འཇོག་དགོས་ཀྱང་། གང་ཟག་དབང་བཙན་དུ་བྱས་ན་ཆོས་ཉིད་མངོན་སུམ་ཚོགས་ལམ་དང་། ཉམས་གོང་འཕེལ་སྦྱོར་ལམ། རིག་པ་ཚད་ཕེབས་མཐོང་ལམ་དང་། ཆོས་ཉིད་ཟད་པ་ལ་ཕྱི་གཟུང་བའི་ཡུལ། ནང་འཛིན་པའི་སེམས། གསང་བ་ཉམས་ཀྱི་འཕེལ་རྣམས་རིམ་གྱིས་ཟད་པ་རྣམས་འཕགས་པ་སློབ་པ། ཟད་པ་ཡོངས་སུ་རྫོགས་པ་མི་སློབ་པའི་ལམ་ཡིན། དེ་ལྟར་ལམ་སྣང་བ་བཞིའི་ལམ་ན་བཞུགས་པ་རྣམས་རིག་འཛིན་ནང་གི་དགེ་འདུན་ཡིན། ཡོན་ཏན་ནི། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། གཟུངས་དང་། སྤོབས་པ་སོགས་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་རྒྱ་མཚོ་ལྟ་བུ་དང་ལྡན། དེ་ལྟ་བུའི་སྐྱབས་ཡུལ་རྣམས་ཚུར་བསྡུ་ན་བླ་མ་ལ་འདུ་ཞིང་། ཕར་སྤྲོས་ན་སྐྱབས་གནས་དགུ་སྤྲུག་པོ་དེ་རྣམས་ཡིན། དེ་དག་སྐྱབས་ཡུལ་དུ་བྱ་ཞིང་ཁྱད་པར་རྩ་རླུང་སོགས་རང་ལ་ཚང་བས་སྐྱབས་སུ་འགྲོ་དུས་རྩ་དག་པ་སྤྲུལ་སྐུར་སྦྱངས་སོགས། སྐྱེས་བུ་ཆེན་པོའི་བསམ་པའི་ཁྱད་པར། སྲིད་ཞིའི་རྒུད་པ་མཐའ་དག་སེལ་བའི་ཆེད་དུ་སྐྱབས་སུ་འགྲོ་བ་ཡིན་ལ། དེ་ལྟ་བུའི་བསམ་པའི་ཁྱད་པར་དེ་ཡང་རྒྱུ་མཚན་ཉིད་ཐེག་པ་ལྟར་ན་བསམ་པའི་ཁྱད་པར་ཡང་ཡིན་ལ། འབྲས་སྐྱབས་ཀྱང་ཡིན། རྒྱུ་སྐྱབས་ཁྱད་པར་གསུམ་ལྡན་གྱི་སྒོ་ནས་སྐྱབས་སུ་འགྲོ་བ་ཡིན། དེ་ལ་ཡང་འདོད་ཚུལ་གཉིས་ཏེ། བཀའ་བར་བའི་དགོངས་པ་ལྟར་ན་རྒྱུའི་སྐྱབས་འགྲོ་དེས་རྒྱུ་བྱེད་ནས་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དེ་འབྲས་སྐྱབས་སུ་འདོད། དེ་ལ་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་མཚན་ཉིད་པ་ཡིན་པར་འདོད། བཀའ་ཐ་མ་ཡན་ཆད་ཀྱིས། བདེ་གཤེགས་སྙིང་པོའི་ཡེ་ཤེས་ཞེས་གཞི་སེམས་ཅན་གྱི་རྒྱུད་ལ་གཞི་གནས་རང་བྱུང་གི་ཡེ་ཤེས་ཡོད་པར་འདོད་དེ། དེ་ཡང་རྟག་པ། འགྱུར་བ་མེད་པ། ངོ་བོས་སྟོང་པ་ཡིན་ཅིང་། དེ་ལ་རྒྱལ་བ་སྐུ་གསུམ་གྱི་ཡོན་ཏན་ཐམས་ཅད་མ་བཅོས་ལྷུན་གྲུབ་ཀྱི་ཚུལ་དུ་ཡོད་པར་འདོད་ལ་བྲལ་གཞི་བདེ་གཤེགས་སྙིང་པོའི་ཡེ་ཤེས་དེ་གློ་བུར་གྱི་དྲི་མས་བསྒྲིབས་ནས་ཡོད་པས་དེ་བསལ་བའི་ཐབས་སམ་རྐྱེན་ཚོགས་གཉིས་དགོས་ཀྱང་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་མཚན་ཉིད་པར་མི་འདོད་ཅིང་མངོན་དུ་གྱུར་པའི་རྐྱེན་དུ་འདོད་པ་ཡིན། དེ་ལྟར་དང་པོ་རྒྱུ་སྐྱབས་དེ་ལ། བཏགས་པ་བ་བརྗོད་པའི་ཁས་ལེན་གྱི་སྐྱབས་འགྲོ་དང་། དེ་ནས་མཚན་ཉིད་པ་ལམ་རྗེས་སུ་སྒྲུབ་པའི་སྐྱབས་འགྲོ་གཉིས་ལས། དང་པོ་ནི་སྟོན་པ་ལམ་གྲོགས་ཀྱི་སྒོ་ནས་སྐྱབས་འགྲོའི་ཚིག་འབུམ་ཕྲག་སོགས་འདོན་པ་ཡིན་ལ། གཉིས་པ་ནི། དེ་ནས་ཚོགས་གཉིས་བསགས་པའི་སྒོ་ཇི་སྙེད་ལ་འཇུག་པ་ཐམས་ཅད་ལམ་རྗེས་སུ་སྒྲུབ་པའི་སྐྱབས་འགྲོ་ཡིན། དེ་ལྟ་བུའི་ཡེ་ཤེས་དེ་མེད་ན་མི་འབྱུང་བའི་རྒྱུ་ཡིན་ཏེ། དེ་རང་ངོ་མ་ཤེས་ཚེ་སེམས་ཅན་དང་། ཤེས་ནས་མངོན་དུ་གྱུར་དུས་སངས་རྒྱས་ཡིན་པར་བཞེད་ལ། ས་དང་པོ་ནས་བཟུང་ཡེ་ཤེས་དེ་ཕྱོགས་གཅིག་རྟོགས་རུང་དེ་ནས་བཟུང་རིམ་བཞིན་རྟོགས་གོམས་ཀྱིས་མཐར་ས་བཅུའི་རྒྱུན་གྱི་ཐ་མའི་བར་ལམ་རྟོགས་པའི་ཆོས་དང་། ས་བཅུའི་རྒྱུན་གྱི་ཐ་མར་གཉེན་པོ་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས་སྤངས་བྱ་ལྷག་མ་མ་ལུས་པ་སྤངས་ནས་སངས་རྒྱས་ཤིང་། ངོ་བོ་ཡེ་དག་ལ་གློ་བུར་བྲལ་དག་གི་ཆས་བྱས་པའི་སངས་རྒྱས་དེ་འབྲས་བུ་རྟོགས་པའི་ཆོས་ཡིན། སངས་རྒྱས་དེའི་ཐུགས་རྒྱུད་ན་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཡོད་པ་དེ་ཡིན་ནོ། ། དེ་ལ་སོ་སོར་བརྟགས་འགོག་དང་། བརྟགས་མིན་གྱི་འགོག་པ་གཉིས་ཡོད། བརྟགས་མིན་གྱི་འགོག་པ་སེམས་ཅན་གྱི་རྒྱུད་ན་བདེ་གཤེགས་སྙིང་པོའི་ཡེ་ཤེས་ངོ་བོ་ཡེ་དག་གི་ཚུལ་དུ་ཡོད་པ་ཡིན་ཅིང་། སོ་སོར་བརྟགས་པའི་འགོག་པ་གློ་བུར་བྲལ་དག་གི་ཆ་སངས་རྒྱས་ཆོས་ཀྱི་སྐུ་དེ་ཡིན། དེ་ལྟ་བུའི་ཡེ་ཤེས་དེ་སེམས་ཅན་གྱི་རྒྱུད་ན་ཇི་ལྟར་ཡོད་ན་རལ་གྲི་ཤུབ་ན་ཡོད་པ་ལྟར་དང་། ནོར་བུ་འདམ་ཀྱིས་སྒྲིབ་པ་ལྟ་བུའི་གློ་བུར་གྱི་དྲི་མས་སྒྲིབ་ཡོད་པ་དེ་བསལ་བའི་ཐབས་ལ་རྒྱུ་སྐྱབས་དང་འབྲས་སྐྱབས་གཉིས་ལས་རྒྱུ་དང་རྐྱེན་དུ་འདོད་པའི་ཁྱད་པར་རོ། ། ཐུན་མིན་ནང་གི་སྐྱབས་ཡུལ་རྩ་བ་གསུམ་དཀོན་མཆོག་གསུམ་ཇི་ལྟར་ཡིན་ཚུལ་ནི། མཆོག་གི་སྤྲུལ་པའི་སྐུ་སངས་རྒྱས་སུ་འདོད་པ་མདོ་ལྟར་དང་། གསང་སྔགས་ཀྱི་ལུགས་ལ་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུར་བཞེད་པ་དང་། དེ་ལ་བླ་མ་དགེ་འདུན་དང་། མོས་ལྷ་ཕོག་ལྷ་གཉིས་སངས་རྒྱས་ཡིན་པར་བཞེད་པ་དང་། ཡང་ལུགས་གཅིག་ལ། བླ་མ་སངས་རྒྱས་དང་། ཡི་དམ་ཆོས་དཀོན་མཆོག་དང་། བརྒྱུད་པའི་བླ་མ་གཞན་རྣམས་རིག་འཛིན་ནང་གི་དགེ་འདུན་ཡིན། བླ་མ་སངས་རྒྱས་ཡིན་པའི་ཚུལ་ལུང་དང་རིགས་པ་གཉིས་ཀྱིས་བསྒྲུབ་དགོས་ཏེ། ལུང་ནི་རིམ་ལྔ་ལས། འདི་ནི་རང་བྱུང་བཅོམ་ལྡན་འདས། ། གཅིག་པུ་བདག་ཉིད་ཆེ་བའི་ལྷ། །
མན་ངག་རྣམས་ནི་རབ་སྟེར་བས། ། རྡོ་རྗེ་སློབ་དཔོན་དེ་བས་ལྷག །ཅེས་པ་སོགས། རིགས་པ་ནི། བླ་མའི་ཐུགས་ཡེ་ཤེས་ཆེན་པོ་ཡིན། དེའི་རྣམ་འགྱུར་སྐུ་ལྟར་ཤར། གསུང་ལྟར་གྲགས། ཐུགས་ལྟར་འཕྲོ་བས་ཆོས་སྐུའི་རྣམ་འགྱུར་གཟུགས་སྐུ་དང་། གཟུགས་སྐུའི་ངོ་བོ་ཆོས་སྐུ་ཡིན་ལ་དེ་ཡང་དབྱེར་མི་ཕྱེད་པ་ཟུང་འཇུག་རྡོ་རྗེ་འཆང་ཡིན། ཡི་དམ་ཆོས་དཀོན་མཆོག་ཡིན་ཚུལ་ནི། སྤྱིར་གསར་རྙིང་ཐུན་མོང་གི་རྒྱུད་སྡེ་བཞི་ཡོད་དེ། རྣལ་འབྱོར་གྱི་རྒྱུད་སྡེ་ལ། རྣལ་འབྱོར་ཕྱི་པ་དང་། ནང་པ་གཉིས། ནང་པ་ལ་རྙིང་མས་ཟབ་མོ་ནང་རྒྱུད་སྡེ་གསུམ། གསར་མའི་བདེ་ཀྱེ་གསང་གསུམ་སྟེ། དེ་རྣམས་ལུང་གི་ཆོས་དང་། རྟོགས་པའི་ཆོས་གཉིས་ལས་ལུང་གི་ཆོས་ལ་སྔགས་ཕྱི་པའི་ལུང་གི་ཆོས་སྒྲར་སྣང་བ། སྒྲར་གྲགས་པ། བརྡར་གྱུར་པ་ཕྱི་རྒྱུད་ཀྲྀ་ཡོག་སྡེ་གསུམ་པོ་ཡིན། རྟོགས་པའི་ཆོས་སྨིན་གྲོལ་གཉིས་ཡིན། སྨིན་གྲོལ་གྱི་གདམས་པ་སྦྱིན་པའི་བླ་མ་དེ་སངས་རྒྱས་དང་། དེས་སྦྱིན་པའི་སྨིན་གྲོལ་གཉིས་པོ་ཆོས། ཉམས་སུ་ལེན་པའི་གང་ཟག་དེ་རིག་འཛིན་ནང་གི་དགེ་འདུན་ཡིན། ནང་རྒྱུད་སྡེ་གསུམ་གྱི་དང་པོ་འཇུག་སྒོའི་དབང་དང་གྲོལ་བྱེད་ཀྱི་གདམས་པ་སྦྱིན་པའི་བླ་མ་དེ་སངས་རྒྱས་ཡིན་ལ། སྨིན་གྲོལ་གྱི་གདམས་པ་གཉིས་ཆོས་དཀོན་མཆོག་དང་། དེ་ལྟར་ཉམས་སུ་ལེན་པའི་གང་ཟག་ནི་རིག་འཛིན་ནང་གི་དགེ་འདུན་ཏེ་རྩ་བ་གསུམ་པོ་དཀོན་མཆོག་གསུམ་གྱི་རང་བཞིན་དུ་འདུ་ལ། དབྱེ་ན་སྐྱབས་གནས་དགུ་སྤྲུག་ཏུ་དབྱེ་རུང་མོད་ཀྱང་། ཚུར་བསྡུ་ན་བླ་མ་གཅིག་པུ་ཉིད་ལ་འདུ་བ་ཡིན། དེ་ཡན་གྱིས་སྐྱབས་འགྲོའི་གོ་དོན་ཅུང་ཟད་སོང་ནས། ད་ཉམས་སུ་ལེན་ཞིང་སྦྱོར་བ་ལག་ལེན་དུ་འདེབས་པ་ལ། ཐུན་དང་ཐུན་མཚམས་གཉིས། ཐུན་ལའང་། ཉིན་ཐུན་གཉིས། མཚན་ཐུན་གཉིས་དང་བཞིའམ་བརྒྱད་གང་ཡིན་ཀྱང་། དང་པོ་ཐུན་ལ། ཐུན་གྱི་སྔོན་འགྲོ་དང་། དངོས་གཞི། རྗེས་དང་གསུམ། དང་པོ་སྔོན་འགྲོ་ལ། ལུས་གནད། ངག་གནད། སེམས་གནད། གསོལ་བ་འདེབས་པ་དང་བཞི་པོ་འདི་ཐུན་ཐམས་ཅད་ལ་འགྲོ་དགོས། ལུས་གནད་རྣམ་སྣང་ཆོས་བདུན་གྲོལ་ལམ་གྱི་ཆོས་བདུན་ལྷོད་ཆ་ཅན་ནམ། སྐྱིལ་ཀྲུང་དྲང་པོར་བཅའ། ངག་གནད་རླུང་རོ་བསལ་བ་ལ་རླུང་རོ་སུམ་སྤྲུག་གམ་དགུ་སྤྲུག་གང་མོས་བྱེད་ཚེ་རང་གཞན་གྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་དང་། སྡིག་ལྟུང་ཆགས་ཉམས། ཟབ་མོ་ལམ་གྱི་གེགས་དང་བར་ཆད་ཐམས་ཅད་རླུང་ནག་པོ་ཞིག་གི་རྣམ་པར་བསམ་ལ་ཕྱིར་འབུད། སེམས་ཀྱི་གནད་ལ་ཀུན་སློང་བཅོས་དགོས། དང་པོ་ཀུན་སློང་ངན་པ་རྣམས་བསལ། ལུང་མ་བསྟན་བཅོས། བསམ་པ་བྱང་ཆུབ་སེམས་ཀྱིས་ཀུན་སློང་བཅོས། གསོལ་བ་འདེབས་པ་ནི་བླ་མའི་རྣམ་པ་བསྒྱུར་ན་ཡང་རུང་། མ་བསྒྱུར་ཀྱང་ཆོག་པས། སྤྱི་བོར་པདྨ་འདབ་མ་འབུམ་ཕྲག་བརྡལ་ཞིང་ཟེའུ་འབྲུ་དམར་སེར་གྱེས་པའི་དབུས་སུ་ཟླ་བའི་གདན་གྱི་སྟེང་དུ་སེང་ཁྲི་དར་ཟབ་འབོལ་བརྩེགས་ཀྱི་གདན་ལ་རབ་བྱུང་ངམ་སྔགས་པ་གང་ཡིན་ན་དེའི་རྣམ་པར་བསྒོམ་ལ། སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་དུང་དུང་བས་འདོད་པའི་དོན་ལ་གསོལ་བ་འདེབས་དགོས་ཤིང་། དེ་ཡང་དལ་འབྱོར་རྙེད་དཀའ་ལྟ་བུ་བསྒོམ་པའི་ཚེ་བླ་མས་དལ་འབྱོར་ལ་སྙིང་པོ་ལོན་པའི་ཡོན་ཏན་དེ་བདག་གི་རྒྱུད་ལ་སྐྱེ་བའི་གསོལ་འདེབས་དང་། དེའི་རྗེས་སུ་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསྒོམ་ནས་མཉམ་པར་བཞག དེ་བཞིན་དུ་ཐུན་མོང་ཐུན་མིན་གང་སྒོམ་པའི་སྐབས་སུ་བླ་མའི་ཐུགས་རྒྱུད་ཀྱི་དེ་དང་དེའི་ཡོན་ཏན་རྣམས་རང་རྒྱུད་ལ་སྐྱེ་བའི་གསོལ་འདེབས་དང་། ཐུགས་ཡིད་བསྲེ་ནས་མཉམ་པར་བཞག་པ་ནི་ཐུན་ཀུན་ལ་འགྲེ་ཤེས་དགོས། གཉིས་པ་ཐུན་གྱི་དངོས་གཞི་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫོགས་སྨིན་སྦྱངས་གསུམ་ལས། འདི་ནི་ཞིང་སྦྱང་བ་ཡིན་པས་ས་གཞི་ཐམས་ཅད་རིན་པོ་ཆེའི་ས་གཞི་མིག་མང་རིས་སུ་བྲིས་པ། རང་གི་ཐད་ཀྱི་རྒྱང་རིང་པོ་ན། དཔག་བསམ་གྱི་ཤིང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཡལ་ག་ལྔ་པའི་དབུས་མའི་སྟེང་དུ་སེང་ཁྲི་དར་ཟབ་འབོལ་བརྩེགས་ཀྱི་གདན་ལ། ངོ་བོ་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་ཨོ་རྒྱན་རིན་པོ་ཆེའི་རྣམ་པ། དེའི་སྤྱི་གཙུག་འོད་ལྔའི་ཐིག་ལེ་ཟླུམ་སྐོར་གྱི་ནང་བརྒྱུད་པའི་བླ་མ་རྣམས་བཞུགས། ཁྲིའི་མཐའ་བསྐོར་དུ་རང་གི་དབང་ཐོབ་པ་སོགས་ཀྱི་བླ་མ་རྣམས་དང་། དེའི་མཐའ་སྐོར་དུ་ཡི་དམ་རྒྱུད་སྡེ་བཞིའམ་དྲུག་གི་ལྷ་ཚོགས་རྣམས་གསལ། གཡས་ཀྱི་ཡལ་གར་སངས་རྒྱས་སོགས་མཐའ་སྐོར་དུ་ཆོས་སྐྱོང་ཕོ་རྒྱུད་རྣམས་ཀྱིས་ཞལ་ཕྱིར་གཟིགས་ནས་ཕྱིའི་དགྲ་བགེགས་ནང་དུ་མི་གཏོང་བའི་ཕྲིན་ལས་མཛད། མོ་རྒྱུད་ཐམས་ཅད་ཀྱིས་ཞལ་ནང་དུ་གཟིགས་ནས་ནང་གི་དངོས་གྲུབ་ཕྱིར་མི་གཏོང་བའི་ཕྲིན་ལས་མཛད། དེའི་མཐའ་སྐོར་དུ་ནོར་ལྷ་གཏེར་བདག་ལ་སོགས་པ་ཐམས་ཅད་བླ་མའི་ཐུགས་ཡེ་ཤེས་ཆེན་པོའི་རྣམ་རོལ་བཟང་ངན་མཆོག་དམན་མེད་པ། རྣམ་པ་ཐམས་ཅད་མཁྱེན་པའི་ཐུགས་དང་ལྡན་པ། མི་ལས་འདས་པའི་སྤྱན་གྱིས་གཟིགས། མི་ལས་འདས་པའི་སྙན་གྱིས་གསན། མི་ལས་འདས་པའི་ཐུགས་ཀྱིས་དགོངས། བདག་ཅག་གི་འདྲེན་པའི་དེད་དཔོན་དུ་གྱུར་ནས་བཞུགས་པར་བསྒོམ། བསྐྱབ་བྱ་སེམས་ཅན་ནི་རང་གི་གཡས་སུ་ཕ་སོགས། ས་གཞིའི་ངོས་ལ་ཁྲོམ་ཚོགས་པ་བཞིན་རྒྱན་གོས་དང་ལྡན་ཅིང་སྨུག་ཤིག་གེ་ཡོད་པར་བསྒོམ་ཞིང་། དེ་ནས་རང་གིས་བྱང་འདྲེན་པ་ལྟར་སྐྱབས་འགྲོའི་ཚིག་བརྗོད་པ་དང་། འདིར་ཕྱག་དང་མི་འབྲེལ་བའི་ཚེ། རང་གཞན་ཐམས་ཅད་ཀྱི་ལུས་གུས་པས་ཐལ་མོ་སྦྱར། ངག་གུས་པས་སྐྱབས་འགྲོའི་ཚིག་བརྗོད། སེམས་གུས་པའི་སྒོ་ནས་སྙིང་གི་ཁོང་རུས་པའི་གཏིང་ནས། ཉི་མ་དེ་རིང་ནས་བཟུང་། མཐར་ཐུག་སངས་རྒྱས་མ་ཐོབ་ཀྱི་བར་དུ། མཐོ་སངས་རྒྱས་ཀྱི་སར་གཏོང་རུང་། དམའ་དམྱལ་བར་གཏོང་རུང་། བློ་ལེགས་རུང་། ཉེས་རུང་། ན་རུང་། ཚ་རུང་། སྐྱིད་རུང་། སྡུག་རུང་། བློ་ཕ་ལ་མི་དྲི། གྲོས་མ་ལ་མི་བྱེད། ཐག་རང་གིས་མི་གཅད། བླ་མ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་པོ་ཁྱེད་ཀྱིས་མཁྱེན། ཁྱེད་ཀྱིས་དགོངས། ཁྱེད་ལས་རེ་ས་དང་སྐྱབས་གནས་གཞན་ལ་མི་འཚོལ། ཁྱེད་ཅིག་བསྒྲུབ། ཁྱེད་ཅིག་བསྙེན། ཁྱེད་ཅིག་བརྟེན་སྙམ་པའི་བློ་གཏད་ལིང་བསྐྱུར་གྱི་སྒོ་ནས་སྐྱབས་འགྲོ་འདོན་པ་དང་། ཁྱད་པ ར་སྟོན་པ་ལམ་གྲོགས་ཀྱི་སྒོ་ནས་སྐྱབས་སུ་འགྲོ་བ་ལ། དང་པོ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཞེས་བོས་ཏེ། ལོ་འདིའི་ཟླ་བ་འདི་ཉི་མ་འདི་དུས་ཚོད་འདི་ནས་བཟུང་། མཐར་ཐུག་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་ཁྱེད་ནི་བདག་གི་སྟོན་པའོ། ། ཁྱེད་ལས་མ་གཏོགས་པའི་སྟོན་པ་གཞན་མི་བསྟེན་ཞེས་བརྗོད། ཡང་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཞེས་བོས་ཏེ། ཁྱེད་ཀྱི་ཞལ་ནས་གསུངས་པའི་བསྟན་པ་དམ་པའི་ཆོས་ལུང་དང་རྟོགས་པའི་བདག་ཉིད་ཅན་གྱི་ཆོས་དེ་ངས་ཉི་མ་དེ་རིང་ནས་བཟུང་སྟེ་མཐར་ཐུག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཐར་པ་བྱང་ཆུབ་སྒྲུབ་པའི་ལམ་དུ་ཁས་ལེན་དམ་པའི་ཆོས་མ་གཏོགས་པའི་ལམ་ལོག་པ་ཕྱི་རོལ་པའི་ལམ་རྣམས་ལམ་དུ་མི་བསྟེན་ཞེས་བརྗོད། ཡང་སྟོན་པ་སངས་རྒྱས་བཅོམ་ལྡན་འདས། ཁྱེད་ཀྱི་ཞལ་ནས་གསུངས་པའི་བསྟན་པ་དམ་པའི་ཆོས་བཤད་སྒྲུབ་འཁོར་ལོ་གཉིས་ཀྱི་སྒོ་ནས་འཛིན་པའི་འདྲེན་པ་འཕགས་པའི་དགེ་འདུན་པ་རྣམས་ངས་ལམ་སྒྲུབ་པའི་གྲོགས་སུ་ཁས་ལེན། དེ་མ་གཏོགས་པའི་འཇིག་རྟེན་པའི་མནའ་ཟ་རོགས། གཏམ་སྣོགས་རོགས། མི་དགེ་བ་སྒྲུབ་རོགས་རྣམས་གྲོགས་སུ་མི་བསྟེན་ཞེས་བརྗོད། དེ་ནས་བླ་མ་ལ་འབུལ་སོགས་གོ་སླའོ། ། དེ་ནས་ཐུན་བསྡུ་རན་པ་ན། སྐྱབས་ཡུལ་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་དམར་པོ་འཕྲོས་ནས་བདག་གཞན་སེམས་ཅན་ཐམས་ཅད་ལ་ཕོག་པས་སྤངས་རྟོགས་གཉིས་ལས། ཉོན་མོངས་ཤེས་བྱ་བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་དག སེམས་ཅན་གྱི་ཁམས་ན་བདེ་གཤེགས་སྙིང་པོའི་རིགས་སམ་ཁམས་ཡོད་པ་གནས་གྱུར་ནས་ཡེ་ཤེས་མངོན་དུ་བྱས། ཐམས་ཅད་བྱ་ཁྱུ་སོགས། མཐར་བླ་མ་ཡང་ཞབས་གདན་ཁྲི་དང་དབུ་ནས་རིམ་གྱིས་བསྡུས་ནས་ཐུགས་ཀའི་ཐད་དུ་ཡལ་བའི་ངང་ལ་མཉམ་པར་བཞག དེ་ནི་གནས་ལུགས་དོན་གྱི་སྐྱབས་འགྲོ་ཡིན། དེ་ལྟར་དཔྱད་འཇོག་རེས་མོས་སུ་བསྒོམ། དེ་ནས་ཡང་རྟོག་པ་ཞིག་འཕྲོ་བར་རྩོམ་པ་ན། རྗེས་ཐོབ་ཏུ་ཚོགས་ཞིང་སོགས་སྔར་བཞིན་གསལ་བཏབ་སྟེ། དགེ་བ་འདི་ཡིས་སོགས། བསྔོ་བ་དང་སྨོན་ལམ་རྣམ་པར་དག་པ་བྱ། དེ་ནས་ཐུན་མཚམས་ཟ་ཉལ་འགྲོ་འདུག་ཐམས་ཅད་ལ་སྐྱབས་འགྲོའི་ཚོགས་ཞིང་གསལ་བ་སོགས་སོ། ། ཡང་ཐུན་ཕར་སྡོམ་པའི་ཚེ། དང་པོ་ཕྱིར་འབུད། སྣབས་འབུད། གདོང་ཕྱི། ཕྱི་སྒོ་ནང་སྒོ་ཐམས་ཅད་ལེགས་པར་བཅད། མདོར་ན་ལས་ཀ་བྱ་རྒྱུ་ཡོད་ཚད་བྱས་ནས། ཡང་ཐུན་ཕེད་ནས་བརྒྱུག་མི་དགོས་པ་ཞིག་བྱ། དེ་ནས་ཐུན་མཚམས་ཀྱི་རྟོག་ཉོབ་ཐམས་ཅད་མཚམས་མ་བཅད་ན་ཐུན་ཕྱི་མ་དེ་ལེགས་པར་མི་ཆོད་པས། ད་ནི་ཐུན་འདིའི་ནང་ནས་ངས་སེམས་འདི་ཉོན་མོངས་འཁྲུལ་པའི་དབང་དུ་གཏོང་རེ་ཀན། དེ་ལྟ་བུའི་དམ་བཅའ་དེ་ཡང་གཏོང་རེ་སྙམ་པའི་དམ་བཅའ་ཞིང་། དེ་ནས་སེམས་འདས་པའི་རྗེས་སུ་མི་འབྲང་། མ་འོངས་པའི་མདུན་མི་བསུ། ད་ལྟའི་རྟོག་པ་འཕྲོ་མི་མཐུད་པ་ཅི་གནས་སུ་བཞག དེ་ནི་བསྐྱེད་རྫོགས་བསྒོམ་པའི་དུས་སུ་བགེགས་བསྐྲད་ནས། སྲུང་འཁོར་བསྒོམ་པ་དང་འདྲ། དེ་ནས་ལུས་གནད་སོགས་འདྲ། དེ་ནས་ཐུན་དེའི་རྗེས་ལ། སྔར་གྱི་དམ་བཅའ་དེ་དང་ལྡན་མི་ལྡན་བརྟག དམ་བཅའ་དང་ལྡན་ནས་དགེ་བའི་རྟོག་པ་འབའ་ཞིག་ལས་མ་སྐྱེས་ན་སེམས་དགའ་འོང་སྟེ་དེའི་གཉེན་པོ། ཨོ་ཁྱོད་ལ་བསོད་ནམས་འཁྱམས་པོས་ཕྱི་ལྟས་ཟེར་བ་དེ་རེད་པས་ཁྱོད་དེ་འདྲའི་བཟང་པོ་ཞིག་ཨེ་ཡིན་ངས་ཐུན་ཕྱི་མའི་ནང་དུ་ལྟའོ་ཞེས་ང་རྒྱལ་བཅགས། དམ་བཅའ་དང་མ་ལྡན་ནས་སེམས་འཁྲུལ་པའི་དབང་དུ་སོང་ན། ད་ནི་ངས་ཅི་ཡང་འོང་ས་མི་འདུག་སྙམ་ནས་སེམས་སྡུག་འོང་ན། ཨོ་ཁྱོད་ལ་སྡུག་རྒྱུ་ཡང་ཅི་ཡོད། ཁྱོད་དང་པོ་ནས་ཡིད་འཁྲུལ་མེད་པ་ཞིག་ཡིན་ན་ད་ཙམ་ཁྱོད་སངས་ཅིའི་ཕྱིར་མ་རྒྱས། ད་ལྟ་ཁྱོད་འཁྲུལ་པའི་དབང་དུ་ཤོར་སོང་རུང་། ངས་ཁྱོད་ཐུན་ཕྱི་མའི་ནང་དུ་ཉོན་མོངས་འཁྲུལ་པའི་དབང་དུ་གཏོང་རེ་ཤི་སྙམ་པའི་དམ་བཅའ་བྱས་ནས་སེམས་གཟེངས་བསྟོད་པ་ཡིན། དེ་ནི་ཐུན་གཅིག་མ་བཅད་ན་མ་བཅད་མ་གཏོགས། བཅད་ཕྱིན་ཆད། སྦྱོར་དངོས་རྗེས་གསུམ་པོ་ཐམས་ཅད་ཚང་དགོས་པ་ཡིན་ནོ། ། དེ་ནས་ནང་མོ་ལྡང་བའི་ཚེ་རང་གི་ཡི་དམ་གྱི་ལྷ་གང་ཡིན་པ་དེའི་ང་རྒྱལ་གྱིས་ལྡང་བའི་ཚེ། ནམ་མཁའ་བར་སྣང་ཐམས་ཅད་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་རྣམས་ཀྱིས་ཅང་ཏེའུ་དང་དྲིལ་བུའི་སྒྲ་དང་། ཨཱ་ལི་ཀཱ་ལིའི་རང་སྒྲས་སད་པར་བསམ་ཞིང་། ཐུན་གྱི་སྔོན་འགྲོ་སོགས་འདྲའོ། ། དེ་ནས་བསླབ་བྱའི་སྐབས། མདོར་ན་ཆོས་ནི་མི་འཚེ་བའོ་ཞེས་པས། སོ་བྱང་སྔགས་གསུམ་གྱི་གཞན་ལ་གནོད་པ་གཞི་དང་བཅས་པ་སྤང་དགོས་ཤིང་། གནོད་བྱེད་དགོས་པ་མ་གསུངས་པས། ནང་པ་སངས་རྒྱས་པ་ཞིག་ཡིན་ནས་བཟུང་སེམས་ཅན་ལ་འཚེ་བ་སྤང་དགོས། སོ་ཐར་གྱི་སྡོམ་པ་ཡང་འདི་ནས་འོང་དགོས། དེ་ཡང་སེམས་ཅན་ལ་གནོད་པའི་བསམ་སྦྱོར་གཉིས་ཀ་སྤང་དགོས། སྔགས་ཀྱི་ལུགས་ལ་བླ་མ་འདི་སྐྱབས་གནས་ཐམས་ཅད་ཀྱི་ངོ་བོ་ཡིན་པས་འདིའི་སྐུ་གསུང་ཐུགས་དང་འགལ་བ་རང་གི་ལུས་ངག་ཡིན་གསུམ་གྱི་སྤྱོད་པ་སྤང་། འདིའི་སྐུ་གསུང་ཐུགས་གསུམ་ཟིན་པའི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་བསྟེན་དགོས། འདིའི་ཐུགས་ཟིན་ན་སྐྱབས་གནས་རྒྱ་མཚོའི་ཐུགས་ཟིན། འདིའི་ཐུགས་དང་འགལ་ན་མགོ་ཆད་ན་གསོ་མི་རུང་བ་བཞིན་སྐྱབས་གནས་རྒྱ་མཚོའི་ཐུགས་དང་འགལ་བས་ཐུགས་མི་མཉེས་པའི་བྱ་བ་སྤང་དགོས་སོ། ། ད་མི་ཚེ་གཅིག་ལ་སྐྱབས་འགྲོ་འདི་གཅིག་པུའི་ཉམས་ལེན་མཐར་ཕྱིན་དགོས། མི་ཞིག་ལ་མི་ཚེ་གཅིག་ལ་ཡང་ན་སྡུག ཡང་ན་སྐྱིད་གཉིས་ལས་གཞན་འོང་རྒྱུ་མེད། སྡུག་དེ་ལ་སྡུག་གི་འབྲས་བུ་དང་རྒྱུ་གཉིས་ལས། དང་པོ་འབྲས་བུ་ནད་ཀྱིས་མནར་བ། གདོན་གྱིས་ཟིན་པ། གྲིབ་ཀྱིས་ནོན་པ་སོགས་མི་འདོད་པས་ཉེན་པ་ན། ང་ལ་འདི་འདྲ་བ་འོང་མ་ཐང་བ་ལ་མི་བསམ་པར། འདི་ཡང་དཀོན་མཆོག་གི་ཐུགས་རྗེས་བདག་གི་ལས་ངན་འཛད་པའི་ཐབས་སུ་གནང་བ་ཡིན་ཏེ། སྐྱེ་བ་ཕྱི་མ་ལ་མྱོང་འགྱུར་གྱི་ལས་ཡོད་པ་ད་ལྟ་དཀོན་མཆོག་གི་ཐུགས་རྗེས་ད་ལྟ་བདག་གིས་མྱོང་ནས་འཛད་པ་ཡིན་པས་ང་རེ་དགའ་སྙམ་དུ་བསམ་ཞིང་བསྒོམ་དགོས། སྡུག་བསྔལ་གྱི་རྒྱུ་ཆགས་སྡང་རྨོངས་གསུམ་གྱི་རྟོག་པ་བྱུང་བའི་ཚེ་འདི་ཡང་དཀོན་མཆོག་གི་ཐུགས་རྗེས་ཡིན་ཏེ་ཇི་ལྟར་ཡིན་ན་བདག་གི་རྒྱུད་ལ་དེ་ལྟ་བུའི་ཉོན་མོངས་པ་བག་ལ་ཉལ་ཡོད་དོ་ཟེར་བའི་བྱ་གཏོང་དུ་དཀོན་མཆོག་གི་ཐུགས་རྗེས་ཡིན་བསམ་ཞིང་། དེ་ལ་དགའ་བར་བལྟ། དགོས་པར་བལྟ། མེད་ཐབས་མེད་པར་བལྟ་ཞིང་། བདག་གི་རྒྱུད་ལ་མི་དགེ་བའི་བསམ་སྦྱོར་འདི་མི་འབྱུང་བ་ཞིག་དཀོན་མཆོག་གསུམ་ཁྱེད་ཀྱི་ཐུགས་རྗེ་མ་ཆུང་བསམ་ནས་དགའ་བ་བསྒོམ་དགོས་སོ། ། སྐྱིད་རྒྱུ་འབྲས་གཉིས་བྱུང་ན། སྐྱིད་ཀྱི་རྒྱུ་དད་པ་ངེས་འབྱུང་བྱང་ཆུབ་ཀྱི་སེམས་ལྟ་བུ་རེ་བྱུང་ན། ཨ་བུའི་ཞལ་ནས། དགེ་བའི་རྟོག་པ་རེ་སྐྱེ་ན་དེ་མཉེ་དགོས་གསུངས་པས། དེ་ལྟར་རྟོག་པ་དེ་ཤུགས་བསྐྱེད་དེ་གོང་ནས་གོང་དུ་བསྐྱེད་དགོས། སྤྱོད་འཇུག་ལས། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། ། གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། ། དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། ། འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་། ། ཞེས་པ་ལྟར། དེ་ལྟ་བུའི་རྟོག་པ་དེ་གོང་ནས་གོང་དུ་འཕེལ་བ་ཞིག་བླ་མ་དང་དཀོན་མཆོག་ལ་གསོལ་བ་འདེབས་དགོས་སོ། ། སྐྱིད་ཀྱི་འབྲས་བུ་ཟས་གོས་ཡོ་བྱད་ཕུན་སུམ་ཚོགས་པ་ཞིག་བྱུང་ན། ང་བུ་བཟང་ཕོ་རྒོད་པ་ལས་བྱུང་བ་མིན། དེ་དཀོན་མཆོག་གི་ཐུགས་རྗེ་རུ་ཤེས་ནས་དཀོན་མཆོག་གི་བཀའ་དྲིན་དྲན་ནས་དྲིན་གཟོ་བའི་མཆོད་པ་ཐམས་ཅད་ལ་བརྩོན་དགོས། ཐ་ན་ཅི་ཟ་ཅི་འཐུང་གི་ཕུད་མཆོད་སའི་ཕུད་སྐོང་རེ་འཆང་དགོས་རྒྱུ་ལ་དུས་ཕྱིས་འདྲེ་རྒྱལ་པོ་མཆོད་ས་ཞིག་ཡིན་པར་བསམ་པ་མ་གཏོགས་དཀོན་མཆོག་མཆོད་ས་ཡིན་བསམ་པ་མཐོ་དམན་དྲག་ཞན་སུའི་བསམ་ཚོད་མ་རེད་མ་གཏོགས། ཕུད་སྐོང་དུ་ཕུད་རེ་བླུགས་ནས། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ་སོགས་ཀྱིས་མཆོད་པ་ཅུང་ཟད་རེ་དེས་དུས་མཆོད་མི་བཅག་པའི་གོ་ཆོད། དཀོན་མཆོག་གི་བཀའ་དྲིན་གཟོ་བ་ཡང་དེ་ཡིན། དེར་མ་ཟད་ལུས་ལོངས་སྤྱོད་ཐམས་ཅད་ཀྱི་དཀོན་མཆོག་མཆོད་ཅིང་མངའ་ཐང་ཆོས་ཕྱོགས་སུ་བསྐོར་དགོས། དེ་ཡང་། འབད་རྩོལ་རི་བོ་ཙམ་ཞིག་བྱེད་པ་བས། ། བསོད་ནམས་མེ་སྟག་ཙམ་ཞིག་བསགས་ན་དགའ། ། ཞེས་པ་བཞིན། བསོད་ནམས་བསགས་དགོས། དེ་ཡང་ཚོགས་བསགས་པའི་ཡུལ་དགེ་འདུན་ཡིན་ཏེ་བཀའ་བརྒྱུད་པས། སངས་རྒྱས་སོ་ཅན། ཆོས་སོ་ཅན། དགེ་འདུན་སོ་ཅན་ཞེས། དཀོན་མཆོག་གསུམ་པོར་མཆོད་པའི་བསོད་ནམས་ཐོབ་པས། སངས་རྒྱས་དང་ཆོས་གཉིས་ལ་མཆོད་པ་ཕུལ་བའི་བསོད་ནམས་ཐོབ་ཀྱང་། བཞེས་པའི་བསོད་ནམས་མི་ཐོབ་ཅིང་། དགེ་འདུན་ལ་ཕུལ་བཞེས་གཉིས་ཀའི་བསོད་ནམས་ཐོབ་པ་ཡིན། ཁྱད་པར་བླ་མ་ལ་མཆོད་ན་དཀོན་མཆོག་བཞི་པ་མཆོད་པ་ཡིན་པས་བསོད་ནམས་ཚད་མེད་པ་ཐོབ། བཞི་པ་ཕན་ཡོན་ལ་གནས་སྐབས་ཀྱི་ཕན་ཡོན་དང་། མཐར་ཐུག་གི་ཕན་ཡོན་གཉིས་ལས། དང་པོ་ནི་ཚེ་འདིར་ནད་དང་གདོན་དང་། རྒྱལ་པོའི་ཆད་པ་དང་། མུ་གེའི་འཇིགས་པ་ལ་སོགས་པའི་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་སྐྱོབས་པ་དང་། མངོན་མཐོ་དང་ངེས་ལེགས་བར་གྱི་བདེ་བ་ཐམས་ཅད་ཐོབ་པ་གནས་སྐབས་ཀྱི་ཕན་ཡོན་ཡིན། མཐར་ཐུག་སངས་རྒྱས་ལ་སྐྱབས་སུ་སོང་བས་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་འཐོབ། ཆོས་ལ་སྐྱབས་སུ་སོང་བས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་ནུས། དགེ་འདུན་ལ་སྐྱབས་སུ་སོང་བས་སྟོན་པ་དུལ་བ། འཁོར་དུལ་བ། སྟོན་པ་ཞི་བ། འཁོར་ཞི་བ། སྟོན་པ་ཉེ་བར་ཞི་བ། འཁོར་ཉེ་བར་ཞི་བའི་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་འཁོར་འདུ་བ་ཡིན་ནོ། །
གཉིས་པ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། གཉིས་པ་ཐེག་ཆེན་གྱི་རྩ་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཁྲིད་ལ། དེའི་བསམ་པ་རྒྱ་ཆེ་ན་ཆོས་ཐེག་པ་དམན་པའི་ཆོས་ཉམས་སུ་བླངས་ན་ཐེག་པ་ཆེན་པོའི་ཆོས་སུ་འགྲོ། ལས་དང་པོ་པ་རྣམས་ཀྱི་ཐད་ནས་ཐེག་པ་ཆེ་ཆུང་དུ་འཇོག་པའི་རྒྱུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡོད་མེད་ལས་ཆོས་ཐེག་པ་ཆེ་ཆུང་གིས་མིན་པས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གཙོ་ཆེ་ཞིང་ལྟ་བ་གྲོགས་ལ་ཡོད་དགོས། ངེས་པའི་དོན་ལ་མཐར་ཐུག་གི་སྐྱེལ་སོ་ལ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་ལས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱིས་མཐར་ཐུག་གི་འབྲས་བུ་མི་ཐོབ། དེ་ཡང་ལས་དང་པོ་པའི་ཚེ་བསམ་པ་བཟང་པོ་ཞིག་ཡོད་དགོས། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། ། བསམ་པ་ངན་ན་ས་དང་ལམ་ཡང་ངན། ། ཞེས་བསམ་པ་བྱང་ཆུབ་ཀྱི་སེམས་དང་ལྡན་ན་ས་བཟང་པོ་ས་བཅུ་དང་། ལམ་བཟང་པོ་ལམ་ལྔ་བགྲོད་པ་དང་། བསམ་པ་ངན་ན་ས་ངན་པ་ཁམས་གསུམ་ས་དགུ། ལམ་ངན་པ་འགྲོ་བ་ལམ་རྒྱུད་ལྔ་ལ་བརྟེན་ནས་འགྲོ་དགོས་པ་ཡིན། དེས་ན་ལས་དང་པོ་པའི་ཚེ་ལྟ་བ་ལ་རག་མི་ལས། སྒོམ་པ་ལ་རག་མི་ལས། བསམ་པ་བྱང་ཆུབ་ཀྱི་སེམས་དེ་ལ་རག་ལས་པ་ལས་གཞན་གང་ལའང་རག་མི་ལས། ལྟ་བ་ཉན་རང་གིས་ཀྱང་རྟོགས་ཡོད་དེ། ས་སྐྱ་པཎ་ཆེན་གྱིས། སྟོང་ཉིད་ཉན་ཐོས་རྣམས་ཀྱིས་བསྒོམས། ། དེ་ཡི་འབྲས་བུ་འགོག་པ་ཡིན། ། ཞེས་པ་བཞིན་ནོ། ། དེས་ན་བསམ་པ་བྱང་ཆུབ་ཀྱི་སེམས་དེ་དང་། ཚོགས་བསགས་པ་གཉིས་ལས་འབྲས་བུ་སངས་རྒྱས་ཐོབ་པ་ཡིན་པས། གསར་མས་ཀུན་རྫོབ་སེམས་བསྐྱེད་གཙོ་ཆེ་བར་གསུངས་པ་དང་། རྙིང་མ་པས། དྲང་བའི་དོན་དང་། ངེས་དོན་ཙམ་དང་། ངེས་པའི་དོན་གསུམ་ལས། དང་པོ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡོད་དགོས། ངེས་དོན་ཙམ་ལ་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་གཉིས་ཟུང་དུ་འཇུག་དགོས། ཉན་རང་གིས་ཀྱང་ཆེན་པོ་གསུམ་གྱི་ལྟ་བ་མ་རྟོགས། ངེས་པའི་དོན་ལ་མཐར་ཐུག་གི་སྐྱེལ་སོ་མཐར་ཐུག་པ་དེ་དོན་དམ་བྱང་ཆུབ་ཀྱི་སེམས་ཡིན་ཏེ། ཀླུ་སྒྲུབ་ཀྱིས་བྱང་ཆུབ་སེམས་ནི་ཐེག་པ་ཆེན་པོ་སོགས་དང་། དཔལ་ལྡན་ཟླ་བས་འཇུག་པ་ལས་མཐར་ཐུག་ཐེག་པ་གཅིག་ཏུ་བསྒྲུབ་པ་ལ་དོན་དམ་བྱང་ཆུབ་སེམས་ཀྱིས་མཐར་ཐུག་ཐེག་པ་གཅིག་ཏུ་བསྒྲུབ་པ་མ་གཏོགས། ཀུན་རྫོབ་བྱང་ཆུབ་སེམས་ཀྱིས་མཐར་ཐུག་ཐེག་པ་གཅིག་ཏུ་བསྒྲུབ་མི་ནུས་སོ། ། དེ་ལྟ་བུའི་བསམ་པ་བཟང་པོ་བྱང་ཆུབ་ཀྱི་སེམས་དེ་མི་བསམ་བཟང་ཞིག་ལ་སྐྱེ་བ་མ་གཏོགས་བསམ་ངན་ཞིག་ལ་མི་སྐྱེ་པས། དེ་སྐྱེ་བའི་ཐབས་ལ། ཚད་མེད་བཞིའི་བློ་སྦྱོང་པ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། སྨོན་འཇུག་གི་བསླབ་བྱ་བཟུང་བ་དང་གསུམ་ལས། དང་པོ་ཚད་མེད་བཞིའི་བློ་སྦྱོང་དགོས། དེས་བློ་མ་སྦྱང་ན་བདག་རང་གི་དོན་སྒྲུབ་པའི་བསམ་སྦྱོར་མི་སྤང་ཞིང་རང་དོན་སྒྲུབ་ན་ཆོས་འཇིག་རྟེན་གཉིས་ཀྱི་ངོས་ནས་རང་འདོད་བསྒྲུབ་ནས་འགྲུབ་པའི་དཔེ་མེད་དེ། ད་ལྟ་མངོན་སུམ་ཚད་མས་གཞལ་ན། འཇིག་རྟེན་འདིའི་རྒྱལ་པོ་བློན་པོ། མི་དྲག་རང་འདོད་ཕུག་བཅུག་རྣམས་མཐར་དེ་བས་སྡུག་མེད་པའི་སར་ལྷུང་རང་གཞན་གཉིས་ཀ་ཕུང་ལ་སྦྱོར་བ་ལས་མེད། ཆོས་ཀྱི་ཕྱོགས་ནས་རང་འདོད་སྒྲུབ་པའི་ཉན་རང་རྣམས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སའི་ཡོན་ཏན། སངས་རྒྱས་བཅོམ་ལྡན་འདས་ཀྱི་འབྲས་བུའི་ཡོན་ཏན་ཐམས་ཅད་མི་ཐོབ་པ་རང་འདོད་འདི་ལ་ཐུག་པས། ད་རང་འདོད་དེ་བསྒྲུབ་མི་ཉན་པར། བསམ་པ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་བསྐྱེད་དགོས། དེ་ཡང་ཞི་བ་ལྷས། བྱང་ཆུབ་སེམས་མཆོག་རིན་པོ་ཆེ། ། མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པར་ཡང་། ། གོང་ནས་གོང་དུ་འཕེལ་བར་ཤོག །ཅེས་པས། དང་པོ་བྱང་ཆུབ་སེམས་མཆོག་རིན་པོ་ཆེ་ཞེས་པ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་ཀྱི་བསམ་པ་དེ་ཡིན། མ་སྐྱེས་པ་སྐྱེ་བའི་ཐབས་ཚད་མེད་བཞིའི་བློ་སྦྱངས་པ་དེ་ཡིན། མི་ཉམས་པ་གོང་ནས་གོང་དུ་འཕེལ་བའི་ཐབས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། དེའི་བསླབ་བྱ་ལ་བསླབ་པ་ཡིན་པས། དེ་ལྟར་མ་སྐྱེས་པ་སྐྱེ་བའི་ཐབས་དང་སྐྱེ་བ་མི་ཉམས་པ་དང་མི་ཉམས་པ་གོང་ནས་གོང་དུ་འཕེལ་བའི་ཐབས་ལ་རྒྱས་པ་བྱེད་ན་ཚད་མེད་བཞི། འབྲིང་བྱམས་སྙིང་རྗེ་གཉིས། བསྡུ་ན་སྙིང་རྗེ་ཉག་མ་གཅིག་པོ་འདི་བསྒོམ་དགོས། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་མ་སྐྱེ་པ་སྐྱེ་བའི་ཐབས་ཚད་མེད་བཞི་ལ། ཚད་མེད་དང་། ཚངས་གནས་བཞི། ཚངས་པའི་གནས་པ་བཞི་ཚངས་པ་མདུན་ན་འདོན་སོགས་བཞི་ཡིན་ལ། དེ་ལ་སྐྱེ་བའི་རྒྱུ་བྱམས་སོགས་བཞི་དམིགས་པ་དང་བློ་ཚད་མེད་མ་ཡིན་པ་ཁོལ་བུ་ཁོལ་བུར་བཅད་ནས་བསྒོམ་པ་ཡིན། དེ་བཞི་ལ་ཚད་མེད་མི་ཟེར་བའི་རྒྱུ་བྱམས་སོགས་བཞི། མདོར་ན་ངེས་འབྱུང་གི་བསམ་པས་མ་ཟིན། བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན། སྟོང་ཉིད་ཀྱི་ལྟ་བས་མ་ཟིན། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་མ་ཟིན་པས་ཚངས་གནས་ཞེས་ཟེར། དཔེར་ན་རྒན་མོ་བསམ་བཟང་ལྟ་བུའི་དམིགས་རྣམ་ཁོལ་བུ་ལ་བཅད་པ་མས་བུ་འདི་བདེ་ན་སྐྱིད་ན་སོགས་ལྟ་བུར་བསམ་པ་དེ་རྣམས་ཡིན། དེ་ཐམས་ཅད་མཁྱེན་པའི་ལམ་ལ་འགྲོ་བ་ཚད་མེད་བཞི་ཡིན། དེ་ཡང་ལམ་དུས་ཀྱི་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་སོ་བདུན་གྱི་དང་པོ་ཚད་མེད་བཞི་དང་། འབྲས་དུས་སངས་རྒྱས་ཀྱི་ཚད་མེད་བཞི་ཡིན། དེ་དམིགས་པའི་ཡུལ་ཚད་མེད། རྣམ་པའི་བློ་ཚད་མེད། དེའི་འབྲས་བུ་ཚད་མེད་པས་ཚད་མེད་ཅེས་པ་ཡིན། དེ་ཡང་གཞུང་བཤད་པའི་གོ་རིམ་ནས་དང་པོ་བྱམས་པ་ནས་སྨྲོས་ཀྱང་། མན་ངག་གི་ལུགས་ལ་དང་པོ་བཏང་སྙོམས་ཚད་མེད་ནས་མ་བསྒོམ་ན་གཞན་རྣམས་ཚངས་གནས་སུ་འགྲོ་བས། དང་པོ་བཏང་སྙོམས་ནས་བསྒོམ་དགོས། དེ་ཡང་སེམས་ཅན་བདེ་བ་རྒྱུ་འབྲས་གཉིས་དང་ལྡན་འདོད་བྱམས་པའི་ངོ་བོའམ། མཚན་ཉིད་དམ། རྣམ་པ་ཡིན། སེམས་ཅན་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་འདོད་སྙིང་རྗེའི་ངོ་བོའམ། མཚན་ཉིད་དམ་། རྣམ་པ་ཡིན། སེམས་ཅན་བདེ་བ་དང་མི་འབྲལ་བར་འདོད་པ་དགའ་བའི་ངོ་བོའམ། མཚན་ཉིད་དམ། རྣམ་པ་ཡིན། སེམས་ཅན་ཆགས་སྡང་གཉིས་དང་བྲལ་བར་འདོད་པ་བཏང་སྙོམས་ཀྱི་ངོ་བོའམ། མཚན་ཉིད་དམ། རྣམ་པ་ཡིན། དེ་ལ་ཡང་དམིགས་བཅས་ཀྱི་ཚད་མེད་དང་དམིགས་མེད་ཀྱི་ཚད་མེད་གཉིས་ལས། དེ་ལ་དམིགས་བཅས་ཀྱི་ཚད་མེད་བསྒོམ་དུས་དམིགས་རྣམ་སྤྲད་ནས་བསྒོམ་དགོས། དང་པོ་བྱམས་པའི་དམིགས་པ་ཡུལ་ནི། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག ཅེས་པས། སེམས་ཅན་བདེ་བ་དང་མི་ལྡན་པ་ཞིག་ལ་དམིགས་པ་ཡུལ་དང་། རྣམ་པ་བློ་བདེ་བ་རྒྱུ་འབྲས་གཉིས་དང་ལྡན་པར་འདོད་པ་ཡིན། སྙིང་རྗེ་ནི། སེམས་ཅན་སྡུག་བསྔལ་བ་ཞིག་ལ་དམིགས་པ་ཡུལ་དང་། རྣམ་པ་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་བར་འདོད་པ་ཡིན། དགའ་བ་ནི། སེམས་ཅན་བདེ་བ་རྒྱུ་འབྲས་གཉིས་དང་ལྡན་པ་ཞིག་ལ་དམིགས་པ་ཡུལ་དང་། རྣམ་པ་བདེ་བ་དེ་དང་མི་འབྲལ་བར་འདོད་པ་ཡིན། བཏང་སྙོམས་ལ། རང་རྒྱུད་ཀྱི་ཆགས་སྡང་དང་། གཞན་རྒྱུད་ཀྱི་ཆགས་སྡང་གཉིས་ལ་དམིགས་པ་ཡུལ་དང་། རྣམ་པ་དེ་སྙོམས་འདོད་ནས་ཆགས་སྡང་གཉིས་ཀྱི་བློ་ཞི་ནས་ཕན་འདོགས་པར་འདོད་པ་ཡིན། དེ་ལྟ་བུའི་ཚད་མེད་བཞི་པོ་དམིགས་རྣམ་སྤྲད་ནས་བསྒོམ། དམིགས་མེད་ནི་ལས་དང་པོ་པས། སྒྱུ་མ་དང་རྨི་ལམ་སོགས་སྒྱུ་མའི་དཔེ་བརྒྱད་ལ་བློ་སྦྱངས། རྟོགས་ལྡན་ཞིག་ཡིན་ན་རྣམ་པར་མི་རྟོག་ཡེ་ཤེས་བྱ་བ་ཐམས་ཅད་བྱེད་ཅེས་པས་མཉམ་བཞག་དེའི་རྩལ་བྱམས་སྙིང་རྗེ་སོགས་བསྒོམ་པ་ཡིན། ད་ཚད་མེད་བསྒོམ་པར་བྱེད་པ་ལ། དང་པོ་བཏང་སྙོམས་ནས་མ་སྦྱངས་ན། བྱམས་སོགས་ཚད་མེད་དུ་མི་འགྲོ་བས། བསྒོམ་ལུགས་ལ་དཔྱད་བསྒོམ་འཇོག་སྒོམ་གཉིས། བྱམས་པ་དང་བྱམས་པའི་ཏིང་ངེ་འཛིན། སྙིང་རྗེ་དང་སྙིང་རྗེའི་ཏིང་ངེ་འཛིན། དགའ་བ་དང་དགའ་བའི་ཏིང་ངེ་འཛིན། བཏང་སྙོམས་དང་བཏང་སྙོམས་ཀྱི་ཏིང་ངེ་འཛིན་ཞེས་ཞི་གནས་དང་ལྷག་མཐོང་བསྒོམ་པ་གཉིས་ལས་འདི་ཞི་གནས་བསྒོམ་པ་ཡིན། དེ་ལ་གཞུང་གི་སྒོམ་ལུགས་དང་མན་ངག་གི་སྒོམ་ལུགས་གཉིས་ལས་འདིར་ཕྱི་མ་ལྟར་ཐུན་གྱི་སྔོན་འགྲོ་ཐམས་ཅད་ལ་འདྲ། དངོས་གཞི་ལ། རང་གི་གཡས་སུ་དགྲ། གཡོན་དུ་གཉེན་བསམ་ནས། དང་པོ་རང་གི་དགྲ་གཉེན་གཉིས་ལ་ཆགས་སྡང་སློང་ངེས་པ་ཞིག་བྱས་ཏེ། དེ་ནས་འདིར་དུས་གསུམ་ལ་བསྐོར་ནས་བསམ་དགོས་ཏེ། འདི་ལྟར་དགྲ་གཉེན་གཉིས་བདག་དང་བཅས་པ་སྐྱེ་ཤིའི་ཁ་བརྒྱུད་པའི་ཚེ་ཕ་མ་གཉེན་བཤེས་གྲོགས་དགའ་མཛའ་མ་བྱས་པ་མེད་པས་དེའི་དུས་སུ་ཕན་དཔག་ཏུ་མེད་ལ་ཞིག་བཏགས། གནོད་པ་དཔག་ཏུ་མེད་པ་ལས་སྐྱབས་པས། ཕན་བཏགས་པའི་གཉེན་ཡིན། ད་ལྟ་ཡང་རང་གི་ཕར་དགྲར་འཛིན་པ་རེད་མ་གཏོགས། ཁོས་ང་ལ་ཚུར་དགྲར་བཟུང་བའི་ངེས་པ་ཡང་མེད། གལ་སྲིད་དགྲར་བཟུང་ན་ཡང་ཕན་ཚུན་འཐབ་པ་ལ་སོགས་པའི་ཚེ་དཔའ་ཁ་དང་རྒྱལ་ཁ་ཡང་ཐོབ་ནས་སྙན་པར་གྲགས་པའི་རྒྱུ་བྱེད་པའམ། རང་ལ་ཚུར་དགྲར་མི་འཛིན་པའམ། དགྲར་བཟུང་ཡང་གཞན་བར་བ་ལྟ་བུ་ཞིག་གིས་སེམས་བསླུ་ངོ་འཕྲོད་པ་ཞིག་བྱས་ཏེ་གཉེན་དུ་གྱུར་ནས་རང་ལ་བྱུང་བ་བས་ཐུ་བའི་གཉེན་དུ་འགྱུར་བ་ཡོད། དེ་མིན་ཀྱང་ཕན་ཚུན་གཉིས་ཀས་གཅིག་གིས་གཅིག་ལ་ཁྱོད་ཀྱིས་མ་ཐོན། ངས་ཀྱང་མ་ཐོན། ད་ནི་སྔར་གྱི་དེ་ལྟ་བུ་མི་བྱེད་ཅེས། ཡང་ན་རྒྱུ་ཞིག་གིས་ཤད་སྦྱང་བའམ། ཡང་ན་ཚིག་གིས་ཤད་སྦྱང་བས་ཕན་ཚུན་ནང་འགྲིགས་ནས་གཉེན་དུ་འགྱུར་བ་ཡང་ཡིན། ཆོས་ཀྱི་ལུགས་ལ། དགྲས་འཕྲོག་བཅོམ་བྱེད་པའི་རྐྱེན་གྱིས་ཆོས་དང་འཕྲད་པ་ཡིན་པས། དེ་ལྟ་བུའི་རྐྱེན་བྱུང་ན། ད་ག་རེ་ང་རྒྱལ་བའི་སྲས་པོ་བྱང་ཆུབ་སེམས་དཔའ་ཞིག་ཡིན་པས། སྦྱིན་པ་ལོ་བརྒྱར་བྱིན་པ་བས། ཚུལ་ཁྱིམས་ཉིན་གཅིག་བསྲུང་བས་དགའ། ཚུལ་ཁྱིམས་ལོ་བརྒྱར་བསྲུང་བ་བས། བཟོད་པ་ཉིན་གཅིག་བསྒོམ་པས་དགའ་ཞིང་། སངས་རྒྱས་ཀྱི་མཚན་དང་དཔེ་བྱད་བཟང་པོ་ཐམས་ཅད་བཟོད་པས་ཐོབ་པ་དང་། བཟོད་པ་བསྒོམ་པའི་ཡུལ་དགྲ་ཡིན་པས་རང་གི་བཟོད་པ་བསྒོམ་ནུས་ན་དགྲས་ཕན་བཏགས་པ་ཡིན་པས་ན་དགྲ་མིན། མ་འོངས་པ་ན་ཡང་དགྲ་འདིས་གཉེན་དུ་གྱུར་ནས་ཕན་འདོགས་པར་འགྱུར་སྙམ་དུ་བསྒོམ། ཡང་དགྲ་འདིའི་སྐྱེ་བ་ཐོག་མ་མེད་པ་ནས་དགྲ་བྱས་གནོད་བསྐྱལ། ད་ལྟ་ཡང་དགྲ་བྱས་གནོད་པ་བསྐྱལ། མ་འོངས་པ་ན་ཡང་དགྲ་བྱས་གནོད་པ་བསྐྱལ་བར་འགྱུར་བས་དགྲ་འདིས་ཀྱང་ཕན་གནོད་གཉིས་ཀ་བྱས། གཉེན་འདི་ལ་ཡང་ཆགས་འདུག་པ་རེད་མ་གཏོགས་འདི་ལ་ཡང་བསམ་མནོ་ཞིབ་ཏུ་བཏང་ནས་དགྲ་ཡིན་པར་གཏན་ལ་ཕབ་དགོས། དེ་ཡང་ཚེ་སྔ་མ་ལ་གཉེན་འདིའང་གནོད་བྱེད་ཡིན་ཏེ། དགྲ་བྱས་ནས་ནོར་དང་སྲོག་འཕྲོག་མགོ་དང་ཡན་ལག་བཅད་པ་གྲངས་ཀྱིས་མི་ཆོད། ཚེ་འདི་ལ་ཡང་དམ་པའི་ཆོས་སྒྲུབ་པའི་བར་ཆད་དང་། བུ་ཕ་མའི་སྡུག་གྲོགས་སུ་སོང་། ཕ་མ་བུ་ལ་གནོད་བྱེད་དུ་སོང་། གཏན་གྲོགས་ཀྱི་ཆུང་མ་བསུས། འཁོར་བའི་འཆིང་ཐག་དང་འབྲེལ། དགྲ་འདུལ་ལུགས། གཉེན་སྐྱོང་ལུགས། ཚོང་དང་གཡོ་རྒྱུ་མི་དགེ་བ་སྣ་ཚོགས་ཀྱི་ལས་ཐབས་ལ་སྦྱོར་ནས་འཁོར་བ་ནས་གཏན་དུ་མི་ཐར་པའི་གནོད་པ་བྱས། ཆོས་ཀྱི་ཕྱོགས་ལ་ཡང་དང་པོ་བླ་མ་དམ་པ་དང་མཇལ་བ་དང་། བར་དུ་དམ་པའི་ཆོས་བསྒྲུབ། ཐ་མ་ཚུལ་ཁྲིམས་བསྲུང་བ་ལ་སོགས་པ་ཕ་མ་སོགས་འདི་དག་གི་དོན་སྒྲུབ་ནས། རང་གི་ཚུལ་ཁྲིམས་ཞིག ཏིང་ངེ་འཛིན་ཉམས། ཤེས་རབ་རྒུད་པར་བྱེད་པ་ཡང་འདི་དག་གིས་ལན། དེས་ན་ཚེ་སྔོན་མའི་དགྲའི་ལན་ཆགས་ཀྱིས་ད་ལྟ་གཉེན་དུ་གྱུར་ཀྱང་། ད་ལྟའི་གཉེན་གྱི་ལན་ཆགས་ཀྱིས་ཕྱི་མ་ལ་འདི་རྣམས་དགྲ་འགྱུར་བ་ཡིན་པས་འདིས་དུས་གསུམ་གར་དགྲར་བྱེད་པ་ཡིན། ཡང་གཉེན་འདིའི་འཁོར་བ་ཐོག་མ་མེད་པ་ནས་ཕ་མ་སོགས་བྱས་ནས་ཕན་བཏགས། ད་ལྟ་ཡང་གཉེན་བྱས་ཏེ་ཟས་གོས་གནས་མལ་ལ་སོགས་པའི་སྒོ་ནས་ཕན་བཏགས། མ་འོངས་པ་ན་ཡང་འདི་དག་གཉེན་དུ་གྱུར་ནས་ཕན་བཏགས་པ་ཡིན་པས་གཉེན་གྱིས་ཀྱང་ཕན་གནོད་གཉིས་ཀ་བྱས་པ་ཡིན་པས། ད་ནི་གཉིས་ཀ་སྤོམ་བསྡམ་ནས་དགྲ་གཉེན་གཉིས་ཀས་ཕན་གནོད་བྱས་པས་དགྲ་ལ་གནོད་པ་བྱ་འདོད་ཀྱང་མེད། གཉེན་ལ་ཕན་འདོགས་འདོད་ཀྱང་མེད་པ་ཞིག་འོང་བས་དེ་ལྟ་བུ་ཞིག་གི་སྟེང་ནས་བཞག་ན་ཕན་མེད་གནོད་མེད་གཏི་མུག་བཏང་སྙོམས་ཞེས་པ་ཡིན་པས་དེས་དགྲ་གཉེན་གཉིས་ཀ་མའི་ཡུལ་དུ་སྙམ་ཞིང་ཕན་འདོགས་པའི་ཡུལ་དུ་སྙོམ་པ་ཞིག་དགོས། དེ་ཇི་ལྟར་བསྒོམ་ན་འདི་ལྟར་ནམ་མཁས་གར་ཁྱབ་སེམས་ཅན་གྱིས་ཁྱབ། སེམས་ཅན་གྱིས་གར་ཁྱབ་ལས་སྣང་སྡུག་བསྔལ་གྱིས་ཁྱབ། ལས་སྣང་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་ཐམས་ཅད་ཐོག་མ་མེད་པའི་དུས་ནས་རང་གི་ཕ་དང་མ་དང་གཉེན་བཤེས་ལ་སོགས་པ་མ་བྱས་པ་གཅིག་ཀྱང་མེད། དེའི་ནང་ནས་སྙིང་ཉེ་བའི་དབང་དུ་བྱས་ན་ད་ལྟའི་མ་འདི་བཞིན་དགྲ་འདིས་ཀྱང་བདག་གི་མ་བྱས། མ་ལན་གཅིག་ཙམ་མ་ཡིན་པར་ལན་གྲངས་བསམ་གྱིས་མི་ཁྱབ་པར་བྱས་ཏེ། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། ། རིལ་བུར་དྲིལ་ཀྱང་ས་ཡིས་ལོངས་མི་འགྱུར། ། ཞེས་པས། དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་ཞིག་གི་མདུན་དུ་བདག་མ་བུའམ། དགྲ་དང་བདག་གཉིས་བསྡད་ནས་དགྲ་འདི་དང་ཁྱེད་གཉིས་སྐྱེ་བ་འདིའི་སྔོན་མ་ལ་མི་ཞིག་གི་མ་བྱས། དེའི་སྔོན་མ་ལ་ལྷ་ཞིག་གི་མ་བྱས་སོགས་རིམ་གྱིས་གསུངས། བདག་གིས་ས་ཆེན་པོ་འདི་རྒྱ་ཤུག་གི་ཚིག་གུའི་རིལ་བུ་ཙམ་དུ་དྲིལ་ནས་བགྲངས་ཀྱང་ས་ཆེན་པོ་འདི་ཟད་པར་བྱས་ཀྱང་དགྲ་གཅིག་པུ་འདིའི་མ་བྱས་པའི་མཐའ་མི་ཆོད། དེ་རྒྱུ་མཚན་ཅིས་ཡིན་ན་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་འཁོར་བས། ས་ལག་པ་ཙམ་ཞིག་གི་སྟེང་ནས་ལན་གྲངས་བསམ་གྱིས་མི་ཁྱབ་པ་མང་པོ་སྐྱེ་མ་མྱོང་ས། འཆི་མ་མྱོང་ས་མེད་པས། ལྷ་དང་དམྱལ་བ་ཕལ་ཆེ་བ་རྫུས་སྐྱེས་ཡིན་མ་གཏོགས་འགྲོ་བ་ཕལ་ཆེ་བ་མངལ་སྐྱེས་ཡིན་པས་མངལ་ནས་སྐྱེས་དགོས་ན་མ་མེད་པར་སྐྱེ་མི་ཤེས་ལ་དེ་ཡང་སེམས་ཅན་གཅིག་གི་མ་བྱས་ན་དེ་ཙམ་དུ་ཟད་ཀྱང་། དེ་ལྟར་མ་ཡིན་པར་སེམས་ཅན་ཐམས་ཅད་དང་ཕན་ཚུན་མ་ལན་གྲངས་བསམ་གྱིས་མི་ཁྱབ་པར་བྱས་པ་ཡིན་པས་ན་དགྲ་འདིའི་མ་ལན་གྲངས་མང་པོར་བྱས་པར་བསམ་པ་མར་ཤེས་པ་ཡིན། དེས་ན་དྲིན་དྲན་དགོས་ཏེ་མ་དྲིན་ཅན་མ་ཞིག་མ་གཏོགས་དྲིན་མེད་པ་ཞིག་ནི་མེད་དེ་ཁྲ་དང་སྤྱང་ཀི་ལ་སོགས་པའི་གཅན་གཟན་གཏུམ་པོར་གྱུར་པའི་བུར་གྱུར་ན་ཡང་མ་དེས་གཞན་གྱི་སྲོག་བཅད་ནས་རང་གི་བུ་གསོ་ཞིང་དྲིན་གྱིས་བསྐྱངས ། ཟས་གོས་སོགས་ཡོད་པའི་ཕྱུག་པོའི་བུར་སྐྱེས་ན་ལྟ་ཅི། སྤྲང་པོ་ལྟ་བུ་ཞིག་ཏུ་གྱུར་དུས། མ་དྲིན་མོ་ཆེ་དེས་སྐར་རྗེན་གྱི་ཞྭ་བྱེད། བ་མོས་ལྷམ་བྱེད། སྣལ་མས་ལྕགས་བྱེད། རྐང་ཁྲག་ས་ལ་བརྡབ། ལག་ཁྲག་རྡོ་ལ་བརྡབ། གདོང་ཤ་མི་ལ་བྱིན། ཉ་ཤ་ཁྱི་ལ་བྱིན་ནས་སྡུག་སྡིག་པ་གཉིས་ཀས་བསྒྲུབ་པའི་སྤྲང་ཟས་ལྟ་བུ་དེའི་ནང་ན་སྣུམ་མཛུབ་མོ་ཙམ་ཞིག་ཡོད་ན་བུ་ལ་བྱིན། སྟན་ཆད་པོ་ཞིག་ལས་མ་ལོན་ཀྱང་ཅུང་ཟད་སྲ་ས་ནས་བུའི་གོས་སམ་ལྷན་པོ་ལ་སོགས་པར་བྱས་ནས་བྱམས་པའི་དྲིན་གྱིས་བསྐྱངས། ད་ལྟའི་དགྲ་འདིའི་མ་བྱས་དུས། རང་ཉིད་དྲི་ཟ་ཉེར་བར་ལེན་པའི་རྣམ་པར་ཤེས་པ་བར་དོ་ན་འཁྱམས་ཤིང་ཟས་ཀྱི་དྲི་ལ་སྣོམས་ཤིང་འགྲོ་བའི་ཚེ་སྔོན་གྱི་ལས་དང་ཕ་མའི་འདུ་ཕྲོད་ཀྱི་རྒྱུ་རྐྱེན་ཉེ་བར་གནས་པ་ལས་མངལ་དུ་ཞུགས་ནས། ཟླ་བ་དགུ་དང་ངོ་བཅུའི་བར་ལ་མངལ་དུ་བཟུང་། སྡིག་སྡུག་བསྔལ་བཟོད། སྡུག་མཆིལ་མ་གཉིས་ལྐོག་འཐུང་བྱས་ཤིང་། ཤ་ཁྲག་འོ་མ་བཤིགས་བཤིགས་བྱས་ནས་སྡིག་སྡུག་གཏམ་ངན་ཐམས་ཅད་ཁྱད་དུ་བསད། མས་ཟས་ཟོས་པའི་དྭངས་མ་དང་ལུས་ཀྱི་ཟུངས་ཐམས་ཅད་བུའི་ལྟེ་བ་ནས་བརྒྱུད་དེ་བུའི་སྲོག་གི་གསོས་སུ་བྱས་ནས་ལུས་བསྐྱེད་པ་ནི་ལུས་བསྐྱེད་པའི་དྲིན། དེ་ནས་ཕྱིར་བཙའ་བའི་དུས་གསོན་པོ་རེད་ཟེར་ན་མགོ་མི་ཁྱོགས་པ། ཤི་བོ་རེད་ཟེར་ན་དབུགས་མ་ཆད་པ། ཉ་རེ་ཉོ་རེ་ཆུང་ཕུད་བུ་ཙམ་པ་དེ་མ་དྲིན་མོ་ཆེ་དེས་ཤི་རྒྱུ་ཤི་མ་བཅུག རིལ་རྒྱུ་སྐམ་མ་བཅུག་པར་ཨ་མ་ལ་བུ་སྐྱེས་བྱུང་སྙམ་བའི་དགའ་སོ་ཆེན་པོ་ཞིག་བཟུང་། བརྩེ་བའི་སེམས་ཀྱིས་བསྐྱང་། འཛུམ་པའི་མདངས་ཕྱུང་། སྙན་པའི་ངག་གིས་བོས། ལག་སོར་མོ་བཅུས་པང་དུ་བླངས་ནས་འཆི་མ་བཅུག་པ་སྲོག་བྱིན་པའི་དྲིན། དེ་ནས་བར་དོའི་རྣམ་ཤེས་འཁྱམ་པོ་ཁ་ན་ཟས་མེད་ལག་ན་ནོར་མེད་རྒྱབ་ན་གོས་མེད་པ་ཞིག་ཕར་ངོ་ཕར་ལ་མི་ཤེས་ཚུར་ངོ་ཚུར་ལ་མི་ཤེས་པ་ཞིག་གི་ཁྱིམ་དུ་ཕྱིན་པ་ན། མ་དྲིན་མོ་ཆེ་དེས་ཟས་ཀྱི་དང་པོ་མངར་བའི་ནུ་ཞོ་བྱིན་པས་དེའི་དྭངས་མ་མིག་ལ་བབས་སོང་བ་འཆི་བའི་དུས་སུ་མིག་ནས་མཆི་མ་ཁྲ་ལི་ལི་འགྲིལ་བ་དེ་ཡིན་ལ། སྙིགས་མ་ལུས་ཀྱི་ནང་དུ་གནས་ད་ལྟ་ཟས་ཀྱི་བཅུད་ཐམས་ཅད་ལེན། ལུས་བསྐྱེད་པར་བྱས་ནས་འཆི་བའི་དུས་ལུས་ཟུང་ཞེས་པ་སྐྱུག་པའམ་ཡང་ན་སྦྱོང་བར་བྱེད་པ་དེ་ཡིན་ལ། གོས་ཀྱི་དང་པོ་ཤ་དྲོད་ལ་བཅར། དེ་ནས་ཅུང་ཟད་ཟ་ནུས་པའི་དུས་སུ་ཟས་ཀྱི་ཕུད། དཀར་གྱི་དྲུང་། དམར་གྱི་ཕུད། ཟས་གང་བཟང་གང་ཞིམ་མང་པོ་བྱིན་ནས་ཟས་ཐམས་ཅད་ཁས་སྙོད། མི་གཙང་བ་ལག་པས་ཕྱིས། འགྲང་ལྟོག་ལག་པས་བྱུག ཚ་གྲང་མཛུབ་མོས་ཚོད་བཟུང་ནས་བྱིན། གོས་ཀྱི་རྩེ་མོ་གང་འཇམ་གང་དྲོ་མང་པོས་བུ་ལ་གོས་བྱས་ཏེ་མ་རང་གིས་ཡར་དཀོན་མཆོག་ལ་མཆོད་མི་བྲ། མར་ངན་སློང་ལ་སྦྱིན་མི་བྲ། ཤི་བོའི་རྒྱབ་ནས་གཏོང་མི་བྲ། གསོན་པོའི་ཁ་ལ་ཟ་མི་བྲ། རྒྱབ་ལ་གྱོན་མི་བྲ་བར་སྡིག་སྡུག་གཏམ་ངན་ཐམས་ཅད་ཁྱད་དུ་བསད་ནས་བསགས་ཤིང་། སྡིག་པ་དང་གཡོ་རྒྱུའི་མགོ་སྐོར་ཁོ་ནས་བསགས་པའི་ལོངས་སྤྱོད་ཐམས་ཅད་བུ་ལ་བྱིན། ད་དུང་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ལ་བཀོད་ཀྱང་ཆེ་སོང་བསམ་རྒྱུ་མེད་པར་ཁ་ཟས་འདོད་ཟས་དང་སྤྲད། ལག་ནོར་འདོད་ནོར་དང་སྤྲད། རྒྱབ་གོས་མེད་གོས་དང་སྤྲད་དེ་སེར་སྣ་དང་ཕངས་སེམས་མེད་པར་མ་རང་གི་ལོངས་སྤྱོད་ཐམས་ཅད་བུ་ལ་བྱིན་པ་ནི་ཡོ་བྱད་བསྟབས་པའི་དྲིན་ཡིན། དེ་ནས་ཅུང་ཟད་ཞིག་ཟ་ཤེས་འགྲོ་ཤེས་དུས། ཟས་ཟ་ཚུལ། གོས་གྱོན་ཚུལ། གོས་ཀྱི་མགོ་འཇུག སྐེ་རག་གི་དམ་ལྷོད། ལྷམ་སྒྲོག་གི་བཅིང་ཚུལ། འགྲོ་མི་ཤེས་པ་ལ་འགྲོ་ཚུལ། སྨྲ་མི་ཤེས་པ་ལ་ཨ་གྱིས་མ་གྱིས། ཨ་ཕ་གྱིས་ལ་སོགས་པས་འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་ལེགས་པར་བསླབ། བུ་ཆུང་རྫི་བོར་ནང་བསྙལ་བའི་དུས་སུ་མ་རང་གི་སྙིང་དེ་དམར་ལྡོག་གེ་བླངས་ཏེ་ཐང་དུ་བཞག་པ་ལྟ་བུ་གཅེས་ཀ་དང་རིན་ཐང་ཆེན་པོར་བཟུང་ནས། ད་ལྟ་ཉ་ཀ་བ། བ་སྤུ་སྡོང་པོར་མ་སོང་གི་བར་དུ་བསྐྱེད་པ་ནི་འཇིག་རྟེན་བསྟན་པའི་དྲིན་ཡིན། དེ་ལྟར་ལུས་བསྐྱེད་པ། སྲོག་བྱིན་པ། ཡོ་བྱད་བསྟབས་པ། འཇིག་རྟེན་བསྟན་པ་བཞི་ནི་འཇིག་རྟེན་ཀྱི་ཕྱོགས་ཀྱི་དྲིན་དྲན་པ་ཡིན། དམ་པའི་ཆོས་ཀྱི་ཕྱོགས་ནས་དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་འདི་ཡང་མ་དྲིན་མོ་ཆེས་བསྐྱེད། བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་ཟས་གོས་གནས་མལ་ཡོ་བྱད་འདི་དག་ཀྱང་མ་སེམས་ཅན་ཞིག་མེད་ན་རང་སྟོབས་ཀྱིས་གཅིག་ཀྱང་མི་འགྲུབ་པས་མ་སེམས་ཅན་གྱི་དྲིན་དྲན། རྒྱལ་སྲས་བྱང་ཆུབ་སེམས་དཔའི་ལམ་གྱི་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ས་མ་སེམས་ཅན་མེད་ན་བསྐྱེད་པའི་ཐབས་མེད། བར་དུ་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུ་ལ་བསླབ་པ་ཡང་མ་སེམས་ཅན་མེད་ན་བསླབ་པའི་ཡུལ་མེད། དེ་གཉིས་མེད་ན་མཐར་མངོན་པར་རྫོགས་པ་སངས་རྒྱས་པ་ཡང་མེད་པས་ཆོས་ཀྱི་ཕྱོགས་ནས་ཀྱང་དྲིན་ཆེ། དེ་ལྟར་ཆོས་འཇིག་རྟེན་གཉིས་ཀའི་ཐད་ནས་དྲིན་དྲན་པ་ནི་དྲིན་དྲན་པ་ཡིན། ད་ནི་དེ་ལྟར་དྲིན་ཆེན་པོ་དང་ལྡན་པའི་མ་དྲིན་མོ་ཆེ་དེས་ད་སྔོན་ཁེ་དང་རྒྱལ་ཁ་བུ་ལ་བྱིན། གྱོང་དང་བུབ་ཁ་རང་གིས་བླངས་ནས་དྲིན་ཆེན་པོས་བསྐྱངས་བ་ཡིན་ན། བདག་ད་རེས་ཐེག་པ་ཆེན་པོའི་ཆོས་དང་མཇལ། བླ་མ་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བཟུང་། ལམ་གྱི་ཁེ་ཉེན་ཤེས་པའི་དུས་འདིར་སྔར་ཨ་མས་ངའི་སྐྱིད་སྡུག་ལ་བལྟས་པས་ད་ངའི་རེས་མོ་ལ་བབ་པས་ཨ་མའི་སྐྱིད་སྡུག་ལ་ད་བུས་བལྟ་དགོས་སྙམ་དུ་དྲིན་གཟོ་འདོད་པ་ནི་དྲིན་གཟོ་འདོད་ཀྱི་རྟོག་པ་བསྐྱེད་པ་ཡིན། དེ་ལྟར་དགྲ་ལ་མར་ཤེས་དྲིན་དྲན་དྲིན་གཟོ་འདོད་ཀྱི་རྟོག་པ་སྐྱེས་པ་ན། དེ་ནས་རང་གི་མ་དང་ཕ་དང་ཤ་ཉེ་དང་། སྲིང་མོ་སོགས་ནས་ཐུན་བཞག་ཁར་སེམས་ཅན་ཐམས་ཅད་དགྲ་གཉེན་ཆགས་སྡང་མེད་པར་མའི་ཡུལ་དུ་སྙོམས་པ་དེ་བཏང་སྙོམས་ཚད་མེད་བསྒོམ་པ་ཡིན། དེ་ལྟར་དཔྱད་ནས་བསྒོམ་ཚེ་སེམས་ཆད་ནས་འགྲོ་མི་འདོད་པའི་ཚེ་ཡང་འདས་པའི་རྗེས་སུ་མི་འབྲང་། མ་འོངས་པའི་འདུན་མི་བསུ། ད་ལྟའི་རྟོག་པ་འཕྲོ་མི་མཐུད་པར་བཅའ་བཅོས་མི་བྱེད་པར་ཅི་གནས་སུ་བཞག་པ་བཏང་སྙོམས་ཀྱི་ཏིང་ངེ་འཛིན་ཡིན། ཡང་འཕྲོ་འདོད་པ་དང་ཡང་དཔྱད། དེ་ལྟར་དཔྱད་འཇོག་རེས་མོས་བྱས་ནས་ཞི་གནས་བསྒོམ། ཐུན་གྱི་རྗེས་ནི་ཐམས་ཅད་འདྲ། དེ་ནས་ཐུན་མཚམས་སུ་སེམས་ཅན་ཆགས་སྡང་ཅན་ཞིག་དམིགས་ཡུལ་དུ་བྱས་ནས། མར་ཤེས་དྲིན་དྲན་སོགས་འདྲ་བ་ལ་འདིའི་རྒྱུད་ཀྱི་ཆགས་སྡང་གཉིས་པོ་དེ་བྲལ་བར་གྱུར་ཅིག བྲལ་ན་ཅི་མ་རུང་སྙམ་པ་དང་། བྲལ་བ་ཞིག་བདག་ངས་བྱ་སྙམ་པ་དང་། བྲལ་བ་ཞིག་དཀོན་མཆོག་ལ་གསོལ་བ་འདེབས་དགོས། དེ་ནས་དམིགས་མེད་ཀྱི་བཏང་སྙོམས་བསྒོམ་ན། རང་གཞན་གྱི་ལུས་རྡུལ་ཕྲན། སེམས་སྐད་ཅིག་མའི་སྐྱེ་འགག་གི་ཕྲེང་བ་ཤར་ར་སྐད་ཅིག་གཉིས་པར་མི་སྡོད་པ་དོན་དམ་པར་རང་བཞིན་མ་གྲུབ་པ་དང་། ཐ་སྙད་དུ་སྟོང་ཉིད་ཅིར་ཡང་མ་ཡིན་པ་ལས་རྟེན་འབྱུང་འགགས་པ་མེད་པས་སྟོང་དང་རྟེན་འབྱུང་འགགས་པ་མེད་པར་མཉམ་པ་ལ་ངེས་ཤེས་དྲངས་ཏེ་ཡང་བཅའ་བཅོས་མེད་པར་འཇོག་པ་ལྷག་མཐོང་བསྐྱེད་པའི་ཐབས་ཡིན། གཞན་ཡང་ཐུན་མཚམས་ཐམས་ཅད་ལ་སེམས་ཅན་ཆགས་སྡང་རྩོད་འདུག་པ་རྣམས་ལ་དམིགས་ནས། འདི་དག་གི་རྒྱུད་ཀྱི་ཆགས་སྡང་གཉིས་པོ་དུས་དང་རྣམ་པ་ཐམས་ཅད་དུ་བྲལ་བར་གྱུར་ཅིག་སྙམ་པ་སྨོན་པ་དང་འབྲེལ་བ། བྲལ་ན་ཅི་མ་རུང་སྙམ་པ་འདུན་པ་དང་འབྲེལ་བ། བྲལ་བ་ཞིག་བདག་ངས་བྱ་སྙམ་པ་དམ་བཅའ་དང་འབྲེལ་བ་སྟེ་འབྲེལ་བ་སུམ་ལྡན། དཀོན་མཆོག་ལ་གསོལ་བ་འདེབས་པ་བཞི་པོ་དེ་ལ་ཡང་ཡང་བསམ་དགོས། དེ་ལྟར་ཐུན་ནང་ནས་བཏང་སྙོམས་བཟང་པོ་ཞིག་བསྒོམ་ནས་རྒྱུད་ཅུང་ཟད་འགྱུར་བ་ཞིག་ཐོན་ཀྱང་། ཐུན་མཚམས་སུ་མ་བསམ་ན་སྔར་གྱི་རང་རྒྱུད་ངན་པའི་ཤུལ་དུ་ཡང་ལྷུང་འོང་བས། དཔེར་ན་ལྕགས་མེའི་ནང་དུ་བསྲེགས་པ་དམར་ཟེང་ངེ་ཡོད་པ་དེ་མེའི་ནང་ནས་བླངས་ཏེ་སར་བཞག་ན་ནག་ཁྲོག་གེ་འགྲོ་བ་དང་འདྲ་བས་ཐུན་ནང་བས་ཐུན་མཚམས་སུ་བསྒོམ་པ་འདི་གལ་ཆེ་བ་ཡིན། དེ་ལྟར་བསྒོམ་ནས་ཐུན་མཚམས་ལ་ཡང་དགྲ་ལ་སྡང་བ་བཏང་། གཉེན་ལ་ཆགས་པ་བཏང་། ཐམས་ཅད་ཕ་མའི་ཡུལ་དུ་སྙོམས་དགོས། གཉིས་པ་བྱམས་པ་བསྒོམ་པ་ལ་བཏང་སྙོམས་ཀྱི་ཆགས་སྡང་ཞི་ནས་ཕ་མའི་ཡུལ་དུ་སྙོམས་པ་དེ་ལ་བྱམས་པ་བསྒོམ་དགོས་ཏེ། དེ་ཐུན་གྱི་མགོར་ཁོལ་བུར་ཁོལ་བུར་བཅད་ནས་བསྒོམ། མཇུག་ཏུ་སེམས་ཅན་ཐམས་ཅད་ལ་བསྒོམ་དགོས།
དང་པོ་རང་གི་རྩ་བའི་མ་དེ་མདུན་དུ་ཕུང་པོ་ཁམས་སྐྱེ་མཆེད་ཐམས་ཅད་གསོན་པའི་དུས་ལྟར་རམ་དངོས་སུ་བསམ་ནས། ད་ལྟའི་མ་འདིས་བདག་གི་མ་ལན་གཅིག་བྱས་པས་མི་ཚད་ལ་ལན་གྲངས་བསམ་གྱིས་མི་ཁྱབ་པར་བྱས་ཏེ་མའི་ཐུག་མཐའ་སོགས་མར་ཤེས། ད་དྲིན་དྲན་པ་ལ་བདག་གནམ་ནས་ཐོག་ལྷུང་བ་དང་ས་ལས་མེ་ཏོག་སྐྱེས་པ་ལྟ་བུ་མ་ཡིན་པར་ཟླ་དགུ་ངོ་བཅུ་སོགས་ལུས་སྲོག་བསྐྱེད་པ་ཡིན་ཏེ་མས་ཟས་ཟོས་ཚད་ཀྱི་བཅུད་ཀྱིས་མར་མེ་ལ་སྡོང་སྐྱ་བཞག་པ་བཞིན་མ་རང་གི་ལྟེ་བ་ནས་བརྒྱུད་དེ་ལུས་སྲོག་བསྐྱེད་པའི་དྲིན་དྲན། དེ་ནས་བཙའ་བའི་དུས་མའི་ཁའི་རུས་པའི་ཚིག་མ་གཏོགས་པའི་ཚིག་མཚམས་ཐམས་ཅད་བྱེ། ཞག་བདུན་གྱི་བར་དུ་འཁྲིག་པ་ཡིད་ལ་དྲན་ཀྱང་སྐྲག་འོང་བ་ལྟ་བུའི་སྡུག་བསྔལ་མྱོང་། བུ་ལྕགས་ཀྱི་འཇུར་མིག་ནས་དྲངས་པ་ལྟ་བུའི་སྡུག་བསྔལ་མྱོང་། སྐྱེ་བའི་ཚེ་ཤི་བོ་ཡིན་ན་དབུགས་མ་ཆད་སོགས་དེ་ནས་ཕྱིར་ལྟས་ཞིག་བྱས་ན་རིགས་དྲུག་པོ་གང་ནས་འོང་མི་ཤེས། སྔ་ལྟས་ཞིག་བྱས་ན་ཡུལ་རིས་གང་ལ་ཐོན་ཡོད་པ་མི་ཤེས་པས་དེའི་དུས་མ་དྲིན་མོ་ཆེས་བདག་པོ་ཞིག་མ་བྱས་ན་ཤི་འགྲོ་རྒྱུ་ལ། མས་དང་པོ་ཕྲུ་མ་བཤུས། འོ་མའི་ཆུ་རྒྱུན་དྲོད་མོས་བཀྲུས། ལྟེ་ཐག་བཅད་ནས་འཆི་རྒྱུ་འཆི་མ་བཅུག་སོགས་སྲོག་བྱིན་པའི་དྲིན་དྲན། དེ་ནས་ཟས་ཀྱི་དང་པོ་མངར་བའི་ནུ་ཞོ་སོགས་ཡོ་བྱད་བསྟབས་པའི་དྲིན་དྲན། དེ་ནས་མ་རང་གི་སྙིང་ཐང་དུ་བཞག་པ་ལྟ་བུའི་བརྩེ་བའི་སེམས་ཀྱིས་འགྲོགས། ཕན་པའི་སེམས་ཀྱིས་བསྐྱངས་ཏེ་སོགས་ནས་ཤེས་ཤེས་པོ་གོ་གོ་བར་དུ་བ སྐྱངས་བའི་འཇིག་རྟེན་བསྟན་པའི་དྲིན་དྲན། དེ་ནས་ཆོས་ཀྱི་ཕྱོགས་ནས་སོགས་ཀྱི་དྲིན་དྲན་ཏེ། དེས་ན་ཕན་བཏགས་པའི་ཞིང་གནས་མལ་ཡོ་བྱད་ཐམས་ཅད་མས་བདག་ལ་བསྟབས། བྱམས་པ་བསྒོམ་པའི་ཞིང་ཡང་མ་དྲིན་མོ་ཆེ་འདི་ཡིན་པས་མས་ང་ལ་དེ་ལྟ་བུའི་ཕན་བཏགས། རང་གིས་མ་ལ་དེ་ལྟ་བུའི་ཕན་དེ་སྔོན་མ་བཏགས་ཤིང་མ་རྒན་གྱིས་འཇིག་རྟེན་ཕྱོགས་ན་ཁ་ཏ་བསྒོ་བརླག་རེ་བྱེད་ན་དེ་ལ་ཉན་དུ་མི་བཏུབ་པར་སྔོ་ར་མ་སྔོ་རྒོག་མ་ཁྱོད་ལ་ཤི་རྒྱུ་མི་འདུག་ཟེར་ནས་དྲིན་ཅན་ལག་པ་རྡོ་བརྡུང་བྱེད་པ་དེ་དག་དྲིན་མ་དྲན་པས་ལན་པ་ཡིན། ད་ནི་དྲིན་དྲན་ནས་དྲིན་ཞིག་གཟོ་བ་ལ། མ་འདིའི་འདོད་རྒྱུ་ཅི་འདོད་གི་ཡོད་བསམ་ན་འདོད་རྒྱུ་བདེ་བ་འདོད་དེ་ཟས་གོས་གནས་མལ་ཡོ་བྱད་ལ་སོགས་ཚེ་འདིའི་བདེ་བ་ནས་མཐོ་རིས་ལྷ་དང་མིའི་བདེ་བ་ཐམས་ཅད་འདོད། ཐ་ན་ཉིན་གཅིག་གི་ཉི་མ་དྲོན་པོ་ཞིག་འདེ་བ་དང་ཇ་ཞིམ་པོ་ཕོར་བ་གང་བཏུང་རྒྱུའི་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་ཀྱང་། བདེ་བའི་རྒྱུ་དད་ངེས་འབྱུང་བྱང་ཆུབ་སེམས་འབྲས་བུ་མངོན་མཐོ་ལྷ་མིའི་བདེ་བ་ནས་སངས་རྒྱས་ཀྱི་གོ་འཕང་གི་བདེ་བ་མི་ལྡན་ཅིང་། སྡུག་བསྔལ་གྱི་རྒྱུ་ལ་ཁོར་མོ་ཡུག་ཏུ་སྤྱོད་པའི་མ་དྲིན་མོ་ཆེ་བདེ་བ་རྒྱུ་འབྲས་གཉིས་དང་མི་ལྡན་པ་དེ་དམིགས་པ་ཡུལ་དང་། རྣམ་པ་བློ་ནི་མ་འདི་སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ་བདེ་བའི་རྒྱུ་དད་ངེས་འབྱུང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གསུམ་དང་ལྡན་པར་གྱུར་ཅིག ལྡན་ན་ཅི་མ་རུང་། ལྡན་པ་ཞིག་ངས་བྱ་སྙམ་པ་དང་། ལྡན་པ་ཞིག་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་གསོལ་བ་འདེབས། བདེ་བའི་འབྲས་བུ་མངོན་མཐོ་ལྷ་མིའི་གོ་འཕང་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་གི་བར་གྱི་བདེ་བའི་འབྲས་བུ་དང་ལྡན་པར་གྱུར་ཅིག ལྡན་ན་ཅི་མ་རུང་། ལྡན་པ་ཞིག་བདག་ངས་བྱ་སྙམ་པ་དང་། ལྡན་པ་ཞིག་དཀོན་མཆོག་ལ་གསོལ་བ་གདབས་ཏེ། ཀྱེ་མ་ཀྱེ་ཧུད་དཀོན་མཆོག་ཐུགས་རྗེ་ཅན་སོགས་དང་། བླ་མ་རྒྱལ་བ་འགྲོ་བའི་མགོན་སོགས་དང་། དཔའ་བོ་ཁྱེད་ལ་ཐུགས་རྗེའི་སྟོབས་མངའ་བས་སོགས་བརྗོད། དེ་ལྟར་བདེ་བའི་ངད་དང་ལྡན་པའི་ཚེ་བཀག་འབྲང་མེད་པར་སེམས་ཅི་གནས་སུ་བཞག་པ་ཡིན། དེ་ལ་རྒྱུ་འབྲས་ཡིད་ཆེས་ཀྱི་དད་པ་ནི་མཐོ་རིས་ཀྱི་རྒྱུ་ཡིན། ངེས་འབྱུང་ཐར་བའི་རྒྱུ་ཡིན། བྱང་ཆུབ་ཀྱི་སེམས་རྫོགས་པའི་སངས་རྒྱས་ཀྱི་རྒྱུ་ཡིན། དེ་ལྟར་མར་ཤེས་པ་ནས་བདེ་བ་རྒྱུ་འབྲས་གཉིས་དང་ལྡན་པར་འདོད་པའི་བར་དཔྱད་བསྒོམ་ཡིན། བཀག་འབྲང་མེད་པར་བཞག་པ་བྱམས་པའི་ཏིང་ངེ་འཛིན་ཡིན། ཐུན་མཚམས་ཐམས་ཅད་ལ་བྱམས་པའི་ལུས་ཀྱི་ལས་དང་། ངག་གི་ལས་རྣམས་བསྒྲུབ་དགོས། སེམས་ཀྱི་ལས་མ་རྒན་འདི་རྣམས་གནས་སྐབས་དང་མཐར་ཐུག་གི་བདེ་བ་ཐམས་ཅད་བསྒྲུབ་དགོས་སྙམ་དུ་བསམ། དེ་ཡང་ཕ་ཁུ་རྒན་རབས་དང་ཐ་ན་སྒོ་ཟོག་ཐམས་ཅད་ལ་བྱམས་པའི་ལུས་ཀྱི་ལས་བརྡུང་བརྡེག་ལ་སོགས་སྤངས། ངག་གི་ལས་ཚིག་རྩུབ་མོ་དང་མི་སྙན་པར་བརྗོད་པ་ཐམས་ཅད་སྤངས། སེམས་ཀྱི་ལས་སེམས་ཅན་གྱིས་འདོད་རྒྱུའི་གནས་སྐབས་དང་མཐར་ཐུག་གི་བདེ་བ་ཐམས་ཅད་བསམ་པས་ཡིན་ན་བསྒྲུབ། སྦྱོར་བས་ཡིན་ན་བསྒྲུབ་དགོས། དམིགས་མེད་ནི་འཁོར་གསུམ་པོ་སྣང་ལ་རང་བཞིན་མེད་པའི་ངེས་ཤེས་དྲངས། སྙིང་རྗེ་བསྒོམ་པ་ལ་ཨ་བུ་དང་ཇོ་བོའི་ལུགས་ལ། རང་གི་རྩ་བའི་མ་ནས་བསྒོམ། རིག་འཛིན་འཇིགས་གླིང་གི་དགོངས་པ་ལྟར་ན། བཤའ་ལུག་ལ་སོགས་པ་སེམས་ཅན་གསོད་དུ་ཉེ་བའམ་ནད་པ་དང་སྡུག་བསྔལ་ཅན་ཞིག་ལ་དམིགས་ནས་རང་ངམ་རང་གི་མ་རྒན་གྱི་འདུ་ཤེས་བཞག་ནས་བསྒོམ་པ་ཡིན། གང་ལྟར་བསྒོམ་ཡང་ཆོག་ལ། ལས་དང་པོ་བས་རང་གི་རྩ་བའི་མ་ནས་བསྒོམ་པའི་དབང་དུ་བྱས་ན། དེ་ཡང་མ་རྒན་མོ་དེ་ཕུང་ཁམས་སྐྱེ་མཆེད་གསལ་བར་རང་གི་མདུན་དུ་བསྒོམ། དང་པོ་མར་ཤེས་པ་ལ་མ་ལན་གཅིག་མ་ཡིན་པར་ལན་གྲངས་མང་པོར་བྱས་པ་དང་། ལུས་སྲོག་སྦྱིན་པའི་དྲིན་སོགས་དང་། ཡོ་བྱད་བསྟབས་ཏེ་དཀའ་བ་སྤྱད་པ་སོགས་མ་དྲིན་མོ་ཆེས་ཉིན་གྱི་བྱ་ར། མཚན་གྱི་མེལ་ཚེ་བྱས་ནས་བསྐྱངས་བ་སོགས་དང་། འཇིག་རྟེན་བསྟན་པ། སྨྲ་མི་ཤེས་པ་ལ་སྨྲ་ལོབ། འགྲོ་མི་ཤེས་པ་འགྲོ་ལོབ། ཟ་མི་ཤེས་པ་ལ་ཟ་ལོབ། གོན་མི་ཤེས་པ་ལ་གོས་གྱོན་ལོབ་བསླབ། བྱིས་པ་གཞོན་པ། གཞོན་པ་དར་བབ་སོགས་ནས་ཤེས་ཤེས་གོ་གོའི་བར་དུ་བསྐྱངས་བའི་དྲིན་དྲན། ཆོས་ཀྱི་ཕྱོགས་ལ་དལ་འབྱོར་སོགས་དྲན། དྲིན་གཟོ་འདོད་བསྐྱེད་དེ་དེ་ལྟ་བུའི་མ་དྲིན་མོ་ཆེ་དེའི་འདོད་རྒྱུ་ཅི་འདོད་ན། འདོད་རྒྱུ་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་དད་ངེས་འབྱུང་བྱང་ཆུབ་ཀྱི་སེམས་རྣམས་ནི་རང་གིས་སྒྲུབ་ནི་མི་ཤེས། སྟོན་པ་པོ་དགེ་བའི་བཤེས་གཉེན་ནི་མེད། གལ་སྲིད་སྟོན་པ་པོ་ཞིག་ཡོད་ནའང་དེའི་བཀའ་བཞིན་མི་བསྒྲུབ་པས། སྤྱོད་འཇུག་ལས། བདེ་བ་འདོད་ཀྱང་གཏི་མུག་པས། ། རང་གི་བདེ་བ་དགྲ་ལྟར་གཞོམས། ། ཞེས་པ་བཞིན། བདེ་བའི་རྒྱུ་དགེ་བ་རྣམས་དགྲ་མི་ཤ་བོ་མཐོང་བ་ལྟར་འཇོམས། སྡུག་བསྔལ་ནི་མི་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་ལ་འཆོལ་ཉོག་ཏུ་སྤྱོད་དེ། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། ། སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག ། ཅེས་པས། སྲིད་པ་ཁམས་གསུམ་འཁོར་བའི་སྡུག་བསྔལ་ཐམས་ཅད་མི་འདོད། ཐ་ན་མེ་སྟག་ཕྲ་མོ་ཕོག་པའམ་ཚེར་མ་ཟུག་པ་ལྟ་བུའི་སྡུག་བསྔལ་ཕྲ་མོ་ཡང་མི་འདོད་ཀྱང་། དེའི་རྒྱུ་མི་དགེ་བ་ལུས་ཀྱིས་ལས་ན་མི་དགེ་བ་ལས། ངག་གིས་བཤད་ན་མི་དགེ་བ་བཤད། སེམས་ཀྱིས་བསམ་ན་མི་དགེ་བ་བསམ། དེ་ལྟར་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པའི་སྡུག་བསྔལ་གྱི་བདེན་པས་དངོས་སུ་གནོད། ཀུན་འབྱུང་གི་བདེན་པས་བརྒྱུད་ནས་གནོད་དེ། ཚེ་འདིའི་སྡུག་བསྔལ་གྱིས་སྐྱེལ་མ་བྱེད། ཕྱི་མའི་སྡུག་བསྔལ་གྱིས་བསུ་མ་བྱེད། བར་དོའི་སྡུག་བསྔལ་གྱིས་མཚམས་སྦྱར་བའི་སྡུག་བསྔལ་རྒྱུ་འབྲས་གཉིས་དང་ལྡན་པ་དེར་མ་ཟད་ང་གཅིག་པུའི་དོན་ལ་མི་དགེ་བ་མི་ལ་འཛིང་། ཁྱི་ལ་འཐབ། ཐ་ན་མགོ་ཤིག་གཅིག་པུ་བསད་པའི་རྣམ་སྨིན་གྱིས་དམྱལ་བའི་སྡུག་བསྔལ་མུ་མཐའ་མེད་པར་འཁྱམ་དགོས་ཤིང་། སྡུག་བསྔལ་གྱི་རྒྱུ་མི་དགེ་བའི་ཉེས་དམིགས་ནི་མི་ཤེས་ལ། དགེ་བའི་ཕན་ཡོན་ཀྱང་མི་ཤེས་ཤིང་ཉིན་མཚན་རྒྱུན་མི་འཆད་པར་སྡུག་བསྔལ་ལ་འཁོར་མོ་ཡུག་ཏུ་སྤྱོད་པའི་མ་དྲིན་མོ་ཆེ་འདི་ཤ་ཚ་སྙིང་རྗེ་སྙམ་པ་སྙིང་རྗེའི་དམིགས་པའམ་ཡུལ་ཡིན། འདི་སྡུག་བསྔལ་གྱི་འབྲས་བུ་སྲིད་པ་ཁམས་གསུམ་འཁོར་བའི་སྡུག་བསྔལ་དང་བྲལ་བར་གྱུར་ཅིག བྲལ་ན་ཅི་མ་རུང་། བྲལ་བ་ཞིག་བདག་ངས་བྱ་སྙམ་པ་དང་། སྡུག་བསྔལ་དེ་དང་བྲལ་བ་ཞིག་སྐྱབས་བསླུ་བ་མེད་པའི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་པོ་ཁྱེད་ཀྱི་ཐུགས་རྗེ་དང་ནུས་པ་མ་ཆུང་སྙམ་དུ་གསོལ་བ་འདེབས། སྡུག་བསྔལ་གྱི་རྒྱུ་ལས་དང་ཉོན་མོངས་ཐམས་ཅད་དང་བྲལ་བར་གྱུར་ཅིག བྲལ་ན་ཅི་མ་རུང་། བྲལ་བ་ཞིག་བདག་ངས་བྱ་སྙམ་པ་དང་། དཀོན་མཆོག་ལ་གསོལ་བ་འདེབས། དེ་ལྟར་དཔྱད་འཇོག་སྤེལ་མར་བསྒོམ། དེ་ནས་ཕ་དང་སྲིང་མོ་སོགས་ཕ་ཚན་ཕུ་ནུ་སོགས་ལ་རིམ་གྱིས་བསྒོམ། མཐར་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གསུམ་གཏོར་ནས། ངན་སོང་གསུམ་སྡུག་བསྔལ་གྱི་སྡུག་བསྔལ། མཐོ་རིས་ལྷ་མི་གཉིས་འགྱུར་བའི་སྡུག་བསྔལ། ཁམས་གོང་མ་གཉིས་ན་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ། ཁྱད་པར་མི་ལ་དགྲ་སྡང་བ་དང་འཕྲད་ཀྱིས་དོགས་པ། གཉེན་བྱམས་པ་དང་བྲལ་གྱིས་དོགས་པ། འདོད་པ་ཐོག་ཏུ་མི་ཁེལ་བའི་སྡུག་བསྔལ། མི་འདོད་པ་ཐོག་ཏུ་བབ་པའི་སྡུག་བསྔལ། སྐྱེ་རྒ་ན་འཆིའི་སྡུག་བསྔལ་སོགས་ཚེ་འདིའི་སྡུག་བསྔལ་གྱིས་དེད། ཕྱི་མའི་སྡུག་བསྔལ་གྱིས་བསུས། བར་དོའི་སྡུག་བསྔལ་གྱིས་མཚམས་སྦྱར་བས་དེ་ལྟ་བུའི་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་བར་གྱུར་ཅིག བྲལ་ན་ཅི་མ་རུང་། བྲལ་བ་ཞིག་བདག་ངས་བྱ་སྙམ་པ་དང་། གསོལ་འདེབས་བྱ། དེ་ལྟ་བུའི་འཁོར་གསུམ་པོ་སྣང་ལ་རང་བཞིན་མེད་པའི་ངེས་ཤེས་དྲངས། ཐུན་མཚམས་སུ་སེམས་ཅན་མཐོང་ཚད་ལ་བསྒོམ། དགའ་བ་ནི་དང་པོ་ཡང་རང་གི་མ་ལ། མར་ཤེས་དྲིན་དྲན། དྲིན་གཟོ་འདོད་དང་། བདེ་བ་ལྡན་འདོད་ཀྱི་བྱམས་པ་དང་། སྡུག་བསྔལ་བྲལ་འདོད་ཀྱི་སྙིང་རྗེ་གཉིས་བསྒོམ་ལ། དེ་ནས་རང་གི་མ་རྒན་མོ་ལ་ཟས་གོས་གནས་མལ། ནོར་དང་ལོངས་སྤྱོད་ཐོབ་དང་མངའ་ཐང་། དཔལ་དང་འབྱོར་བ། རིགས་དང་གྲགས་པ། བདེ་ཞིང་སྐྱིད་པ་ཅུང་ཟད་རེ་ཡོད་པ་དེ་དམིགས་པའམ་ཡུལ་ཡིན་ལ། རྣམ་པའམ་བློ་དེ་ལ་དགའ་བར་བལྟ། དགོས་པར་བལྟ། མེད་ཐབས་མེད་པར་བལྟ་ཞིང་དགའ་བ་བསྒོམ། མ་རྒན་གྱི་སྐྱིད་ཀྱི་འབྲས་བུ་དང་དེའི་རྒྱུ་དགེ་བ་ཅུང་ཟད་རེ་ཡོད་པ་དེ་མ་ཉམས་མ་གོད་པར་གོང་ནས་གོང་དུ་འཕེལ་ཞིང་བདེ་བའི་རྒྱུ་དགེ་བ་དང་འབྲས་བུ་བདེ་བ་དེ་དང་མི་འབྲལ་བར་གྱུར་ཅིག མ་བྲལ་ན་ཅི་མ་རུང་། མི་འབྲལ་བ་ཞིག་བདག་ངས་བྱ་སྙམ་པ་དང་། གསོལ་བ་བདེབས། དེ་ལྟར་བདེ་བའི་རྒྱུ་དང་འབྲས་བུ་ཐོབ་ཡོད་པ་རྣམས་མི་འབྲལ་བར་གོང་ནས་གོང་དུ་འཕེལ་ནས་གནས་སྐབས་མངོན་མཐོ་ལྷ་མི་དང་། མཐར་ཐུག་ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་གི་བར་དུ་གོང་ནས་གོང་དུ་འཕེལ་བར་གྱུར་ཅིག འཕེལ་ན་ཅི་མ་རུང་། འཕེལ་བ་ཞིག་བདག་ངས་བྱ་སྙམ་པ་དང་། འཕེལ་བའི་ཆེད་དུ་དཀོན་མཆོག་ལ་གསོལ་བ་འདེབས། དེ་ལྟར་དཔྱད་འཇོག་སྤེལ་མར་བསྒོམ། དེ་ལྟར་འཁོར་གསུམ་པོ་སྣང་ལ་རང་བཞིན་མེད་པའི་ངེས་ཤེས་དྲངས། ཐུན་མཚམས་སུ་དུས་དང་རྣམ་པ་ཐམས་ཅད་དུ་སེམས་ཅན་བདེ་སྐྱིད་ཅན་རྣམས་ལ་ཕྲག་དོག་མི་བྱེད་པར་དགའ་བ་བསྒོམ། མཆེད་གྲོགས་སོགས་ཐོས་བསམ་སྒོམ་པ་དང་ལྡན་པ་ཐམས་ཅད་ལ་དེ་ལྟ་བུའི་བདེ་སྐྱིད་ཡོན་ཏན་ཐམས་ཅད་དང་མི་འབྲལ་བར་ཤོག མི་འབྲལ་བར་གོང་ནས་གོང་དུ་འཕེལ་བར་ཤོག དེ་དང་མ་བྲལ་ན་ཨང་སྙམ་པས་དགའ་བ་བསྒོམ་ན་རང་གི་རྒྱུད་ཀྱིས་ཐོས་བསམ་སྒོམ་པ་ཐམས་ཅད་མི་གོད་མི་ཉམས་པའི་དགོས་པ་ཡོད། དེ་ལྟར་སེམས་ཅན་ཐམས་ཅད་མ་ཡིན། ང་བུ་ཡིན་སྙམ་ནས། མའི་བདེ་བ་ཐམས་ཅད་བུས་བསྒྲུབ་དགོས་པ་ལ་ངས་བ སྒྲུབ་མ་དགོས་པར་སེམས་ཅན་རང་རང་གི་བདེ་བ་རྙེད་པ་ལ་དགའ་བ་བསྒོམ་པ་ལས་ཕྲག་དོག་གཏན་ནས་བྱེད་པའི་ཐབས་མེད། གཉིས་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ། ངོ་བོ་དབྱེ་བ། སེམས་བསྐྱེད་ཚུལ་དང་གསུམ་ལས། དང་པོ་ངོ་བོ་ནི། ཟུར་གཉིས་སམ་དོན་གཉིས་དང་ལྡན་པ་བྱང་ཆུབ་སེམས་བསྐྱེད་ཀྱི་ངོ་བོ་ཡིན་ཏེ། རྒྱལ་ཚབ་བྱམས་པས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། ། ཡང་དག་རྫོགས་པའི་བྱང་ཆུབ་འདོད། ། ཅེས་པས། ཟུར་དང་པོའམ་དོན་དང་པོ་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཏེ་སྙམ་པ་སྙིང་རྗེས་སེམས་ཅན་ལ་དམིགས་པ་ཡིན། ཟུར་ཕྱི་མའམ་དོན་ཕྱི་མ་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཏེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ་སྙམ་པ་དེ་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་ཡིན། དེ་ཡང་ཟུར་གཉིས་མ་ཚང་བ་སེམས་ཅན་སྡུག་བསྔལ་དང་བྲལ་ཏེ་བསམ་པ་ལས་སངས་རྒྱས་ཐོབ་འདོད་ལ་མ་དམིགས་པའི་སྙིང་རྗེ་དང་མ་༼ནོར་པ་༽འདྲེས་པ། སྡུག་བསྔལ་མ་དམིགས་ནས་སངས་རྒྱས་ཐོབ་པར་བྱ་སྙམ་པའི་བྱམས་པ་དང་མ་༼ནོར་༽འདྲེས་པའི་ཟུར་གཉིས་སམ་དོན་གཉིས་དང་ལྡན་དགོས། དབྱེ་བ་ལ། བློ་སྟོབས་ཀྱི་དབྱེ་བས་གསུམ་སྟེ་དེ་གསུམ་པོས་ཟུར་དང་པོ་སྙིང་རྗེས་སེམས་ཅན་ལ་དམིགས་པ་ལ་དབྱེ་བ་མེད་ཀྱང་། ཟུར་ཕྱི་མ་འདིའི་སྟེང་ནས་དང་པོ་ངས་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་འདོད་པ། འདོད་པ་ཆེན་པོའམ་རྒྱལ་པོ་ལྟ་བུའི་སེམས་བསྐྱེད། ང་དང་སེམས་ཅན་མཉམ་དུ་སངས་རྒྱས་བསྒྲུབ་པ་ལས། ང་སྔོན་དུ་མི་འགྲོ་སེམས་ཅན་རྗེས་སུ་མི་བཞག་ལྷན་དུ་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་འདོད་པ། མཉན་པ་ལྟ་བུའམ་ཡེ་ཤེས་དམ་པའི་སེམས་བསྐྱེད། ངས་ཐོག་མ་མེད་པའི་དུས་ནས་རང་འདོད་ཡིད་བྱེད་འདི་བསྒྲུབས་བསྡད་པས་ད་ལྟའི་བར་དུ་འཁྱམས། ད་དུང་ཡང་འདི་བསྒྲུབ་ན་ཐ་མ་མེད་པའི་བར་དུ་འཁྱམ་དགོས་པས་ད་ནི་ང་ཅི་འགྲོ་འགྲོ་ལ་སོང་། དང་པོ་ངས་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་བཀོད་ནས། དེ་ནས་ངས་སངས་རྒྱས་ཀྱི་གོ་འཕང་དེ་ཐོབ་རུང་མ་ཐོབ་རུང་འདྲ་སྙམ་ནས་རང་འདོད་ཡིད་བྱེད་ཀྱི་འགོང་པོ་འདི་རིན་ཆེན་བྱང་ཆུབ་སེམས་ཀྱིས་བཏུལ་ནས། སེམས་ཅན་གཞན་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་དེ་དཔེ་མེད་པའམ་རྫི་བོ་ལྟ་བུའི་སེམས་བསྐྱེད་ཡིན། དཔེ་རྣམས་ནི་གོ་སླའོ། ། དེ་ལྟར་དབང་པོ་ཐ་མས་བསྐལ་བ་གྲངས་མེད་སུམ་ཅུ་སོ་གསུམ། འབྲིང་གིས་བདུན་དང་། རྣོན་པོས་གྲངས་མེད་གསུམ་གྱིས་སངས་རྒྱས་ཐོབ་པ་ཡིན། ས་མཚམས་ཀྱི་དབྱེ་བ་ལ་ཚོགས་སྦྱོར་གཉིས་ཀྱི་ལམ་ན་མོས་པས་སྤྱོད་པའི་སེམས་བསྐྱེད་ཅེས་བྱ་སྟེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མཚན་ཉིད་པ་རྒྱུད་ལ་སྐྱེ་རུང་ཡོད་ཀྱང་། དོ ན་དམ་བྱང་ཆུབ་ཀྱི་སེམས་ལ་དོན་སྤྱིའི་སྒོ་ནས་གོ་བའམ་མྱོང་བ་ཙམ་ལས་མངོན་སུམ་དུ་མ་རྟོགས་པས་ན་མོས་པས་སྤྱོད་པའི་སེམས་བསྐྱེད་ཅེས་བརྗོད། ས་དང་པོ་ནས་བདུན་པའི་བར་ལ་ལྷག་བསམ་དག་པའི་སེམས་བསྐྱེད་ཅེས་བྱ་སྟེ། མཉམ་བཞག་ཏུ་ཉོན་ཡིད་འགགས་ནས་རྗེས་ཐོབ་ཏུ་ངར་འཛིན་ཕྲ་བ་རེ་སྐྱེས་ཀྱང་ལམ་གྱི་བར་ཆད་དུ་མི་འགྱུར་བས་ན་ལྷག་བསམ་དག་པའི་སེམས་བསྐྱེད། དག་པ་ས་གསུམ་གྱི་གནས་སྐབས་རྣམ་པར་སྨིན་པའི་སེམས་བསྐྱེད་ཅེས་བྱ་སྟེ། སྔར་ཚོགས་སྦྱོར་གྱི་ལམ་གྱི་སྐབས་སུ་སྨོན་ལམ་གང་བཏབ་པ་དེ་དག་ད་བསྒྲུབ་རན་ཞིང་དཔེར་ན་སྟོན་ལོ་ཏོག་སྨིན་པ་དང་འདྲ་སྟེ་གཞན་དོན་རླབས་པོ་ཆེ་འགྲུབ་པའི་དུས་ཡིན་པས་སོ། ། སངས་རྒྱས་ཀྱི་ས་ན་སྒྲིབ་པ་སྤངས་པའི་སེམས་བསྐྱེད་ཅེས་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་ནས་ཀུན་རྫོབ་སེམས་བསྐྱེད་སྔར་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར་ཞེས་པའི་ཁས་བླངས་བའི་དུས་ལས་འདས་ཀྱང་། དོན་དམ་སེམས་བསྐྱེད་ཐོབ་ལ་མ་ཉམས་པའི་ཚུལ་དུ་ཡར་ལྡན་དུ་ཡོད་ཅིང་། གཞན་སེམས་ཅན་དཔག་ཏུ་མེད་པ་ལ་སེམས་བསྐྱེད་པའི་མགོ་ཚུགས་པས་སེམས་བསྐྱེད་ཅེས་སྨྲས་པ་ཡིན་ལ། དེ་ཡང་ཚོགས་སྦྱོར་གྱི་ལམ་ན་ཀུན་རྫོབ་སེམས་བསྐྱེད་རྣམ་པར་དག་པ་ཞིག་ཡོད་ཀྱང་། དོན་དམ་སེམས་བསྐྱེད་ཚོགས་ལམ་པས་གོ་བ་དང་། སྦྱོར་ལམ་པས་མྱོང་བ་ཡིན་ཏེ། ལྟ་བ་ལ་མངོན་སུམ་དང་རྗེས་དཔག་གི་ལྟ་བ་གཉིས་ལས་སྐབས་འདིར་རྗེས་དཔག་གི་ལྟ་བ་ཡིན་པས་མོས་པས་སྤྱོད་པའི་སེམས་བསྐྱེད་ཡིན། སྦྱོར་ལམ་ཆོས་མཆོག་དེ་མ་ཐག་པའི་ཡེ་ཤེས་ཡིན་པས་དེ་རྒྱུད་ལ་སྐྱེ་བའི་སྐད་ཅིག་ཕྱི་མར་མཐོང་ལམ་ལ་སྦྱོར་འགྲོ་བས་དེའི་བར་གྱི་ཚོགས་ལམ་ནས་མཐོང་ལམ་ལ་བསྐལ་པ་གྲངས་མེད་གསུམ་ལྟར་ན་གཅིག་དགོས། མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་ས་དང་པོ་རབ་ཏུ་དགའ་བ་ཞེས་རང་དོན་དུ་ཡེ་ཤེས་མངོན་སུམ་དུ་རྟོགས་པ་དང་། གཞན་དོན་ལ་ཏིང་ངེ་འཛིན་དང་རྫུ་འཕྲུལ་ལ་དབང་འབྱོར་ནས་བསྐལ་བ་སྐད་ཅིག་དང་། སྐད་ཅིག་བསྐལ་བར་བསྒྱུར་བའི་རྫུ་འཕྲུལ་ལ་དབང་འབྱོར་བས་འགྲོ་དོན་རྒྱ་ཆེན་པོ་འོང་བས་རབ་དགའ་ཞེས་དང་། དེ་ལྟར་མ་དག་ས་བདུན་ཏེ་འདི་དག་གི་དུས་སུ་ཉོན་སྒྲིབ་དངོས་སུ་སྤོང་། ཤེས་སྒྲིབ་བརྒྱུད་དེ་ཉམས་སྨད་པར་བྱས་པ་ས་བདུན་པ་མན་ཆད་དུ་ཉོན་ཡིད་མ་སྤངས་པས་མ་དག་ས་བདུན་ཞེས་བརྗོད་ལ། རྗེས་ཐོབ་ན་རང་འདོད་ཀྱི་རྟོག་པ་ཕྲ་མོ་རེ་བྱུང་ཡང་། རང་བཞིན་གྱི་དག་པའམ་ཞིག་འགྲོ་བ་ལས་སྦྱོར་བས་རང་དོན་མི་སྒྲུབ་པས་ལྷག་བསམ་དག་པ་དང་། དག་པ་ས་གསུམ་ཞེས་པ་ཞིང་དང་སྤྱོད་ཡུལ་དག་པས་ཏེ། དག་ས་གསུམ་ན་ཉོན་སྒྲིབ་ལྷག་མ་མ་ལུས་པ་ས་བདུན་པ་ནས་སྤངས་ཟིན་ལ་སྐབས་འདི་གསུམ་དུ་ཤེས་སྒྲིབ་ཕྲ་རགས་ཐམས་ཅད་སྤངས་ནས་ས་བཅུའི་རྒྱུན་གྱི་མཐའ་མ་ལ་བག་ཆགས་ཀྱི་སྒྲིབ་པ་ལྷག་མ་མ་ལུས་པ་སྤངས་པ་ནི་རྣམ་པར་སྨིན་པའོ། ། དེ་ལ་སྐད་ཅིག་དང་པོ་གཉེན་པོ་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས་བག་ཆགས་ཀྱི་སྒྲིབ་པ་ལྷག་མ་མ་ལུས་པ་སྤངས་ནས་སྐད་ཅིག་གཉིས་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་གནས་གྱུར་པ་སྒྲིབ་པ་སྤངས་པའི་སེམས་བསྐྱེད། དེ་སྐད་ཅིག་མར་བཤད་པ་དེ་རང་གི་ངོ་བོས་ནི་མ་ཡིན་པ། ཡུལ་ལ་བྱ་བ་བྱེད་ཚུལ་གྱི་སྒོ་ནས་ཡིན། སྒྲིབ་གཉིས་ལ་རང་ལུགས། རྒྱུད་བླ་མ་ལས། སེར་སྣ་ལ་སོགས་རྣམ་རྟོག་གང་། ། དེ་ནི་ཉོན་མོངས་སྒྲིབ་པར་འདོད། ། འཁོར་གསུམ་རྣམ་པར་རྟོག་པ་གང་། ། དེ་ནི་ཤེས་བྱའི་སྒྲིབ་པར་འདོད། ། ཅེས་པས། ཉོན་མོངས་པ་འདོད་ཆགས་ལ་སོགས་པ་ནི་ཉོན་སྒྲིབ་དང་། འཁོར་གསུམ་དུ་བདེན་པར་ཞེན་པ་ཤེས་སྒྲིབ་དུ་བཞེད། གསར་མའི་ལུགས་ལ། ཉོན་སྒྲིབ་དང་ཤེས་སྒྲིབ་གཞི་མཐུན་དུ་འདོད་པ་སྟེ་བདེན་འཛིན་ཉོན་སྒྲིབ་ཏུ་འདོད་ལ། དེ་ལྟར་ན་ཉོན་སྒྲིབ་ཇེ་ཕྲ་ཇེ་ཕྲར་སོང་བ་ལ་ཤེས་སྒྲིབ་དང་། དེ་ཇེ་ཕྲར་སོང་བ་བག་ཆགས་ཀྱི་སྒྲིབ་པར་འདོད་པ་སྟེ། དཔེར་ན་གླ་རྩི་དང་དེའི་སྣོད་ལ་དྲི་མ་བསྣམས་པ་དང་། དེ་ཡང་ཇེ་ཕྲར་གྱུར་པ་ལྟ་བུར་འདོད། ད་ངོ་བོའི་སྒོ་ནས་དབྱེ་ན། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། དོན་དམ་བྱང་ཆུབ་ཀྱི་སེམས་གཉིས། ཇི་སྐད་དུ། ཀུན་རྫོབ་དོན་དམ་དབྱེ་བ་ཡིས། ། བྱང་ཆུབ་སེམས་དེ་རྣམ་པ་གཉིས། ། ཞེས་པས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བློ་རྣམ་པར་རྟོག་པ་འདིའི་སྟེང་ནས་བསྐྱེད་སྡུད་བྱེད་པ་ཡིན་ལ། དོན་དམ་བྱང་ཆུབ་ཀྱི་སེམས་རྣམ་པར་རྟོག་པའི་རྒྱུ་བ་དབྱིངས་སུ་ནུབ་པའི་ཡེ་ཤེས་དེ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཡིན། ཀུན་རྫོབ་བྱང་སེམས་དེ་ལ་སྨོན་པ་དང་། འཇུག་པ་བྱང་ཆུབ་ཀྱི་སེམས་གཉིས། དང་པོ་འབྲས་བུ་ལ་དམ་བཅའ་བ་སྨོན་པ་བྱང་ཆུབ་ཀྱི་སེམས་དང་། དེ་ཐོབ་པའི་རྒྱུའམ་ཐབས་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་འདོད་ཀྱི་བསམ་པ་དེ། རྒྱུ་ལ་དམ་བཅའ་བ་འཇུག་པ་བྱང་ཆུབ་ཀྱི་སེམས་ཡིན། དེ་ལ་དམ་བཅའི་ལྕགས་ཀྱུ་གཉིས་པ་རེས་ཟིན་དགོས་པར་གསུངས། དེ་ནི་ཆོ་ག་ལ་བརྟེན་ནས་སྐྱེ་དགོས། དོན་དམ་བྱང་ཆུབ་ཀྱི་སེམས་དེ་གསང་སྔགས་ཀྱི་ལུགས་ལ་ཆོ་ག་ལ་བརྟེན་ནས་སྐྱེ་བར་བཤད་ཀྱང་དེ་ནི་མོས་པ་ལམ་བྱེད་ལས་མཚན་ཉིད་པ་མིན། མཚན་ཉིད་པ་ནི་དམ་པ་གསུམ་ལ་བརྟེན་ནས་བསྒོམ་པའི་སྟོབས་ཀྱིས་སྐྱེ་དགོས་ཏེ། དམ་པ་གསུམ་ནི། མདོ་སྡེ་རྒྱན་ལས། རྫོགས་པའི་སངས་རྒྱས་རབ་མཉེས་བྱས། ། བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། ། ཆོས་ལ་མི་རྟོག་ཡེ་ཤེས་ནི། ། སྐྱེ་ཕྱིར་དེ་ནི་དམ་པར་འདོད། ། ཅེས་པས། ཡོངས་འཛིན་དམ་པ་ལ་ཕྱི་ནང་གཉིས་ལས། ཕྱི་ནི་ཚོགས་ལམ་ནས་བཟུང་མཐོང་ལམ་གྱི་བར་ལ་བླ་མ་དང་རྫོགས་པའི་སངས་རྒྱས་མང་པོ་རབ་ཏུ་མཉེས་པར་བྱས་ཤིང་སུན་པར་མ་བྱས་པ་དང་། ནང་གི་ཡོངས་འཛིན་དམ་པ་སྙིང་རྗེ་དང་ཤེས་རབ་རྣམ་པ་གཉིས་ཀྱིས་ཡོངས་སུ་བཟུང་བ་དང་། རྗེས་སྒྲུབ་དམ་པ་ཚོགས་བསགས་པ་སྣང་བཅས་བསོད་ནམས་ཀྱི་ཚོགས་དང་སྣང་མེད་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་པ་དང་། རྟོགས་པ་དམ་པ་ནི་དེའི་མཐའ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་ཞིང་མཐོང་ལམ་གྱི་ཡེ་ཤེས་མཐོང་བ་དེ་ཡིན་ལ། དེ་ནི་མཚན་ཉིད་པ་བསྒོམ་པའི་སྟོབས་ལས་སྐྱེ་དགོས་ཏེ་དེ་ལྟར་ཡོངས་འཛིན་དམ་པ་དང་། རྗེས་སྒྲུབ་དམ་པ་དང་། རྟོགས་པ་དམ་པ་སྟེ་གསུམ་ལ་བརྟེན་ནས་སྐྱེ་དགོས་སོ། ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཆོ་ག་ལ་བརྟེན་ནས་སྐྱེ་དགོས། དེ་ལ་དབུ་མ་དང་སེམས་ཙམ་གཉིས་སམ། ཟབ་མོ་ལྟ་སྲོལ་དང་། རྒྱ་ཆེན་སྤྱོད་སྲོལ་གཉིས་ལས་གང་ལྟར་ཀྱང་། སྦྱོར་བ་སྔོན་འགྲོའི་ཆོས། དངོས་གཞི་དམ་བཅའ་བ། མཇུག་རང་གཞན་དགའ་བ་བསྒོམ་པ་དང་གསུམ་ལས། དང་པོ་སྦྱོར་བ་སྔོན་འགྲོའི་ཆོས་ལ། ཚོགས་བསགས་པ། བློ་སྦྱོང་བ། དེའི་སྟེང་དུ་ཞི་བ་ལྷའི་དགོངས་པ་ལྟར་ན་ཡོངས་སུ་བཟུང་བའི་གཞི་གསུམ་གཏོང་བའོ། ། དེ་ལ་དབུ་མ་པས་ཚོགས་བསགས་པ་ལས་སྐྱེ་བར་བཞེད་པ་དང་། སེམས་ཙམ་པའི་ལུགས་ལ་སེམས་དྭངས་བ་ལས་སྐྱེ་བར་བཞེད་པ་ཡིན་ལ། དེ་ཡང་ཡན་ལག་བདུན་གྱིས་སྒོ་ནས་ཚོགས་བསགས་པ་དང་དེའི་རྗེས་སུ་ཚད་མེད་བཞིའི་བློ་སྦྱངས། དེ་ནས་ཡོངས་སུ་བཟུང་བའི་གཞི་གསུམ་པོ་བཏང་ཞིང་དེ་ནི་ཡོངས་སུ་བཟུང་པའི་གཞི་གསུམ་པོ་ལ་འཛིན་པ་གཅོད་པས་གཅོད་ཡུལ་གྱི་ཉམས་ལེན་ཡང་ཡིན། སྐབས་འདིར་བསྟན་གྱི་བློ་སྦྱོང་བ་དང་གཉིས་ཀ་ཡིན། གཉིས་པ་དངོས་གཞི་ལ། དགོངས་སུ་གསོལ་བ་མ་སོང་བའི་མགོར། འདི་ལྟར་ནམ་མཁས་གར་ཁྱབ་སེམས་ཅན་གྱིས་ཁྱབ་སོགས་ནས། མར་ཤེས། དྲིན་དྲན། དྲིན་གཟོ་འདོད། སྙིང་རྗེས་སེམས་ཅན་ལ་དམིགས་པ་དང་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་གཉིས་པོ་ཚང་བར་བྱས་ནས་བསྒོམ། ཡང་མདོར་བསྡུས་ཏེ། སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཏེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པའི་ཆེད་དུ་ངས་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། འཇུག་སེམས་ལ་ཡང་རང་གི་ནུས་ཚོད་ཀྱིས་ཕར་ཕྱིན་དྲུག་ལ་བསླབ་པར་བསམ་ནས། དེ་ནས་ཕྱོགས་བཅུ་ན་བཞུགས་པའི་སོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་གསུམ་ལ་དགོངས་སུ་གསོལ་བ་གསུམ་སྔོན་དུ་སོང་ནས། དེ་ནས་སྐྱབས་སུ་འགྲོ་བ་ཁྱད་པར་གསུམ་དང་ལྡན་པའི་སྒོ་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར་སོགས་ཀྱིས་སྐྱབས་སུ་འགྲོ་བ་གསུམ་གྱི་གཞི་བཟུང་། དེ་གཉིས་ནི་སྦྱོར་བའི་ཆོས་ཡིན་ལ། དངོས་གཞི་དམ་བཅའ་བ་གསུམ་ནི། ཇི་ལྟར་སྔོན་གྱི་བདེ་གཤེགས་སོགས་བརྗོད། དེ་ཡང་ཚིག་སྔ་མ་གཉིས་ཀྱིས་རྒྱལ་བ་སྲས་བཅས་ཀྱི་སྔོན་སྨོན་པ་བྱང་ཆུབ་མཆོག་ཏུ་ཐུགས་ཇི་ལྟར་བསྐྱེད་པ་དང་། ཕྱི་མ་གཉིས་ཀྱིས་འཇུག་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ལྟར་ཞེས་པས། གང་གི་ལད་མོ་བྱེད་པའི་ཡུལ་བསྟན། དེ་ནས་ཚིག་ཕྱི་མ་གཉིས་ཀྱིས་བདག་གིས་ཀྱང་རྒྱལ་བ་སྲས་དང་བཅས་པའི་རྗེས་སུ་བསླབ་སྟེ་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། དེའི་རྒྱུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རང་གི་ནུས་ཚོད་ནས་རིམ་གྱིས་བསླབ་པར་བགྱིའོ་སྙམ་པའི་སྒོ་ནས་ལན་གསུམ་བརྗོད་པའི་ཐ་མ་ལ་རྒྱལ་བ་སྲས་བཅས་ཀྱིས་ཐབས་ཡིན་ནོ། ། ཞེས་གསུངས་ཤིང་། བདག་གིས་ལེགས་སོ་ཞེས་བརྗོད་པར་བསམ་ལ་ཐོབ་ཤེས་ཀྱི་གོ་བ་དང་བཅས་པ་ཡིད་ལ་བཞག སྡོམ་པའི་ཐོབ་མཚམས་ནི། ཐོབ་མཚམས་བརྗོད་པ་གསུམ་གྱི་མཐའ་ལའོ། ། ཞེས་པས་བརྗོད་པ་གསུམ་པའི་མཇུག་རྫོགས་པ་དེ་མ་ཐག་ཏུ་སྐྱེ་བ་ཡིན། དེ་ནས་མཇུག་རང་གཞན་དགའ་བ་བསྒོམ་པ་ནི། དེང་དུས་བདག་ཚེ་སོགས། དུས་དེ་རིང་གི་ཉི་མའི་ཚེ་འདི་ལ་བདག་གི་མིའི་ལུས་རྟེན་ཐོབ་པ་ལ་འབྲས་བུ་དོན་ཡོད་པར་བྱས་ཏེ། གང་གིས་ན་མི་ཡི་སྲིད་པ་ཞིག་ཐོབ་པ་དེ་ཉེས་ཐོབ་མ་ཡིན་པར་ལེགས་པར་ཐོབ་སྟེ། ཇི་ལྟར་ན་དེ་རིང་བདག་སངས་རྒྱས་ཀྱི་རིགས་རིན་ཆེན་བྱང་ཆུབ་ཀྱི་སེམས་བདག་གི་རྒྱུད་ལ་སྐྱེས་ཤིང་། སངས་རྒྱས་ཀྱི་སྲས་སྐུའི་གདུང་འཚོ་བ། གསུང་གི་མཛོད་འཛིན། ཐུགས་ཀྱི་གསང་བ་འཆང་། གདུལ་བྱའི་ལྷག་མ་སྐྱོང་བར་བྱེད་པའི་སྲས་བྱང་ཆུབ་སེམས་དཔར་ཡང་གྱུར་ལ། ད་ནི་བདག་གིས་ཅི་ནས་ཀྱང་སྲོག་དམར་པོ་འདི་ལ་ཐུག་ཀྱང་རང་འདོད་ཡིད་བྱེད་ཀྱི་སྐྱོན་མེད་པ་ཡོན་ཏན་འབའ་ཞིག་གིས་བཙུན་པའི་རིགས་རྒྱལ་པོའི་བཙུན་མོ་དམ་པ་ལྟ་བུ་འདི་ལ། རང་འདོད་ཀྱི་བསམ་པ་ངན་པས་རིགས་བསླད་པའི་རྙོགས་མར་མི་འགྱུར་བ་དེ་ལྟར་བྱ་དགོས་ཤིང་། རིགས་དམ་པ་དང་མཐུན་པའི་ལས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་བརྩམ་དགོས་སོ། ། ཇི་ལྟར་རྒྱུད་ལ་སྐྱེས་ན་མི་ལོང་པས་ཕྱག་དར་གྱི་ཁྲོད་ནས་རིན་པོ་ཆེ་ནོར་བུ་རྙེད་པ་ལྟར། ཅི་ཞིག་ན་སྟབས་ལེགས་དང་ལྟེས་དབང་ལྟ་བུའི་ངའི་རྒྱུད་ལ་རིན་ཆེན་བྱང་ཆུབ་ཀྱི་སེམས་སྐྱེས་སོ་སྙམ་དུ་རང་དགའ་བ་བསྒོམ། གཞན་དགའ་བ་བསྒོམ་དུ་གཞུག་པ་ནི། བདག་གིས་དེ་རིང་སོགས། བདག་གིས་དུས་དེ་རིང་གི་ཉི་མ་འདི། དུས་ཚོད་འདི་ཟླ་བ་འདི་ལོ་འདི་ཞེས་པ་ལ་སྐྱོབས་པ་སྲས་དང་བཅས་པའི་སྤྱན་སྔར་སེམས་ཅན་ཐམས་ཅད་གནས་སྐབས་ལྷ་དང་མིའི་གོ་འཕང་། མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་གི་བདེ་བ་ལ་མགྲོན་དུ་འབོད་ཅིང་བོས་ཟིན་པ་ཡིན་པས། ལྷ་དང་ལྷ་མིན་དང་། མི་དང་མ་ཡིན་ལ་སོགས་འགྲོ་བ་རིགས་དྲུག་པོའི་སེམས་ཅན་ཁྱེད་རྣམས་དགའ་བ་སྒོམས་ཤིག་སྙམ། དེ་ནས་རིའི་ལྷ་དང་ཤིང་གི་ལྷ་དང་ཚལ་གྱི་ལྷ་ལ་སོགས་པ་ནས་འོག་མིན་གྱི་ལྷའི་བར་དུ་གཅིག་གིས་གཅིག་ལ་བསྒྲགས་ཏེ། གནས་ག་གེ་མོ་ན། གང་ཟག་ཆེ་གེ་མོས་བདག་ཅག་རྣམས་གནས་སྐབས་ལྷ་དང་མི་དང་། མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པ་ཡིན་ཟེར་བས་དགའ་བ་སྒོམས་ཤིག་ཅེས་ཐོས་པར་བསམ་ན་ཕྱིས་ལྟུང་བ་ལ་སྦྱོར་འདོད་པ་སོགས་བྱུང་ན་ངོ་ཚ་དང་ཁྲེལ་ཡོད་ཀྱི་རྟེན་དུ་རུང་བ་ཡིན། དེ་ལྟར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་གཏོང་རྒྱུ་རྩ་ལྟུང་རེ་མ་བྱུང་གི་བར་དུ། མིང་གནས་འགྱུར་ནས་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཞེས་པ་དང་། དོན་གནས་འགྱུར་ནས་འགྲོ་བ་ལྷ་དང་བཅས་པ་སྐྱེ་དགུའི་བདག་པོ་དང་བཅས་པ་དེར་མ་ཟད་སྟོན་པ་བཅོམ་ལྡན་འདས་ཀྱིས་ཀྱང་ཕྱག་དང་མཆོད་འོས་སུ་གྱུར་པ་དང་། རྒྱལ་སྲས་ཕྱག་ན་རྡོ་རྗེ་ཕྲག་ལྷར་ཐོགས། དཀར་ཕྱོགས་སྐྱོང་བའི་ལྷ་ཚངས་པ་སོགས་གཙང་རིས་ཀྱི་ལྷ་དཔལ་མགོན་བདུན་ཅུ་ལ་སོགས་པས་བསྲུང་ཞིང་སྐྱོབ། གང་དུ་གནས་པའི་ཕྱོགས་སུ་ནད་དང་དབུལ་ཕོངས་ཞི་བ་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཐོབ་པ་ཡིན། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་དེ་བསྐྱེད་པ་སླ་ཡང་རྒྱུད་ལ་སྐྱེ་བར་དཀའ་བས་ཚད་མེད་བཞིའམ། བྱམས་སྙིང་རྗེ་གཉིས་སམ། སྙིང་རྗེ་ཉག་མ་གཅིག་པུ་འདི་བསྒོམ་ནས་གཟབ་གཟབ་བྱེད་དགོས། ཇི་ལྟར་ཡིན་ན། ཁས་ལེན་ཟོས་ན་སོ་ཐར་གྱི་སྡོམ་པ་ཉམས་ན་མཁན་སློབ་ལྔ་དྲུག་ཙམ་མགོ་བསྐོར་བ་ལྟ་བུ་མ་ཡིན་པར། བྱང་ཆུབ་ཀྱི་སེམས་ཉམས་ན་ནག་པོའི་ཆོས་བཞི་པོ་ཅིག་ཆར་དུ་རྒྱུད་ལ་འབྱུང་སྟེ་མཆོད་འོས་བསླུ་བ་རྒྱལ་བ་སྲས་དང་བཅས་པ་མ་ལུས་པ་བསླུས་པ་དང་། འགྲོ་ལ་གཡོ་རྒྱུའི་སྤྱོད་པ་སེམས་ཅན་ཐམས་ཅད་བསླུས་ཏེ་མདོར་ན་འཁོར་འདས་གཉིས་ཀ་མགོ་ཁྱི་སྐོར་སྐོར་བྱེད་པས་སྡིག་པ་ཤིན་ཏུ་ལྕི་བ་ཐོབ་པ་ཡིན་ནོ། ། བྱང་ཆུབ་སེམས་ཀྱི་ཕན་ཡོན་ནི། ཡོད་ན་སངས་རྒྱས་སྒྲུབ་ལ་དེས་ཆོག་ཅིང་། ། མེད་ན་སངས་རྒྱས་སྒྲུབ་ལ་ཐབས་ཆག་པའི། ། སངས་རྒྱས་སྒྲུབ་པའི་ས་བོན་མ་ནོར་བ། ། རྣམ་དག་བྱང་ཆུབ་སེམས་མཆོག་འབྱུང་བར་ཤོག ། ཅེས་པས། བྱང་ཆུབ་ཀྱི་སེམས་ཡོད་ན་བྱང་ཆུབ་སྒྲུབ་པ་ལ་དེས་ཆོག་ལ། མེད་ན་ཐབས་ཆག་པའི་ས་བོན་ཞེས་པ་ལ། རང་བཞིན་གནས་རིག་དང་། རྒྱས་འགྱུར་གྱི་རིགས་གཉིས་ལས། དང་པོ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ན་བདེ་གཤེགས་སྙིང་པོའི་ཡེ་ཤེས་ཡོད་པ་དེ་ཡིན། རྒྱས་འགྱུར་གྱི་རིགས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་གཉིས་སངས་རྒྱས་སྒྲུབ་པ་ལ་རང་བཞིན་གནས་རིགས་རྒྱུ་དང་། རྒྱས་འགྱུར་གྱི་རིགས་རྐྱེན་ཡིན་པས་ས་བོན་ལྟ་བུ་ཡིན་ལ། དེ་ལྟ་བུའི་སེམས་དེ་རྒྱུད་ལ་སྐྱེ་བ་ནས་གོང་དུ་བཤད་པ་ལྟར་མིང་དོན་གནས་འགྱུར་བའི་ཕན་ཡོན་དགེ་རྩ་ཐམས་ཅད་ཐེག་པ་ཆེན་པོར་འགྲོ་བ་བཟའ་ཤིང་གི་འབྲས་བུའི་དཔེའི་ཕན་ཡོན། བྱང་ཆུབ་སེམས་ཀྱིས་མ་ཟིན་པའི་དགེ་རྩ་ཐམས་ཅད་བདེ་འབྲས་ལན་གཅིག་མྱོང་སྟེ་ཟད་པ་ཆུ་ཤིང་གི་འབྲས་བུ་ལྟ་བུ་ལས་ཁྱད་པར་དུ་འཕགས་པའི་ཕན་ཡོན། ཕན་ཡོན་གསུམ་པོ་དཔེར་ན། མར་མེ་རྡོག་པོ་གཅིག་ལྟ་བུ་ལས་མ་མཆོད་ཀྱང་། སངས་རྒྱས་ཀྱི་གོ་འཕང་ལ་དམིགས་ནས་མཆོད་ན། ཡར་སངས་རྒྱས་ཀྱི་ཡོན་ཏན་གྱི་གྲངས་དང་། མར་སེམས་ཅན་གྱི་གྲངས་ཀྱིས་དགེ་རྩ་གོང་ནས་གོང་འཕེལ་དུ་འགྲོ་བ་ཡིན། ངེས་པའི་སྡིག་པ་མཚམས་མེད་ཀྱི་ལས་བསགས་པ་ཞིག་གི་རྒྱུད་ལ་རིན་པོ་ཆེ་བྱང་ཆུབ་ཀྱི་སེམས་དེ་སྐྱེས་ན་ངན་སོང་དུ་དར་གྱི་ཕོ་ལོང་བརྡབ་པ་ཙམ་ལས་འགྲོ་མི་དགོས་པ་དང་། མ་ངེས་པའི་སྡིག་པ་མི་བསད་རྟ་སྒྲིལ། ཁང་མེ་རོ་དུད་སྤྲད་པ་ལྟ་བུའི་སྡིག་པ་ཐམས་ཅད་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བའི་སྐད་ཅིག་ལ་དུས་མཐའི་མེས་རྩྭ་སྦུར་བསྲེགས་པ་ལྟར་འཇོམས་པ་དང་། དེས་ན་ལས་ཉོན་གྱི་སྒྲིབ་པ་དྲུང་ནས་འབྱིན་པ། ཤེས་བྱའི་སྒྲིབ་པ་མཐར་འབྱིན་པ་ཡིན་པས་དེ་ལྟ་བུའི་ཕན་ཡོན་རྣམས་རྒྱས་པར་ཕལ་པོ་ཆེའི་མདོ་ལྟར་དང་། འབྲིང་སྤྱོད་འཇུག་ལེའུ་དང་པོའམ། བསྡུ་ན་བྱམས་པས། ངན་འགྲོའི་ལམ་ལས་བཟློག་བགྱིད་ཅིང་། ། མཐོ་རིས་ལམ་ནི་རབ་སྟོན་པ། ། རྒ་ཤི་མེད་པར་འདྲེན་བགྱིད་པ། ། བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། ། ཞེས་པས། བྱང་ཆུབ་སེམས་ཀྱི་ཕན་ཡོན་དུས་དང་རྣམ་པ་ཐམས་ཅད་དུ་དྲན་ན་བྱང་ཆུབ་སེམས་མི་ཉམས་ཤིང་རྩ་ལྟུང་སོགས་མི་འབྱུང་བའི་ཐབས་སུ་དང་པོ་མགོ་དང་། མཇུག་རང་གཞན་དགའ་བ་བསྒོམ་པའི་མགོ་རྣམས་སུ་དྲན་དགོས། ད་ནི་སྐྱེས་པ་ཉམས་པ་མེད་པ་དང་མི་ཉམས་པ་གོང་ནས་གོང་དུ་འཕེལ་བའི་ཐབས་ལ། སྨོན་པའི་བསླབ་བྱ་དང་། འཇུག་པའི་བསླབ་བྱ་གཉིས་ལས། དང་པོ་སྐྱེས་པ་མི་ཉམས་པའི་ཐབས་ལ་སྨོན་པའི་སེམས་ཏེ། བྱང་ཆུབ་ཀྱི་སེམས་ཉམས་པར་བྱེད་པའི་རྒྱུ་བདག་རང་འདོད་སྒྲུབ་པའི་བསམ་པ་དང་དེའི་གྲོགས་ཁོང་ཁྲོ་གཉིས་པོ་འདི་ཡིན་ལ། འདི་གཉིས་ཀས་བྱང་ཆུབ་ཀྱི་སེམས་ཉམས་པ་དང་མི་འཕེལ་བར་བྱེད་དེ། ཇི་ལྟར་ཉམས་ན། སྨོན་པ་བྱང་ཆུབ་ཀྱི་སེམས་དེའི་ཟུར་གཉིས་པོ་གང་ཉམས་ན་དཔེར་ན་སྡོང་པོའི་རྩ་བ་བཅད་པ་ན་ཡན་ལག་ཐམས་ཅད་ཤུགས་ལ་འགྱེལ་བ་དང་འདྲ་བས་རྩ་བའི་ལྟུང་བ་བྱུང་ཚར་ནས་ཡན་ལག་གི་ལྟུང་བ་གཞན་མ་ཉམས་ཀྱང་མི་ཕན། རྩ་བ་ཉམས་ན་གསོ་དཀའ་ལ་ཡན་ལག་ཉམས་ན་གསོ་སླ། དེ་ལ་ཟུར་གཉིས་པོ་ཇི་ལྟར་ཉམས་ན། སེམས་ཅན་བློས་བཏང་དང་། རྣམ་མཁྱེན་བློས་བཏང་གཉིས། དང་པོ་སེམས་ཅན་བློས་བཏང་ལ་རང་ལ་གནོད་པ་བྱེད་པ་ཕ་བསད་ཀྱི་ལག་དམར་ལྟ་བུའམ། མིན་ཀྱང་རང་གི་སེམས་མི་དགའ་ས་ཞིག་ལ་ཁྱོད་ཀྱིས་ང་ལ་ཟེར་ནས་དེའི་དུས་སུ་ཕུག་རང་འདོད་ཡིད་བྱེད་ཀྱི་བསམ་པ་དེ་བསླང་བ་ཡིན་ཏེ། ཁོང་ཁྲོ་སྐྱེ་བའི་ཚེ་གཅིག་གིས་གཅིག་བློས་བཏང་བ་སྟེ་དེ་ལྟར་རང་འདོད་ཡིད་བྱེད་དང་ཁོང་ཁྲོ་གཉིས་ཀྱིས་སྙིང་རྗེས་སེམས་ཅན་ལ་དམིགས་པ་ཉམས་པར་བྱེད་པ་སྟེ་དཔེར་ན་དབྱུག་པ་མང་པོ་ལྷན་དུ་བསྡམས་པ་ནས་གཅིག་བླངས་ན། གཞན་ཐམས་ཅད་ཤུགས་ཀྱིས་འཐོར་བ་ལྟར། སེམས་ཅན་གཅིག་བློས་བཏང་། གཞན་བློས་མ་བཏང་ཡང་མི་ཕན་དེ་རྩ་ལྟུང་བྱུང་ཚར་བ་ཡིན། རྣམ་མཁྱེན་བློས་བཏང་། དཔེར་ན་སྦྱིན་པ་ལྟ་བུ་གཅིག་ལ་མཚོན་ན། སྦྱིན་རྒྱུའི་དངོས་པོ་མགོ་དང་ཡན་ལག སྦྱིན་པའི་ཡུལ་སེམས་ཅན་ཐམས་ཅད། དུས་སྲིད་པ་ཇི་སྲིད་དུ། གྲངས་སེམས་ཅན་རེ་རེ་ལ་མགོ་དང་ཡན་ལག་རྡུལ་གྱི་གྲངས་སྙེད་རེ་མ་འཕྲོད་ས་མེད་པ། དེའི་རིགས་འགྲེས་དེ་ཚུལ་ཁྲིམས་ལ་སོགས་པ་དེ་ལྟ་བུ་རེ་བསྒྲུབ་དགོས་ཏེ། བདག་ཅག་གི་སྟོན་པས་བྱང་ཆུབ་ཤིང་གི་དྲུང་དུ་མགོ་དང་ཡན་ལག་ས་ཆེན་པོའི་རྡུལ་གྱི་གྲངས་ལས་འདས་པ་ཞིག་བྱིན་པ་ཡིན་ན་གཞན་དང་གཞན་ནས་སྨྲས་མ་དགོས་པའི་ཕྱིན་དྲུག་ལ་བསླབ་པ་ལྟར་བསླབ་ཅིང་ཚོགས་བསགས་པ་བདུད་ཀྱི་བར་ཆད་ཀྱིས་ཀྱང་ཚོགས་སྦྱོར་གྱི་ལམ་ནས་བླ་ཤོར་ཏེ་ཨེ་ངས་དེ་ལྟ་བུ་སྒྲུབ་པ་ཆེན་པོ་མ་རེད། ཉན་རང་དགྲ་བཅོམ་པའི་གོ་འཕང་བསྒྲུབ་ན་དེའི་དགའ་འམ་སྙམ་ནས། མཐོང་ལམ་གྱི་རྟོགས་བྱ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཉམས་འོག་ཏུ་མ་ཆུད་པས་རྣམ་མཁྱེན་བློས་བཏང་ཡང་། ཚོགས་སྦྱོར་གྱི་ལམ་འདི་ནས་དང་པོ་བདག་རང་འདོད་སྒྲུབ་པའི་བསམ་སྦྱོར་འདི་ལ་ཐུག་པས་མདོ་ལུགས་ཀྱི་སོ་བྱང་གཉིས་ཀའི་སྡོམ་པའང་རང་འདོད་ཡིད་བྱེད་འདིས་ཤོར། སྔགས་ཀྱི་བླ་མ་དང་མཆེད་གྲོགས་དང་འགལ་ནས་སྡོམ་པ་ཉམས་པ་དེ་བདག་རང་འདོད་སྒྲུབ་པའི་བསམ་སྦྱོར་འདི་ལ་ཐུག་པས་བདག་རང་འདོད་སྒྲུབ་པའི་ཉེས་དམིགས་དང་རིན་པོ་ཆེ་བྱང་ཆུབ་སེམས་ཀྱི་ཕན་ཡོན་གོང་དུ་བཤད་པ་རྣམས་དྲན་དགོས། མདོར་ན་ཞི་བ་ལྷས། མང་དུ་བཤད་ལྟ་ཅི་ཞིག་དགོས། ། ཐུབ་པས་གཞན་དོན་མཛད་པ་དང་། ། བྱིས་པ་རང་དོན་སྒྲུབ་པ་ཡིས། ། འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། ། ཞེས་པས། ཐུབ་པ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཞན་ཕན་དོན་དུ་གཉེར་བས་མངོན་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ། བྱིས་པ་རྣམས་ཀྱིས་ཐོག་མ་མེད་པ་ནས་ང་ཞེས་རང་འདོད་བ སྒྲུབས། ད་དུང་ཡང་ང་ཞེས་རང་འདོད་སྒྲུབ་བསྡད་ན་ཐ་མ་མེད་པའི་བར་དུ་འཁོར་བ་ཡིན་ཅིང་དེས་ན་སྲིད་ཞི་གཉིས་ཀའི་བདེ་སྐྱིད་ཀྱི་ཆ་ཅི་ཡོད་ཐམས་ཅད་གཞན་ཕན་བྱང་ཆུབ་སེམས་ཀྱི་ཕན་ཡོན་ཡིན་ཏེ། ཟླ་བས། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས་སོགས། ཚེ་འདི་དང་ཕྱི་མའི་སྡུག་བསྔལ་ཕྲ་རགས་སྟེ་ཁམས་གསུམ་འཁོར་བའི་སྡུག་བསྔལ་ཐམས་ཅད་རང་འདོད་སྒྲུབ་པའི་བསམ་སྦྱོར་འདི་ལ་ཐུག དེས་ན་རང་འདོད་འདི་ལ་འགོང་པོ་ཞེས་བཏགས་དགོས་ཏེ་འབྲི་གཅིག་གི་འོ་མ་ཁ་ལ་མི་འོང་བ་ལ་འགོང་པོ་བཏགས་དར་ན། རང་འདོད་ཡིད་བྱེད་ཀྱི་བསམ་པ་འདིས་གནས་སྐབས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སའི་ཡོན་ཏན། མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པའི་འབྲས་བུའི་ཡོན་ཏན་ཐམས་ཅད་རང་རྒྱུད་ལ་འོང་དུ་མི་སྟེར་བའི་འགོང་པོ་འདི་ཡིན་ལ། འདི་ཕུད་པར་བྱེད་པ་ལ། བྱང་ཆུབ་ཀྱི་སེམས་ལ་འགོང་པོ་འགོང་རྫོང་གི་ཆོ་ག་ཞེས་མིང་བཏགས། ཇི་ལྟར་རྫོང་དགོས་ན། བདག་གཞན་མཉམ་པ་དང་། བརྗེ་བ་དང་། གཞན་གཅེས་གསུམ་ལ་བློ་སྦྱོང་ནས་བྱང་ཆུབ་ཀྱི་སེམས་མི་ཉམས་ཤིང་རང་འདོད་སྒྲུབ་པའི་འགོང་པོ་ཡུལ་འདོན་ཐུབ་པ་ཡིན་པས། དང་པོ་བདག་གཞན་མཉམ་པ་བསྒོམ་པ་ལ། ཐོག་མ་མེད་པ་ནས་བདག་གཞན་མ་མཉམ་པས་བདག་དང་དེའི་ཕྱོགས་ལ་ཆགས། དགྲ་དང་དེའི་ཕྱོགས་ལ་སྡང་བས། ད་ནི་བདག་དང་དེའི་ཕྱོགས་ལ་ཆགས་པ་བཏང་། གཞན་དང་དེའི་ཕྱོགས་ལ་སྡང་བ་བཏང་དགོས། དེ་གཉིས་ཀའི་རྩ་བ་བདག་རང་འདོད་སྒྲུབ་པའི་བསམ་སྦྱོར་འདི་ལ་ཐུག་པས་དེའི་སྐྱོན་ཤེས་ནས་ད་ནི་སྔོན་གྱི་དེ་ལྟར་མི་བྱེད་པར་རང་གཞན་གཉིས་གཞི་སྡོང་ཆུས་སྡོང་བྱེད་དགོས། དེ་ཇི་ལྟར་སྡོམ་དགོས་ན། ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ངའི་མ་ཡིན། ང་བུ་ཡིན། ངེད་མ་གཅིག་ལ་བུ་གཅིག་པུ་ཡོད་པ་ཡིན་པས་ངེད་མ་བུ་གཉིས་སྐྱིད་སྡུག་མཉམ་པ་ཡིན་བསམ་ན་བདག་དོན་སྒྲུབ་པའི་བསམ་པ་དེ་མེད་དེ་ཞི་འགྲོ་བ་ཡིན།
སེམས་ཅན་ཐམས་ཅད་ངེད་ཚང་ཡིན། ངེད་གཉིས་ཀས་བདེ་བ་འདོད་པ་ལ་མཉམ། སྡུག་བསྔལ་མི་འདོད་པ་ལ་མཉམ་པ་ཡིན། བྱམས་པ་ཆེན་པོས་བདག་དང་སེམས་ཅན་ཐམས་ཅད་ཀྱི་བདེ་བ་ལྷན་སྒྲུབ་བྱེད་བསམ་ནས། བསམ་པས་ཡིན་ན་བདེ་བ་ལྷན་སྒྲུབ་བྱེད། སྦྱོར་བས་ཡིན་ན་བདེ་བ་ལྷན་སྒྲུབ་བྱེད་དགོས་ཏེ། སེམས་ཅན་ཐམས་ཅད་ཀྱིས་འདོད་པ་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་དགེ་བ་དང་ཡང་དག་པའི་ལམ་སྒྲུབ་ནི་མི་ཤེས། ཚུལ་བཞིན་སྟོན་པའི་དགེ་བའི་བཤེས་གཉེན་ནི་མེད། གལ་ཏེ་ཡོད་ན་ཡང་དེའི་བཀའ་བཞིན་མི་སྒྲུབ། ང་དགེ་བའི་བཤེས་གཉེན་དང་མཇལ། ཐེག་པ་ཆེན་པོའི་ཆོས་དང་འཕྲད། བླང་དོར་གྱི་དམིགས་ཤེས་པ་པོ་བླ་མ་དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་དག་དང་འགྲོགས་པའི་ཆོས་པ་ཡིན་ཆགས་བྱེད་དགོས་ན། སེམས་ཅན་ཐམས་ཅད་ཀྱི་བདེ་བ་ངས་བསྒྲུབ་དགོས། དེ་ལ་སེམས་ཅན་ཐམས་ཅད་ཀྱི་བདེ་བའི་འབྲས་བུ་མངོན་མཐོ་ལྷ་དང་མིའི་གོ་འཕང་ནས་རྫོགས་པའི་སངས་རྒྱས་ཀྱི་བར་གྱི་བདེ་བ་དང་། དེའི་རྒྱུ་དད་ངེས་འབྱུང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྟེ་བདེ་བ་རྒྱུ་འབྲས་གཉིས་དང་ལྡན་པར་གྱུར་ཅིག ལྡན་ན་ཅི་མ་རུང་། ལྡན་པ་ཞིག་བདག་ངས་བྱ་སྙམ་པའི་སྨོན་པ་དང་འབྲེལ་བ། འདུན་པ་དང་འབྲེལ་བ། དམ་བཅའ་དང་འབྲེལ་བ། དཀོན་མཆོག་ལ་གསོལ་བ་གདབ་པ་སྟེ་བཞི་པོ་བསྒོམ། དེ་ནི་དང་པོ་བདེ་བའི་འབྲས་བུ་མངོན་མཐོ་སོགས་ལ་དམིགས་ནས་འབྲེལ་བ་གསུམ་ལྡན་དང་གསོལ་འདེབས། དེ་ནས་དེའི་རྒྱུ་དད་སོགས་ལ་དམིགས་ནས་འབྲེལ་བ་གསུམ་ལྡན་གསོལ་འདེབས་བཅས་པ་དང་། དེ་རིང་ནས་བཟུང་བསམ་སྦྱོར་གཉིས་ཀས་མཉམ་པར་ཕན་འདོགས་དགོས། བསམ་པས་ཡིན་ན་སངས་རྒྱས་ཀྱི་གོ་འཕང་ལྷན་སྒྲུབ་དང་། སྦྱོར་བས་ཡིན་ན་ཡང་སངས་རྒྱས་ཀྱི་གོ་འཕང་ལྷན་སྒྲུབ་བྱེད་སྙམ་པ་དང་། ཡང་སྡུག་ལྷན་བསལ་དགོས་པས། འདི་ལྟར་ནམ་མཁས་གར་ཁྱབ་སེམས་ཅན་གྱིས་ཁྱབ། སེམས་ཅན་གྱིས་གར་ཁྱབ་ལས་སྣང་སྡུག་བསྔལ་གྱིས་ཁྱབ། ལས་སྣང་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་རྣམས་ཐོག་མ་མེད་པའི་དུས་ནས་ཕ་མ་སོགས་མ་བྱས་པ་མེད། དེའི་ནང་ནས་སྙིང་ཉེ་བའི་དབང་དུ་མ་མ་བྱས་པ་གཅིག་ཀྱང་མེད། མ་ལན་གཅིག་ཙམ་མ་ཡིན་པར་མ་ལན་གྲངས་བསམ་གྱིས་མི་ཁྱབ་པར་བྱས་ཏེ་ས་ཆེན་པོ་འདི་རྒྱ་ཤུག་གི་ཚིག་གུ་ཙམ་དུ་དྲིལ་ན་ཟད་ཀྱང་སེམས་ཅན་རེ་རེའི་མ་བྱས་པའི་མཐའ་མི་ཟད་པའི་བར་དུ་མ་བྱས་ཏེ་དྲིན་གྱིས་བསྐྱངས་བ་ཤ་སྟག་ཡིན་པ་དང་། དེ་ནས་མ་བྱས་པའི་དྲིན་དྲན་དགོས་ཏེ། དང་པོ་ལུས་བསྐྱེད་པའི་དྲིན། གཉིས་པ་སྲོག་བྱིན་པའི་དྲིན། གསུམ་པ་ཡོ་བྱད་བསྟབས་པའི་དྲིན། བཞི་པ་འཇིག་རྟེན་བསྟན་པའི་དྲིན་དང་བཞི་པོ་རྣམས་དྲན། དེ་ནས་དྲིན་གཟོ་འདོད་ཀྱི་རྟོག་པ་བསྐྱེད་དེ། སེམས་ཅན་དེ་དག་གི་འདོད་རྒྱུ་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་དགེ་བ་དང་ཡང་དག་པའི་ལམ་སྒྲུབ་ནི་མི་ཤེས། སྟོན་པ་པོ་ནི་མེད། དགེ་བའི་བཤེས་གཉེན་གྱི་བཀའ་ཚུལ་བཞིན་དུ་མི་བ སྒྲུབ། བདེ་བའི་འབྲས་བུ་མངོན་མཐོ་ལྷ་མིའི་བདེ་བ་ནས་རྫོགས་པའི་སངས་རྒྱས་ཀྱི་བར་གྱི་བདེ་བ་ཐམས་ཅད་དང་ནི་མི་ལྡན། སྡུག་བསྔལ་ནི་མི་འདོད་ཀྱང་སྡུག་བསྔལ་གྱི་འབྲས་བུ་སྲིད་པ་ཁམས་གསུམ་འཁོར་བའི་སྡུག་བསྔལ་གསུམ་གྱིས་དངོས་སུ་གནོད། ཀུན་འབྱུང་ལས་དང་ཉོན་མོངས་གཉིས་ཀྱིས་བརྒྱུད་དེ་གནོད་པའི་སེམས་ཅན་དེ་རྣམས་ལ་དམིགས་ནས་ཐམས་ཅད་མའི་ཡུལ་དུ་སྙོམས་པ་བཏང་སྙོམས་དང་། བདེ་བ་དང་མི་ལྡན་པ་ལ་དམིགས་ནས་བདེ་བ་རྒྱུ་འབྲས་གཉིས་དང་ལྡན་པར་འདོད་པའི་བྱམས་པ། སྡུག་བསྔལ་རྒྱུ་འབྲས་གཉིས་དང་ལྡན་པ་ལ་དམིགས་ནས་སྡུག་བསྔལ་རྒྱུ་འབྲས་གཉིས་པོ་དང་བྲལ་པར་འདོད་པའི་སྙིང་རྗེ། ངེད་མ་བུ་གཉིས་ཡིན་པས་མའི་སྐྱིད་སྡུག་ལ་བུས་ལྟ་དགོས་ན། དེ་ལྟར་བལྟ་མ་དགོས་པར་མ་སེམས་ཅན་རང་རང་གི་བདེ་བ་རེ་རྙེད་པ་ལ་མི་དགའ་བར་ཕྲག་དོག་བྱེད་པའི་ཐབས་མེད་དེ་དགའ་བར་བལྟ་དགོས་པར་བལྟ་མེད་ཐབས་མེད་པ་ཉིད་དུ་བལྟ་ཞིང་དགའ་བ་བསྒོམ་པ་སྟེ་ཚད་མེད་བཞི་པོ་མཉམ་རྗེས་གཉིས་པོའི་མར་ཤེས་དྲིན་དྲན་ཐམས་ཅད་ལ་ཚང་བ་རེ་བསྒོམ་དགོས། དེས་ན་སེམས་ཅན་དེ་དག་གི་སྡུག་བསྔལ་ངའི་སྡུག་བསྔལ་ཡིན། དཔེར་ན་ངའི་མགོ་ན་བ་ན་ལྷའི་སྡུག་བསྔལ་ཡིན། མགྲིན་པ་ན་བ་ན་ལྷ་མིན། སྙིང་གཟེར་བ་ན་མིའི་སྡུག་བསྔལ། ལྟོ་བ་སོགས་སྨད་ན་བ་ན་ངན་སོང་གསུམ་གྱི་སེམས་ཅན་གྱི་སྡུག་བསྔལ་ཡིན། དེའི་ཕྱིར་སྡུག་བསྔལ་བསལ་བྱ་ཡིན་ཏེ། རྐང་པའི་སྡུག་བསྔལ་ལག་པས་བསལ་དགོས་པ་བཞིན། སེམས་ཅན་གྱིས་འདོད་རྒྱུ་བདེ་བ་འདོད་སྡུག་བསྔལ་མི་འདོད་པ་ཡིན་པ་ལ། ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པའི་སེམས་ཅན་ལོང་བ་བཤེས་མེད་ཐང་སྟོང་དུ་འཁྱམས་པ་ལྟ་བུ་ཡིན་པས། ང་ཐེག་པ་ཆེན་པོའི་བླ་མ་དང་ཆོས་དང་མཇལ་བས། ངས་ཁེ་ཉེན་ཤེས་པས། དེ་དག་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་བར་གྱུར་ཅིག བྲལ་ན་ཅི་མ་རུང་། བྲལ་བ་ཞིག་བདག་ངས་བྱ། བྲལ་བ་ཞིག་དཀོན་མཆོག་ལ་གསོལ་བ་འདེབས། དེ་ལྟར་བསམ་པས་ཡིན་ན་རང་དང་གཞན་གྱི་སྡུག་བསྔལ་ལྷན་བསལ་བྱེད། སྦྱོར་བས་ཡིན་ན་སྡུག་བསྔལ་ལྷན་བསལ་བྱེད་དགོས། དེ་ནི་སེམས་ཅན་གྱི་མགོ་ན་ན་བྱང་ཆུབ་སེམས་དཔའ་རང་གི་སེམས་ན་བ་ཞིག་དགོས། སྦྱོར་བས་ཡིན་ན། དཔེར་ན་ཁ་བ་ཞིག་གི་ནང་ནས་འགྲོ་བ་ལ་རང་ལ་ལྷམ་ཞིག་ཡོད་གཞན་པ་དེ་ལ་མེད་ན་ལྷམ་ཡ་ལྷམ་ཡ་བྱས་ནས་འགྲོ་ནུས་པ་ཞིག་དགོས། དེ་ནི་རྐང་ཡ་གཉིས་ཀྱིས་སྡུག་ལྷན་མྱོང་བྱེད། རྐང་ཡ་གཉིས་ཀྱིས་བདེ་བ་ལྷན་མྱོང་བྱེད་པ་ཡིན། དེས་ན་སེམས་ཅན་གྱི་བདེ་བ་ངས་བ སྒྲུབ་དགོས། སྡུག་བསྔལ་ངས་བསལ་དགོས། ངས་བལྟ་མ་དགོས་པར་རང་རང་གི་བདེ་བ་མྱོང་བ་འདི། དཔེར་ན་ངའི་བུ་ཆུང་བ་དེས་མངོན་མཐོའི་བདེ་བ་མྱོང་། འབྲིང་བས་ཉན་རང་གི་བདེ་བ་མྱོང་། ཆེ་བས་སངས་རྒྱས་ཀྱི་བདེ་བ་མྱོང་བ་ལ་བདག་གིས་འབད་མ་དགོས་རྩོལ་མ་དགོས་པར་སེམས་ཅན་གྱི་བདེ་བའི་འབྲས་བུ་མྱོང་བ་ལ་དགའ་བ་བསྒོམ། རྒྱུ་དད་སོགས་ཐོབ་པ་ལ་དགའ་བ་བསྒོམ་དགོས། འདི་ལྟ་བུའི་བདེ་སྐྱིད་འདི་མ་ཉམས་མ་གོད་པར་གོང་ནས་གོང་དུ་འཕེལ་ན་ཅི་མ་རུང་སྙམ་སྟེ་བསམ་པའི་ངོས་ནས་དེ་ལྟར་དགའ་བ་བསྒོམ། སྦྱོར་བའི་ངོས་ནས་ཀྱང་དེ་ལྟར་བདེ་བ་ལྷན་སྒྲུབ་བྱེད་དགོས། དེ་ལྟར་རྒྱས་པར་བྱེད་ན་ཚད་མེད་བཞི་ཚང་པའམ། བསྡུ་ན་བྱམས་སྙིང་རྗེ་གཉིས་སམ། ཡང་ན་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་གཅིག་པུ་བསྒོམ། དེ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡིན། དོན་དམ་བྱང་ཆུབ་ཀྱི་སེམས་ནི་འཁོར་གསུམ་པོ་སྣང་ལ་རང་བཞིན་མེད་པའི་དཔྱད་སྟོང་གི་ངེས་ཤེས་དྲངས། མདོར་ན་ཨ་བུ་རིན་པོ་ཆེའི་ཞལ་ནས། སྐྱིད་ན་སྐྱ་ཀ་ཁྲ་མཉམ། སྡུག་ན་ཕོ་རོག་ནག་མཉམ་ཞིག་དགོས་ཏེ། བདེ་བ་ལྷན་སྒྲུབ་དང་སྡུག་བསྔལ་ལྷན་བསལ་བྱེད་དགོས་གསུངས། བདག་གཞན་མཉམ་པ་འདི་ལམ་གྱི་དུས་སུ་བསམ་སྦྱོར་གཉིས་ཀས་མཉམ་པ་དང་། འབྲས་བུའི་དུས་སུ་བདག་གཞན་གྱི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་ཐབས་ཡིན། དེས་ན་བདག་གཞན་ཐམས་ཅད་ཆོས་ཉིད་སྟོང་པ་ཉིད་ཀྱི་ངོས་ནས་མཉམ། སྟོང་པ་སྣང་བའི་ངོས་ནས་མཉམ། ཀུན་རྫོབ་སྣང་བའི་ངོས་ནས་མཉམ། སྣང་སྟོང་ཟུང་འཇུག་གི་སྒོ་ནས་མཉམ་པ་ནི་མདོ་ལུགས་ཀྱི་མཉམ་པ་ཉིད་ཀྱི་དོན་བསྒོམ་པ་ཡིན། བདག་གཞན་མཉམ་པ་ཉིད་དེ་ལེགས་པར་གོམས་པ་ན། བདག་གཞན་བརྗེ་བ་བྱང་ཆུབ་ཀྱི་སེམས་བསྒོམ་དགོས། བདག་གཞན་བརྗེ་བ་ལ་ཐུག་ཚེ། ཨ་བུའི་ཞལ་ནས་དཔེར་ན་ཕྱུག་རྫི་མང་པོ་ཞིག་ལ་ཕྱིང་བ་ཞིག་ཡོད་ན། བདག་གཞན་མཉམ་པའི་དུས་རང་གཙོ་བོར་བྱས་ཏེ་གྱོན་པའི་སྐབས་དང་འདྲ་ལ། བརྗེས་པའི་དུས་སུ་གཞན་ཐམས་ཅད་ལ་ཕྱིང་བ་དེ་བསྐོན་ནས། རང་ཉིད་ཕྱིར་བུད་དེ་ཆར་བའི་ནང་དུ་འདུག་པ་དང་འདྲ་གསུངས། དེས་ན་བདེ་བ་ལྷན་སྒྲུབ་དང་སྡུག་བསྔལ་ལྷན་བསལ་འདོད་པ་བསྒོམ་དུས་སྐྱོན་ཅི་ཡོད་ན་རང་ཉིད་གཙོ་བོ་ལྟ་བུར་བསྒོམ་པ་ཡིན་ལ། ད་བདག་འཛིན་གྱི་འགོང་པོ་འདི་འགོང་བཀར་བྱེད་དགོས། བདག་གཞན་བརྗེས་པའི་བསམ་པ་ལ་འགོང་རྫོང་གི་ཆོ་ག་ཞེས་བཏགས་དགོས། དེ་བསྒོམ་པ་ལ་དང་པོ། སྔོན་དུ་མར་ཤེས་དྲིན་དྲན་དྲིན་གཟོ་འདོད་ཀྱི་རྟོགས་པ་བསྐྱེད་དེ་དེའི་མཚམས་སུ་བསྒོམ་དགོས། ད་མ་འདིས་དང་པོ་རང་ལ་གྱོན་རྒྱུ་མེད་པ་ལ་གོས་ལེབ་གཅིག་ལོན་ན་ཡང་བུ་ལ་བྱིན། ཟས་ཟ་རྒྱུ་མེད་པ་ལ་ཟས་བཟང་པོ་ཅུང་ཟད་ཅིག་ཡོད་པ་དེ་བུ་ལ་བྱིན། ནོར་དང་ལོངས་སྤྱོད་ཐམས་ཅད་ཕངས་པ་མེད་པར་བུ་ལ་བྱིན་ཏེ་བུ་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ལ་བཀོད་ཀྱང་ཆེ་སོང་སྙམ་པ་མེད་པར་བདེ་སྐྱིད་བདེ་བའི་དངོས་པོ་ཐམས་ཅད་ཀྱི་ཤས་བུ་ལ་བསྐོར། སྡུག་སྡིག་གཏམ་ངན་ལ་སོགས་པའི་སྡུག་བསྔལ་གྱི་ཤས་ཐམས་ཅད་མ་རང་གིས་བླངས་ཏེ། གྱོང་དང་བུབ་ཁ་ཐམས་ཅད་མ་རང་གིས་བླངས། ཁེ་དང་རྒྱལ་ཁ་ཐམས་ཅད་བུ་ལ་བྱིན་པ་ཡིན་ན། ད་ནི་བུ་ངའི་རེས་ལ་བབ་སྟེ། མ་རྒན་གྱི་སྡུག་བསྔལ་ངས་བསལ་དགོས་པས། སྙིང་རྗེ་ཆེན་པོས་ལེན་པ་ནི། མ་འདི་སྐྱིད་ཀྱི་ཡོད་ཀྱི་དང་། སྡུག་གི་ཡོད་གི་བསམ་ན། སྐྱིད་རྒྱུ་མེད་སྡུག་གི་ཡོད་དེ། ཚེ་འདིའི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱིས་དེད་བར་དོའི་སྡུག་བསྔལ་གྱིས་མཚམས་སྦྱར། ཡང་སྲིད་སྐྱེ་བ་ཕྱི་མའི་སྡུག་བསྔལ་གྱིས་བསུ་མ་བྱས་ཏེ་འབྲས་བུ་སྡུག་བསྔལ་གསུམ་གྱིས་གདུང་གི་ཡོད་པ་དང་། རྒྱུ་ཆགས་སྡང་རྨོངས་གསུམ་དང་། དེས་བསྐྱེད་པའི་ལས་མི་དགེ་བ་བཅུ་ལྟ་བུའི་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་བར་གྱུར་ཅིག བྲལ་ན་ཅི་མ་རུང་། བྲལ་བ་ཞིག་བདག་ངས་བྱ། སྡུག་བསྔལ་རྒྱུ་འབྲས་གཉིས་པོ་དེ་དང་བྲལ་བ་ཞིག་དཀོན་མཆོག་ལ་གསོལ་བ་འདེབས་དགོས་ཏེ། ཀྱེ་མ་ཀྱེ་ཧུད་དཀོན་མཆོག་ཐུགས་རྗེ་ཅན་སོགས་དང་། བླ་མ་རྒྱལ་བ་འགྲོ་བའི་མགོན་སོགས་དང་། དཔའ་བོ་ཁྱོད་ལ་ཐུགས་རྗེའི་སྟོབས་མངའ་ཞིང་སོགས་ཀྱིས་འདོད་པའི་དོན་ལ་གསོལ་བ་འདེབས། དེ་ལྟ་བུའི་འཕོ་བ་རྒྱང་འཕེན་བྱས་པ་ཞིག་གིས་མི་ཕན་ཏེ། མ་དྲིན་མོ་ཆེའི་སྡུག་བསྔལ་རྒྱུ་འབྲས་གཉིས་པོ་དེ་ད་ལྟ་ཉིད་མྱུར་བ་ཉིད། འདུག་ས་འདི་རུ། གདན་ས་འདི་རུ་བདག་ལ་སྨིན་པར་གྱུར་ཅིག སྨིན་ན་ཅི་མ་རུང་། སྨིན་པ་ཞིག་བདག་ངས་བྱ། སྨིན་པ་ཞིག་སྐྱབས་བསླུ་བ་མེད་པའི་དཀོན་མཆོག་གསུམ་པོ་ཁྱེད་ཀྱི་ཐུགས་རྗེའི་མཐུ་དང་ནུས་པ་མ་ཆུང་སྙམ་དུ་གསོལ་བ་འདེབས། ངའི་ད་ལྟའི་བདེ་བ་ཅུང་ཟད་པོ་འདི་ནས་བཟུང་གནས་སྐབས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་བདེ་བ་དང་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་གི་བར་གྱི་བདེ་བ་ཐམས་ཅད་མ་དྲིན་མོ་ཆེ་འདིའི་རྒྱུད་ལ། ད་ལྟ་ཉིད། མྱུར་བ་ཉིད། འདུག་ས་འདི་རུ། གདན་ས་འདི་རུ་སྨིན་པར་གྱུར་ཅིག སྨིན་ན་ཅི་མ་རུང་། སྨིན་པ་ཞིག་བདག་ངས་བྱ། སྨིན་པ་ཞིག་དཀོན་མཆོག་ལ་གསོལ་བ་འདེབས། སྐབས་སུ་དམིགས་པ་གོམས་སླ་བའི་ཆེད་དུ་རླུང་གི་རྟ་ལ་བསྐྱོན་པ་ནི། མ་རྒན་གྱི་སྡུག་བསྔལ་རྒྱུ་འབྲས་གཉིས་པོ་རླུང་ནག་པོའི་རྣམ་པས་ཚུར་དབུགས་དབྱུང་བ་དང་མཉམ་དུ་བདག་གི་རླུང་ནང་དུ་རྔུབ་པ་དང་ལྷན་ཅིག་སྣ་ནས་ཚུར་ཞུགས་ཏེ་བདག་སྡུག་བསྔལ་རྒྱུ་འབྲས་གཉིས་དང་ལྡན། མ་རྒན་སྡུག་བསྔལ་རྒྱུ་འབྲས་གཉིས་པོ་དང་བྲལ་ཏེ། དཔེར་ན་ཉི་མ་སྒྲ་གཅན་གྱི་གནོད་པ་ལས་གྲོལ་བ་བཞིན་དུ་གྱུར་པར་བསམ། དེ་ལྟར་ཨ་མའི་སྡུག་ངའི་སྟེང་དུ་ལེན་དགོས་བསམ་པས་ཡིན་ན་ཨ་མའི་སྡུག་བསྔལ་ངས་ལེན་བསམ། སྦྱོར་བས་ཡིན་ན་ཨ་མའི་སྡུག་བསྔལ་བསལ་དགོས་སྙམ་དུ་ཡང་ནས་ཡང་དུ་བསམ། དེ་ནས་བྱམས་པ་ཆེན་པོས་གཏོང་པ་ནི། ཨ་མ་མངོན་མཐོ་དང་ངེས་ལེགས་ཀྱི་བར་གྱི་བདེ་བ་དང་ལྡན་པར་གྱུར་ཅིག ལྡན་ན་ཅི་མ་རུང་། ལྡན་པ་ཞིག་ངས་བྱ་སྙམ། ལྡན་པའི་ཆེད་དུ་གསོལ་བ་གདབ། བདེ་བའི་རྒྱུ་དད་ངེས་འབྱུང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་ལྡན་པར་གྱུར་ཅིག ལྡན་ན་ཅི་མ་རུང་། ལྡན་པ་ཞིག་ངས་བྱ། ལྡན་པའི་ཆེད་དུ་གསོལ་བ་གདབ། དེ་ལྟ་བུས་ཀྱང་མི་ཕན་ཏེ་བདག་གི་ལུས་ཀྱི་བདེ་བ་དང་སེམས་ཀྱི་བདེ་བ་སོགས་བདེ་བའི་འབྲས་བུ་མངོན་མཐོ་ངེས་ལེགས་ཀྱི་བར་གྱི་བདེ་བ་དང་། དེའི་རྒྱུ་དད་ངེས་འབྱུང་བྱང་ཆུབ་སེམས་རིན་པོ་ཆེ་རྣམ་པ་གསུམ་སྟེ་བདེ་བ་རྒྱུ་འབྲས་གཉིས་པོ་དེ་མ་རྒན་ལ་བྱིན་པ་ཡིན། བསྔོས་པ་ཡིན་པས། བུས་བྱིན་མས་ཐོབ་པར་བསམ་ལ་རླུང་གི་རྟ་ལ་བསྐྱོན་དགོས་ཏེ། བདག་གི་ཚེ་བསོད་ནམས་ཁ་རྗེ་དབང་ཐང་ལུས་ལོངས་སྤྱོད། བདེ་སྐྱིད་བདེ་བའི་དངོས་པོ་ཐམས་ཅད་རླུང་དཀར་པོའི་རྣམ་པར་བསང་དུད་ཆད་པ་བཞིན་སྣ་བུག་ནས་ཐོན་ཏེ་རླུང་ཕྱིར་འགྲོ་བ་དང་མཉམ་དུ་མས་རླུང་ནང་དུ་རྔུབ་པ་དང་ཆབ་གཅིག བདག་བདེ་བ་རྒྱུ་འབྲས་གཉིས་དང་བྲལ། མ་རྒན་བདེ་བ་རྒྱུ་འབྲས་གཉིས་དང་ལྡན་ཏེ་དཔེར་ན་ལུས་ལ་གོས་གྱོན་པ་བཞིན་ཐོབ་པར་བསམ། དེ་ལྟར་བསམ་པས་ཡིན་ན་མ་རྒན་ལ་བདེ་བ་རྒྱུ་འབྲས་གཉིས་བསྒྲུབ། སྦྱོར་བས་ཡིན་ན་བདེ་བའི་ཤས་ཕྲ་མོ་ནས་མ་རྒན་ལ་བསྒྲུབ་དགོས། དེ་ནས་རང་གི་ཕ་དང་སྤུན་ཟླ་སོགས་ལ་རིམ་གྱིས་བྱམས་པ་བསྒོམ་སྟེ་གནས་སྐབས་མངོན་མཐོ་སོགས་ནས་མཐར་ཐུག་ངེས་ལེགས་ཀྱི་བར་གྱི་བདེ་བ་དང་ལྡན་འདོད་དང་། དེའི་རྒྱུ་དད་སོགས་དང་ལྡན་པར་གྱུར་ཅིག་སོགས་དང་། རང་གི་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་གཏོང་བ་རྣམས་བསྒོམ། ཐུན་གྱི་མཇུག་ཏུ་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་གྱི་ལུས་ཀྱི་ན་ཚ། སེམས་ཀྱི་སྡུག་བསྔལ། བསམ་པའི་བར་ཆད། སྡིག་ལྟུང་། སྒྲིབ་པ་ཐམས་ཅད་བདག་གི་རྒྱུད་ལ་ད་ལྟ་ཉིད་མྱུར་བ་ཉིད་དུ་སྨིན་པར་གྱུར་ཅིག་སོགས་འབྲེལ་བ་གསུམ་ལྡན་དཀོན་མཆོག་ལ་གསོལ་འདེབས་བཅས་བྱ། དེ་ནས་སེམས་ཅན་གྱི་སྡིག་ལྟུང་ཐམས་ཅད་རླུང་ནག་པོ་ཞིག་གི་རྣམ་པར་རང་གི་སྣ་བུག་ནས་ཞུགས། སྙིང་ནང་གི་བདག་གཅེས་འཛིན་གྱི་འགོང་པོ་དེ་ལ་སིབ་སིབ་ཐིམ་པས་སྣམ་བུ་ཚོས་ལ་བཅུག་པ་ལྟར་སྡུག་བསྔལ་རྒྱུ་འབྲས་གཉིས་དང་ལྡན་པར་བསམ། སེམས་ཅན་ཐམས་ཅད་ལ་གཅེས་པར་བལྟ། ཕངས་པར་བལྟ། དམར་བར་བལྟ། དགའ་བར་བལྟ། དགོས་པར་བལྟ། མེད་ཐབས་མེད་པར་བལྟ། དེའི་མཐའ་ལ་དམིགས་པ་གོམས་སླ་བའི་ཆེད་དུ་རླུང་གིས་རྟ་ལ་བསྐྱོན་པ་སོགས་འདྲ། དགའ་བ་བསྒོམ་དགོས་ཏེ་བསམ་པས་ཡིན་ན་ངེད་མ་བུ་གཉིས་ཀྱི་མའི་བདེ་བ་ལ་བུས་ཕྲག་དོག་བྱེད་པའི་ཐབས་མེད་པས་དགའ་བ་བསྒོམ། སྦྱོར་བས་ཡིན་ན་བདེ་བ་བསྒྲུབ་པ་ལས་ཕྲག་དོག་གི་བསམ་པས་ཀུན་ནས་བསླངས་ཏེ་སྡུག་བསྔལ་སྦྱོར་བའི་ཐབས་མེད་པས་བདེ་བ་བ སྒྲུབ་དགོས། བདག་རང་འདོད་སྒྲུབ་པའི་བསམ་སྦྱོར་འདི་ལ་མི་གཅེས་རྒྱུ། མི་དམར་རྒྱུ། མི་ཕངས་རྒྱུ། མི་དགའ་བར་ལྟ། དགོས་པ་མེད་པར་བལྟ་ཞིང་བདག་དོན་སྒྲུབ་པའི་བསམ་སྦྱོར་གྱི་འགོང་པོ་འདི་འགོང་བཀར་བྱེད་དགོས། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག་སོགས་འབྲེལ་བ་གསུམ་ལྡན་གསོལ་འདེབས་བཅས་བསྒོམ་ནས། བསམ་པའི་སྟེང་ནས་བདག་གི་ཚེ་བསོད་ནམས། ཁ་རྗེ་དབང་ཐང་ལུས་ལོངས་སྤྱོད་བདེ་སྐྱིད་བདེ་བའི་དངོས་པོ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་བསྔོས་ནི་ཡིན། བྱིན་ནི་ཡིན། བཏང་ནི་ཡིན་པས་ཐོབ་པར་གྱུར་ཅིག་སོགས་བསམ། ཡང་རླུང་གི་རྟ་ལ་བསྐྱོན། དེ་ལྟར་བསམ་སྦྱོར་གཉིས་ཀས་བསྒྲུབ་དགོས། བདག་གཞན་བརྗེ་བའི་རྩ་བ་ཁེ་དང་རྒྱལ་ཁ་སེམས་ཅན་ལ་བྱིན། གྱོང་དང་བུབ་ཁ་རང་གིས་ལེན་པར་འདུ་ཞིང་དེ་བྱང་ཆུབ་ཀྱི་སེམས་ཡིན་ལ་དེ་ལ་ཟུར་གཉིས་ཚང་པ་དགོས་པས། སྙིང་རྗེ་ཆེན་པོས་ལེན་པ་ནི་སྙིང་རྗེས་སེམས་ཅན་ལ་དམིགས་པ་ཟུར་དང་པོ་ཡིན། བྱམས་པ་ཆེན་པོས་གཏོང་བ་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་ཡིན་པས་དེ་ལ་བཞི་ལས། དང་པོ་འཛིན་སྟངས་བརྗེས་པ ་ནི་སེམས་ཅན་ཐམས་ཅད་ང་ཡིན་ཞེས་མཐོ་རིས་གསུམ་ལུས་ཀྱི་སྟོད་དང་། ངན་སོང་གསུམ་ལུས་ཀྱི་སྨད་ཡིན་པར་ངར་འཛིན་དགོས། ཡང་ན་སེམས་ཅན་ཐམས་ཅད་ངའི་མ་ཡིན། ང་བུ་ཡིན་པས། སེམས་ཅན་ཐམས་ཅད་ངའི་མ་ཡིན་ཞེས་ང་ཡིར་བར་འཛིན་དགོས། གཉིས་པ་གཅེས་འཛིན་བརྗེས་པ་ནི་སྔར་བདག་གཅེས་པར་འཛིན་པའི་བསམ་པ་དེ་དོར་ནས། ད་སེམས་ཅན་ཐམས་ཅད་གཅེས་པར་བལྟ། དམར་བར་བལྟ། དགའ་བར་བལྟ། དགོས་པར་བལྟ། མེད་ཐབས་མེད་པར་བལྟ། གསུམ་པ་བདེ་སྡུག་བརྗེས་པ་སྔར་ཁེ་དང་རྒྱལ་ཁ་ཐམས་ཅད་བདག་རང་ལ་བསྐོར། གྱོང་དང་བུབ་ཁ་ཐམས་ཅད་གཞན་ལ་བསྐོར། དྲོ་དྲོ་ཐམས་ཅད་རང་ལ་བླངས། འཁྱག་འཁྱག་ཐམས་ཅད་མི་ལ་བྱིན་པས་ད་ནི་ཉི་མ་དེ་རིང་ནས་ཁེ་དང་རྒྱལ་ཁ་ཐམས་ཅད་གཞན་ལ་བྱིན། གྱོང་དང་བུབ་ཁ་ཐམས་ཅད་བདག་རང་གིས་ལེན། དྲོ་དྲོ་ཐམས་ཅད་མི་ལ་བྱིན། འཁྱག་འཁྱག་ཐམས་ཅད་རང་ལ་བསྐོར་ཏེ་མདོར་ན་བདེ་སྐྱིད་བདེ་བའི་དངོས་པོ་ཐམས་ཅད་སེམས་ཅན་གཞན་ལ་བྱིན། གཞན་གྱི་སྡུག་བསྔལ་ཐམས་ཅད་བདག་རང་གི་སྟེང་དུ་བླངས་པ་ཡིན། རླུང་གི་རྟ་ལ་བསྐྱོན་པ་སོགས་སྔར་བཞིན་ཡིན། བདག་མེད་ལ་བདག ང་མེད་ལ་ངར་འཛིན་པ་འདི། འཛིན་དོན་མེད་པ་ཞིག་ཡིན། བདག་གི་སེམས་ནི་སྐྱེ་བ་སྔོན་མའི་ལྷ་ལ་སོགས་པའི་རྣམ་ཤེས་འཁྱམས་པོ་ཞིག་ཡིན་ལ། ལུས་ཀྱི་རྒྱུ་ལ་བསམ་ན། སྐྱེ་བ་སྔོན་མའི་རྒྱུ་དགེ་བ་དང་མི་དགེ་བའི་རྒྱུ་དང་། རྐྱེན་ཕ་མའི་ཁུ་ཁྲག་གི་བར་དུ་རླུང་སེམས་ཞུགས་པ་ཡིན་པས། སེམས་འདི་ཡང་གཞན་གྱི་སེམས་ཞིག་ཡིན། ལུས་འདི་ཡང་གཞན་གྱི་ལུས་ཞིག་ལ་ངར་བཟུང་བ་ཡིན་པས། སྔོན་དང་ད་ལྟ་དང་ཕྱིན་ཆད་གསུམ་ལ་ངར་བཟུང་བ་ཐོག་མ་མེད་པ་ནས་གོམས་པས་དེས་ན་འཇིག་རྟེན་ཆོས་བརྒྱད་ཀྱི་མཐུན་ཕྱོགས་རྙེད་བསྟོད་སྙན་གྲགས་བཞི་རང་ལ་བསྐོར་ནས་ཁེ་དང་རྒྱལ་ཁ་རང་ལ་བསྐོར། གྱོང་དང་བུབ་ཁ་གཞན་ལ་བྱིན་པ་ཡིན་འཇིག་རྟེན་ཆོས་བརྒྱད་ཀྱི་མི་མཐུན་ཕྱོགས། མ་རྙེད་པ་མི་བསྟོད་པ། གྲགས་པ་མ་ཡིན་པ། སྙན་པ་མ་ཡིན་པ་བཞི་པོ་གཞན་ལ་བསྐོར་བའི་སྐྱོན་གྱིས་ད་ལྟའི་བར་དུ་འཁྱམས་པ་ཡིན་པས། ད་ནི་དེ་ལྟ་བུ་བྱེད་མི་ཉན་པར་བདག་རང་དོན་སྒྲུབ་པའི་སྐྱོན་ནི་གོ་ཞིང་རིག་སྟེ་མཐོང་བ་ཡིན། བདག་གཞན་ཡིན་པར་གོ གཞན་བདག་ཡིན་པར་གོ་བས། བདག་གཞན་དུ་བཞག གཞན་ལ་བདག་ཏུ་བཟུང་ནས་ཁེ་དང་རྒྱལ་ཁ་གཞན་ལ་བྱིན། གྱོང་དང་བུབ་ཁ་རང་གིས་བླངས་དགོས། དེ་ལྟར་བྱས་ན་སེམས་ཅན་འདི་རྣམས་ཀྱི་སྐུ་དྲིན་གྱིས་སྐྱེ་བ་ཚེ་རབས་ཐམས་ཅད་དུ་དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་མི་ལུས་ཐོབ་པ་དང་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཡིན། བདག་རང་འདོད་ཡིད་བྱེད་འདི་གོམས་པས། དེའི་སྐྱོན་གྱིས་སྐྱེ་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་འཁྱམས་ཤིང་ད་དུང་ཡང་ཐ་མ་མེད་པའི་བར་དུ་འཁྱམ་དགོས་པ་ཡིན་པས། གཞན་གཅེས་པར་བཟུང་བ་དང་རང་གཅེས་པར་བཟུང་བའི་སྐྱོན་དང་ཡོན་ཏན་ལ་བསམ་དགོས། ད་ནི་ཚིག་གི་རྟ་ལ་བསྐྱོན་ནས་སྦྱང་དགོས་ཏེ། སྐྱིད་ན་བདེ་བ་ཚོགས་སུ་བསྔོ། ། ཕན་བདེས་ནམ་མཁའ་གང་བར་ཤོག །སྡུག་ན་གཞན་གྱི་སྡུག་བསྔལ་ཁུར། ། སྡུག་བསྔལ་གྱི་རྒྱ་མཚོ་སྐེམ་པར་ཤོག །ཅེས་དང་། མཁའ་མཉམ་འགྲོ་བའི་སྡུག་བསྔལ་རྒྱུ་དང་བཅས། ། བྲལ་ནས་བདག་གི་རྒྱུད་ལ་སྨིན་གྱུར་ཅིག །བདག་གི་ཕན་བདེའི་དགེ་ཚོགས་མ་ལུས་པ། ། མ་གྱུར་འགྲོ་བར་ཐོབ་ནས་སངས་རྒྱས་ཤོག །ཅེས་པ་འདི། ཟ་ཉལ་འགྲོ་འདུག་ལ་སོགས་སྤྱོད་ལམ་ཐམས་ཅད་དུ་ཚིག་གིས་སྦྱང་དགོས། ཡང་ཡུལ་གསུམ་དུག་གསུམ་དགེ་རྩ་གསུམ་ཞེས་པས། བདེ་བ་རྒྱུ་འབྲས་གཉིས་དང་། སྡུག་བསྔལ་རྒྱུ་འབྲས་གཉིས་དང་ཁྱད་པར་དམ་ཚིག་ཉམས་ཆག་སོགས་བྱུང་ན་དེ་ལ་མི་འདོད་པ་ཐམས་ཅད་སྤང་ནས། བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པས་ཐམས་ཅད་ལམ་དུ་ཁྱེར་དགོས། དེ་ཡང་སྐྱིད་རྒྱུ་འབྲས་གཉིས་བྱུང་ན་བྱང་ཆུབ་སེམས་ཀྱི་ངོ་བོར་ལམ་དུ་ཁྱེར་ནས་བདེ་བ་རྒྱུ་འབྲས་གཉིས་ཀ་བྱམས་པ་ཆེན་པོས་གཏོང་བ་དང་། སྡུག་བསྔལ་རྒྱུ་འབྲས་གཉིས་བྱུང་ན་བྱང་ཆུབ་ལམ་གྱི་བར་ཆད་དུ་མི་འགྲོ་བ་སྙིང་རྗེ་ཆེན་པོས་ལེན་པའི་སྒོ་ནས་སྐྱིད་སྡུག་གཉིས་ཀ་ལམ་གྱི་ངོ་བོར་འགྱུར་བའི་ཐབས་ལ་འབད། དེ་ཡང་བདེ་བ་རྒྱུ་འབྲས་གཉིས་སེམས་ཅན་ཐམས་ཅད་ལ་བྱིན་ནས་འཇིག་རྟེན་ཆོས་བརྒྱད་ཀྱི་མཐུན་ཕྱོགས་བཞི་བཏང་དགོས། སྡུག་རྒྱུ་འབྲས་གཉིས་བླངས་ནས་འཇིག་རྟེན་ཆོས་བརྒྱད་ཀྱི་མི་མཐུན་ཕྱོགས་བཞི་བླངས་དགོས། ལོག་གནོན་ནི། མི་བདེ་བ་རང་གི་མགོ་ན་བ་ཙམ་གྱི་སྡུག་བསྔལ་ཕྲ་མོ་རེ་མྱོང་བ་ཚུན་ཆད་ཀྱི་སྟེང་དུ། སེམས་ཅན་ཐམས་ཅད་ཀྱི་སྲིད་པ་ཁམས་གསུམ་འཁོར་བའི་སྡུག་བསྔལ་ཐམས་ཅད་དེའི་སྟེང་དུ་བླངས་ནས་ངའི་མགོ་ན་བ་འདིས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་མྱོང་བའི་གོ་ཆོད། ན་ན་སེམས་ཅན་གྱི་ན་གོ་ཆོད། ཚ་ན་སེམས་ཅན་གྱི་ཚ་གོ་ཆོད། ཤི་ན་སེམས་ཅན་གྱི་ཤི་གོ་ཆོད་པར་ཤོག་སྙམ་དུ་སྡུག་བསྔལ་གྱི་འབྲས་བུ་དང་། རྒྱུ་ཆགས་སྡང་རྨོངས་གསུམ་གྱི་རྟོག་པ་སྐྱེ་བའི་ཚེ་དེ་བྱང་ཆུབ་སེམས་ཀྱིས་ཟིན་པར་བྱས་ཏེ་དོན་ཐོག་ལ་འཇོག་པ་ཡིན་ཏེ་རང་གི་རྒྱུད་ཀྱི་ཆགས་སོགས་ཀྱི་རྟོག་པ་དང་པོ་དྲན་ཏེ་སློང་བར་བྱས་ནས་དེའི་སྟེང་དུ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་འདོད་ཆགས་ཞེ་སྡང་གཏི་མུག་ལ་སོགས་མི་དགེ་བའི་རྟོག་པ་དེས་ཀུན་ནས་བསླངས་པའི་ལས་མི་དགེ་བ་ལ་སོགས་པའི་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་བདག་གི་འདོད་ཆགས་ལ་སོགས་པའི་རྟོག་པ་འདིས་གོ་ཆོད། སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་ཀྱི་རྟོག་པ་བདག་ལ་སྨིན། ཞེ་སྡང་གཏི་མུག་ལ་སོགས་པའི་རྟོག་པ་བདག་གི་རྟོག་པ་འདིས་གོ་ཆོད། བདག་གི་རྒྱུད་ལ་སྨིན། སེམས་ཅན་ཐམས་ཅད་འབྲས་བུ་སྡུག་བསྔལ་དང་། རྒྱུ་ཆགས་སྡང་རྨོངས་སོགས་དང་བྲལ་ནས། དེ་དག་ཐམས་ཅད་བདག་ལ་སྨིན་པར་ཤོག་ཅིག འདིས་སེམས་ཅན་དེ་དག་གི་སྡུག་བསྔལ་རྒྱུ་འབྲས་གཉིས་ཀྱི་གོ་བཅད་ནས་ན་ན་གོ་ཆོད། ཚ་ན་ཚ་གོ་ཆོད། ཤི་ན་ཤི་གོ་ཆོད། སྡུག་ན་སྡུག་གོ་ཆོད་པར་ཤོག་སྙམ་དུ་རང་རྒྱུད་ལ་བླང་། ཡང་བྱང་ཆུབ་སེམས་དཔའ་འབྲེལ་ཚད་དོན་ལྡན་བཟང་འབྲེལ་ཚེ་གཅིག་གིས་སངས་རྒྱས། ངན་འབྲེལ་འཁོར་བ་མཐའ་ཅན་ཞིག་འོང་དགོས་པས། སྔར་གྱི་གཏོང་ལེན་དེའི་སྟེང་ལ་སེམས་ཅན་ཐམས་ཅད་བདེ་བ་ཐོབ་པའི་འཚོགས་ཆས་དང་། སྡུག་བསྔལ་བསལ་བའི་ཆ་རྐྱེན་དུ་རང་གི་ཡོངས་སུ་བཟུང་བའི་གཞི་གསུམ་པོ་བཏང་དགོས་ཏེ། དེ་ཡང་དང་པོ་བདག་གི་ད་སྔོན་གྱི་ལུས་ཐམས་ཅད་དོན་མེད་ཆུད་ཟོས་སུ་སོང་བ་ཡིན་ན། ད་ནི་ཉི་མ་དེ་རིང་ནས་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཞིག་ཐོབ་རྒྱུ་ཡོད་ལ་དེ་བར་གྱི་ཆེ་ཆེ་ནས་ཚངས་པ་དང་བརྒྱ་བྱིན། ཆུང་ཆུང་ནས་གྲོག་སྦུར་ཕྲ་མོ་ཡན་ཆད་ཀྱི་ལུས་མཐོ་དམན་གང་དང་གང་བླངས་པ་དེ་དག་བཟང་པོ་དད་པ་དག་སྣང་གིས་འབྲེལ་བ་ངན་པ་ཆགས་སྡང་རྨོངས་གསུམ་གྱིས་འབྲེལ་བའི་སེམས་ཅན་རྣམས་ཀྱིས་གཟུགས་མིག་གིས་མཐོང་བ། སྒྲ་དང་སྐད་རྣ་བས་ཐོས་པ། ཐ་ན་རོ་རུལ་བའི་དྲི་ཙམ་མྱོང་བ། ལུས་ཀྱི་རེག་པ། ཡིད་ལ་བསམ་པ་དེ་དག་ཐམས་ཅད་ཀྱི་ནད་ཅན་གྱི་ནད་ཞི། གདོན་ཅན་གྱི་གདོན་ཞི། ལུས་ཀྱི་ན་ཚ། སེམས་ཀྱི་སྡུག་བསྔལ། བསམ་པའི་བར་ཆད་མདོར་ན་སྲིད་པ་ཁམས་གསུམ་འཁོར་བའི་སྡུག་བསྔལ་ཐམས་ཅད་ཞི་བ་དང་། ཡང་སྡུག་བསྔལ་དེའི་རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་ལ་སོགས་པའི་ཉོན་མོངས་པ། དེའི་ཀུན་ནས་བསླངས་པའི་མི་དགེ་བ་ཐམས་ཅད་ཞི་ཞིང་མདོར་ན་སྡུག་བསྔལ་རྒྱུ་འབྲས་གཉིས་པོ་དང་བྲལ་བར་བྱེད་ནུས་པར་སྨོན་ལམ་འདེབས། ཡང་རང་གི་ལུས་མཐོང་ཐོས་དྲན་རེག་ཐམས་ཅད་ཀྱི་རྒྱུད་ལ་བདེ་བའི་འབྲས་བུ་མངོན་མཐོ་ལྷ་མིའི་བདེ་བ་ནས་རྫོགས་པའི་སངས་རྒྱས་ཀྱི་བར་གྱི་བདེ་བ། དེའི་རྒྱུ་དད་པ་ངེས་འབྱུང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གསུམ་པོ་སྐྱེ་བར་སྨོན་ལམ་གདབ། དེ་ནས་ལོངས་སྤྱོད་ལ་ཡང་སྔོན་གྱི་དུས་ཀྱི་ལོངས་སྤྱོད་རྣམས་གྲོན་འཛར་སོང་ནས་དོན་མེད་པ་ཡིན་ལ། ད་ཉི་མ་དེ་རིང་ནས། དམའ་སྤྲང་པོ་བེར་ག་འཛིན་པ་ནས། མཐར་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ཀྱི་བར་གྱི་ལོངས་སྤྱོད་ཆེ་ཕྲ་ཐམས་ཅད་ལ་བཟང་པོ་དད་པ་དག་སྣང་གིས་འབྲེལ་བ། ངན་པ་ཆགས་སྡང་རྨོངས་གསུམ་གྱིས་འབྲེལ་བ་བཟང་འབྲེལ་དང་ངན་འབྲེལ་ཅི་བྱེད་པའི་དབང་པོ་དྲུག་གི་ཡུལ་ལ་མཐོང་ཐོས་སོགས་ཀྱི་སྡུག་བསྔལ་རྒྱུ་འབྲས་གཉིས་ཞི། ནད་ཅན་གྱི་ནད་ཞི། གདོན་ཅན་གྱི་གདོན་ཞི། ལུས་ཀྱི་ན་ཚ་ཞི། སེམས་ཀྱི་སྡུག་བསྔལ་བསམ་པའི་བར་ཆད་ཞི་བ་དང་། སྡུག་བསྔལ་གྱི་རྒྱུ་ཆགས་སྡང་རྨོངས་གསུམ་གྱི་རྟོག་པ་ཞི་བ་དང་། བདེ་བའི་འབྲས་བུ་མངོན་མཐོ་ནས་སངས་རྒྱས་ཀྱི་བར་གྱི་བདེ་བ་ཐོབ་པ་དང་། རྒྱུ་དད་ངེས་འབྱུང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གསུམ་པོ་རྒྱུད་ལ་སྐྱེ་བར་སྨོན་ལམ་བཏབ། ལོངས་སྤྱོད་རྣམས་མཐོང་གྲོལ། ཐོས་གྲོལ་རེག་གྲོལ་དུ་སྨོན་ལམ་བཏབ། དེ་ལྟར་འགྲུབ་པར་དཀོན་མཆོག་གི་བདེན་པ་བརྡར། ཡང་དགེ་བའི་རྩ་བ་དུས་གསུམ་དུ་བསགས་པ་རྣམས་ལའང་དེ་བཞིན་དུ། ཆུང་ཆུང་ནས་བསོད་ནམས་ཆ་མཐུན་གྱི་དགེ་བ་ཕྲ་མོ་ནས་བཟུང་། མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པའི་ཟག་མེད་ཀྱི་དགེ་བ་རྒྱ་མཚོ་ལྟ་བུའི་བར་གྱི་དགེ་བའི་རྩ་བ་དེ་དག་ལ་བཟང་པོ་དད་པ་དག་སྣང་གིས་འབྲེལ་བ། ངན་པ་ཆགས་སྡང་རྨོངས་གསུམ་གྱིས་འབྲེལ་བའི་སེམས་ཅན་གྱི་དབང་པོ་དྲུག་གི་ཡུལ་དུ་གྱུར་པ་ཐམས་ཅད་ལ་འབྲེལ་ཚད་དོན་ལྡན་གྱི་སྨོན་ལམ་སྔ་མ་བཞིན་དུ་གདབ། དཀོན་མཆོག་གི་བདེན་པ་བརྡར། དེ་དག་གིས་བདག་གཞན་བརྗེ་བ་སོང་། ད་ནི་བདག་བས་གཞན་གཅེས་བསྒོམ་པ་ལ། བདག་གཞན་བརྗེ་བ་སེམས་ཀྱི་སྟེང་ནས་གོམས་གོམས་ཤིང་འབྱོངས་ནས། འདི་ནི་སྦྱོར་བ་ལག་ལེན་གྱི་སྟེང་ནས་བདག་བས་གཞན་གཅེས་བ སྒྲུབ་དགོས་ཏེ། དེ་ཡང་སོ་སོའི་སྐྱེ་བོའི་དུས་ནས་འོང་བ་ཡོད་དེ་བླ་མ་བྱམས་པའི་རྣལ་འབྱོར་པ་ལྟ་བུ་ཡིན། དེ་ཀུན་རྫོབ་བྱང་ཆུབ་སེམས་ལ་བློ་འབྱོངས་སྟོབས་ཀྱིས་འོང་བ་དང་། བདག་བས་གཞན་གཅེས་མཚན་ཉིད་པ་མཐོང་ལམ་གྱི་ཡེ་ཤེས་རྟོགས་པ་དང་དུས་མཉམ་པར་མཉམ་པ་ཉིད་བཞིའི་དོན་མངོན་དུ་གྱུར་པ་སྟེ་བདག་དང་གཞན་དོན་དམ་སྤྲོས་བྲལ་དུ་མཉམ་ཉིད་དུ་རྟོགས། ཀུན་རྫོབ་སྒྱུ་མ་ཙམ་དུ་མཉམ་ཉིད་དུ་རྟོགས། སངས་རྒྱས་དང་སེམས་ཅན་མཉམ་ཉིད་དུ་རྟོགས། བདག་དང་སངས་རྒྱས་མཉམ་ཉིད་དུ་རྟོགས་ནས་དེའི་དུས་སུ་གཞན་དོན་དངོས་སུ་སྒྲུབ་ནུས་པའི་མགོ་ལ་སླེབས་པ་ཡིན་ཏེ། མགོ་བཅད་དེ་ཁྱེར་སོང་ན་ས་རྡོ་བོང་བ་ལྟ་བའི་འདུ་ཤེས་ལས་མེད་པས་དེའི་དུས་བདག་བས་གཞན་གཅེས་བསྒྲུབ་ནུས་པ་ཡིན། ལས་དང་པོ་པའི་སྐབས་འདི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་ནས་བདག་བས་གཞན་གཅེས་བསྒྲུབ་དགོས། བདག་འཛིན་བཅད་བའི་ཐབས་ལ། ཐབས་དང་ཤེས་རབ་གཉིས། དེ་ལ་དང་པོ་ཐབས་ཀྱིས་བཅད་དགོས་ཏེ། བདག་གཞན་མཉམ་པ་དང་། བརྗེ་བ་དང་། བདག་བས་གཞན་གཅེས་གསུམ་གྱི་སྒོ་ནས་དང་པོ་ཐབས་ཀྱིས་རང་འདོད་ཡིད་བྱེད་ཀྱི་རྟོག་པ་དེ་བཅད། དེ་ནས་ཐབས་དེ་ལ་བརྟེན་པའི་ཐབས་བྱུང་དོན་དམ་རྟོགས་པའི་ཤེས་རབ་ཀྱིས་དྲུང་ནས་འབྱིན་ཏེ་བཅད། དེ་ལ་དང་པོ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡང་ནས་ཡང་དུ་བསྒོམ་ཞིང་གཏན་ལ་ཕབ་ཏེ། དེ་ནས་དོན་དམ་བྱང་ཆུབ་ཀྱི་སེམས་ལ་གཙོ་བོར་སྦྱང་དགོས། རང་འདོད་ཀྱི་བསམ་པ་དེ་སྔ་མས་མགོ་ནོན་གྱི་ཚུལ་གྱིས་སྤང། ཕྱི་མས་དྲུང་འབྱིན་གྱི་ཚུལ་གྱིས་སྤང་པ་ཡིན། དེ་ལྟར་མི་ཞིག་གི་ཚེ་གཅིག་གི་ཉམས་ལེན་བྱང་ཆུབ་ཀྱི་སེམས་འདི་ཡིས་ཆོག་པ་ཞིག་དགོས་པས་སྐྱིད་སྡུག་གང་བྱུང་འདིའི་ལམ་དུ་ཁྱེར་ཤེས་པ་དགོས། དེ་ཡང་མི་ཞིག་ལ་སྐྱིད་རྟག་པ་དང་སྡུག་རྟག་པ་ཞིག་ནི་མི་འོང་བས་རེ་འགའ་སྐྱིད། རེ་འགའ་སྡུག་ཞིག་སྟེ་གཉིས་ཀ་རེས་མོས་བྱས་ནས་འོང་བས་སྐྱིད་སྡུག་གཉིས་བྱུང་ན་བྱང་ཆུབ་ལམ་གྱི་ངོ་བོར་འགྲོ་བ་དང་། སྡུག་བསྔལ་ལམ་གྱི་བར་ཆད་དུ་མ་སོང་ན་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ཡིན། དེས་ན་བྱང་ཆུབ་སེམས་དཔའ་རང་ལ་སྐྱིད་འོང་ན་དེ་ལ་མི་དགའ་བར་བལྟ། རང་གི་རྒྱུད་ལ་བདེ་བའི་རྒྱུ་དད་ངེས་འབྱུང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམས་བྱུང་ན་འདི་འཛིན་འདུག་མི་ཉན། ཡང་ངས་ཁོང་ཁྲོ་ཞིག་བྱས་ནས་ཚིག་འགྲོ་བས་འདི་མ་ཚིག་གོང་དུ་སེམས་ཅན་ལ་སྦྱིན་དགོས། སྡུག་བསྔལ་མཛེ་དང་འབྲུམ་བུ་ལ་སོགས་པའི་ནད་ཀྱིས་མནར་བ། གདོན་གྱིས་ཟིན་པ། གྲིབ་ཀྱིས་ནོན་པ་ལ་སོགས་པའི་མི་འདོད་པ་ཅི་བྱུང་ཡང་སྐྱབས་འགྲོའི་དུས་ལྟར། དཀོན་མཆོག་གི་ཐུགས་རྗེ་ཡིན་པར་ཤེས་ཏེ་བདག་གིས་སྐྱེ་བ་ཚེ་རབས་ཐམས་ཅད་དུ་བསགས་པའི་རྒྱུ་མི་དགེ་བའི་འབྲས་བུ་སྐྱེ་བ་ཕྱི་མའི་མྱོང་འགྱུར་གྱི་ལས་ཐམས་ཅད་དཀོན་མཆོག་གི་ཐུགས་རྗེས་ད་ལྟ་ཚེ་འདི་ལ་སྨིན་པ་ཡིན་པས། འདིའི་སྟེང་དུ་ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་མྱོང་བའི་གོ་བདག་གཅིག་པུས་ཆོད་པར་བསམ། རྒྱུ་ཆགས་སྡང་སོགས་སྐྱེས་ན་དཀོན་མཆོག་གི་ཐུགས་རྗེས་བྱ་གཏོང་ཡིན་པས། འདི་ཡིས་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་ཀྱི་གོ་ཆོད་ནས་སེམས་ཅན་ཐམས་ཅད་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་ལས་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག་སྙམ། དེ་ལྟར་སྡུག་བསྔལ་རྒྱུ་འབྲས་གཉིས་གང་བྱུང་བ་ལམ་དུ་ཁྱེར་བས་བྱང་ཆུབ་ལམ་གྱིས་གྲོགས་བྱས་ནས་བསྐལ་བ་གྲངས་མེད་ཀྱི་སྡིག་པ་འདག་པ་དང་ཚོགས་རྫོགས་པ་ཡིན། ཡང་ཚུལ་ཁྲིམས་འཆལ་བ་ལ་སོགས་པའི་གང་ཟག་ངན་པ་རྣམས་མཐོང་ན་དེ་ལ་གཏོང་ལེན་བྱེད། རང་གི་ཚུལ་ཁྲིམས་བསྲུང་བ་ལ་གཉེན་པོ་བསྟེན་དགོས། སྦྲུལ་མ་ཤི་བ་ཁྭ་ཏས་བཟའ་མི་ཕོད་པ་བཞིན་གཉེན་པོ་དྲན་ཤེས་བག་ཡོད་རྣམས་མ་ཉམས་ན་ལྟུང་བ་ཆེན་པོའི་རྒྱུའི་ལྟུང་བ་འབྱིན་མི་ནུས་ལ། སྦྲུལ་ཤི་བ་དང་འཕྲད་ན་ཁྭ་ཏའང་མཁའ་ལྡིང་བཞིན་དུ་སྤྱོད་པ་བཞིན། གཉེན་པོ་དང་བྲལ་ན་ཉེས་བྱས་ཕྲ་མོས་ཀྱང་ལྟུང་བའི་རྒྱུར་འགྱུར་བ་ཡིན་པས་དེ་ལྟར་གཉེན་པོའི་སྟོབས་བསྐྱེད་དགོས་ཏེ། རྒྱལ་བ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་སེངྒེ་ལྟ་བུ་དེའི་རྗེས་སུ་འཇུག་པ་བདག་བྱང་ཆུབ་སེམས་དཔའ་སེང་ཕྲུག་དར་མ་ལྟ་བུ་ཡིན་པས། བདག་གིས་ལྟུང་བ་མི་མཐུན་པའི་ཕྱོགས་ཐམས་ཅད་ལ་བློ་སྟོབས་བསྐྱེད་དེ་སྲན་གཟུགས་དགོས། དེ་ལྟར་རང་ཚུལ་ཁྲིམས་སོགས་ལ་གནས་ནས་གཞན་དེ་ལ་འགོད་པ་ལ་མངོན་ཞེན་དང་ང་རྒྱལ་དང་བདེན་ཞེན་དུ་བཟུང་ན་བདུད་ཀྱི་ལས་ཡིན་པས་སྤང་དགོས། དེ་ལྟར་སེམས་ཐོག་ནས་བདག་གཞན་བརྗེས། མཉམ་བརྗེས་གཉིས་སེམས་ཀྱི་སྟེང་ནས་འཇིག་རྟེན་ཆོས་བརྒྱད་ཀྱི་བླང་དོར་ལ་རོ་སྙོམས་པའི་མཐུ་ཐོབ་ནས། གཞན་གཅེས་བསྒོམ་པ་ལ། བདག་གིས་ཉི་མ་དེ་རིང་ནས་བཟུང་ཐར་པ་མ་ཐོབ་རུང་འདྲ་སྟེ། དམྱལ་བ་ཡི་དྭགས་དུད་འགྲོ་ལ་སོགས་པའི་རིགས་དྲུག་གི་སྡུག་བསྔལ་འདི་བདག་གི་སྟེང་དུ་བླངས་ཏེ་བཟོད་པར་བྱ། བདག་གི་བདེ་སྐྱིད་བདེ་བའི་དངོས་པོ་སོགས་སེམས་ཅན་ཐམས་ཅད་ལ་བཏང་ནི་ཡིན་སོགས་བསམ། དེ་ལྟར་སེམས་ཅན་མཐོ་སྲིད་པའི་རྩེ་མོ་ནས་དམའ་ན་རག་དམྱལ་བའི་བར་གྱི་སེམས་ཅན་ཐམས་ཅད་ལ་མར་ཤེས། དྲིན་དྲན། དྲིན་གཟོ་འདོད་ཀྱི་རྟོག་པ་བསྐྱེད། སྡུག་བསྔལ་དང་བྲལ་འདོད་སྐབས། སེམས་ཅན་དེ་དག་ཐམས་ཅད་ཀྱི་སྡུག་བསྔལ་གྱི་འབྲས་བུ་སྡུག་བསྔལ་གསུམ་དང་། རྒྱུ་ཆགས་སྡང་གཏི་མུག་སོགས་ཉོན་མོངས་དང་། དེས་ཀུན་ནས་བསླངས་བའི་ལས་མི་དགེ་བ་བཅུ། མཚམས་མེད་ལྔ། ཉེ་བ་ལྔ། ལྕི་བ་བཞི། ལོག་པ་བརྒྱད་ལ་སོགས་པའི་སྡུག་བསྔལ་རྒྱུ་འབྲས་གཉིས་པོ་དང་བྲལ་བར་གྱུར་ཅིག བྲལ་ན་ཅི་མ་རུང་། བྲལ་བ་ཞིག་བདག་ངས་བྱ་སྙམ། དེ་ནས་དཀོན་མཆོག་ལ་གསོལ་བ་གདབ། ད་དེ་ལྟ་བུས་ཀྱང་མི་ཕན་ཏེ་ད་ལྟ་ཉིད་མྱུར་བ་ཉིད་དུ་བདག་གི་རྒྱུད་ལ་སྨིན་པར་གྱུར་ཅིག་སྙམ་དུ་བསམ་པ་དང་སྦྱོར་བ་གཉིས་ཀས་ལེན། དེ་ངེས་པར་སྨིན་རྒྱུ་ཞིག་བྱུང་ན་སེམས་ཅན་ཐམས་ཅད་ཀྱི་ཤ་ཚབ་ཁྲག་ཚབ་རུས་ཚབ་ན་ཚབ་ཤི་ཚབ་ལ་སོགས་པ་བྱས་ནས་དམྱལ་བའི་གནས་སུ་སོང་ན་དམྱལ་བའི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་བདག་གིས་མྱོང་བར་བྱ། ཡང་ན་སེམས་ཅན་གྱི་གྲངས་རེ་རེ་བཞིན་བདག་གི་ལུས་མང་པོར་གྱུར་ནས་སེམས་ཅན་དེ་དང་དེའི་ཚབ་བྱས་ནས་སྡུག་བསྔལ་ཐམས་ཅད་མྱོང་ཡང་བཟོད་སྙམ་པ་དང་། ཡང་ན་ལུས་ཆེན་པོ་ཁམས་གསུམ་རིགས་དྲུག་གི་གནས་ཐམས་ཅད་ཁྱབ་པའི་ཆེན་པོར་གྱུར་ནས་སྟོད་ཀྱི་མཐོ་རིས་ཀྱི་སྡུག་བསྔལ་ཁྱབ་པ་འདུ་བྱེད་དང་འགྱུར་བའི་སྡུག་བསྔལ་གཙོ་བོར་གྱུར་བའི་སྡུག་བསྔལ་རྣམས་མྱོང་ནས་མཐོ་རིས་ཀྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་བསམ། སྨད་ཀྱི་ངན་སོང་གསུམ་གྱི་སྡུག་བསྔལ་གྱི་སྡུག་བསྔལ་གཙོ་བོར་མྱོང་ནས་ངན་སོང་གསུམ་གྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ནས་བདེ་བ་ཐོབ་པར་བསམ། དམྱལ་བ་ལ་སོགས་པའི་སྡུག་བསྔལ་གྱི་རྣམ་གྲངས་རེ་རེ་ནས་ཞིབ་ཏུ་བསམ་ནས་དེ་དག་རང་གི་རྒྱུད་ཐོག་ལ་བླང་། དེར་གནས་པའི་མ་སེམས་ཅན་གྱི་སྡུག་བསྔལ་ཐམས་ཅད་དང་བྲལ་ནས་མཐོ་རིས་ལྷ་མིའི་གོ་འཕང་ནས་རྫོགས་པའི་སངས་རྒྱས་ཀྱི་བར་གྱི་བདེ་བ་ཐམས་ཅད་མྱོང་ནས་སེམས་ཅན་རེ་རེ་ནས་སངས་རྒྱས་ཐོབ་པར་བསམ། མཐར་སེམས་ཅན་ཐམས་ཅད་སངས་རྒྱས་པ་ན་སེམས་ཅན་དེ་དག་ངའི་དགེ་རྩས་སངས་རྒྱས་ཐོབ་པ་ཡིན་པས་ང་རེ་དགའ་སྙམ་དུ་དུས་ཀྱང་ཐུང་ཐུང་ཞིག་མ་ཡིན་པར་སེམས་ཅན་གཅིག་གི་དོན་ལ་བསྐལ་བ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བར་དུ་འདུག་དགོས་ཀྱང་བཟོད་སྙམ་པའི་འདུ་ཤེས་བསྐྱེད། དེ་ལྟར་བསམ་པས་ཡིན་ན་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ངའི་སྟེང་དུ་སྨིན། སྦྱོར་བས་ཡིན་ན་ངས་བསམ་པ་དང་སྨོན་པ་ཙམ་གྱིས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ངའི་སྟེང་དུ་སྨིན། དེའི་རྒྱུ་ལས་དང་ཉོན་མོངས་པ་ཐམས་ཅད་ངའི་སྟེང་དུ་སྨིན་པར་ཤོག ངའི་བདེ་སྐྱིད་བདེ་བའི་དངོས་པོ་ཐམས་ཅད་སེམས་ཅན་གྱི་དོན་དུ་བསྔོ་ཞིང་བྱིན་པ་ཡིན། བྱམས་པ་ཆེན་པོས་གཏོང་བ་ནི། ཉི་མ་དེ་རིང་ནས་བཟུང་ལུས་ལོངས་སྤྱོད་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་མ་བྱིན་ས་མེད་པ། གྲངས་ས་ཆེན་པོའི་རྡུལ་སྙེད་ཀྱི་གྲངས་ཀྱི་རབ་ཏུ་མང་པོ་སྦྱིན་འདོད་ཀྱི་བསམ་པས་བྱིན་པ་ཡིན་བསྔོས་པ་ཡིན་པས། འདི་རྣམས་བྱིན་པ་ན་ཁ་ཕྱིར་འཁོར་དུ་འཇུག་མི་ཉན་པས། ལུས་འདི་ལ་སེམས་ཅན་རྣམས་ཀྱིས་ཁ་ལ་སྲབ་བཞག རྒྱབ་ཏུ་སྒ་བསྟད་པ་ལ་སོགས་པའི་མི་འདོད་པའི་གནོད་པ་ཅི་བྱས་ཀྱང་རུང་སྟེ་སེམས་ཅན་དེ་དག་ལ་རག་ལས་པ་ལས། ཡང་ངའི་ལུས་ཞེས་སོགས་བདག་ཏུ་འཛིན་ན་བྱང་ཆུབ་སེམས་དཔའི་ཚུལ་མ་ཡིན་པས། དེས་ན་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་སེམས་ཅན་ཐམས་ཅད་ལ་ཕངས་པ་དང་ཆགས་པ་མེད་པར་བཏང་ན། དངོས་སུ་སེམས་ཅན་ལ་ཕན་པ་དང་། བརྒྱུད་དེ་བདག་ལ་ཕན་པ་སྒྲུབ་པ་ཡིན་ནོ། ། དེ་དག་ནི་སྨོན་པ་བྱང་ཆུབ་ཀྱི་སེམས་མི་ཉམས་པའི་ཐབས་ཡིན་ནོ། ། འཇུག་པ་བྱང་ཆུབ་ཀྱི་སེམས་མི་ཉམས་པར་བྱེད་པའི་རྒྱུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པ་ཡིན། དེ་ལྟར་དུ་སྨོན་འཇུག་གི་སེམས་བསྐྱེད་ནས། སྨོན་འཇུག་གི་བསླབ་བྱ་ལ་བསླབ་དགོས་ཏེ། སྨོན་པའི་བསླབ་བྱ་ནི་བཤད་ཟིན་ལ། འཇུག་པའི་བསླབ་བྱ་ལ། རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུ་ཡོད་ཀྱང་། དེ་ཐམས་ཅད་བསྡུ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འདུ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་བསྡུ་ན་སྦྱིན་སོགས་སྔ་མ་ལྔ་དམིགས་བཅས་བསོད་ནམས་ཀྱི་ཚོགས་སམ། ཐབས་སྤྱོད་པའི་ཕྱོགས་ཡིན། ཕྱི་མ་ཤེས་རབ་ནི། དམིགས་མེད་ཡེ་ཤེས་ཀྱི་ཚོགས་སམ། ལྟ་བའི་ཕྱོགས་ཡིན། ཕར་ཕྱིན་གྱི་ངེས་ཚིག་ནི། ཕ་རོལ་མྱ་ངན་ལས་འདས་པའི་ས་ལ་ཕྱིན་པར་བྱེད་པའི་ཐབས་སུ་གྱུར་པས་ཕར་ཕྱིན་ཡིན་ལ། ཕ་རོལ་མྱ་ངན་ལས་འདས་པ་ལ་ཞི་བ་ཉན་རང་དང་། རྫོགས་པའི་སངས་རྒྱས་ཀྱི་ས་ལ་ཕྱིན་པ་དང་། དེའང་ཕར་ཕྱིན་དྲུག་པོ་དེ་དག་ངེས་འབྱུང་གི་བསམ་པས་ཟིན། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཟིན། སྟོང་ཉིད་ཀྱི་ལྟ་བས་མ་ཟིན་ན་ཕར་ཕྱིན་ཉི་ཚེ་བ་ཞི་བ་ཉན་རང་གི་གོ་འཕང་ཐོབ་པའི་རྒྱུ་ཡིན། སངས་རྒྱས་ཀྱི་གོ་འཕང་ནི་མཐའ་གཉིས་ལ་མི་གནས་པ་ཡིན་པས། དེ་ཐོབ་པའི་ཐབས་ལྟ་བས་སྲིད་པའི་མཐའ་མནན། སྙིང་རྗེས་ཞི་བའི་མཐའ་མནན་ཏེ། སྲིད་ཞི་གཉིས་ཀའི་མཐའ་ལས་མི་གནས་པའི་ཕ་རོལ་ཏུ་ཕྱིན་པར་བྱེད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་གོ །དེའང་ཐབས་ཤེས་ཡ་མ་བྲལ་བར་བྱེད་པ། ཐབས་སྙིང་རྗེ་ཆེན་པོ་དང་། ཤེས་རབ་སྟོང་པ་ཉིད་ཀྱིས་ཟིན་ན། ཐབས་ཀྱིས་ཞི་མཐའ་མནན། ཤེས་རབ་ཀྱིས་སྲིད་པའི་མཐའ་མནན་པ་ཡིན་པས། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ལ་བསླབ་པའི་གང་ཟག་མོས་སྤྱོད་ཀྱི་ལམ་ལ་ཞུགས་པ་ཐམས་ཅད་ཀྱི་ཕར་ཕྱིན་དྲུག་པོ་དེ་ལ་ཕར་ཕྱིན་བཏགས་པ་བ་ཞེས་བྱ་བ་ཡིན་ཏེ། དེའི་དུས་སུ་མགོ་དང་ཡན་ལག་གི་སྦྱིན་པ་སོགས་དངོས་སུ་སྦྱིན་མི་ནུས་ཀྱང་། བསམ་པས་བཏང་ཞིང་། སྦྱོར་བས་བསྲུང་བ་ཡིན་ནོ། །
སྟོང་ཉིད་ལ་སྟོང་ཉིད་དོན་སྤྱིའི་ཚུལ་དུ་རྟོགས་པ་ལས། དངོས་སུ་མཐོང་བ་མེད་པས་དེའི་དུས་སུ་མགོ་སོགས་སེམས་ཐོག་ནས་བཏང་ཞིང་སྦྱོར་བས་བསྲུང་བ་མ་གཏོགས་པ་དངོས་སུ་བཏང་ན་ལྟུང་བའི་རྒྱུར་འགྱུར་བས། དེའི་སྦྱིན་སོགས་དང་ཤེས་རབ་ལ་མོས་པས་སྤྱོད་པས་ན་ཕར་ཕྱིན་བཏགས་པ་བ་ཡིན། ཕར་ཕྱིན་མཚན་ཉིད་པ་ནི། མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མཐོང་བ་དང་། ཤེས་རབ་ཀྱིས་མངོན་སུམ་དུ་མཐོང་བ་དང་། དེ་བཞིན་ཉིད་མཐོང་བ་དང་། ཡང་དག་པའི་མཐའ་མངོན་དུ་བྱེད་པ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པས། མཐོང་ལམ་གྱི་རྟོགས་བྱ་རྟོགས་ནས་བཟུང་ས་བཅུའི་རྒྱུན་མཐའི་བར་ན། མཉམ་བཞག་སྤྲོས་བྲལ་དང་། རྗེས་ཐོབ་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་རྫོགས་དགོས་ཤིང་། དེའང་ས་དང་པོར་སྦྱིན་སོགས་ལ་དངོས་སུ་མགོ་དང་ཡན་ལག་བཏང་ནུས་པ། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དུ་ཤར་བས། མཉམ་བཞག་སྣང་མེད་རྗེས་ཐོབ་སྒྱུ་མའི་དཔེ་བརྒྱད་ཀྱི་རྣམ་པས་ཕ་རོལ་ཏུ་ཕྱིན་པ་རྣམས་རྫོགས་པར་བྱེད་པ་སྟེ། དེའི་དུས་སུ་སྦྱིན་སོགས་སྟོང་འགྱུ་ཙམ་མ་ཡིན་པར། ངོ་བོས་སྟོང་ཡང་། རྣམ་པའི་ཆ་ནས་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་རྣམ་པར་ཤར་བ་སྟོང་པའི་བྱ་བྱེད། སྟོང་པའི་ཡོ་ལང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དུ་ཤར་བས། འབྲས་བུ་གནས་སྐབས་ཀྱི་ས་བཅུ་ནས་འབྲས་བུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རྫོགས་པར་བྱེད་པ་དེས་ན་ས་དང་པོ་ནས་བཟུང་ས་བཅུ་པའི་བར་གྱི་ཕར་ཕྱིན་ཐམས་ཅད་མཚན་ཉིད་པ་ཡིན་ཏེ། ཚོགས་གཉིས་ཟུང་འཇུག མཉམ་བཞག་སྣང་མེད། རྗེས་ཐོབ་སྒྱུ་མ་ལྟ་བུའི་རྣམ་རོལ་ཡིན་པས་ཕར་ཕྱིན་མཚན་ཉིད་པ་ཡིན། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ། རིང་ལམ། ཉེ་ལམ། མྱུར་ལམ་གསུམ་གྱིས་བསླབ་ནས་རྫོགས་སྨིན་སྦྱང་གསུམ་མཐར་ཕྱིན་དགོས་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒོ་ནས་ཚོགས་གཉིས་རྒྱ་མཚོ་ལྟ་བུ་ཡོངས་སུ་རྫོགས་པར་བྱེད་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་སེམས་ཅན་རྣམས་བྱང་ཆུབ་གསུམ་གྱི་ལམ་ལ་བཀོད་ནས་སེམས་ཅན་རྒྱ་མཚོ་ལྟ་བུ་སྨིན་པར་བྱེད་པ་དང་། ཕ་རོལ་དུ་ཕྱིན་པ་དྲུག་ལ་བརྟེན་ནས་ཞིང་ཁམས་རྒྱ་མཚོ་ལྟ་བུ་སྦྱང་དགོས་ཤིང་། ཞིང་དེ་ལ་དག་པ་དང་མ་དག་པ་གཉིས་སྦྱང་བ་ཡིན། དེའང་རང་གི་འདོད་པ་བཞིན་དུ་ཕར་ཕྱིན་དྲུག་གི་དགེ་བའི་རྩ་བ་འདིས་བདག་མ་འོངས་པ་ན་ཞིང་ཁམས་དག་པ་དང་མ་དག་པ་རང་གིས་གང་སྦྱང་བར་འདོད་པའི་ཞིང་འདི་ལྟ་བུ་འབྱུང་བར་གྱུར་ཅིག་ཅེས་དགེ་རྩས་རྒྱུ་བྱས། སྨོན་ལམ་གྱིས་རྐྱེན་བྱས་ནས་སྦྱང་དགོས། དག་པ་ནི་འཇམ་དཔལ་གྱི་ཞིང་དང་། བདེ་བ་ཅན་གྱི་ཞིང་ལྟ་བུ་དང་། མ་དག་པ་ནི་བདག་ཅག་གི་སྟོན་པའི་ཞིང་ལྟ་བུའོ། ། དེ་ལྟ་བུའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་ལ། བྱང་ཆུབ་སེམས་དཔའ་ལས་དང་པོ་པས། འགྲོ་འདུག་བསྒུལ་བསྐྱོད་ཐམས་ཅད་ལ། སྦྱིན་སོགས་ཀྱི་ར་བ་ལས་མི་འདའ་བར་བྱེད་པ་བསམ་པའི་སྟེང་ནས་ཡང་ནས་ཡང་དུ་སྦྱངས་དགོས། སྦྱོར་བའི་སྟེང་ནས་སྦྱིན་པ་ཆུང་རིམ་ནས་རང་གི་ནུས་ཚོད་དང་བསྟུན་ཏེ་བསླབ་དགོས། ཁྱད་པར་གང་ཟག་སེར་སྣ་ཅན་གྱི་རིགས་རྣམས་ནི་དངོས་པོ་ལག་པ་གཡས་གཡོན་དུ་སྤོ་ཞིང་གཏོང་སེམས་དགོས་པ་དང་། དེ་རིམ་པར་གོམས་པ་དང་། རིམ་གྱིས་ལོ་མ་དང་ཚོད་མ་ལ་སོགས་པ་དངོས་སུ་གཏོང་ཞིང་། མཐར་གྱིས་མགོ་དང་ཡན་ལག་སྦྱིན་པའི་བར་དུ་གོམས་པར་བྱའོ། ། བྱང་ཆུབ་སེམས་དཔའ་ས་དང་པོ་ནས་བཅུ་པའི་བར་ལ་བསམ་སྦྱོར་གཉིས་ལས། སྦྱོར་བ་གཙོ་བོར་བྱས་ནས་ཕར་ཕྱིན་ལ་བསླབ་དགོས། ལས་དང་པོ་པ་རྣམས་ལ་ལྟ་བ་གཙོ་ཆེར་བྱེད་དགོས་ཏེ། དེ་དགོས་པའི་རྒྱུ་མཚན་བདག་དང་བདག་གིར་འཛིན་པ་འདིས་སྲིད་པའི་གནས་སུ་འཆིང་བར་བྱེད་པས། དེའི་གཉེན་པོ་ལམ་བསླབ་པ་གསུམ་དང་། ལམ་གྱི་གཙོ་བོ་ལམ་བདེན་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་གང་ཟག་གི་བདག་ཕུང་པོ་ལྔ་དང་། གཅིག་ཐ་དད་དུ་བརྟག་ནས། གང་ཟག་གཞི་མེད་པར་ཤེས་པ་དང་། གདགས་གཞི་ཕུང་པོ་ལྔ་པོ་རྡུལ་ཕྲན་དང་སྐད་ཅིག་མའི་རང་བཞིན་དུ་བརྟག་པས་ཕུང་པོ་རང་བཞིན་མེད་པར་ངེས་པའི་ཆོས་དང་གང་ཟག་གི་བདག་མེད་དཔྱད་པའི་དཔྱད་སྒོམ་གཙོ་བོར་བྱེད་དགོས། མཐོང་ལམ་གྱིས་མངོན་སུམ་གྱི་ལྟ་བས་དེ་ཁོ་ན་ཉིད་རྟོགས་ནས་སྒོམ་ལམ་ནས་དེའི་རྒྱུན་ལ་གོམས་པར་བྱེད་པ་ཡིན་པས། ལས་དང་པོ་པའི་དུས་སུ་ལྟ་བ་གཙོ་ཆེ་བ་ཡིན། དེ་ལྟ་བུའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་ལ། ངོ་བོ་དང་། དབྱེ་བ་གཉིས་ལས། སྐབས་འདིར་བསྒོམ་རྒྱུ་རྣམས་ངོ་བོ་སྒོམ་པ་ཡིན། དབྱེ་བ་རྣམས་ཐུན་མཚམས་སུ་བསམ་པ་ཡིན། དེ་ལ་དང་པོ་ཐུན་དང་ཐུན་མཚམས་ཕྱེས་ཏེ། ཐུན་གྱི་སྔོན་འགྲོ་རྣམས་འདྲ་བ་ལ། གསོལ་འདེབས་བྱེད་དུས་བླ་མའི་ཐུགས་རྒྱུད་ཀྱི་ཕར་ཕྱིན་སྦྱིན་པ་སོགས་སྐབས་སུ་གང་སྒོམ་པ་དེའི་ཡོན་ཏན་རང་རྒྱུད་ལ་སྐྱེ་བར་བསམ་ཞིང་ཐུགས་ཡིད་བསྲེ་སྟེ་སེམས་ཅི་གནས་སུ་མཉམ་པར་བཞག་གོ །དངོས་གཞི་ལ་གཏོང་སེམས་བསྒོམ་དགོས་ཏེ། སྦྱིན་རྒྱུའི་དངོས་པོ་ནི། ལུས་དང་། ལོངས་སྤྱོད་དང་། དུས་གསུམ་དུ་བསགས་དང་ཡོད་པའི་དགེ་བ་རྣམས་ཏེ། དེ་ཡང་དང་པོ། མར་ཤེས། དྲིན་དྲན། དྲིན་གཟོ་འདོད་ཀྱི་རྟོག་པ་བསྐྱེད་དེ། བདག་གིས་ཉི་མ་དེ་རིང་ནས་བཟུང་ལུས་འདོམས་གང་གྲུ་བཞི་འདི་ནས་མཐར་ཐུག་སངས་རྒྱས་མ་ཐོབ་ཀྱི་བར་གྱི་ལུས་དང་། ལོངས་སྤྱོད་དང་། དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བསྡོམས་ནས་མ་སེམས་ཅན་ལ། གནས་སྐབས་དང་མཐར་ཐུག་གི་བདེ་བ་རྒྱུ་འབྲས་གཉིས་སྒྲུབ་པའི་ཆ་རྐྱེན་དང་། སྡུག་བསྔལ་ཐམས་ཅད་བསལ་བའི་ཆ་རྐྱེན་དུ་གཏོང་བ་ཡིན། བྱིན་པ་ཡིན། བསྔོས་པ་ཡིན། གང་ལ་བྱིན་ན། སེམས་ཅན་ཀུན་ལ། གང་བྱིན་ན། ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ། གང་གི་ཆེད་དུ་སྦྱིན་ན། གནས་སྐབས་མངོན་མཐོ་དང་། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ། ཚུལ་ཇི་ལྟར་བྱིན་ན། ཚེ་འདིའི་ལན་དང་། ཕྱི་མའི་རྣམ་སྨིན་ལ་རེ་བ་མེད་པར་སྦྱིན་པ་ཡིན། ལུས་ལ་བརྡུང་བརྡེག་སོགས། བསམ་པ་ངན་པ་སྦྱོར་བ་རྩུབ་པ། ངན་པ་ཆགས་སྡང་རྨོངས་གསུམ་གྱིས་འབྲེལ་བ་དང་། དད་སོགས་བཟང་པོ་དད་པ་དག་སྣང་གིས་འབྲེལ་བ་ཐམས་ཅད་འབྲེལ་ཚད་དོན་ལྡན་གྱི་སྨོན་ལམ་གདབ། ཐུན་ནང་སོགས་ལ་བསམ་པའི་སྟེང་ནས། གཏོང་སེམས་ཡང་ནས་ཡང་དུ་བ སྒོམ། ཐུན་མཚམས་སྦྱོར་བ་ལག་ལེན་ལ་འདེབས་དུས་དང་པོ། སྦྱོར་བ་ཆུང་རིམ་ནས་རིམ་གྱིས་ཇེ་ཆེ་ཇེ་ཆེར་བསླབ། དེའང་མཆོད་སྦྱིན་གཉིས་ཀ་སྦྱིན་པའི་ཕར་ཕྱིན་ཡིན་པས། དང་པོ་ཟང་ཟིང་གི་དངོས་པོ་ལྟ་བུ་ལ་མཚོན་ན། སྤྲང་པོ་ཞིག་འོང་བ་མཐོང་ན། བྱང་ཆུབ་སེམས་དཔའ་དེ་སེམས་རབ་ཏུ་དགའ་ཞིང་། སྤྲང་པོ་དེའི་འབོད་ཅིང་དངོས་པོ་ཞིག་བྱིན་ཅིག་ཅེས་སྒྲ་ཐོས་པའི་ཚེ་མི་དགའ་བ་མི་བྱེད་པར། སྦྱིན་རྒྱུའི་དངོས་པོ་ཞིག་ལ་ཁས་འཐེན་ནས་སྦྱིན་དགོས། དེའི་ཚེ་སེར་སྣ་ཐོན་འོང་བས། སེར་སྣའི་ཉེས་དམིགས་དྲན་ནས། སེར་སྣ་ཅན་ནི་ཡི་དྭགས་གནས་སུ་སྐྱེ། གལ་ཏེ་མིར་སྐྱེ་ན་ཡང་དེ་ཚེ་དབུལ་བོར་སྐྱེ། ཞེས་པ་བཞིན་དྲན་ནོ། ། དེ་ནས་སྦྱིན་པ་སེར་སྣའི་གཉེན་པོར་འགྱུར་བ་སྦྱིན་རྒྱུའི་དངོས་པོ་ཟས་ལ་སོགས་པ་ལ། བཟང་ངན་གཉིས་ཡོད་ན། ངན་པ་དེ་སྦྱིན་ན་སྦྱིན་པའི་ཚུལ་ཁྲིམས་དང་འགལ་བས། དངོས་པོའི་ཆེ་ཆུང་ལ་མ་ལྟོས་པར་བསམ་པ་རྣམ་པར་དག་པའི་སྒོ་ནས་དངོས་པོ་བཟང་པོ་དེ་སྦྱིན་དགོས། དེ་ལ་སྣོད་གས་ཆག་མེད་པའི་ནང་དུ་རང་གི་འབྱོར་ཚོད་ཀྱི་དངོས་པོ་དེ་བཞག་ནས་ད་ལྟ་བདག་ལ་འདི་ལས་སྦྱིན་རྒྱུ་མེད་ཀྱང་། ཕྱིན་ཆད་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་སྤྲང་པོ་འདིས་གཙོས་སེམས་ཅན་རྣམས་ལ་སྦྱིན་དགོས་བསམ་པའི་སྒོ་ནས། མ་དང་བུའི་འདུ་ཤེས་ཀྱི་ཀུན་སློང་བཅོས་ནས། འཛུམ་པ་སྔོན་དུ་འགྲོ་བའི་སྒོ་ནས་ལག་གཉིས་བརྡར་ཏེ་སྦྱིན། ཡང་སློང་ན་མི་ཁྲོ་བར་འབྱོར་ན་འབྱོར་ཚོད་དང་བསྟུན་པར་སྦྱིན། འབྱོར་བ་མེད་ན་མེད་པའི་ཚུལ་ཚིག་གིས་ཤད་ལེགས་པར་སྦྱངས། དེ་ནས་སྦྱིན་པ་དེའི་རྒྱུ་འབྲས་བུ་དང་བཅས་པ་བའི་རྗེས་སུ་བེའུ་འབྲང་བ་བཞིན་ལེན་པ་པོ་གཙོས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བ་དང་སྨོན་ལམ་བྱ། མཆོད་པ་ལ། སངས་རྒྱས་ཀྱི་སྐུ་གཟུགས་ཙམ་ལ་དམིགས་རྟེན་བྱས་ནས་སྐྱབས་གནས་རྒྱ་མཚོ་ལྟ་བུ་མངོན་སུམ་དུ་བསམ་ནས་མཆོད་རྒྱུའི་དངོས་པོ་མར་མེ་རྡོག་པོ་གཅིག་ལྟ་བུ། མཆོད་ཚུལ་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་མཆོད་དགོས། དངོས་གཞི་ལ་གང་ལ་སྦྱིན་པའི་ཡུལ། སྦྱིན་རྒྱུའི་དངོས་པོ། སྦྱིན་པའི་དོན་ཆེད་དེ། འཁོར་གསུམ་པོ་སྣང་ལ་རང་བཞིན་མེད་པ་སྟོང་པའི་ངེས་ཤེས་དྲངས། དེ་དག་ནི་རང་གི་ཚེ་འདིའི་ལན་དང་། ཕྱི་མའི་རྣམ་སྨིན་ལ་རེ་བ་མེད་པའི་མཆོད་སྦྱིན་བྱེད་དགོས། བྱམས་པའི་སེམས་དང་སྙིང་རྗེའི་སེམས་ཀྱིས་ཚིག་སྙན་པོས་ཚིག་གིས་གཏང་རག་གཏོང་དགོས། སྦྱིན་པ་སེར་སྣའི་གཉེན་པོར་འགྲོ་བ་དང་། ལན་དང་རྣམ་སྨིན་ལ་རེ་བ་མེད་པར་སྒོམ་པའི་ཟང་ཟིང་གི་སྦྱིན་པ་ཚོགས་ལམ་པའི་སྐབས་ཡིན། གཏོང་བ་ཆེན་པོ་སྦྱོར་ལམ། ཤིན་ཏུ་གཏོང་བ་མཐོང་ལམ་པའི་སྐབས་ཡིན། ལས་དང་པོ་པའི་ལུས་བསམ་པས་གཏོང་། སྦྱོར་བས་བསྲུང་དགོས། ལོངས་སྤྱོད་སེར་སྣའི་གཉེན་པོ་ལ་འགྲོ་ཚོད་གཏོང་དགོས། དགེ་རྩ་འབྲས་བུ་དང་བཅས་པ་གཏོང་དགོས། ཆོས་སྦྱིན་གྱི་མཚམས་དངོས་སུ་སེམས་ཅན་ལ་ཕན་ཐོགས་པ་ས་དང་པོ་ནས་ཡིན། དེ་ཚུན་ཆོད་ལ་དངོས་སུ་སེམས་ཅན་ལ་ཕན་འདོགས་པ་མི་འོང་བས། རི་མཐོན་པོ་ལ་སོགས་པའི་རྩེར་སོང་ནས། ཀུན་སློང་རྣམ་པར་དག་པ་བཅོས་ཏེ། ན་མོ་ཨཪྱ་དམ་པ་སོགས་ཀྱིས། མདོ་འདོན་པ་དང་། བསང་དང་གསུར་དང་ལུས་སྦྱིན་རྣམས་ཀྱིས་རྗེས་ཀྱི་ཆོས་སྦྱིན་བྱེད་པ་དེས། འབྱུང་པོ་དཔག་ཏུ་མེད་པའི་རྒྱུད་གྲོལ་བར་བསམ་པ་དེས། ལས་དང་པོ་པའི་ཆོས་སྦྱིན་གྱི་གོ་ཆོད་པ་ཡིན་ནོ། ། གཉིས་པ་ཚུལ་ཁྲིམས་ལ་ཐུན་ཐུན་མཚམས་མེད་པར་ཚུལ་ཁྲིམས་དང་འབྲལ་བ་མེད་པར་བྱ་དགོས། དང་པོ་ཐུན་གྱི་སྔོན་འགྲོ་རྣམས་སོང་ནས། སྤོང་སེམས་རྒྱུན་ཆགས་ས་བོན་དང་བཅས་པ་ལ་འདོད་པས་སེམས་ཀྱི་སྟེང་ནས་སྤོང་སེམས་ཡོད་ན་ཚུལ་ཁྲིམས་ཡིན། སེམས་ཀྱི་སྟེང་ནས་སྤོང་སེམས་མེད་ན་མི་དགེ་བ་བཅུ་ལྟ་བུ་སྤངས་ཀྱང་ཚུལ་ཁྲིམས་མིན། དེས་ན་སེམས་ཀྱི་སྟེང་ན་སྤོང་སེམས་ཡོད་ན་ཚུལ་ཁྲིམས་ཡོད། མེད་ན་ཚུལ་ཁྲིམས་མེད་པས། སྤོང་སེམས་དང་། དེ་དམ་བཅའི་ལྕགས་ཀྱུ་གཉིས་པས་ཟིན་དགོས་པ་ཡིན། ཐུན་གྱི་དངོས་གཞི་ལ་མི་དགེ་བ་བཅུ་པོ་ནས། རྫོགས་པ་ཆེན་པོའི་དམ་ཚིག་གི་བར་རྣམས་རེ་རེ་ནས་ཉེས་པའི་ཆ་མི་བྱེད་པའི་སྤོང་སེམས་དང་། དེ་ལྟ་བུའི་དམ་བཅའ་དེ་གཏོང་རེ་སྙམ་པའི་དམ་བཅའི་ལྕགས་ཀྱུ་གཉིས་པ་རེས་ཟིན་དགོས། དང་པོ་སེམས་ཅན་ཐམས་ཅད་ལ་མར་ཤེས། དྲིན་དྲན། དྲིན་གཟོ་འདོད་ཀྱི་རྟོག་པ་བསྐྱེད་པ་རྣམས་འདི་དང་འོག་མ་ཐམས་ཅད་ལ་སྦྱར་དགོས། དང་པོ་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་ཉི་མ་དེ་རིང་ནས་བཟུང་རྫོགས་པའི་སངས་རྒྱས་མ་ཐོབ་ཀྱི་བར་དུ། སེམས་ཅན་གྱི་སྲོག་གཅོད་ན་ང་ཤི་ནི་ཡིན། གཞན་ལ་གསོད་བཅུག་ན་ང་ཤི་ནི་ཡིན། གསོད་པ་ལ་རྗེས་སུ་ཡི་རང་བྱེད་ན་ང་ཤི་ནི་ཡིན་སྙམ་དུ་སྤོང་སེམས་རེ་དང་དེ་ལྟ་བུའི་དམ་བཅའ་དེ་སྲོག་དམར་པོ་ལ་བབ་ཀྱང་གཏོང་རེ་ཀན་སྙམ་པའི་དམ་བཅའི་ལྕགས་ཀྱུ་གཉིས་པ་རེས་ཟིན་དགོས་པ་ནི་འོག་མ་ཐམས་ཅད་འགྲེས་སོ། ། དེའི་མཐུན་ཕྱོགས་སྲོག་བསྐྱབ་དགོས། ཡང་བདག་མུ་གེས་ཤི་ན་ཡང་མ་བྱིན་པར་ལེན་རེ ་སྙམ་དུ་དམ་བཅའ། གཞན་ལེན་དུ་བཅུག་རེ་སྙམ་དུ་དམ་བཅའ། གཞན་གྱིས་ལེན་པ་ལ་ཡི་རང་བྱེད་པ་རྣམས་མི་བྱེད་སྙམ་དུ་དམ་བཅའ། མི་ཚངས་སྤྱོད་པ་བྱེད་རེ་སྙམ་དུ་དམ་བཅའ། དེའི་མཐུན་ཕྱོགས་ཚངས་པར་སྤྱོད་དགོས། རྫུན་སྤང་ནས་བདེན་པར་སྨྲ་དགོས། དེའང་གཞན་མི་ཞིག་དང་གཏམ་ལབ་པ་ན། ངས་རྫུན་བྱ་འོང་ངོ་སྙམ་དུ་རང་རྒྱུད་ལ་ཞིབ་ཏུ་བརྟག་ནས་བདེན་པར་སྨྲ་དགོས། ཡང་ན་རྫུན་བཤད་པ་དེ་ངོས་བཟུང་ནས། ཕྱིན་ཆད་ངས་ལྕེ་འདི་བཅད་སོང་ཡང་རྫུན་བྱ་རེ་སྙམ་དུ་དམ་བཅའ། ཡང་ཕྲ་མ་སྤང་ནས་འཁོན་པ་བསྡུམ་དགོས། མཐུན་གཉིས་འབྱེད་པའི་ཕྲ་མ་བྱེད་ན་ང་ཤི་ནི་ཡིན་སྙམ་དུ་དམ་བཅའ། དེ་ཡང་ཕྲ་མའི་ཚིག་སྨྲ་འདོད་པ་དང་། སྨྲ་བར་གཟོ་བ་ན། ཁ་ལ་ཐལ་ལྕག་བྲབ། བྲང་ཁུ་ཚུར་གྱིས་བརྡུང་སྟེ་སྤང་དགོས། ཚིག་རྩུབ་སྤང་ནས་སྙན་པར་སྨྲ་དགོས། ངག་ཀྱལ་སྤང་ནས་བཟླས་བརྗོད་ལ་འབད་དགོས། དེའི་འཕྲོས་དོན་ལ་གྲོང་ཆོག་སོགས་སུ་འགྲོ་བའི་དུས་སུ་ངག་ཀྱལ་སྤང་ནས་ཆོ་ག་རྣམ་པར་དག་པའི་སྒོ་ནས་རུ་བཞིའི་བཤགས་པ་དང་། ཟུང་བཞིའི་བསྐང་བ་དྭངས་གཙང་བ་རེ་བྱས་ན་སྦྱིན་བདག་གི་ཚོགས་རྫོགས། རང་གི་དཀོར་གྱི་སྒྲིབ་པ་ཡང་སྦྱང་བ་ཡིན་པས། རུ་བཞི་ནི། ལུས་ཀྱི་རུ་ཕྱག་འཚལ་བ། ངག་གི་རུ་ཡི་གེ་བརྒྱ་པ་བཟླ་བ། ཡིད་ཀྱི་རུ་ཀློང་བཤགས་དང་། སྒོ་གསུམ་ཆ་མཉམ་གྱི་རུ་ལྟ་བའི་ཀློང་བཤགས་བཞི་དང་། ཟུང་བཞི་ནི། ལུས་ཀྱི་ཟུངས་བཞི། རྩ་དང་ཐིག་ལེ་དཀར་དམར་དང་། རླུང་དང་བཅས་པ་བཞི་པོ། སྨན་དང་། རཀྟ། གཏོར་མ། མར་མེ་རུ་སྦྱར་ནས་མཆོད་དགོས་པས། འདིའི་དུས་སུ་དབང་པོའི་སྒོ་བསྡམ། ངག་གི་སྨྲ་བ་སྤང་། སེམས་ཀྱི་དྲན་རྟོག་གཞན་དུ་མ་གཡེང་པའི་སྒོ་ནས་འབད་དགོས། ཡང་ངའི་སྙིང་དམར་པོ་འདི་བླང་སོང་ཡང་། གཞན་གྱི་ཡོ་བྱད་དང་། དཀོན་མཆོག་གི་རྫས་ལ། བརྣབ་སེམས་བྱེད་རེ་ཤི་སྙམ་དུ་དམ་བཅའ། དེའི་སྟེང་དུ་གཏོང་སེམས་བསྒོམ་དགོས། ཡང་སེམས་ཅན་ལ་གནོད་པའི་བསམ་པ་ངན་པ། སྦྱོར་བ་རྩུབ་པ། བསམ་ངན་ཁོང་དུག་བྱེད་རེ་ཤི་སྙམ་དུ་དམ་བཅའ། དེ་ནས་སྙིང་རྗེ་བསྒོམ་དགོས། རྒྱུ་འབྲས་ཡང་དག་པའི་ཆོས་ལ་ལོག་ལྟ་བྱེད་རེ་ཤི་སྙམ་དུ་དམ་བཅའ། རྒྱུ་འབྲས་ཡིད་ཆེས་ཀྱི་དད་པ་བརྟེན་དགོས། ད་ནི་གོང་གི་སྐྱབས་སུ་འགྲོ་དུས་དགེ་བསྙེན་གྱི་སྡོམ་པ་ཐོབ་པ་ཡིན་པས། དེའི་བསྲུང་བྱ་རྩ་བ་བཞི། ཆང་དང་བཅས་པ་ལྔ་པོ་ལ་མི་བྱེད་སྙམ་པ་དམ་བཅའ་ལྔ། དེའི་དམ་བཅའ་གཏོང་རེ་སྙམ་པའི་དམ་བཅའི་ལྕགས་ཀྱུ་གཉིས་པ་ལྔ་རེས་ཟིན་དགོས། དགེ་ཚུལ་དང་། དགེ་སློང་དང་། བྱང་ཆུབ་སེམས་དཔའ་དང་། སྔགས་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་ཆང་འཐུང་པའི་དུས་ཆང་གི་ཁ་དོག་དྲི་རོ་ནུས་པ་འབྲུ་གསུམ་བརྗོད་པས་བསྒྱུར་ནུས་པའི་ཏིང་ངེ་འཛིན་གྱི་དྲོད་ཐོབ་པ་དང་། དུག་བོང་པ་ལྟ་བུའང་ཁ་དོག་དྲི་རོ་བསྒྱུར་ནུས་པས་བཟའ་ན་མི་གནོད་པའི་དུས་སུ་ཆང་ལ་སོགས་པ་བཏུང་ཡང་གནོད་པར་མི་འགྱུར་བས། དེ་ལྟར་མ་ཡིན་པར་ཆང་གི་དྲི་རོ་ལ་སྲེད་ནས་དགེ་ཚུལ་སློང་སོགས་སུས་བཏུང་ཡང་སྟོན་པས་བླ་སློབ་འབྲེལ་བ་བཅད་པ་ཡིན་ཏེ། ཆང་འཐུང་ང་ཡི་སློབ་མ་མིན། ། ང་ནི་དེ་ཡི་སྟོན་པ་མིན། ། ཞེས་གསུངས། དེས་ན་དགེ་ཚུལ་གྱི་རྩ་བ་བཞི། ཆང་དང་བཅས་པ་ལྔ་པོ་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པའི་དམ་བཅའ་རེ་རེ་དང་། ཡན་ལག་གི་ཉེས་བྱས་ཞིབ་མོ་སུམ་ཅུ་པོ་རྣམས་ལ་མི་བྱེད་པའི་དམ་བཅའ་སུམ་ཅུ། དགེ་སློང་གི་རྩ་བ་བཞི་ལ་དམ་བཅའ་བཞི། ལྷག་མ་བཅུ་གསུམ་ལ་དམ་བཅའ་བཅུ་གསུམ། སྤང་ལྟུང་སུམ་ཅུ་ལ་དམ་བཅའ་སུམ་ཅུ། ལྟུང་བྱེད་དགུ་བཅུ་ལ་དམ་བཅའ་དགུ་བཅུ། སོར་བཤགས་བཞི་ལ་དམ་བཅའ་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས་ལ་སྤོང་སེམས་བརྒྱ་དང་བཅུ་གཉིས། བྱང་ཆུབ་སེམས་དཔའི་ཟབ་མོ་ལྟ་སྲོལ་གྱི་ལུགས་ལ། རྩ་ལྟུང་ཉི་ཤུ་ལ་སྤོང་སེམས་ཉི་ཤུ། ཡན་ལག་གི་ཉེས་བྱས་བརྒྱད་ཅུ་ལ་སྤོང་སེམས་བརྒྱད་ཅུ། རྒྱ་ཆེན་སྤྱོད་སྲོལ་གྱི་རྩ་བ་བཞི་ལ་སྤོང་སེམས་བཞི། ཉེས་བྱས་ཞེ་དྲུག་ལ་སྤོང་སེམས་ཞེ་དྲུག དེ་གཉིས་ཀའི་མདོ་འགགས་སྨོན་འཇུག་བྱང་ཆུབ་ཀྱི་སེམས་གཉིས་ཡིན་པས་བདག་གི་མགོ་བོ་བཅད་ནས་སོང་ཡང་བླའི། ངས་སེམས་ཅན་བློས་གཏོང་རེ་ཀན་སྙམ་པའི་དམ་བཅའི་ལྕགས་ཀྱུ་གཉིས། འཇུག་སེམས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་མ་བསྲུང་ན་ང་ཤི་ནི་ཡིན་སྙམ་པའི་དམ་བཅའི་ལྕགས་ཀྱུ་གཉིས། དེའི་མི་མཐུན་ཕྱོགས་དྲུག་མ་སྤང་ན་ང་ཤི་ནི་ཡིན་སྙམ་པའི་དམ་བཅའི་ལྕགས་ཀྱུ་གཉིས། རྡོ་རྗེ་ཐེག་པའི་དམ་ཚིག མ་ཧཱའི་རྩ་ལྟུང་ལྔ་ལ་སྤོང་སེམས་ལྔ། ཡན་ལག་གི་བཅུ་ལ་སྤོང་སེམས་བཅུ། ཨ་ནུ་ཡོ་གའི་རྩ་བའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་ལ་དམ་བཅའ་གསུམ། ཡན་ལག་ཉེར་ལྔ་ལ་སྤོང་སེམས་ཉེར་ལྔ། རྫོགས་པ་ཆེན་པོའི་བསྲུང་དུ་ཡོད་པ་རིམ་གྱིས་པའི་དམ་ཚིག་རྩ་བ་བླ་མའི་སྐུ་གསུང་ཐུགས་ལ་དབྱེ་བ་ཉེར་བདུན་ལ་སྤོང་སེམས་ཉེར་བདུན། ཡན་ལག་གི་དམ་ཚིག་ཉེར་ལྔ་ལ་སྤོང་སེམས་ཉེར་ལྔ། བསྲུང་དུ་མེད་པ་ཅིག་ཆར་པའི་དམ་ཚིག་བཞི་ལ་སྤོང་སེམས་བཞི། དེ་ལྟར་བསྲུང་བྱའི་དམ་ཚིག སྲུང་བའི་གང་ཟག བསྲུང་བའི་ཕན་ཡོན་གསུམ་སྣང་ལ་རང་བཞིན་མེད་པའི་ངེས་ཤེས་དྲངས་ནས། ཐུན་མཚམས་ལ་ཉེས་སྤྱོད་སྡོམ་པའི་སོགས། དང་པོ་བྱང་སེམས་རང་གི་ལུགས་ལ་སོ་ཐར་དང་། བྱང་སེམས་གཉིས་ཀྱི་སྡོམ་པ་གཉིས། སོ་ཐར་ཡར་ལ་འདུ་ཡང་སྔགས་མར་འདུ་མི་དགོས། སྡོམ་པ་གསུམ་པོ་ཐོབ་པའི་གང་ཟག་གིས་སོ་བྱང་སྔགས་གསུམ་གྱི་ཉེས་སྤྱོད་ཐམས་ཅད་སྡོམ་དགོས། ཚུར་བསྡུ་ན། གཞན་གནོད་གཞིར་བཅས་སྤོང་བ་སོ་ཐར། གཞན་ཕན་གཞིར་བཅས་སྒྲུབ་པ་བྱང་སེམས། སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་ཤེས་པ་སྔགས་ཀྱི་སྡོམ་པ་ཡིན། དེས་ན་ལུས་ཀྱི་སྒོ་ནས་བརྡུང་བརྡེག ངག་གི་སྒོ་ནས་ཚིག་རྩུབ། ཡིད་ཀྱི་སྒོ་ནས་གནོད་སེམས་སོགས། མདོར་ན་ལུས་ངག་ཡིད་གསུམ་གྱི་གནོད་པའི་ལས་ཕྲ་མོ་ཙམ་སྤང་བ་ཉེས་སྤྱོད་སྡོམ་པ་ཡིན། དགེ་བ་ཆོས་སྡུད་ཀྱི་ངོ་བོ་ནི། ཕར་ཕྱིན་དྲུག་པོ་དེ་ལ་བསླབ་པ་ཡིན་རུང་། ལས་དང་པོ་པས་ལུས་ངག་ཡིད་གསུམ་གྱིས་དགེ་བ་ཕྲ་མོ་ཚུན་ལ་བརྩོན་པ་དགེ་བ་ཆོས་སྡུད་ཡིན། སྐུ་གཟུགས་མཆོད་རྟེན་སོགས་མཐོང་ན་ཞྭ་ཕུད་སོགས། ལུས་ཀྱི་ཕྱག་གཅིག་སོགས། ངག་གི་ལྟུང་བཤགས་སོགས། སེམས་ཀྱི་སྐད་ཅིག་མ་སོགས་དགེ་བའི་ལས་ལ་བརྩོན་པ་ཐམས་ཅད་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཡིན། སེམས་ཅན་དོན་བྱེད་ནི་མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་ཚེ། བསྡུ་བའི་དངོས་པོ་བཞིས་གདུལ་བྱ་རྣམས་བསྡུས་ནས་སེམས་ཅན་སྨིན་གྲོལ་གྱི་ལམ་ལ་བཀོད་པ་ཡིན། དེ་ཐམས་ཅད་ཤིག་གཅིག་གི་སྟེང་ནས་བཞག་ན། དང་པོ། ཤིག་གཅིག་བཟུང་ནས། ད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་ཤིག་དེ་མི་གསོད་སྙམ་པ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས ། མ་བསད་ནས་སྲོག་སྐྱོབ་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས། དེའི་དགེ་རྩ་གཞན་དོན་དུ་བསྔོ་བ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། མདོར་ན་རང་གི་ནུས་ཚོད་ཀྱི་མི་དགེ་བཅུ་སྤང་། ཕན་པ་གཞི་དང་བཅས་པ་སྒྲུབ། སྒོ་གསུམ་རྡོ་རྗེ་གསུམ་དུ་ཤེས་པའི་ནང་དུ་འདུས་པ་ཡིན། རྗེས་ཐོབ་ཐམས་ཅད་ལ། ལུས་ངག་ཡིད་གསུམ་གྱི་མི་དགེ་བ་སྣ་རེ་ཡིན་ན་སྤང་། དགེ་བ་སྣ་རེ་ནས་བསྒྲུབ། དེ་ཐམས་ཅད་དམ་པ་གསུམ་གྱིས་ཟིན་པ། སྣང་ལ་རང་བཞིན་མེད་པའི་ངེས་ཤེས་དྲངས། བཟོད་པའི་ངོ་བོ་མི་འཁྲུགས་པ་ཡིན། ཁོང་འཁྲུགས་པ་ནི། སེམས་བྱུང་སེམས་པའི་སྟེང་ནས་བཞག་པ་ཡིན། ཞེ་སྡང་ནི་ལུས་ངག་ལ་རྣམ་འགྱུར་ཐོན་པ་ཡིན། འཇིག་རྟེན་པའི་ཁ་སྐད་ལ། བསྐལ་བ་སྟོང་གི་ཚོགས་བསགས། ཁོང་ཁྲོང་གཅིག་གིས་འཇོམས་ཟེར་བ་དང་། སྤྱོད་འཇུག་ལས། བསྐལ་བ་སྟོང་དུ་བསགས་པ་ཡི་སོགས། གང་གིས་སྲེག་པར་བྱེད་ན་ཁོང་ཁྲོས་སྲེག་པར་བྱེད། གང་བསྲེག་ན་བསོད་ནམས་ཆ་མཐུན་གྱི་དགེ་རྩ་ཡིན། དམ་པ་གསུམ་དང་ལྡན་པའི་དགེ་རྩ་ནི་མི་ཚིག་ཅེས་འདོད། འཇིག་རྟེན་པའི་དགེ་རྩ་རྣམས་ནི་ཐ་ན་འགལ་རྡུམ་ལའང་ཁྲོ་ན་ཚིག་ཟེར་བ་དང་། ཐེག་དམན་ཐར་པ་ཆ་མཐུན་གྱི་དགེ་རྩ་ཉན་རང་རྣམས་ཕན་ཚུན་གཅིག་གཅིག་ལ་ཁྲོས་ན་དགེ་རྩ་ཚིག་པ་ལས། སོ་སྐྱེ་ཐ་མལ་པ་ལ་ཁྲོས་ན་མི་ཚིག་ཅིང་ཉམས་སྨད་དུ་འགྲོ། བྱང་ཆུབ་སེམས་དཔའ་ཞིག་ཉན་རང་ལ་ཁྲོས་ན་དགེ་རྩ་ཉམ་སྨད་ཙམ་མ་གཏོགས་ཚིག་མི་ནུས་ཏེ་པོ་ཏོས་ལྕགས་མི་ཆོད་པ་བཞིན་ནོ། ། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞིག་ལ་ཁྲོས་ན་ལྕགས་ཀྱིས་ལྕགས་གཅོད་པ་བཞིན་དགེ་བའི་རྩ་བ་ཐམས་ཅད་འཇོམས་འགྲོ། བྱང་ཆུབ་སེམས་དཔའ་ཚོགས་སྦྱོར་ལམ་པ་ཞིག་ས་ཐོབ་ཞིག་ལ་ཁྲོས་ན་དགེ་བའི་རྩ་བ་ཐམས་ཅད་ལྷག་མ་མ་ལུས་པ་ཚིག་འགྲོ་བས། ཡང་ཚོགས་ལམ་དང་པོ་ནས་བཟུང་སྟེ་སེམས་བསྐྱེད་དགོས། དེས་ན་ཞེ་སྡང་ལྟ་བུའི་སྡིག་པ་མེད་སོགས། གང་ཚིག་ན་སྦྱིན་པ་ཚུལ་ཁྲིམས་གཉིས་ཀྱི་དགེ་རྩ་བསྐལ་བ་སྟོང་གི་བར་དུ་ཚོགས་བསགས་པ་འཇོམས་པར་བྱེད་པ་དང་། འཇུག་པ་ལས། བསྐལ་བ་བརྒྱའི་བར་དུ་བསགས་པའི་སྦྱིན་པ་དང་ཚུལ་ཁྲིམས་གཉིས་ཀྱི་དགེ་བའི་རྩ་བ་ཐམས་ཅད་ཚིག་འགྲོ་བར་བཤད་པ་དང་། བྱང་ཆུབ་ཀྱི་སེམས་ཡུལ་ཕུད། རྗེས་འདོན་བྱེད་པས། དཔེར་ན་མེ་ཆུ་གཉིས་སྣོད་གཅིག་ལ་འདུ་མི་རུང་བ་ལྟར། ཞེ་སྡང་ཡོད་ན་བྱང་ཆུབ་སེམས་མེད། བྱང་ཆུབ་སེམས་ཡོད་ན་ཞེ་སྡང་མེད། དེས་ན་ཞེ་སྡང་གི་རང་འབྲས་མཐར་ཐུག་དམྱལ་བར་འགྲོ། བཟོད་པའི་རང་འབྲས་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་བས། དེས་ན་བཟོད་པའི་ཕན་ཡོན་དང་། ཞེ་སྡང་གི་ཉེས་དམིགས་ཤེས་ནས་བཟོད་པ་བ སྒོམ་དགོས། བཟོད་པ་ལྟ་བུའི་དཀའ་ཐུབ་མེད། ། སོགས་ཀྱིས་བཟོད་པ་ནི་དཀའ་ཐུབ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཡིན། བཟོད་པ་བསྒོམ་པ་ལ། དང་པོ་ཞེ་སྡང་མུག་སོད་བྱ་དགོས་ཏེ། ཡིད་མི་བདེ་བའི་ཟས་རྙེད་པའི་ཚེ། ཐབས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་བཟོད་པ་བ སྒོམ་དགོས། ཐུན་མཚམས་རྣམས་སུ་དབྱེ་བ་རྣམས་བསྒོམ་དགོས། གཞན་གྱི་སོགས། ཆོས་སོགས། ཟབ་མོའི་དོན་ལ་སོགས་སོ། ། བཟོད་པ་སྒོམ་མཚམས་ཡིད་མི་བདེ་བའི་ཟས་རྙེད་པའི་དུས་ཡིན། བཞི་པ་བརྩོན་འགྲུས་ནི། ངོ་བོ་དབྱེ་བ་གཉིས་ལས། ངོ་བོ་ནི། བརྩོན་གང་དགེ་ལ་སྤྲོ་བའོ། ། ཞེས་པས། དགེ་བ་ལ་ཞེས་པ་འཇིག་རྟེན་པའི་བྱ་བ་མི་དགེ་བ་ལ་སྤྲོ་བ་ཐམས་ཅད་ལེ་ལོ་ཡིན་པས། དགེ་བ་ལ་སྤྲོ་བ་ཡིན། སྤྲོ་བ་ཞེས་པས། ལུས་ངག་གཉིས་ཀྱི་དགེ་བ་དམན་པ་རྣམས་བཅད་ནས། སེམས་དགེ་བ་ལ་མཆོག་ཏུ་སྤྲོ་བ་བརྩོན་འགྲུས་ཡིན། བརྩོན་འགྲུས་འོང་བའི་ཐབས་ལ། དགེ་བའི་ཕན་ཡོན་དང་། སྡིག་པའི་ཉེས་དམིགས་རྣམས་དྲན་དགོས། དེ་ལ་མདོ་དཀོན་མཆོག་གི་རྒྱལ་པོ། ཟ་མ་ཏོག་གི་ཕན་ཡོན། མཚམས་མེད་པའི་ལས་བྱང་བ་དང་། ཁོང་ཁྲོས་མི་འཇོམས་པ་ལ་སོགས་པའི་ཕན་ཡོན་དང་། སྐྱབས་འགྲོའི་ཕན་ཡོན་དང་། བྱང་ཆུབ་སེམས་ཀྱི་ཕན་ཡོན་ནོ་དེ་ལྟ་བུའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། མིང་དོན་གནས་འགྱུར་བ་དང་། སྐྱེལ་མ་དཔའ་བོའི་དཔེས་ངེས་པའི་སྡིག་པ་ཟིལ་གྱིས་གནོན་པ། དུས་མཐའི་མེའི་དཔེས་མ་ངེས་པའི་སྡིག་པ་དྲུང་ནས་འབྱིན་པ། ལྗོན་ཤིང་གི་འབྲས་བུའི་དཔེས་འབྲས་བུ་མི་ཟད་པ་སྨོན་སེམས་ཀྱི་ཕན་ཡོན། འབྲས་བུ་འཕེལ་བར་མ་ཟད་རྒྱུ་གོང་ནས་གོང་དུ་འཕེལ་བར་བྱེད་པ་འཇུག་པ་བྱང་ཆུབ་སེམས་ཀྱི་ཕན་ཡོན་སོགས་དྲན་ནས་བརྩོན་འགྲུས་བརྩམ་དགོས། དབྱེ་བ་ལ་གོ་ཆའི་བརྩོན་འགྲུས་ལ་སོགས་པ་སྟེ། དང་པོ་ནི་འཇིག་རྟེན་པ་སུས་ཀྱང་དྲན་མ་མྱོང་བའི་བསམ་པ་རྒྱ་ཆེན་པོ་བསྐྱེད་དགོས་ཏེ། རྒྱལ་བ་སྲས་དང་བཅས་པས་བསྐལ་བ་ཆེན་པོ་གངྒཱའི་ཀླུང་གི་བྱེ་མའི་གྲངས་སྙེད་ཀྱི་བར་དུ་རྫོགས་སྨིན་སྦྱང་བ་རྒྱ་མཚོ་ལྟ་བུར་བསྒྲུབ་པ་རྣམས་གཅིག་ཏུ་བསྡུས་པ་ཙམ་བདག་གིས་དུས་སྐད་ཅིག་མ་རེ་རེ་ལ་བ སྒྲུབ་པར་བྱའོ་སྙམ་པའི་བསམ་པ་གོ་ཆ་ཆེ་བ་དང་། དེ་ཡང་བྱ་བ་ཐམས་ཅད་ལད་མོ་ཡིན་པས་རྒྱལ་བ་སྲས་བཅས་ཀྱི་ཇི་ལྟར་རྫོགས་སྨིན་སྦྱང་བ་མཛད་པ་ལྟར་བདག་གིས་བསྒྲུབ་པར་བྱ་སྙམ་པ། རིག་འཛིན་གོང་མ་རྣམས་ཀྱིས་ཇི་ལྟར་དཀའ་བ་སྤྱད་པ་ལ་སོགས་པའི་རྣམ་ཐར་ཐོས་ན་ངས་དེ་བས་ལྷག་པ་ཞིག་མ་འོང་ན་དེ་བས་ཞན་ཞིག་བྱེད་ཐབས་མི་འདུག་སྙམ་དུ་བསམ་དགོས། དེ་ཡང་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་བདག་གིས་སེམས་ཅན་རེ་རེ་ནས་ཆོས་ཐེག་པ་ཆེན་པོ་བསྟན་བྱང་ཆུབ་ཏུ་སེམས་བསྐྱེད་དུ་འཇུག་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་ལ་སྦྱོར་བའི་ཐབས་བསྐལ་པའི་བར་དུ་འབད་དགོས་ཀྱང་སྐྱོ་བའི་བསམ་པ་སྐད་ཅིག་ཙམ་ཡང་མི་སྐྱེ་བ་ཡིན། དེ་ནི་སྒྱིད་ལུག་བདག་ཉིད་བརྙས་པའི་ལེ་ལོའི་གཉེན་པོ་ཡིན། དེ་དག་ཐམས་ཅད་སྡོམ་ན་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་མདོ་ལས་གསུངས་པའི་རྒྱ་མཚོ་མང་པོ་རྣམས་དང་། སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན། ། ཞེས་པས། རྒྱ་ཆེ་བ་ནམ་མཁའི་མཐའ་དང་མཉམ་པ། རྒྱུན་རིང་བ་ཇི་སྲིད་འཁོར་བ་མ་སྟོང་བར་དུ་བསྒྲུབ་འདོད་ཀྱི་བསམ་པ་དེ་ཡིན། དེ་ལྟར་སྲིད་པ་མ་སྟོང་བར་དུ་བསྒྲུབ་མི་ནུས་སྙམ་ན་སྡུག་བསྔལ་མེད་དེ། ཞི་བ་ལྷས། བསོད་ནམས་ཀྱིས་ནི་ལུས་བདེ་ལ། ། ཤེས་རབ་ཀྱིས་ནི་སེམས་བདེ་ན། ། གཞན་དོན་འཁོར་བར་གནས་ཀྱང་ནི། ། སྙིང་རྗེ་ཅན་དག་ཅི་སྟེ་སྐྱོ། ། ཞེས་པས། སྣང་བཅས་བསོད་ནམས་ཀྱི་ཚོགས་ཀྱིས་གནས་སྐབས་སུ་རྒྱལ་རིགས་ཤིང་སཱ་ལ་ལྟ་བུ་དང་། བྲམ་ཟེ་དང་ཁྱིམ་བདག་གི་རིགས་སཱ་ལ་ལྟ་བུ་ལ་སོགས་པའི་མཐོ་རིས་ཀྱི་རིགས་མཐོ་བ་དཔལ་དང་ལོངས་སྤྱོད་དང་ལྡན་པའི་གོ་འཕང་ཐོབ་ནས་ལུས་ལ་སྡུག་བསྔལ་མེད་ཅིང་སྡུག་བསྔལ་བདེ་བར་འགྱུར་བའི་ཏིང་ངེ་འཛིན་ཐོབ་པ་དང་། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་སྲིད་པ་གསུམ་པོ་དོན་དམ་སྤྲོས་པ་དང་བྲལ་བ། ཀུན་རྫོབ་སྒྱུ་མ་ལྟ་བུའི་རང་བཞིན་དུ་སྐྱེ་འཆི་བདེ་སྡུག་ཐམས་ཅད་གཟིགས་པས་སེམས་ལ་སྡུག་བསྔལ་རང་མཚན་པ་མེད་པས་གཞན་དོན་དུ་འཁོར་བར་གནས་ཀྱང་སྐྱོ་བའི་འདུ་ཤེས་མི་བསྐྱེད། སྦྱོར་པའི་བརྩོན་འགྲུས་མཐར་ཐུག་སངས་རྒྱས་མ་ཐོབ་ཀྱི་བར་དུ་རྟོགས་བྱ་གོང་མ་གོང་མ་རྟོགས་རྒྱུ་ཡོད། སྤང་བྱ་གོང་མ་གོང་མ་རྣམས་སྤང་རྒྱུ་ཡོད་པས་དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་དགོས། དེ་ལྟར་བསམ་པ་དང་སྦྱོར་བ་གཉིས་ཀས་ཉིན་མི་དལ། མཚན་མི་ཉལ་བར་སྒོ་གསུམ་ཆོས་མེད་ཀྱི་ངང་དུ་སྐད་ཅིག་ཀྱང་མི་ལུས་པར་རྟག་པར་དགེ་བ་ལ་སྦྱོར་དགོས། གུས་སྦྱོར་ལ་ཕྱིའི་ཡོངས་འཛིན་བླ་མ་དགེ་བའི་བཤེས་གཉེན་དང་། དེའི་བསྟན་པའི་ཆོས་ཐེག་པ་ཆེན་པོ་དང་། རང་གི་རྒྱུད་ཀྱི་བྱང་ཆུབ་ཀྱི་སེམས་ལ་གུས་པ་དང་སྤྲོ་བ་བསྐྱེད་དགོས། སྦྱོར་བ་ཞེས་པ་མི་འབྲལ་བའི་ཚིག་ཡིན། དེ་ཡང་ཆོས་བཤད་པའི་ཚེ་སྐྱོ་བ་བྱུང་ན། གུས་པའི་དཔུང་དང་། བརྟན་པའི་དཔུང་དང་། དགའ་བའི་དཔུང་དང་། དོར་བའི་དཔུང་བཞི་ལས། དོར་བའི་དཔུང་བསྐྱེད་དགོས། དོར་བ་དེ་ལ་རེ་ཞིག་དོར་བ་དང་། གཏན་དུ་དོར་བ་གཉིས་ལས། རེ་ཞིག་དོར་བ་ཡིན། གཏན་དུ་དོར་བ་རེ་ཞིག་བྱ་བའི་ཆོས་དེ་ཟིན་པ་ཞིག་སྟེ་ཆོས་བཤད་ཟིན་པ་ལྟ་བུ་སྟེ། དེ་ལ་བླ་མ་སློབ་མ་གཉིས་བླ་མས་ཆོས་ཟིན་པ་ལྟ་བུ་ཡིན། སློབ་མས་ནི་མིན་ཏེ་བཤད་པ་བཞིན་ད་གཟོད་བསྒྲུབ་དགོས་པས་སོ། ། ཆོག་ཤེས་མེད་པའི་བརྩོན་འགྲུས་ནི། སྦྱིན་སོགས་ལ་ཆོག་ཤེས་སུ་མི་འཛིན་པར་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་ལ་སྤང་བྱ་སྤང་རིམ་དང་། ཡོན་ཏན་སྐྱེ་རིམ་རྣམས་ཡོད་པས་དེའི་བར་ལ་བརྩོན་འགྲུས་རྒྱུན་རིང་ལ་ཤུག ས་དྲག་པ་བསྐྱེད་དགོས། ལྔ་པ་བསམ་གཏན་གྱི་ཕར་ཕྱིན་ལ། བསམ་གཏན་སྒྲུབ་པར་བྱེད་པ་ལ་དང་པོ་བསམ་གཏན་གྱི་རྒྱུ་ཚོགས་དབེན་པ་གཉིས་བསྟེན་དགོས། དེ་གཉིས་གང་ཡིན་ན་ལུས་འདུ་འཛི་ལས་དབེན། སེམས་རྣམ་རྟོག་ལས་དབེན་པ་གཉིས་བསྟེན་དགོས། དང་པོ་ནི་ལུས་ཀྱི་དབེན་པ་ནི། འཇིག་རྟེན་ཚེ་འདིའི་བྱ་བཞག་ཐམས་ཅད་ཆེ་བཞག་ཆུང་བསྐྱུར་བྱས་ནས་ཚེ་འདིའི་བྱ་བ་ཐམས་ཅད་ལིང་གིས་བློས་བཏང་། སེམས་རྣམ་རྟོག་ལས་དབེན་པ་འཇིག་རྟེན་ཚེ་འདི་སྒྲུབ་པའི་བསམ་སྦྱོར་ཐམས་ཅད་སྤང་ནས། བསམ་རྒྱུ་ཆོས་ལས་མེད་པ། དྲན་རྒྱུ་ཆོས་ལས་མེད་པ། བྱེད་རྒྱུ་ཆོས་ལས་མེད་པ། སྒྲུབ་རྒྱུ་ཆོས་ལས་མེད་པ་སྟེ་ཆོས་ཉག་མ་གཅིག་པོ་ལས་བསམ་རྒྱུ་མེད་པ་ཞིག་ཡིན། དེ་གཉིས་ཐེག་པ་ཐུན་མོང་གི་དབེན་པ་ཡིན། ཐུན་མོང་མ་ཡིན་པ་བྱང་ཆུབ་སེམས་དཔའ་རྣམས་རང་འདོད་ཡིད་བྱེད་ཀྱི་བསམ་པ་ལས་དབེན་པ་ཡིན། རང་འདོད་ཡིད་བྱེད་ཀྱི་བསམ་པས་མ་དབེན་ན། སྡུད་པ་ལས། ཇི་ལྟར་དཔག་ཚད་ལྔ་བརྒྱ་ཡོད་པའི་རི་ཡི་སུལ། ། སྦྲུལ་གྱི་གང་བར་ལོ་མང་བྱེ་བར་གནས་བྱེད་ན། ། དབེན་པ་འདི་མི་ཤེས་པའི་བྱང་ཆུབ་སེམས་དཔའ་ནི། ། ལྷག་པའི་ང་རྒྱལ་རྙེད་ནས་འདྲེ་བར་གནས་པ་ཡིན། ། ད་ལུས་དབེན་པར་བྱེད་པ་ལ་ལུས་འདུ་འཛི། སེམས་རྣམ་རྟོག་སོགས་ལས། དང་པོ་ལ་འཇིག་རྟེན་སྤང་བ་དང་རྣམ་རྟོག་དོར་བ་གཉིས་ལས། དང་པོ་འཇིག་རྟེན་ལ་གཉིས་ཡོད། ཕྱི་ཡོ་བྱད་ཀྱི་ཆགས་པ་དང་ནང་སེམས་ཅན་གྱི་ཆགས་པ་སྤང་བ་གཉིས་ལས། དང་པོ་ཕྱི་ཡོ་བྱད་ཀྱི་ཉེས་དམིགས་དྲན་དགོས། ཉེས་དམིགས་ཇི་ལྟར་དྲན་ན་བསགས་སྲུང་སྤེལ་གསུམ་མམ་བརླག་གསུམ་གྱི་ཉེས་དམིགས་དྲན་དགོས། དང་པོ་བསགས་ལུགས་ལ་ཆོས་འཇིག་རྟེན་གཉིས་ལས། འཇིག་རྟེན་པའི་ལུགས་ལ། དབྱར་ཇག་པ། དགུན་རྐུན་མ་ལ་སོགས་སྡུག་སྡིག་པ་གཉིས་ལས་བསྒྲུབས། ཆོས་ཀྱི་ལུགས་ལ་དང་པོ་ཀ་ཁ་སློབ་དུས་ནས་ཡི་གེ་ཤེས་ན་རང་གི་ཁ་སོས་འགྲོ་ཟེར་ནས་ཀུན་སློང་ཚེ་འདིར་གཏད་ནས་བླ་མ་དང་གྲྭ་བ་རང་གི་ཚོད་ཀྱིས་ཆོས་དང་དམར་ཟུང་བརྗེས་ནས་འཇིག་རྟེན་བསྒྲུབས་པ་ཡིན། དེ་ནས་སྲུང་བ་ལ་ཉིན་གྱི་མི། མཚན་གྱི་ཁྱི་བྱས་ནས་དགྲ་རྐུན་གཅན་གཟན་ལ་སོགས་པ་ལས་བསྲུང་དགོས། སྤེལ་བ་ནི་གཅིག་བཅུ་ཐོག་ཏུ་ཨེ་འགྲོ་བལྟ་བ་དང་། བཅུ་བརྒྱ་ཐོག་ཏུ་ཨེ་འགྲོ་དང་། བརྒྱ་སྟོང་ཐོག་ཏུ་ཨེ་འགྲོ་བལྟ་དགོས་པའི་སྡུག་བསྔལ་སོགས་དྲན་དགོས། ནང་སེམས་ཅན་ལ་ཆགས་པ་སྤང་བའི་ཐབས་ལ་རྒྱས་པར་བྱེད་ན་བློ་ལྡོག་རྣམ་པ་བཞི། བསྡུ་ན་མི་རྟག་མཐའ་བཞི་བསྒོམ་དགོས། དང་པོ་རང་ཉིད་ལ་བསམ་ན་རང་ཉིད་དང་པོ་སྐྱེ་བའི་དུས་སུ་ཡང་གཅིག་པུར་སྐྱེས། རྒྱུ་རྫས་ལོངས་སྤྱོད་ཐམས་ཅད་སྔོན་ལ་དེད་འོངས་བ་ཅི་ཡང་མེད། ཚེ་ཕྱི་མ་ལ་གཉེན་དང་མཛའ་བཤེས་སོགས་ཐམས་ཅད་ཤུལ་དུ་བཞག་ནས་རྗེས་སུ་འབྲང་བ་གཅིག་ཀྱང་མེད་པས། དང་པོ་སྐྱེ་དུས་དང་མཐར་འཆི་དུས་གཉིས་སུ་གཅིག་པུར་འགྲོ་དགོས་ན་ད་ལྟ་གཅིག་པུར་དབེན་པའི་གནས་སུ་འདུག་དགོས། དེ་ལྟར་ཕྱི་ཡོ་བྱད་ནང་སེམས་ཅན་གྱི་ཆགས་པ་སྤངས་ནས་རི་ཁྲོད་དབེན་པ་བསྟེན་དགོས། དབེན་པ་བསྟེན་དུས་ཡོ་བྱད་མཐའ་གཉིས་ལ་མ་ལྷུང་བར་བྱེད་དགོས་ཤིང་། གནས་ངན་ངོན་རི་ཕུག་ལ་སོགས་པ། ཟས་གོས་ངན་ངོན་སློང་མོ་དང་རྙེད་སླ་བ་ཕྱག་དར་ཁྲོད་ཀྱི་གོས་རྣམས་འཆང་ཞིང་འདོད་པ་བསོད་སྙོམས་ཀྱི་མཐའ་ལ་མ་ལྷུང་བར་བྱེད་དགོས། ཡང་ཧ་ཅང་ངལ་ཞིང་དུབ་པའི་མཐའ་ལུས་སྲོག་གི་བར་ཆད་དུ་འབྱུང་བའི་དཀའ་སྤྱད་དྲག་པོ་སྤངས་ཏེ་མཐའ་གཉིས་ལ་མི་ལྷུང་བ་ཞིག་དགོས། དེ་ནས་རི་ཁྲོད་དུ་སོང་ནས་རྣམ་རྟོག་དོར་དགོས། དེ་ལ་སྤྱིར་རྣམ་པར་རྟོག་པའི་གཡེང་བ་ཐམས་ཅད་སྤང་དགོས། ཁྱད་པར་འདོད་ཁམས་པའི་འདོད་པའི་ཡོན་ཏན་ལྔ་པོ་འདི་ལ་ཆགས་ཤིང་ཞེན་ནས་འདོད་པ་ཡིན་ལ། དེ་དག་གི་ནང་ནས་སེམས་མི་གནས་པར་གཡེང་བར་བྱེད་པ། ཡུལ་བུད་མེད་ཀྱི་བདེ་བ་ལ་ཆགས་པ་འདི་ཡིན་པས་འདི་གཙོ་བོར་སྤོང་དགོས། དེའི་ཉེས་དམིགས་རྣམས་བསམ་དགོས་བུད་མེད་ཅེས་པ་དེའི་དབང་དུ་ཤོར་ན་དེ་ལས་འབུད་མི་ཤེས་པས་བུད་མེད་དམ། འབྲས་ས་ལུའི་ཞིང་ལ་ལྕགས་སྲེག་གི་སེར་བ་བབ་པ་བཞིན་དགེ་བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ནག་པོར་འཇོམ་པར་བྱེད་པས་ནག་མོ་ཞེས་བརྗོད་པ་ཡིན། དེ་ལྟ་བུའི་བུད་མེད་དམ་ནག་མོ་དེ་ལ་ཞེན་པ་ལྡོག་པར་བྱེད་པ་ལ། རྒྱུ་བ སྒྲུབ་པར་དཀའ་བ་ངོ་བོ་མི་གཙང་བ། འབྲས་བུ་གནོད་པ་མང་བ་དང་གསུམ་ལས། དང་པོ་ནི་རང་བཞིན་གྱིས་རིན་མ་བྱིན་པར་བུད་མེད་དེ་མི་ལོན་པས་རྒྱུ་ཅུང་ཟད་ཡོད་པ་ཞིག་ཡིན་ན་རྟ་མཛོ་མང་པོ་མ་བྱིན་ན་བུད་མེད་དེ་མི་ལོན། བནྡེ་ཞིག་ཡིན་ཡང་ཌཱ་དྲིལ་གཟན་ཤམ་ལ་སོགས་པ་བུད་མེད་དེའི་ཕྱོགས་སུ་གཏོང་དགོས། དེ་ལྟར་སྡིག་སྡུག་བསྔལ་གཉིས་ཀྱིས་བསྒྲུབས་པའི་བུད་མེད་དེ་ངོ་བོ་མི་གཙང་བའི་རང་བཞིན་རྫས་སུམ་ཅུ་སོ་དྲུག་གི་རང་བཞིན་ཅན། ད་ལྟ་བུད་མེད་དེའི་ཡུལ་ལ་མིག་ཤོར་འདུག་སྟེ་ལེགས་པར་བརྟགས་ན། ཁ་དོག་དཀར་པའི་རྒྱུ་ཆུ་སེར་དམར་བའི་རྒྱུ་ཁྲག་ཡིན་པས་དོན་ལ་ཁྲག་དང་ཆུ་སེར་མི་གཙང་བའི་རྐྱལ་བ་ཡིན། དེ་ཇི་ལྟར་ཡིན་ན་ཆགས་ཡུལ་བུད་མེད་དེ་ཤེས་རབ་རལ་གྲིས་མགོ་མཇུག་མེད་པར་བཤས་ན་དྲི་མི་ཞིམ་པ། རྒྱུ་མི་གཙང་བ། རྣམ་པ་མགོ་བོ་ན་ཀླད་པ། སྣ་གཉིས་ནས་སྣབས། མིག་ནས་མིག་ཆུ་ལ་སོགས་པ་མི་གཙང་བ་ཡིན། འོན་ཀྱང་དེ་ལ་ཆགས་པའི་རྒྱུ་ཚུལ་མིན་ཡིད་བྱེད་ཀྱི་རྒྱུ་ལས། བུད་མེད་དེའི་དབྱིབས། ཁ་དོག རེག་བྱ་གསུམ་ལ་ཆགས་པ་ཡིན། དབྱིབས་ལ་ཆགས་པའི་གཉེན་པོ་བུད་མེད་ཀྱི་ལུས་དེ་གཅན་གཟན་གྱི་ཟོས་འཕྲོ་དུམ་བུའི་རྣམ་པར་བསྒོམ། ཁ་དོག་གི་གཉེན་པོ་རྣམ་པར་དམར་བ། རྣམ་པར་བམ་པ། རྣམ་པར་སྔོ་བ། རྣམ་པར་འབུས་གཞིགས་པ་དང་། གཞན་ཡང་མེས་མགོ་དང་ཡན་ལག་ཐམས་ཅད་ཚིག་པའི་རྣམ་པར་བསྒོམ། རེག་བྱ་ལ་ཆགས་པའི་གཉེན་པོ། མཛོད་ལས། ཀེང་རུས་ཆགས་བཅས་ཐམས་ཅད་ལ། ། རུས་པ་རྒྱ་མཚོའི་བར་དག་ཏུ། ། སྤྲོ་ཞིང་སྡུད་པ་ལས་དང་པོ། ། རྐང་རུས་ནས་ནི་ཐོད་ཕྱེད་བར། ། བཏང་བས་སྦྱང་པ་བྱས་པར་བཤད། ། སྨིན་མའི་བར་དུ་སེམས་འཛིན་པས། ། ཡིད་ལ་བྱེད་པ་རྫོགས་པ་ཡིན། ། ཞེས་པ་བཞིན་དང་། རང་ཉིད་དམ་ཆགས་ཡུལ་བུད་མེད་ཀྱི་ལུས་ཀེང་རུས་ཀྱི་རྣམ་པ་ལྷུ་ཚིགས་ཀྱི་མཚམས་སྦྲེལ་བའི་རྒྱུས་པ་ཕྲ་མོ་མ་གཏོགས་ཤ་དང་པགས་པའི་རྣམ་པ་མེད་པར་བསམ་པའམ། ཡང་ན་དང་པོ་ཆགས་ཡུལ་བུད་མེད་ཀྱི་སྨིན་མཚམས་སུ་རྨ་མཐེ་བོང་གི་རྗེས་མངོན་པ་ལྟ་བུ་དཀྱིལ་རུས་པ་སྐྱ་སེང་བ་མཐའ་སྐོར་ཐམས་ཅད་རྣག་དང་ཆུ་སེར་གྱིས་བསྐོར་བ་ཞིག་བསམ་ནས་དེ་ནས་རིམ་གྱིས་ཕྱི་སྣོད་དང་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱང་སྔ་མའི་རྨ་དེས་རིམ་གྱིས་ཟིན་ནས་མཐར་རྒྱ་མཚོ་ཆེན་པོ་ལ་མ་ཐུག་གི་བར་དུ་ཀེང་རུས་ཀྱི་རྣམ་པར་སོང་། ཡང་རིམ་གྱིས་མཐའི་རྒྱ་མཚོ་ནས་ཕྱི་སྣོད་ནང་བཅུད་ཐམས་ཅད་རིམ་གྱིས་སྔ་མ་བཞིན་སོས་ནས་སྔ་མའི་བུད་མེད་ཀྱི་ལུས་ཀྱི་ཕྱེད་དམ་ཡང་ན་ཐོད་ཕྱེད་ཀྱི་བར་ཤ་དང་རུས་པར་སོས་ནས་ལུས་ཕྱེད་ནས་ལུས་ཕྱེད་ཀྱི་ཀེང་རུས་དཀར་སེང་ངེ་བ་ལ་སེམས་འཛིན། ཡང་རང་གི་ལུས་སྔ་མ་དེ་བཞིན་བསྒོམ་པ་ནི་ཐེག་པ་དམན་པའི་ལུགས་ཀྱི་འདོད་ཆགས་ཀྱི་གཉེན་པོ་ཡིན། བྱང་ཆུབ་སེམས་དཔའི་ལུགས་ལ་རང་ལས་ཆེ་བ་ཐམས་ཅད་ལ་མའི་འདུ་ཤེས། རང་དང་མཉམ་པ་ཐམས་ཅད་ལ་སྲིང་མོའི་འདུ་ཤེས། རང་ལས་ཆུང་བ་ཐམས་ཅད་ལ་བུ་མོའི་འདུ་ཤེས་བསྐྱེད། དེ་དག་བསྡུ་ན་ཐམས་ཅད་ལ་མའི་འདུ་ཤེས་བསྒོམ། དེ་ནི་བྱང་སེམས་ལས་དང་པོ་པའི་བསྒོམ་བྱ་ཡིན། རྡོ་རྗེ་ཐེག་པའི་ལུགས་ལ་བུད་མེད་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དུ་གསལ་བས་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ལ་ཆགས་པའི་ཐབས་མེད། དེ་ལྟར་མ་བསྒོམ་ན། བུད་མེད་ཕུང་བར་བྱེད་པ་སྟེ། ། འདི་ཕུང་ཚེ་རབས་ཀུན་ཏུ་ཕུང་། ། ཞེས་སོ། ། དེ་ལྟར་གོམས་པས་སེམས་འདོད་ཆགས་ལས་དབེན་ནས་རི་ཁྲོད་བརྟེན་དགོས། དེ་ལྟར་རི་ཁྲོད་དུ་གཅིག་པུར་འདུག་མི་ཚུགས་པ་ཡིན་པས། དེ་ལ་དབེན་པའི་ཡོན་ཏན་རྣམས་དྲན་དགོས། དབེན་པ་དེ་ལ་སླེབས་མ་ཐག་ཏུ་ཡུལ་བུད་མེད་སོགས་མེད་པས་ཡུལ་དེའི་རྐྱེན་ལས་བྱུང་བའི་ཉོན་མོངས་པ་ཐམས་ཅད་ངང་གིས་ཞི་བ། བྱ་དང་རི་དྭགས་འགྲོགས་ན་སོགས། སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིག་པ་འཛིན་པའི་ཚོགས་ཐམས་ཅད་རི་ཁྲོད་ལ་བརྟེན་པས་འབྲས་བུ་འགྲུབ་པ་ཤ་སྟག་ཡིན། ཐུན་མོང་མ་ཡིན་པ་རང་འདོད་ཀྱི་བསམ་པས་དབེན་དགོས། དེ་དབེན་པ་བརྟེན་ནས་བསམ་གཏན་སྒོམ་པར་བྱེད་པ་ལ། སེམས་འགྱོད་པ་མེད་པའི་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་དགོས། ཚུལ་ཁྲིམས་ལྡན་པའི་མགོ་ལ་དེར་འདུག་སྟེ། ། ཞེས་པ་བཞིན་ནོ། ། དེ་ནས་སེམས་མི་གཡེང་བའི་རྒྱུ་བསམ་གཏན་བསྒོམ་དགོས་ཏེ། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། ། ཉོན་མོངས་རབ་ཏུ་འཇོམས་པར་ཤེས་བྱས་ནས། ། ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། ། འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ་ཅེས་པས། ཚུལ་ཁྲིམས་དང་པོ་བླངས་ནས་ཉམས་པ་མ་བྱུང་ན་བདུད་ཀྱི་རྒྱལ་མཚན་བསྙིལ། བསྟན་པའི་རྒྱལ་མཚན་སྒྲེང་པ་པོ་ཡིན་ལ། གལ་ཏེ་ཉམས་པ་བྱུང་ན་ཅི་མི་སྙམ་དུ་མི་བཞག་པར་སྔར་བྱས་ཀྱི་ལས་ལ་འགྱོད་པ་བསྐྱེད་ནས་ཆོས་བཞིན་དུ་བཤགས་པ་དང་ཕྱིར་བཅོས་བྱེད་ན་བདུད་ཀྱི་རྒྱལ་མཚན་བསྙིལ། བསྟན་པའི་རྒྱལ་མཚན་སྒྲེང་པ་པོ་ཡིན་པས། དེའི་སྟེང་དུ་བསྐྱེད་རྫོགས་གཉིས་སྒོམ་པར་བྱེད་པ་ལ་དམ་ཚིག་ས་གཞི་ལྟ་བུའི་སྡོམ་པ་གསུམ་གྱི་གནང་བཀག་གི་གནས་ལ་བླང་དོར་བྱེད་པའི་སྡོམ་གསུམ་རྣམ་པར་དག་པ་ཞིག་གིས་བསམ་གཏན་བསྒོམ་དགོས།
བསམ་གཏན་གྱི་ངོ་བོ་མི་གཡེང་བ་ཡིན། འགྲོ་འདུག་ཟ་ཉལ་ཐམས་ཅད་ལ་སེམས་དེ་དྲན་པའི་ཐག་པས་བཏགས་ནས་བསྒོམ་དགོས། ཆོས་ལ་སེམས་པའི་ཀ་ཆེན་ལ། ། ཇི་ལྟར་བཏགས་བཞིན་མི་འཆོར་བ། ། ཞེས་པས། དམིགས་པའི་ཡུལ་ཆོས་དེ་ཕུར་པའམ། ཀ་བ་ལྟ་བུ་ལ་བླང་དོར་གྱི་གནས་མི་བརྗེད་པའི་དྲན་པ་ཐག་པ་ལྟ་བུ་དེས་གཞན་དུ་མི་གཡེང་བར་བཏགས་དགོས། དེ་ནས་ཤེས་བཞིན་བྱ་ར་བ་ལྟ་བུའི་སེམས་དེ་གནས་སམ་མི་གནས་བརྟག དེས་འཇུག་ལྡོག་གི་གནས་ལ་གཟོབ་པ་བག་ཡོད་བག་མ་ལྟ་བུའི་སེམས་དེ་གཡེང་བར་གྱུར་ན་སྔ་མའི་ཡུལ་ལ་སེམས་བླན་ཏེ་འཇོག་དགོས། ལས་དང་པོ་པས་སེམས་དེ་ཕྱི་རོལ་གྱི་ཡུལ་དུ་གཡེང་དུ་མི་འཇུག་པར་བྱམས་པ་དང་བྱམས་པའི་ཏིང་ངེ་འཛིན་རྣམས་ལ་དཔྱད་འཇོག་སྤེལ་མར་བྱས་ཏེ་དྲན་པའི་ཐག་པས་བཏགས། ཤེས་བཞིན་གྱིས་སོ་དང་བྱ་ར་བྱེད་དགོས། དང་པོ་བསམ་གཏན་གྱི་འབོལ་ཆུང་ཕྱོགས་ཕྱོགས་སུ་ཁྲུ་དོ་རེ་ཡོད་པ་ཕྱི་མཐོ་བ་སྔོན་ཅུང་ཟད་དམའ་བའམ། ཡང་ན་མལ་ས་དེ་བཞིན་དུ་བཅོས། དེའི་སྟེང་དུ་ལུས་རྣམ་སྣང་ཆོས་བདུན་ཞི་གནས་བསྒོམ་དུས་ལུས་ལ་ལྷོད་ཆགས་པ། སེམས་ལ་ཟུག་རྔུ་མེད་པ་ཞིག་དགོས། ཞི་གནས་དེ་ལ་དམིགས་བཅས་ཀྱི་ཞི་གནས་དང་། དམིགས་མེད་ཀྱི་ཞི་གནས་གཉིས་ལས། དང་པོ་དམིགས་བཅས་ནི་བྱམས་པ་དང་བྱམས་པའི་ཏིང་ངེ་འཛིན་ལྟ་བུའི་སེམས་དགེ་བའི་དམིགས་རྣམ་ལ་བཟུང་ནས་དྲན་ཤེས་བག་ཡོད་རྣམས་བརྟེན་དགོས། ནང་གི་སེམས་མི་གཡེང་བའི་རྒྱུ། སྔོན་སོང་གི་རྗེས་མི་གཅོད། མ་འོངས་པའི་མདུན་མི་བསུ། ད་ལྟ་ཚོགས་དྲུག་གི་ཡུལ་དུ་གཡེང་མི་འཇུག རང་གི་སེམས་ལ་གྲིམ་ལྷོད་གང་དགའ་གང་ཟག་རང་རང་གི་ཁམས་དང་བསྟུན་ནས། གྲིམ་ལྷོད་གང་དགའ་ཞིག་གི་སྟེང་དུ་བཅའ་བཅོས་མི་བྱེད་པར་འཇོག་པ་ཡིན། དམིགས་མེད་ནི་བྱམས་སོགས་ག ཅིག་གི་སྟེང་དུ་ཅེར་ཟིན་མི་བྱ་བར། སེམས་བཅའ་བཅོས་མེད་པར་ཅོག་གེ་ལྷུག་པར་སེམས་གློད་ལ་བཞག སྐབས་སྐབས་སུ་དྲན་པ་དང་ཤེས་བཞིན་བག་ཡོད་རྣམས་ཀྱིས་ཟིན་པར་བྱ། དེ་ལྟར་སེམས་ཇེ་གནས་ཇེ་གནས་ལ་འོངས་དུས། གཟོད་བསམ་གཏན་གྱི་དབྱེ་བ་བྱེད་དགོས། བྱམས་སོགས་ཀྱི་ཏིང་ངེ་འཛིན་བསྒོམ་པ་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ཞེས་བརྗོད་དེ། བསྒོམ་པའི་ཉམས་ཇེ་ཆགས་ལ་ཡོངས་ཏེ། དགའ་བའི་དོན་ཅི་ཡང་མེད་ཀྱང་སེམས་དགའ་ཡལ་ལེ་འོང་བ་བདེ་ཉམས། སེམས་རྣམ་རྟོག་རྙོགས་མ་དྭངས་ནས་ཁང་པའི་ཕྱི་ནང་མཐོང་བ་སོགས་གསལ་ཉམས། སེམས་ལ་རྣམ་རྟོག་ཨེ་སྐྱེས་བལྟས་ན་སྐྱེ་རྒྱུ་མི་འདུག་སྙམ་པ་ལྟ་བུ་མི་རྟོག་པའི་ཉམས། དེ་དག་ནི་ཞི་གནས་རྐྱང་པ་ཡིན་པས་བདེ་གསལ་མི་རྟོག་པའི་ཉམས་ཞེན་དང་བཅས་པས་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ཡིན་ཏེ་བདེ་བ་སོགས་ལ་ཞེན་པ་དེས་ནི་ཐར་པའི་གོ་འཕང་ཐོབ་པའི་རྒྱུར་མི་འགྱུར་ཏེ། ངའི་བདེ་བ་དང་གསལ་བ་དང་མི་རྟོག་པ་ཞེས་གང་ཟག་གི་བདག་དང་། བདེ་བ་སོགས་ལ་ཞེན་པ་ཆོས་ཀྱི་བདག་འཛིན་སེམས་ལ་ལུས་འདུག་པས་ཐར་བའི་རྒྱུ་བདག་མེད་རྟོག་པ་དང་འགལ་བ་ཡིན་ནོ། ། དེ་ལྟར་གོམས་པས་བསམ་གཏན་ཡན་ལག་གཟུགས་མེད་རྣམ་པས་ཕྱེས་ཏེ་བསྒོམ་པས་སྤྱན་དང་མངོན་ཤེས་རྫུ་འཕྲུལ་ལ་སོགས་པ་ཐོབ་པ་བསམ་གཏན་གྱི་ཡོན་ཏན་ཡིན། དེ་ནས་དོན་རབ་འབྱེད་པ་དེའི་སྟེང་དུ་གང་ཟག་གི་བདག་དང་ཆོས་ཀྱི་བདག་རིགས་པས་དཔྱད་དེ་སྟོང་པ་ཞི་གནས་ཆུ་དང་འོ་མ་འདྲེས་པ་བཞིན་ཟུང་འཇུག་ཏུ་གོམས་པ་ཡིན། དེ་ཡང་བློའི་འཛིན་སྟངས་ནི་ཁ་སྤོར་འགྲོ་བས་སྔ་མའི་བདེ་སོགས་ཀྱི་ཞེན་པ་མི་འོངས་ཀྱང་། སྟོང་འཛིན་གཉེན་པོའི་བློ་འདོར་དུ་མི་བཏུབ་པས། སྔ་མ་ནི་ཚོགས་ལམ་དང་། འདི་ནི་སྦྱོར་ལམ་གྱི་སྐབས་ཀྱི་བསྒོམ་པ་གཙོ་ཆེ། དེ་བཞིན་གཤེགས་དགེའི་བསམ་གཏན་ནི། དེ་བཞིན་གཤེགས་པའི་བསམ་གཏན་དང་ཆ་འདྲ་བ་ཡིན་ཏེ། དེ་ནི་མཐོང་ལམ་པའི་དུས་སུ། ཞི་ལྷག་རོ་གཅིག་ཏུ་གྱུར་ནས་དངོས་འཛིན་དང་། སྟོང་འཛིན་གཉིས་དང་བྲལ་ནས་དངོས་པོའི་ཡིན་ལུགས་ཇི་ལྟ་བའི་གཤིས་སུ་ཕེབས་ཏེ་སྤྲོས་པའི་ཁས་ལེན་ཐམས་ཅད་དང་བྲལ་བ་ཡིན་ནོ། ། ཤེས་རབ་ཀྱི་ངོ་བོ་ཆོས་རབ་ཏུ་འབྱེད་པ་ཡིན། ཆོས་ཞེས་པ་མང་ཚིག་ཡིན་པས། གང་ཡིན་ན་ཤེས་བྱའི་ཆོས་འཁོར་འདས་ལམ་གསུམ་གྱིས་བསྡུས་པ་ཐམས་ཅད་པོ་རྣམས་ཡིན་ལ། དེ་དག་གཏན་ལ་འབེབས་པ་ལ། འཕགས་པ་ཀླུས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། ། བདེན་པ་གཉིས་ལ་ཡང་དག་འདུ། ། འཇིག་རྟེན་ཀུན་རྫོབ་བདེན་པ་དང་། ། དམ་པའི་དོན་གྱི་བདེན་པ་འོ། ། ཞེས་པས། དབྱེ་གཞི་ཤེས་བྱ་ཙམ་ལྡོག་ལ། དབྱེ་ངོ་བདེན་པ་གཉིས་སུ་དབྱེ་བ་ཡིན། དང་པོ་ཀུན་རྫོབ་ཅེས་པ་དང་། ཀུན་གཤོབ་ཅེས་པ་དང་། ཀུན་རྫུན་ཞེས་པ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ལ། དེ་སུའི་ངོར་བདེན་ན་བྱིས་པ་སོ་སོའི་སྐྱེ་བོའི་བློ་འཁྲུལ་པའི་ངོར་བདེན་པ་ལྟར་སྣང་བ་ཡིན་པས་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་ཞེས་པ་རྣམས་ཡིན། དེའི་མཚན་ཉིད་ནི། ཨ་བུའི་ཞལ་ནས། བློ་འཁྲུལ་བ་ཡུལ་དང་བཅས་པ་ཀུན་རྫོབ་བདེན་པའི་མཚན་ཉིད་ཅེས་གསུངས་པ་ལྟར་རམ། བླ་མ་མི་ཕམ་ལྟར་ན། ཤེས་བརྗོད་འཇུག་གསུམ་གྱི་ཡུལ་དུ་གྱུར་པ་ཀུན་རྫོབ་བདེན་པའི་མཚན་ཉིད། ཅེས་བློ་ཡི་ཡུལ་དུ་ཤེས་པར་བྱར་རུང་། ངག་གིས་བརྗོད་དུ་རུང་བ། ལུས་ཀྱིས་ལས་སུ་འཇུག་རྒྱུ་ཡོད་པ་རྣམས་རང་ལུགས་ཀྱི་ཀུན་རྫོབ་བདེན་པའི་མཚན་ཉིད་ཡིན། གསར་མའི་བཞེད་པ་ལྟར་ན། ཐ་སྙད་དཔྱོད་བྱེད་ཀྱི་ཚད་མས་དཔྱད་པའི་རྙེད་ནོར་གང་ཞིག་ཀུན་རྫོབ་བདེན་པའི་མཚན་ཉིད་ཅེས་བཞེད། དོན་དམ་པའི་བདེན་པ་ནི། དོན་དམ་པ། ཆོས་ཀྱི་དབྱིངས། དེ་ཁོ་ན་ཉིད། དངོས་པོའི་གནས་ལུགས་སམ་ཡིན་ལུགས། ཡང་དག་པའི་མཐའ། སྟོང་པ་ཉིད། དེ་བཞིན་ཉིད་ལ་སོགས་པ་དོན་གཅིག་མིང་གི་རྣམ་གྲངས་ཡིན་ལ། སུའི་ངོར་བདེན་ན་འཕགས་པ་རྣམས་ཀྱི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ཡུལ་དུ་བདེན་པའམ་མི་བསླུ་བས་དོན་དམ་པའི་བདེན་པ་ཞེས། དེའི་མཚན་ཉིད་ནི། ཨ་བུས། བློ་འདས་སྨྲ་བསམ་བརྗོད་མེད་དོན་དམ་བདེན་པའི་མཚན་ཉིད་ཅེས་དང་། བླ་མ་མི་ཕམ་ལྟར་ན། ཤེས་བརྗོད་འཇུག་གསུམ་གྱི་ཡུལ་ལས་འདས་པ་དོན་དམ་བདེན་པའི་མཚན་ཉིད་ཅེས། བློ་རྣམ་པར་རྟོག་པས་ཤེས་སུ་མི་རུང་བ་དང་། དེས་ན་ངག་གིས་བརྗོད་དུ་མེད་པ། ལུས་ཀྱིས་འཇུག་ཏུ་མི་རུང་པའི་ཕྱིར་ན་དོན་དམ་པའི་བདེན་པ་ཞེས་བཞག འོ་ན་སུས་ཤེས་ན། འཕགས་པ་རྣམས་ཀྱི་སོ་སོར་རང་རིག་པའི་ཡེ་ཤེས་ཀྱི་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པའི་ཚུལ་གྱིས་གཟིགས་པ་ཡིན་ཏེ། དཔལ་ལྡན་ཟླ་བས། མ་མཐོང་བའི་མཐོང་བ་ཆེན་པོ། མ་གཟིག་པའི་གཟིགས་པ་ཆེན་པོ་ཞེས། འཇུག་པ་ལས། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ན་བློ་ཡང་སྐྱེ་བ་དང་བྲལ་བ། ། ཞེས་པས། ཡུལ་སྐྱེ་མེད་ཀྱི་རྣམ་པར་བློ་སྐྱེ་མེད་དུ་ཤར་བའམ། ཡུལ་སྤྲོས་བྲལ་གྱི་རྣམ་པ་ལ་བློ་སྤྲོས་བྲལ་དུ་ཤར་བ་ལ། ཡུལ་ཆོས་ཉིད་མཐོང་ཞེས་ཡུལ་ཡུལ་ཅན་གྱི་རྣམ་པ་ལྟར་མཐོང་སྒྲུབ་ཕྱོགས་ནས་བསྟན་པ་དང་། ཡུལ་དང་ཡུལ་ཅན་ཐ་དད་དུ་མཐོང་བ་མེད་ཅེས་དགག་ཕྱོགས་ནས་བསྟན་ཀྱང་། དོན་ལ་སྤྲོས་པའི་མཚན་མ་ཅིར་ཡང་མ་མཐོང་བའི་ཚུལ་གྱིས་མཐོང་བ་ཡིན། གསར་མ་ལྟར་ན། དོན་དམ་དཔྱོད་བྱེད་ཀྱི་ཚད་མས་དཔྱད་པའི་རྙེད་ནོར་གང་ཞིག་དོན་དམ་བདེན་པའི་མཚན་ཉིད་ཅེས་ཐ་སྙད་གཉིས་ཀྱི་ཚད་མའི་ཡུལ་ལས་འདས་པ་ཞིག་ཡིན་ནས་བཟུང་ཤེས་བྱ་མ་ཡིན་པས་བསམ་མིན་བྱེད་པོ་ལྟ་བུ་ཡིན་པས་དེ་ནི་ཧ་ཤང་གི་ལྟ་བ་ཡིན་ཞེས་འདོད། དེ་ལྟ་བུའི་བདེན་པ་གཉིས་པོ་དེ་ཡུལ་གང་ལས་ཐོས་པར་བྱ་ན་བླ་མ་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ལས་ཐོས་དགོས། གང་གིས་ཐོས་པ་བྱེད་ན། སློབ་མ་མཚན་ཉིད་དང་ལྡན་པས་ཐོས་དགོས། གང་ཐོས་པར་བྱ་ན་བདེན་པ་གཉིས་ཀྱི་རྣམ་པར་བཞག་པ་ཐམས་ཅད་ཐོས་པར་བྱ་དགོས་ལ། དེ་ལ་རྟ་རྒྱུག་པ་ལ་དཀྱུས་ས་གཅིག་ཏུ་བསྟན་ཀྱང་རྟ་མགྱོགས་བུལ་གྱི་དབང་གིས་སྣ་ཚོགས་པ་བཞིན། ཡུལ་བདེན་པ་གཉིས་གཏན་ལ་དབབ་པ་ལ་ཐམས་ཅད་གཅིག་ཀྱང་། གང་ཟག་བློའི་རྩལ་འཕང་གི་གོ་རིམ་གྱིས་བདེན་པ་གཉིས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་རྟོགས་མ་རྟོགས་ཀྱི་དབྱེ་བ་ལ། དང་པོ་ཉན་ཐོས་པ་རྣམས་ཀྱི་བདེན་པ་གཉིས་ནི། དང་པོ་ཀུན་རྫོབ་བདེན་པ་ནི་རགས་པ་ཕུང་པོ་ལྔ་ལ་སོགས་པའི་ཆོས་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པ་ཡིན། དོན་དམ་པའི་བདེན་པ་ནི་གང་ཟག་གི་བདག་ཕུང་པོ་ལྔ་དང་གཅིག་ཐ་དད་དུ་བརྟགས་པས་མ་རྙེད་པ་དང་། ཆོས་ཀྱི་བདག་རགས་པ་ཆས་དབྱེས། ཕྲ་བ་རྡུལ་ཕྲན་དང་ཤེས་པ་སྐད་ཅིག་ཆ་མེད་པའི་རང་བཞིན་དུ་རྟོགས་པ་དེ་ཡིན། མདོ་སྡེ་པས། སྣང་ལ་དོན་བྱེད་ནུས་པ་དོན་དམ་བདེན་པ་ཞེས་ཡུལ་རང་མཚན་དོན་བྱེད་ནུས་པའི་དངོས་པོ་རྣམས་ཡིན། དོན་བྱེད་མི་ནུས་པ་སྤྱི་མཚན་རྣམས་ཀུན་རྫོབ་བདེན་པར་བཞེད། སེམས་ཙམ་པས། ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ་དུ་ཆོས་ཐམས་ཅད་བསྡུས་ཏེ་ཀུན་བརྟགས་གཞན་དབང་གཉིས་ཀུན་རྫོབ་བདེན་པ་དང་། ཡོངས་གྲུབ་དོན་དམ་བདེན་པར་བཞེད་པ་ཡིན། དང་པོ་ཀུན་བརྟགས་ལ་དབྱེ ་ན། མཚན་ཉིད་ཆད་པའི་ཀུན་བརྟགས་དང་། རྣམ་གྲངས་པའི་ཀུན་བརྟགས་གཉིས། དང་པོ་ནི། རི་བོང་གི་རྭ་དང་། མོ་གཤམ་གྱི་བུ། ནམ་མཁའི་མེ་ཏོག་ལ་སོགས་པ་རྣམས་ཡིན། གཉིས་པ་ནི། ཀ་བ་དང་བུམ་པ་ལ་སོགས་པ་ཡིན། གཞན་དབང་ལ་དག་པ་གཞན་དབང་དང་། མ་དག་གཞན་དབང་གཉིས་ཡིན། མ་དག་གཞན་དབང་ནི། ལོག་རྟོག་འཁྲུལ་པའི་སྣང་བ་འདི་སེམས་ཅན་ལ་སྣང་བའི་སྣོད་བཅུད་དུ་སྣང་བ་ཡིན། དག་པ་གཞན་དབང་ནི་འཕགས་པ་རྣམས་ཀྱི་རྗེས་ཐོབ་ཀྱི་ཀུན་རྫོབ་ཙམ་ཞེས་འདོད་པའི་སྒྱུ་མ་དང་རྨི་ལམ་གྱི་སྣང་བ་དེ་ཡིན། གཞན་དབང་སེམས་དང་སེམས་ལས་བྱུང་བ་རྣམས་ཡིན་ཅིང་དེ་དག་རྒྱུ་རྐྱེན་རྟེན་འབྲེལ་གྱི་དབང་གིས་བྱུང་བ་ཡིན་ལ། གཞན་དབང་གི་ངོ་བོ་ཤེས་པ་རང་རིག་རང་གསལ་ནི་ཆོས་ཅན་ཡོངས་གྲུབ་དོན་དམ་པའི་བདེན་པ་ཡིན། ཡོངས་གྲུབ་ནི་གཞན་དབང་གི་ངོ་བོ་ཤེས་པ་རང་རིག་རང་གསལ་བ་ཀུན་བརྟགས་གཟུང་འཛིན་གཉིས་དང་བྲལ་བ་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་ཅན་དེ་ཡུལ་ཅན་སོ་སོ་རང་རིག་པའི་ཡེ་ཤེས་སུ་འདོད། ཀུན་བརྟགས་གཟུང་འཛིན་གཉིས་ཀྱི་གཞན་དབང་གི་ངོ་བོ་ལ་སྟོང་པའི་སྟོང་ཆ་དེ་ཡུལ་ཆོས་ཀྱི་དབྱིངས་སམ་ཆོས་ཉིད་ཡོངས་གྲུབ་དུ་བཞེད་པ་ཡིན། དབུ་མ་པ་ལ། དབུ་མ་རང་རྒྱུད་པ་དང་ཐལ་འགྱུར་བ་གཉིས་ལས། དང་པོ་ནི་རྗེས་ཐོབ་ཁས་ལེན་དང་བཅས་པའི་རྣམ་གྲངས་པ་རྩལ་དུ་འདོན་ཞིང་རྣམ་གྲངས་མ་ཡིན་པའི་དོན་དམ་ཐལ་འགྱུར་དང་དགོངས་པ་མཐུན། ཐལ་འགྱུར་བས་དང་པོ་ནས་སྤྲོས་པ་ཉེ་བར་ཞི་བའི་དབྱིངས་འཕགས་པ་གསུམ་གྱི་མཉམ་བཞག་གི་ཡེ་ཤེས་ལྟར་ཁས་ལེན་ཐམས་ཅད་དང་བྲལ་བར་གཏན་ལ་འབེབས་པ་ཡིན་པས་ཐལ་འགྱུར་དང་རང་རྒྱུད་ཀྱི་ཁྱད་པར་འདི་རྒྱ་གར་འཕགས་པའི་ཡུལ་དུ་ཡོངས་སུ་གྲགས་ལ། རང་སྟོང་གཞན་སྟོང་ཞེས་པ་བོད་ཀྱི་བླ་མ་རྣམས་ཀྱིས་བཏགས་པ་ལས་རྒྱ་གར་དུ་མ་གྲགས། དེས་ན་གཞུང་སྤྱི་མོའི་དབུ་མ་ནི། རྒྱལ་བའི་བཀའ་ཡུམ་སྲས་བཅུ་བདུན་པོའི་དགོངས་པ་དངོས་བསྟན་སྟོང་ཉིད་ལྟར་དུ་བཀྲལ་བ་འཕགས་པ་ཀླུའི་དབུ་མ་རིགས་པའི་ཚོགས་རྣམས་ཡིན། སྦས་དོན་ལམ་གྱི་མངོན་རྟོགས་ལྟར་བཀྲལ་བ་རྒྱལ་ཚབ་མ་ཕམ་པའི་མངོན་རྟོགས་རྒྱན་རྣམས་ཡིན་ཅིང་། གཙོ་བོ་འཕགས་པའི་རིགས་ཚོགས་དང་ཨཪྱ་དེ་བའི་དབུ་མ་བཞི་བརྒྱ་པ་རྣམས་ཐལ་རང་གང་གི་ཕྱོགས་སུ་འཐེན་རྩོད་བྱེད་རྒྱུ་མེད་དེ་དང་པོ་དབུ་མ་ཞེས་ཐལ་རང་གི་ཕུགས་གཏུགས་ས་གཞུང་སྤྱི་མོ་ཞེས་དགོངས་པ་གང་ལ་ལེན་པའི་གཞི་ཡིན། བྲམ་ཟེའི་རིགས་ཀྱི་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་རྩ་བའི་དགོངས་པ་ཐལ་འགྱུར་དུ་བཀྲལ་ནས་རང་བཞིན་དང་བདེན་པའི་ཐ་སྙད་མ་སྦྱར་བ་ལ། རྒྱལ་རིགས་ཀྱི་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་དེའི་དགོངས་པ་རང་རྒྱུད་ལྟར་དུ་བཀྲལ་ཏེ་རང་བཞིན་དང་བདེན་པའི་སྒྲ་མ་སྦྱར་ན་མི་འཐད་དེ་མིག་ཡོད་བཞིན་དུ་མེད་ཅེས་སྨྲ་དགོས་པས། མིག་རང་བཞིན་གྱིས་མེད། བདེན་པར་མེད། དོན་དམ་པར་མེད་ཅེས་བཞེད། རང་རྒྱུད་པ་ལ་ནང་གསེས་གོང་མ་དང་འོག་མ་གཉིས་ལས་སློབ་དཔོན་དཔལ་སྦས་ལ་སོགས་པས། དོན་དམ་པ་སྒྱུ་མ་ལྟ་བུ་དེ་ཡང་སྒྱུ་མ་སྒྱུ་མ་ལྟར་རིགས་པས་གྲུབ་པར་བཞེད། གོང་མ་ཡེ་ཤེས་སྙིང་པོ་དང་། ཞི་བ་འཚོ། ཀ་མ་ལ་ཤཱི་ལ་སྟེ་རང་རྒྱུད་ཤར་གསུམ་མཁན་པོ་ཞེས་གྲགས་པས་རང་རེ་རྣམས་ཀྱི་ལྟ་བ་དེ་དག་གི་རྗེས་སུ་འབྲང་དགོས། དེའི་ལུགས་ཀྱི་བདེན་པ་གཉིས་ནི། བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དང་། ། ནུས་པའི་ཕྱིར་དང་མི་ནུས་ཕྱིར། ། ཡང་དག་ཡང་དག་མ་ཡིན་པས། ། ཀུན་རྫོབ་ཀྱི་ནི་དབྱེ་བ་བྱེད། ། ཅེས་པ་ལྟར། ཀུན་རྫོབ་ཀྱི་བདེན་པ་ནི་ཡུལ་རང་གི་མཚན་ཉིད་ཀྱི་ངོས་ནས་བློ་ལ་མི་བསླུ་སྟེ། མེས་ཚ་བསྲེགས་དང་། ཆུས་ངོམ་པའི་བྱ་བ་བྱེད་པ་མི་བསླུ་བ་སོགས་ཡུལ་རང་ངོས་ནས་མི་བསླུ་བ་དོན་བྱེད་ནུས་པའི་དངོས་པོ་རང་མཚན་ཐམས་ཅད་ཡང་དག་ཀུན་རྫོབ་དང་། སྣང་ལ་དོན་བྱེད་མི་ནུས་པ་ཟླ་བ་གཉིས་སྣང་དང་རི་མོར་བྲིས་པའི་མར་མེ་ལ་སོགས་པ་རྣམས་ནི་དོན་བྱེད་མི་ནུས་པ་ལོག་པའི་ཀུན་རྫོབ་ཏུ་བཞེད། དོན་དམ་པ་ལ་རྣམ་གྲངས་པའི་དོན་དམ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་གཅིག་དང་དུ་མའི་རང་བཞིན་དང་བྲལ་བས་གཟུགས་སྟོང་པའོ། ། ཞེས་སྣང་བས་ཡོད་མཐའ་སེལ་ཞིང་། སྟོང་པ་ཉིད་གཟུགས་སོ་ཞེས་སྟོང་ཉིད་ཅིར་ཡང་མ་ཡིན་པ་ལས་རྟེན་འབྱུང་འགགས་པ་མེད་པར་སྣང་བས་སྟོང་པས་མེད་མཐའ་སེལ་ཞིང་། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན། གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ཞེས། སྟོང་དང་རྟེན་འབྱུང་དབྱེ་བསལ་མེད་པའི་རང་བཞིན་དུ་གཏན་ལ་ཕབ་ནས་ལས་དང་པོ་པ་རྣམས་ཀྱིས་མཐའ་བཞི་རིམ་གྱིས་བཀག་ནས་ངེས་པ་ཅིག་ཆར་དུ་དྲངས་བ་ཡིན་པས། དུས་ཕྱིས་ཀྱི་བདེན་སྟོང་ཐལ་འགྱུར་གྱི་དགོངས་པར་བཞེད་པ་རྣམས་ཀྱི་ལྟ་བ་རང་རྒྱུད་པའི་རྣམ་གྲངས་པའི་དོན་དམ་ལས་འཕགས་པ་ཞིག་གི་ཁྱད་མི་ཐོན་ན་རྣམ་གྲངས་མིན་པར་ལྟ་ཅི་སྨྲོས། རྣམ་གྲངས་མ་ཡིན་པའི་དོན་དམ་ནི། རྒྱན་ལས། ཡང་དག་ཏུ་ནི་སྤྲོས་པ་ཡིས། ། ཚོགས་རྣམས་ཀུན་ལས་དེ་གྲོལ་ཡིན། ། ཞེས་པས། ནམ་ཞིག་གོམས་པ་སྟོབས་སུ་གྱུར་པའི་ཚེ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་ཡུལ་ཆོས་ཀྱི་དབྱིངས་མངོན་སུམ་དུ་གཟིགས་ནས་ཡོད་མེད་ཡིན་མིན་ལ་སོགས་པའི་སྤྲོས་པའི་མཐའ་བཞིའམ་བརྒྱད་དང་བྲལ་བའི་རང་བཞིན་དུ་འདོད་པས། དེ་ཡང་ཡོད་མེད་སོགས་སུ་བཞག་པ་ཐམས་ཅད་ནི་བློ་ཡིན་ལ་འདིར་གཉིས་ཀྱི་བློའི་རྒྱུ་བ་ཐམས་ཅད་རབ་ཏུ་འགགས་པས་སྤྲོས་བྲལ་ཙམ་དུ་འཛིན་པ་ཉེ་བར་ཞི་བ་ཡིན་པས་ཐལ་འགྱུར་བ་དང་དགོངས་པ་གཅིག་ཏུ་འབབས་པ་ཡིན། དབུ་མ་ཐལ་འགྱུར་བའི་ལུགས་ཀྱིས་བདེན་པ་གཉིས་ནི། ཟླ་བའི་འཇུག་པ་ལས། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། ། དེས་གང་བཅོས་མ་འཁྲུལ་པར་གྱུར་ཏེ་ནི། ། ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་སོ། ། ཞེས་པས། སྣང་ཙམ་པ་ཀུན་རྫོབ་ཀྱི་དངོས་པོ་ལ་མངོན་པར་ཞེན་པ་མ་རིག་པས་བཅོས་མར་གྱུར་པའི་དངོས་པོ་དེ་དག་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་བཞག་ལ། དེ་ལ་ཡང་ལོག་གཉིས་སུ་འདོད་ལ་དེ་ཡང་རང་རྒྱུད་པ་ལྟར་ཡུལ་རང་ངོས་ནས་བསླུ་མི་བསླུའི་སྒོ་ནས་མི་བཞག་པར་གཙོ་ཆེ་བ་བློ་གནོད་པ་ཡོད་མེད་ཀྱི་སྒོ་ནས་བཞག་པ་ཡིན་པས། བློ་གནོད་མེད་ཀྱི་རྣམ་ཤེས་དྲུག་གི་ཡུལ་དུ་གྱུར་པ་ཡང་དག་ཀུན་རྫོབ་དང་། བློ་གནོད་བཅས་བད་ཀན་གྱི་ནད་ལ་སོགས་པས་འཁྲུལ་པའི་ཤེས་ངོ་ལ་སྣང་བ་རྣམས་ལོག་པའི་ཀུན་རྫོབ་ཏུ་བཞེད། དོན་དམ་པའི་བདེན་པ་ལ་རང་རྒྱུད་པ་ལྟར་རྣམ་གྲངས་ཡིན་མིན་མི་དབྱེ་བར། དང་པོ་ཉིད་ནས་འཕགས་པ་གསུམ་གྱི་མཉམ་བཞག་དང་མཐུན་པའི་ཡེ་ཤེས་གཏན་ལ་འབེབ་པ་ཡིན་པས་མཐའ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཁས་ལེན་ཀུན་དང་བྲལ་བའི་གནས་ལུགས་གཏན་ལ་ཕེབས་པས། ང་ལ་ཁས་ལེན་མེད་པས་ན། ། ང་ནི་སྐྱོན་མེད་ཁོ་ན་ཡིན། ། ཞེས་གསུངས་པ་བཞིན། ཡོད་མེད་དུ་ཁས་བླང་ན་གཞན་གྱི་རྒོལ་བས་འཇིགས་ནས་ཁས་མི་ལེན་པ་མ་ཡིན་པར་དངོས་པོའི་ཡིན་ལུགས་ལ་ཁས་བླངས་བྲལ་བས། འདིའི་ལུགས་ཀྱི་བདེན་པ་གཉིས་པོ་གཅིག་པ་བཀག་ཙམ་གྱི་ཐ་དད་དུ་འདོད། རང་རྒྱུད་གོང་མས་བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་འདོད། འོག་མས་བདེན་གཉིས་ངོ་བོས་ཐ་དད་དུ་འདོད་པ་ཡིན། དེ་ལྟར་བདེན་པ་གཉིས་ཀྱི་གོ་བ་སྤྱིར་བསྟན་ནས། ད་བསྒོམ་པའི་དུས་སུ་ཐུན་དང་ཐུན་མཚམས་ཕྱེ་སྟེ་ཐུན་གྱི་སྔོན་འགྲོ་རྣམས་སོང་ནས། དངོས་གཞི་བསྒོམ་པ་ལ། ཆོས་ཐམས་ཅད་ཅེས་པ་ཤེས་བྱའི་ཆོས་ཐམས་ཅད་ཡིན་པས། དེ་དག་བསྡུ་ན་ཕུང་པོ་ལྔར་འདུས། དེ་ཡང་བསྡུ་ན་བེམ་ཤེས་གཉིས་སུ་འདུ་བས། ཆོས་གང་ཟག་གི་བདག་མེད་གཉིས་བསྒོམ་དགོས། དེ་ལ་དང་པོ་དགག་བྱའི་སྣང་ཚུལ་ངེས་པའི་དབང་དུ་བྱས་ན། རྒྱུན་ལ་གང་ཟག་ཅེས་བྱ་སྟེ། ། མཚན་ཉིད་འཛིན་ལ་ཆོས་ཞེས་བྱ། ། ཞེས་པས། ང་ཐོག་མ་མེད་པ་ནས་འདིར་འོངས། འདི་ནས་ཕ་རོལ་ཏུ་འགྲོ་སྙམ་པའི་ཕུང་པོའི་རྒྱུན་ལ་དམིགས་ནས་ངའོ་སྙམ་པ་དེ་གང་ཟག་གི་བདག་ཡིན། དེའི་འཛིན་སྟངས་ནི་མ་ངེས་ཏེ། རེས་འགའ་ང་ནའོ་ཞེས་ཕུང་པོ་ལ་ངར་དམིགས། ཁྱོད་ཀྱི་ཅི་ན་ཞེས་དྲིས་ན་ངའི་མགོ་ནའོ་ཞེས་ང་ཡིར་བར་དམིགས་པ་ཡིན། དེས་ན་རྒྱུན་ལ་དམིགས་པ་གང་ཟག་གི་བདག་འཛིན་དང་དེའི་ཡུལ་གང་ཟག་ཡིན། དེའི་གདགས་གཞི་ཕུང་པོ་ལྔ་ཆོས་བདག་གི་ཡུལ་དང་། དེ་བདེན་པར་འཛིན་པ་ཆོས་ཀྱི་བདག་འཛིན་ཡིན། དེ་ཡང་གང་ཟག་གི་བདག་འཛིན་གྱི་འཛིན་སྟངས་རྟག་པ་གཅིག་པུ་རང་དབང་ཅན་དུ་འཛིན་པ་ཡིན་པས། དང་པོ་གང་ཟག་བདག་ཅེས་བྱ་བ་དེ་ཕུང་པོ་ལྔ་པོ་འདི་དང་གཅིག་གམ་ཐ་དད་དཔྱད་པས། གཅིག་ཡིན་ན། བདག་རྟག་གཅིག་རང་དབང་ཅན་ཡིན་པ་བཞིན་ཕུང་པོའང་རྟག་གཅིག་རང་དབང་ཅན་ཡིན་དགོས་པ་དང་། ཡང་ན་ཕུང་པོ་མི་རྟག་པ་དུ་མ་གཞན་དབང་ཅན་ཡིན་པ་བཞིན་བདག་དེ་ཡང་མི་རྟག་པ་དང་དུ་མ་གཞན་དབང་ཅན་དུ་འགྱུར་དགོས་པས། དེ་ལྟར་བརྟག་ན་བདག་ཕུང་གཅིག་ཏུ་མ་གྲུབ། གཞན་ཡིན་ན། ཡུལ་དུས་སྣང་བ་གསུམ་གྱིས་མ་བསྐལ་པས་བདག་ཕུང་ཐ་དད་དུ་དམིགས་དགོས་ན་དེ་མ་དམིགས་པས། བདག་གཞི་མེད་དུ་གཏན་ལ་ཕབས། དེ་ནས་བདག་མེད་ཀྱང་ཕུང་པོ་ཙམ་ཡོད་དོ་སྙམ་ན་དེ་ཡང་དཔྱད་ན་མ་གྲུབ་སྟེ། བེམ་པོ་གཟུགས་ཀྱི་ཆོས་ཡིན་ནས་བཟུང་རྡུལ་ཕྲན་བསགས་པ་ལས་མ་འདས། དེ་ཡང་རྡུལ་ཕྲན་ཆ་མེད་ཀྱི་རང་བཞིན་དུ་གཏན་ལ་འབེབས་དགོས། དེ་ཡང་ཕྱི་རོལ་གྱི་རི་ར་བ་བྲག་ཁང་ཁྱིམ་གྱི་རྣམ་པར་སྣང་བ་འདི་དག་ལ་བརྟག་དགོས། དང་པོ་ཁང་པ་ལྟ་བུ་ཞིག་ལ་བརྟག་ན། དང་པོ་ཁང་པ་ཞེས་རིལ་པོ་གཅིག་ཏུ་བཟུང་བ་ཡིན་པས། དེ་ཡང་མ་བརྟགས་པས་ལན། བརྟག་ན་ཁང་པ་ཞེས་པ་དེ། རྡོ་དང་རྩིགས་པ་གྱང་དང་ཤིང་ཆ་ལ་སོགས་པ་དུ་མ་འདུས་པའི་རང་བཞིན་ཡིན། འདུས་པ་དེ་སོ་སོར་བཤིགས་པ་ན་ཁང་པར་འཛིན་པའི་བློ་ལྡོག་ནས་རྡོ་དང་ས་ལ་སོགས་པར་འཛིན། དེ་ཡང་རྡུལ་དུ་མ་བསགས་པ་ཡིན་པས་རྡོ་གཅིག་ལྟ་བུ་དེ་དང་པོ་ཕྱོགས་ཚལ་པ་བཞིར་ཕྱེ་བས་གཅིག་ཏུ་འཛིན་པ་ལྡོག དེ་ནས་ཚལ་པ་བཞི་ཆ་ལྟ་བུ་དེ་ཡང་ཆ་བཞིར་ཕྱེས་ན་ཚལ་པའི་ཕྱོགས་གཅིག་ཏུ་འཛིན་པ་ལྡོག དེའི་ནང་གསེས་གཅིག་པོ་དེ་ཡང་ཕྱོགས་ཆས་ཕྱེས། ཕྱོགས་ཆ་རང་བཞིན་མེད་པར་འགྱུར་བ་ཡིན་པས་ན། ཤེས་རབ་སྙིང་པོ་ལས། གཟུགས་སྟོང་པ་ཞེས་གསུངས་པ་དེ་ཡིན། དེ་ལྟར་མ་བརྟགས་མ་དཔྱད་ན་ཁང་པ་ལ་སོགས་པའི་རྣམ་པར་རུང་བ། སྟོང་ཉིད་ཅིར་ཡང་མ་ཡིན་པ་ལས་རྟེན་འབྱུང་འགགས་པ་མེད་པར་འཆར་བ་ནི། སྟོང་པ་ཉིད་གཟུགས་སོ་ཞེས་པ་ཡིན། སྣང་བས་ཡོད་མཐའ་སེལ། སྟོང་པས་མེད་མཐའ་སེལ་ཏེ། སྟོང་པ་ཉིད་ལས་གཟུགས་གཞན་མ་ཡིན། གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ཞེས་པས་སྟོང་དང་རྟེན་འབྱུང་དབྱེ་བསལ་མེད་པའི་ངེས་ཤེས་སྐྱེས་སྐྱེས་སུ་བསྒོམ། རང་གི་ནག་ཚང་ལྟ་བུ་ལ་ཡང་དང་པོ་ནག་ཚང་ཞེས་གཅིག་ཏུ་འཛིན་ཀྱང་། དེ་ལ་སྒོ་ཕུག་སོ་སོར་ཕྱེ་བས་གཅིག་ཏུ་འཛིན་པ་ལྡོག་ནས་འདི་སྒོའོ་ཞེས་པ་དང་འདི་ཕུག་ཅེས་འཛིན་ཀྱང་དེ་དག་རེ་ལྡེ་སོ་སོར་ཕྱེ་བ་ན་སྒོ་ཕུག་ཏུ་འཛིན་པ་ལོག་ནས་རེ་ལྡེར་འཛིན་ལ། རེ་ལྡེ་དེ་ཡང་སྣལ་མར་ཕྱེ་ན་རེ་ལྡེ་འཛིན་པ་ལོག་ནས་སྣལ་མར་འཛིན་པ་ཡིན་ལ། སྣལ་མ་དེ་ཡང་རྒྱ་སོ་སོར་ཕྱེ་ན་སྤུ་ཉག་མ་ལས་སྣལ་མའི་འཛིན་པ་ལོག སྤུ་དེ་ཡང་རྡུལ་ཕྲན་ཕྱོགས་ཆས་ཕྱེས། ཕྱོགས་ཆ་རང་བཞིན་མེད་པར་གཏན་ལ་ཕབ་ནས་དེ་ལྟར་དཔྱད་པས་གཟུགས་སྟོང་པ་དང་སྟོང་པ་གཟུགས། སྟོང་པ་ལས་གཟུགས་གཞན་མ་ཡིན་པ་དང་། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་པ་སྟེ་སྟོང་ཉིད་བཞི་སྦྱོར་གྱི་རིགས་པས་སྣང་སྟོང་ཟུང་འཇུག་ཏུ་ངེས་ཤེས་དྲངས། དེ་ལྟར་རི་གླིང་ར་བ་སྐྱེད་ཚལ་ནས་གསེར་རི་རོལ་མཚོ་རི་རབ་ལ་སོགས་པར་བརྟག དེ་ནས་ནང་རང་གི་ཕུང་པོ་ལ་བརྟག་དགོས་ཏེ། ད་ལྟ་ངའི་ལུས་གཅིག་པོ་འདི་ཞེས་གཅིག་པུ་རྟག་པ་རང་དབང་ཅན་དུ་འཛིན་པས། དེ་ལ་བརྟག་དཔྱད་དགོས་ཏེ། ངའི་ལུས་འདི་རྟག་པ་ཡིན་ནམ་སྙམ་ན་མ་ཡིན་ཏེ་དང་པོ་ཕ་མའི་ཁུ་རྡུལ་གཉིས་ཡུངས་དཀར་གྱི་བཅུ་ཆ་གཤགས་པའི་ཚད་ནས་ཇེ་ཆེ་ཇེ་ཆེར་འཕེལ་ཏེ་འགྱུར་བའི་གནས་སྐབས་རྣམས་ནས་རིམ་བཞིན་ལུས་ཡོངས་སུ་རྫོགས་ནས་ཕྱིར་བཙའ་ཞིང་བྱིས་པ་ནས་རྒན་པོའི་བར་དུ་འགྱུར་བ་ནི་རགས་པ་འགྱུར་བའི་མི་རྟག་པ་ཡིན་ལ། ཕྲ་བ་ཆོས་ཉིད་ཀྱི་མི་རྟག་པ་ནི་སྐད་ཅིག་རེ་རེ་བཞིན་འགྱུར་ཞིང་ཆུ་བོའི་རྒྱུན་བཞིན་ཡིན་པས་མི་རྟག གཅིག་པུ་ཞིག་ཡིན་ནམ་སྙམ་ན་མ་ཡིན་ཏེ། ཤ་དང་པགས་པ་དང་ཁྲག་དང་ཆུ་སེར་དང་རུས་པ་དང་སྣབས་དང་བད་ཀན་དང་རྒྱུས་རུས་པ་ལྟ་བུ་གཅིག་ལ་ཡང་རྒྱུ་རུས་མགོ་སུམ་བརྒྱ་དང་དྲུག་ཅུ་དེ་ཡང་རྡུལ་ཕྲན་དུ་མའི་རང་བཞིན། གཞན་ཡང་སོ་སུམ་ཅུ། སྐྲ་ཉི་ཁྲི་ཆིག་སྟོང་། བ་སྤུ་བྱེ་བ་ཕྲག་གསུམ་ལ་སོགས་པ་དུ་མ་ཆ་ཤས་ཀྱི་རང་བཞིན་ཅན་ཡིན། རང་དབང་ཅན་ཡིན་སྙམ་ན་མིན་ཏེ། ལས་དང་ཉོན་མོངས་པའི་གཞན་དབང་ཡིན་ཏེ། ལུས་ཀྱི་ན་ཚ་དང་བདེ་སྡུག་མཛེས་མི་མཛེས་སོགས་ལས་ལ་རགས་ལས་པའི་གཞན་དབང་ཅན་ཡིན། ལུས་རིལ་པོ་གཅིག་ཏུ་འཛིན་ཀྱང་དེ་སོ་སོར་ཕྱེས་ཏེ་སྡེབ་ལྔར་ཕྱེས་ན་ལུས་འཛིན་ཞིག་ནས་སྡེབ་ཏུ་འཛིན་པ་ཡིན་ལ་སྡེབ་དེ་ཡང་སོག་པ་དང་དཔུང་པ་དང་ལག་ངར་དང་ལག་མགོ་སོ་སོར་ཕྱེ་བས་སྡེབ་འཛིན་ཞིག་ནས་ལྷུ་རེ་རེར་འཛིན་པ་ཡིན་ལ། དེ་ཡང་ཤ་དང་པགས་པ་ཁྲག་དང་རུས་པ་ལ་སོགས་སོ་སོར་ཕྱེ་བས་ལྷུར་འཛིན་པ་དེ་ཞིག་ནས་ཤ་ལྤགས་སོགས་དེ་དང་དེར་འཛིན་པ་ཡིན་ལ་ཤ་དང་ལྤགས་པ་ལ་སོགས་པ་དེ་དག་ཕྱོགས་ཆས་ཕྱེས་ཤིང་། ཕྱོགས་ཆ་རང་བཞིན་མེད་པར་དཔྱད་པས་ལུས་སྟོང་པའོ་ཞེས་ལུས་ནམ་མཁའ་ལྟ་བུར་འགྱུར་ལ། སྟོང་ཉིད་ཅིར་ཡང་མ་ཡིན་པ་ལས་རྟེན་འབྱུང་འགགས་པ་མེད་པའི་སྟོང་པ་ཉིད་ལུས་སོ། ། ལུས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་ལུས་གཞན་མ་ཡིན་ཞེས་སྣང་བས་ཡོད་མཐའ་བསལ་ཏེ་སྣང་བཞིན་དུ་མ་གྲུབ་པ་དང་སྟོང་པས་མེད་མཐའ་སེལ་ཏེ་སྟོང་པ་རྟེན་འབྱུང་དུ་འཆར་རུང་བ་ཡིན་པས། དེས་ན་སྟོང་རྟེན་འབྱུང་དབྱེ་བསལ་མེད་པར་གྲུབ་སྟེ། རྒྱལ་བུ་དཀོན་མཆོག་འབང་གིས། གཟུགས་སྒྲ་ཉིད་ཀྱང་སྤྲོས་བྲལ་ཏེ། ། སྤྲོས་བྲལ་ཉིད་ཀྱང་གཟུགས་སྒྲར་ཤར། ། གཟུགས་སྒྲ་ཉིད་ལས་ལོག་ཤིག་ཏུ། ། སྤྲོས་བྲལ་ལོགས་སུ་མ་དམིགས་སོ། ། སྤྲོས་བྲལ་ཉིད་ལས་ལོགས་ཤིག་ཏུ། ། གཟུགས་སྒྲ་ལོགས་སུ་མ་དམིགས་སོ། ། ཞེས་པ་བཞིན་ནོ། ། དེ་ལྟར་ཕྱི་ནང་གི་ཆོས་ཐམས་ཅད་ལ་བློ་རྣམ་དཔྱོད་ཀྱི་ཤེས་རབ་ཅེས་ཁ་ཕར་འཁོར་ནས་ཡུལ་ལ་དཔྱད་པ་བྱས་ནས་ངེས་ཤེས་དྲངས་བའི་བློ་དེ་ལ་མིང་བཏགས་ན་བློ་རྣམ་དཔྱོད་ཀྱི་ཤེས་རབ་བམ། ཡིད་དཔྱོད་ཀྱི་ལྟ་བ་ཞེས་བྱ། རྫོགས་པ་ཆེན་པོ་དང་ཕྱག་རྒྱ་ཆེན་པོའི་ལྟ་བ་ནི་ཡིད་དཔྱོད་ཀྱི་ལྟ་བ་སྔོན་ལ་སོང་བའི་སྒོ་ནས། ཡུལ་ཅན་སེམས་ཀྱི་གཤིས་ལུགས་ལ་བརྟགས་པའི་སོ་སོ་རང་རིག་པའི་ཡེ་ཤེས་ཞེས་ཁ་ནང་དུ་འཁོར་བའི་མཉམ་བཞག་སྟེ་དེ་ལ་མིང་བཏགས་ན་མཉམ་བཞག་ཡེ་ཤེས་ཀྱི་ལྟ་བ་ཞེས་འདོགས་པ་ཡིན་པས། དེས་ན་སྔ་མ་བློ་རྣམ་རྟོག་དང་ཕྱི་མ་བློ་ལས་འདས་པའི་ཡེ་ཤེས་ཡིན་པས་ཁྱད་གནམ་ས་བས་ཆེ། དེ་ལྟར་དཔྱད་སྒོམ་བྱས་ནས་ཀྱང་གར་ཡང་འགྲོ་མི་འདོད་པའི་ཚེ་མཉམ་བཞག་གི་ལྟ་བ་དང་རྗེས་མཐུན་པ་བློ་བཅའ་བཅོས་མེད་པར་ཅི་གནས་འཇོག ཡང་རྣམ་རྟོག་སྐྱེ་བ་ན་དཔྱད་ཅིང་འཇོག་པ་སྟེ་དཔྱད་འཇོག་སྤེལ་མར་བྱས་ནས་བསྒོམ་པས་སེམས་ལ་ཁ་ལོ་ལེགས་པར་ལོབ་ནས་བཏང་བཞག་ལས་སུ་རུང་བ་འབྱུང་བ་ཡིན། དེ་ནས་ནང་སེམས་ལ་དཔྱད་དགོས་ཏེ། སེམས་ཀྱང་རྟག་གཅིག་རང་དབང་ཅན་དུ་འཛིན་པ་སྟེ། ལེགས་པར་བརྟག་ན། སེམས་རྟག་པ་མ་ཡིན་ཏེ། སྐྱེ་འགགས་ཀྱི་ཕྲེང་བ་ཤ་ར་ར་བྱེད་པའི་རང་བཞིན་ཅན་ཆུ་བོའི་རྒྱུན་ལྟ་བུའི་མི་རྟག་པ་ཡིན། གཅིག་པུ་ཞིག་ཡིན་སྙམ་ན་མ་ཡིན་ཏེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་དང་ཕྲག་དོག་སེར་སྣ་ལ་སོགས་པའི་མི་དགེ་བའི་རྟོག་པ་དུ་མ། དད་ངེས་འབྱུང་བྱང་ཆུབ་ཀྱི་སེམས་ལ་སོགས་པ་དགེ་བའི་རྟོག་པ་དུ་མ། སྔར་སོང་བ་དང་སྨྲ་བ་དང་ཟོས་པ་ལ་སོགས་དྲན་པའི་ལུང་མ་བསྟན་གྱི་རྟོག་པ་དུ་མའི་རང་བཞིན་ཅན། གཞན་ཡང་རྣམ་པར་ཤེས་པ་ཚོགས་བརྒྱད། སེམས་བྱུང་ལྔ་བཅུ་རྩ་གཅིག་ལ་སོགས་པ་དུ་མའི་རང་བཞིན་ཅན་ཡིན། རང་དབང་ཅན་ཡིན་ནམ་སྙམ་ན་མ་ཡིན་ཏེ། ཡུལ་གྱི་གཞན་དབང་ཅན། ཡུལ་སྡུག་པ་དང་འཕྲད་ན་འདོད་ཆགས་སྐྱེས། ངན་པ་དང་འཕྲད་ན་ཞེ་སྡང་སྐྱེ། བར་མ་དང་འཕྲད་ན་གཏི་མུག་གི་རྟོག་པ་སྐྱེ། གཞན་འཁོར་བ་ལ་ངེས་འབྱུང་། མྱང་འདས་ལ་དད་པ་ལ་སོགས་པ་ཡུལ་གྱི་གཞན་དབང་ཅན་ཡིན། ཡང་སེམས་འདས་པ་ནི་འདི་ན་བསགས་ཏེ་གནས་སོ་ཞེས་པ་མེད་པས་མ་གྲུབ། ད་ལྟ་བ་ནི་སྐད་ཅིག་གིས་རང་ཡལ་རྗེས་མེད་དུ་འགྱུར་བས་མ་གྲུབ། མ་འོངས་པ་ནི་འདི་ནས་འོངས་ཤོམས་བྱེད་དོ་སྙམ་པ་མི་རྙེད་པས་མ་སྐྱེས་པ་མ་ཐོབ་པས་མ་གྲུབ། དེ་ལྟར་དབང་པོ་རབ་ཀྱིས་དུས་གསུམ་དུ་དཔྱད་པས་མ་རྙེད་པས་སེམས་རང་བཞིན་མེད་པའི་ངེས་པ་འདྲོངས་ཀྱང་། དབང་པོ་རྟུལ་པོ་དག་གིས་དེ་ལྟར་དཔྱད་ནས་མ་རྙེད་ཀྱང་མེད་ནའང་ད་དུང་མི་དྲན་དགུ་དྲན་གྱི་རྟོག་པ་ཞིག་འཆར་གྱིན་འདུག་པས་འདི་གང་ལྟར་ཀྱང་ཡོང་ལས་ཆེ་སྙམ་ན། སེམས་བྱུང་གནས་འགྲོ་གསུམ་ལ་བརྟག་དགོས་ཏེ། འདོད་ཆགས་ལ་སོགས་པའི་རྟོག་པ་འདི་དང་པོ་མེད་ཀྱང་གློ་བུར་དུ་ག་ཤེད་ནས་སྐྱེ་འོང་བས་འདི་ཡོད་དོ་སྙམ་ན། དང་པོ་སེམས་སྐྱེ་སའམ་བྱུང་སའམ་ཤར་ས་ལ་བརྟག་དགོས་ཏེ། སེམས་ཤིག་སྐྱེས་ཕྱིན་ཆད་ཕྱི་ཡུལ་དྲུག་གམ། ནང་དབང་པོ་དྲུག་གམ། དེ་གཉིས་ཀའི་བར་གང་རུང་ལས་སྐྱེས་པ་མ་གཏོགས་སྐྱེ་བའི་ཐབས་མེད་པས། དང་པོ་ཕྱི་ཡུལ། མིག་གི་ཡུལ་གཟུགས། རྣ་ཤེས་ཀྱི་ཡུལ་སྒྲ། སྣ་ཤེས་ཀྱི་ཡུལ་དྲི། ལྕེ་ཤེས་ཀྱི་ཡུལ་རོ། ལུས་ཤེས་ཀྱི་ཡུལ་རེག་བྱ། དེ་དག་གིས་བཞག་པའི་ཡིད་ཀྱི་ཡུལ་ཆོས་ཁམས་ཏེ་དྲུག་པོ་ལ་དཔྱད་དགོས་ཏེ། དང་པོ་མིག་ཤེས་ཀྱི་ཡུལ་གཟུགས་འདི་དག་ལ་བློ་རྣམ་དཔྱོད་ཀྱི་ཤེས་རབ་ཀྱི་ཕྱོགས་ཆས་དབྱེ་ཞིང་ཕྱོགས་ཆ་རང་བཞིན་མེད་པ་རྡུལ་དུ་བཤིགས་ནས་རང་བཞིན་གྱིས་མ་གྲུབ་པས་དེ་ལས་ཤེས་པ་སྐྱེ་བའི་ཡུལ་མེད། དེ་བཞིན་དུ་སྒྲ་སོགས་ཐམས་ཅད་རྡུལ་དུ་གྲུབ་པའི་རང་བཞིན་དངོས་པོའི་ཆོས་ཡིན་པས་རྡུལ་གྲུབ་ཀྱི་ཆོས་ཐམས་ཅད་བློ་རྣམ་དཔྱོད་ཀྱི་ཤེས་རབ་ཀྱིས་ཆ་བཞིར་ཕྱེས། ཆ་རེ་རེ་ནས་ཆ་བཞི་བཞིར་བསལ་ཏེ་དཔྱད་པས་མཐར་རྡུལ་ཕྲན་ཉི་ཟེར་གྱི་རྡུལ་འབྲིང་པོ་ཞིག་ཆ་བཞི་བཅུར་བསྒོས་པའི་ཆ་གཅིག་ལྟ་བུ་ལ་རྡུལ་ཕྲན་ཆ་མེད་དུ་འདོད་ལ་དེ་ལའང་སྟེང་འོག་དང་ཕྱོགས་ཀྱི་ཆས་ཕྱེས་པས་རྡུལ་ཕྲན་རང་བཞིན་མེད་པའི་ཆོས་གཞི་མེད་རྩ་བྲལ་སྟོང་པ་ཉིད་ཀྱི་ཆོས་སུ་གནས་པས་དེ་དག་ལས་སེམས་སྐྱེ་བའི་ཡུལ་མེད། འོ་ན་ཅིག་སྐྱེས་པ་འདི་ཅི་ཡིན་སྙམ་ན་རྟེན་འབྱུང་འགགས་པ་མེད་པ་སྟོང་ཉིད་ཀྱི་རྩལ་རོལ་པ་འཆར་ཚུལ་ཆེ་བའི་རྒྱན་ཡིན་པས་སྟོང་རྟེན་འབྱུང་གི་ངེས་ཤེས་དང་དེ་ལྟར་ཕྱི་ཡུལ་དྲུག་པོ་རང་བཞིན་མ་གྲུབ་པས་དཔེར་ན་མ་མེད་ན་བུ་སྐྱེས་པའི་ཐབས་མེད་པ་བཞིན་སེམས་སྐྱེ་བའི་ཐབས་མེད། འོ་ན་ནང་དབང་པོ་དྲུག་པོ་ལ་སེམས་སྐྱེ་བ་ཡིན་ནམ་སྙམ་ན་མ་ཡིན་ཏེ། དབང་པོ་དྲུག་ནི་མིག་དབང་རྣ་དབང་སྣ་དབང་ལྕེ་དབང་ལུས་དབང་ལྔ་རང་རང་གི་ཡུལ་འཛིན་པ་ལ་དབང་བྱེད་པས་ན། དབང་པོ་དང་། དྲུག་པོ་འགགས་མ་ཐག་པ་ཡིས། ། རྣམ་ཤེས་གང་ཡིན་དེ་ཡིད་དོ། ། ཞེས་པས། སྒོ་ལྔའི་ཤེས་པ་སྔ་མ་འགགས་པས་ཡིད་ཤེས་རྟོག་མེད་སྐྱེ་བའི་སྐབས་ཕྱེ་བ་དང་ཡིད་རྟོག་མེད་དང་དྲུག་པོ་འགགས་མ་ཐག་པས་ཡིད་ཤེས་རྟོག་བཅས་སྐྱེ་བའི་རྒྱུ་བྱེད་པས་དབང་པོ་ཞེས་བཞག་པས། དབང་པོ་གཟུགས་ཅན་པ་ལྔ་པོ་སྔར་ལུས་ཀྱི་གནས་སྐབས་ཀྱི་དཔྱད་པ་བཞིན་དཔྱད་དེ་རྡུལ་ཕྲན་རང་བཞིན་མེད་པས་ནང་དབང་པོ་ལས་སེམས་སྐྱེ་བའི་ཐབས་མེད་དེ་དཔེར་ན་ཕ་མེད་ན་བུ་སྐྱེ་བའི་ཐབས་མེད་པ་དང་འདྲ། འོ་ན་དབང་ཡུལ་གཉིས་ཀྱི་བར་དུ་སྐྱེ་བ་ཡིན་ནམ་སྙམ་ན་མ་ཡིན་ཏེ། དབང་ཡུལ་གཉིས་ཀྱི་བར་ན་ཡང་ཉིན་མོ་སྣང་བའི་རྡུལ་དང་མཚན་མོ་མུན་པའི་རྡུལ་གཉིས་ལས་གཞན་མེད་པས་སྣང་མུན་གྱི་རྡུལ་གཉིས་པོ་ནི་རྡུལ་ཕྲན་དེ་ཡང་ཆ་ཤས་མེད་པའི་རང་བཞིན་ཡིན་པས་དེ་ལས་སེམས་སྐྱེས་ས་མ་གྲུབ། དེ་ལྟར་སེམས་ལ་དཔྱད་ན་མེད་པ་ལྟ་བུ་ཞིག་རེད་ཀྱང་། འོན་ཀྱང་སེམས་སྐྱེས་ནས་གནས་པའི་ཡུལ་ཞིག་ཡོད་པས་ན་སེམས་གནས་ས་ཡོད་དོ་སྙམ་ན། དེ་ཡང་མེད་དེ། མོ་གཤམ་ལ་བུ་དང་པོ་ནས་སྐྱེ་མ་མྱོང་ན་བར་དུ་གནས་ས་མེད་པ་དང་འདྲ་བས་འདི་དཔྱད་མི་དགོས་ཀྱང་། ད་དུང་ཡང་སེམས་ཞིག་ཡོད་དོ་སྙམ་ན། དེ་དཔྱད་དགོས་ཏེ་སྔ་མ་བཞིན་ཕྱི་ཡུལ་དྲུག ནང་དབང་པོ་དྲུག དེ་དག་གི་བར་དུ་དཔྱད་པས་སེམས་གནས་ས་མེད། དེ་ལྟར་སེམས་སྐྱེ་གནས་གཉིས་པོ་མེད་ཀྱང་མཐར་འགགས་ས་ཡོད་དོ་སྙམ་ན། དེ་ཡང་དཔེར་ན་མོ་གཤམ་གྱི་བུ་དང་པོ་སྐྱེ་བ་དང་བར་དུ་གནས་པ་མེད་པས་མཐར་འཆི་རྒྱུ་མེད་པ་བཞིན། ཕྱི་ཡུལ་དྲུག་ནང་དབང་པོ་དྲུག་དེ་གཉིས་ཀྱི་བར་རྣམས་སུ་དཔྱད་པས་རྡུལ་ཕྲན་ཕྱོགས་ཆས་ཕྱེས་པས་རང་བཞིན་མ་གྲུབ་པས་དེ་ལ་ཡང་འགགས་པའི་ས་མེད། དེ་ལྟར་སེམས་བྱུང་གནས་འགྲོ་གསུམ་བཙལ་བས་མ་རྙེད་ཀྱང་། ད་དུང་ཡང་རྣམ་རྟོག་ཅིག་ཐོལ་ཐོལ་སྐྱེས་འདུག་པས་འདི་ཡོད་པ་ཡིན་ནམ་སྙམ་ན་མ་ཡིན་ཏེ། སེམས་འདི་ལ་དངོས་པོ་ཞིག་ཡོད་ན། དབྱིབས་དང་ཁ་དོག་གཉིས་ལས་དངོས་པོ་ཡོད་མི་སྲིད་པས། སེམས་ལ་དབྱིབས་ཟླུམ་པོ། གྲུ་བཞི། ཟླ་གམ། གྲུ་གསུམ། རིང་པོ། ཐུང་ངུ་། ནར་མོ། ཕྱལ་ལེའམ། ཕྱལ་ལེ་མ་ཡིན་པའི་དབྱིབས་ཡོད་མེད་དཔྱད་ན་དབྱིབས་མེད། ཁ་དོག་དཀར་སེར་དམར་ལྗང་སོགས་ཡོད་མེད་དཔྱད་ན་ཁ་དོག་མེད། སྐྱེས་པ་དང་བུད་མེད་དང་མ་ནིང་དང་རྟ་དང་གླང་པོ་ལ་སོགས་པའི་གཟུགས་ཡོད་མེད་བརྟག་ན་གཟུགས་སུ་མ་གྲུབ། ད་དུང་ཡང་ཡོད་དོ་སྙམ་ན། ཕྱི་ཡུལ་སྣང་དབང་པོ་ལུས་ཕྱི་ནང་ཐམས་ཅད་དུ་སེམས་མཐོང་རྒྱུ་ཨེ་ཡོད་བལྟས་ན་སེམས་ལ་གཟུགས་སུ་མཐོང་རྒྱུ་མེད། རྣ་བས་ཉན་ན་སེམས་ལ་སྒྲ་ཐོས་རྒྱུ་མེད་པས། འཇིག་རྟེན་པའི་རྒན་པོ་རྣམས་ཀྱིས་མིག་གིས་མ་མཐོང་། རྣ་བས་མ་ཐོས་ན་མེད་ཟེར་བ་ལས་ཡོད་ཅེས་མི་སྨྲ་བ་དེས་ན་སེམས་རང་བཞིན་གྱིས་མ་གྲུབ། ད་དུང་ཡང་སྣས་སེམས་ཀྱི་དྲི་ཚོར་རྒྱུ་ཨེ་ཡོད། ལྕེས་སེམས་ཀྱི་རོ་མྱོང་རྒྱུ་ཨེ་ཡོད་བལྟས། ལག་པས་ལུས་ཕྱི་ནང་ཀུན་ཏུ་སེམས་ལ་རེག་རྒྱུ་ཡོད་མེད་བརྟག་ན་མེད་པས་དེས་ན་སེམས་སྟོང་པའོ། ། ཞེས་དང་། དེ་ལྟར་མ་བརྟགས་མ་དཔྱད་པར་སྟོང་ཉིད་ཅིར་ཡང་མ་ཡིན་པ་ལས་རྟེན་འབྱུང་འགགས་པ་མེད་པའི་རང་བཞིན་དུ་སེམས་སྣང་ཆོག་པས། སྟོང་པ་ཉིད་སེམས་སོ། ། ཞེས་དང་། དེ་ལྟར་སྟོང་རྟེན་འབྱུང་དབྱེ་བསལ་མེད་པ་ཆུ་ཟླ་ལྟར་སེམས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་སེམས་གཞན་མ་ཡིན་ནོ། ། ཞེས་སྟོང་ཉིད་བཞི་སྦྱོར་གྱི་ངེས་ཤེས་བློ་གཞན་གྱིས་མི་འཕྲོག་པ་བསྐྱེད། དེ་ནས་དེ་ལྟར་དཔྱད་པས་མ་རྙེད་ཀྱང་མ་བརྟགས་མ་དཔྱད་པར་རྟེན་འབྱུང་འགགས་པ་མེད་པའི་རང་བཞིན་སྒྱུ་མའི་དཔེ་བརྒྱད་དུ་ངེས་པ་དྲངས་དགོས། གཞན་ནི་གོ་སླ་ཞིང་། སྒྱུ་མ་ལྟ་བུའི་སྐབས། དཔེར་ན་སྒྱུ་མ་མཁན་ཁྱུང་པོ་སྤུ་ཁ་ཞེས་བྱ་བས། སྒྱུ་མའི་ཤིང་བུ་དང་རྡེའུ་ལ་སོགས་པ་ལ། སྒྱུ་མའི་རིགས་སྔགས། ཨོཾ་ཐི་བི་ཐི་བི་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་བསྔགས་པས། སྒྱུ་མའི་སྣང་བ་རྟ་དང་གླང་པོ་ལ་སོགས་པའི་སྣང་བ་སྣང་ཞིང་མིག་འཕྲུལ་བར་བྱེད་པ་དང་། ཡང་སྒྱུ་མའི་འཁྲུལ་འཁོར་བཤིགས་པར་འདོད་ན། ཨོཾ་མི་ཐི་མི་ཐི་སྭཱ་ཧཱ་ཞེས་པའི་སྔགས་བཏབ་པས་སྒྱུ་མའི་སྣང་བ་ཞི་ནས་ཤིང་བུ་དང་རྡེའུ་སྣང་བ་བཞིན་སྒྱུ་མ་མཁན་མ་རིག་པའི་རྒན་པོ་དེས། རྒྱུ་གཟུང་འཛིན་གཉིས་ལ། རྐྱེན་ལས་དང་ཉོན་མོངས་པའི་རིགས་སྔགས་ཀྱིས་བཏབ་པས། མཐོ་སྲིད་རྩེ་ནས་དམའ་རྡོ་རྗེ་དམྱལ་བའི་བར་གྱི་སྒྱུ་མའི་སྣང་བ་ལྟ་བུའི་འགྲོ་བ་རིགས་དྲུག་པོའི་སྣང་བ་སྣ་ཚོགས་ཤར་བ་ཡིན་ཀྱང་། དཔེར་ན་ཤིང་བུ་རྡེའུ་དེ་ལ་དང་པོ་སྔགས་ཀྱིས་མ་བཏབ་པ་དང་། མཐར་སྔགས་ཀྱིས་ཞི་བར་བྱས་པའི་དུས་གཉིས་སུ་སྒྱུ་མའི་སྣང་བ་དེ་གྲུབ་ཅིང་བར་དུ་རྐྱེན་གྱི་དབང་གིས་སྣང་བ་བཞིན། སེམས་ཉིད་བདེ་བར་གཤེགས་པའི་སྙིང་པོ་དེ་ཐོག་མ་གཞི་མ་འཁྲུལ་བའི་གནས་སྐབས་དང་། མཐར་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་སུའང་འཁྲུལ་སྣང་སྒྱུ་མ་ལྟ་བུ་དེ་མ་གྲུབ་ཀྱང་། འོན་ཀྱང་གློ་བུར་འཁྲུལ་བའི་དབང་གིས་སྒྱུ་མའི་སྣང་བ་ལྟར་འཁྲུལ་བ་ཡིན་པས་འཁྲུལ་སྣང་འདི་དག་སྒྱུ་མ་ལ་སོགས་པའི་དཔེ་བརྒྱད་དུ་བསམ་ཞིང་ཡང་དང་ཡང་དུ་དཔྱད་འཇོག་སྤེལ་མར་བསྒོམ། ཐུན་གྱི་རྗེས་སུ་ཐམས་ཅད་འདྲ། ཐུན་མཚམས་སུ་དབྱེ་བ་རྣམས་ལ་དཔེ་བལྟས་དང་བསམ་དཔྱོད་བྱེད། དེ་དག་གིས་འཇུག་པའི་བསླབ་བྱ་རྣམས་སོང་།
གསུམ་པ། རྡོ་རྗེ་སེམས་དཔའི་སྒོམ་བཟླས། གསུམ་པ་འགལ་རྐྱེན་སྡིག་སྒྲིབ་སྦྱང་བ་བླ་མ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ལ། ཟབ་མོའི་ལམ་གྱི་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བ་ལ་བར་དུ་གཅོད་པ་སྡིག་སྒྲིབ་ཡིན་པས་ལས་དང་པོ་པའི་གནས་སྐབས་སུ་ལས་སྒྲིབ་གཙོ་བོར་སྦྱང་དགོས་པས། སྡིག་སྒྲིབ་ཞེས་པ་ནི་སྒྲིབ་པ་སྤྱིའི་མིང་ཡིན་པས་དེ་ལ་བཞི་སྟེ་ལས་དང་། ཉོན་མོངས།
ཤེས་བྱ་དང་བག་ཆགས་ཀྱི་སྒྲིབ་པ་དང་བཞི་ཡིན་ལ། དང་པོ་ལས་ཀྱི་སྒྲིབ་པ་ནི། རང་བཞིན་དང་བཅས་ལྟུང་གཉིས་ལས་རང་བཞིན་གྱི་སྡིག་པ་ནི་སྟོན་པའི་བཅས་པ་དང་མ་འབྲེལ་བ་རང་བཞིན་དངོས་པོ་དེ་སྒྲུབ་ནས་བཟུང་རང་གི་རང་གིས་སྡིག་པ་ཡིན་པ་རྣམས་ཡིན་ཏེ་སྲོག་བཅད་པ་ལྟ་བུ་དང་། བཅས་ལྟུང་ནི་རང་བཞིན་མི་ཕལ་བས་བསྒྲུབ་ན་སྡིག་པར་མི་འགྱུར་བ་རབ་ཏུ་བྱུང་བ་ཞིག་གིས་བ སྒྲུབ་ན་སྡིག་པར་འགྱུར་བ་རྩྭ་སྔོན་གཅོད་པ་ལྟ་བུ་ཡིན་པས་ན་སྟོན་པའི་བཅས་པ་དང་མ་འབྲེལ་བ་རང་བཞིན་གྱི་སྡིག་པ་མི་དགེ་བ་བཅུ་དང་མཚམས་མེད་པ་ལྔ་ལ་སོགས་པ་རྣམས་ཡིན། རང་བཞིན་དང་བཅས་ལྟུང་གཉིས་ཀ་ཡིན་པ་ནི་སྲོག་གཅོད་ཀྱི་ཕམ་པ་ལྟ་བུ་སྟེ། རང་བཞིན་གྱི་སྡིག་པ་སྲོག་གཅོད་དང་བཅས་པའི་ལྟུང་བ་ཕམ་པར་འགྱུར་བ་ལྟ་བུའོ། ། བཅས་རྐྱང་ནི་རྩྭ་སྔོན་གཅོད་པ་ལྟ་བུ་སྟེ་རང་བཞིན་མི་ཕལ་པས་རྩྭ་སྔོན་པོ་བཅད་ན་སྡིག་པར་མི་འགྱུར་བ། བཅས་ལྡན་དགེ་སློང་གིས་རྩྭ་སྔོན་བཅད་ན་ལྟུང་བྱེད་དུ་འགྱུར་བ་མི་ཕལ་པས་དུད་འགྲོ་ཞིག་དངོས་སུ་བསད་པ་དང་དགེ་སློང་གི་རྩྭ་སྔོན་བཅད་པ་གཉིས་ལ་སྡིག་པ་ཆེ་ཆུང་མེད་པ་ཡིན། དེས་ན་བཅས་པའི་ལྟུང་བ་ཕྱི་སོ་ཐར། ནང་བྱང་སེམས། གསང་བ་སྔགས་ཀྱི་དམ་ཚིག་དང་འགལ་བ་ཐམས་ཅད་ཡིན། ལྟུང་བ་གོང་ནས་གོང་དུ་ཉེས་པ་ཇེ་ཆེ་ཇེ་ཆེར་འགྲོ་བ་ཡིན། དཔེར་ན་ཤིག་གཅིག་མི་ཕལ་བ་ཞིག་གིས་བསད་ན་སྲོག་གཅོད་ཀྱི་སྡིག་པ་གཅིག་འབྱུང་ལ། བྱང་ཆུབ་སེམས་དཔའ་ཞིག་གིས་བསད་ན་སྲོག་གཅོད་ཀྱི་སྡིག་པ་འགྱུར་བར་མ་ཟད་མ་བསད་པའི་ཉེས་པ་འབྱུང་བ་ཡིན་ལ། འོ་ན་མ་བསད་པའི་ཉེས་པ་འབྱུང་ན་མཚམས་མེད་པའི་ལས་སུ་འགྱུར་རོ་སྙམ་ན་དེར་མི་འགྱུར་ཏེ་ཚེ་འདིའི་ལུས་བསྐྱེད་པའི་མ་མ་ཡིན་པས་མཚམས་མེད་དུ་མི་འགྱུར། སྔགས་པ་ཞིག་གིས་ནི་སྲོག་གཅོད་ཀྱི་སྡིག་པ་དང་མ་བསད་པའི་ཉེས་པ་གཉིས་ཀའི་སྟེང་དུ་དཔལ་རྡོ་རྗེ་སེམས་དཔའ་བསད་པའི་ཉེས་པ་དང་དེའི་རྟོག་ཚོགས་ལྷ་བཞི་བཅུ་ཞེ་གཉིས་པོ་བསད་པའི་སྡིག་པ་འབྱུང་བས་ན་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མར་སྡིག་པ་རྣམས་གོང་ནས་གོང་དུ་འཕེལ་བ་ཡིན། དེས་ན་སོ་ཐར་གྱི་ཉེས་བྱས་བྱང་སེམས་ཀྱི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་སུ་འགྱུར་བ་ཡིན་པས་སོ་ཐར་གྱི་ཤམ་ཐབས་ཟླུམ་པོར་བགོ་པར་བྱའོ་གསུངས་པ་དེ། ལེགས་པར་མ་བགོས་ན་ཉེས་བྱས་སུ་འགྱུར་ལ། བྱང་སེམས་ཀྱི་ཉེས་སྤྱོད་སྡོམ་པ་དང་འགལ་བ་རྩ་ལྟུང་དུ་འགྱུར་ཞིང་། སྔགས་ཀྱི་བདེ་གཤེགས་བཀའ་འདས་ཀྱི་རྩ་བའི་ལྟུང་བར་འགྱུར་བ་ཡིན། དེས་ན་རང་བཞིན་དང་བཅས་ལྟུང་རྣམས་དང་འགལ་བ་རྣམས་ལས་ཀྱི་སྒྲིབ་པ་ཡིན་པས་དེས་གང་ལ་སྒྲིབ་ན་མཐོ་རིས་ལྷ་མིའི་གོ་འཕང་ཐོབ་པ་ལ་སྒྲིབ་པ་ཡིན། ཉོན་མོངས་པའི་སྒྲིབ་པ་ནི་ལས་དེ་དག་ཀུན་ནས་སློང་བར་བྱེད་པའི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དང་། དེ་དག་བསྡུ་ན་དུག་ལྔ་དུག་གསུམ་གྱི་རྟོག་པ་དང་། དེ་ཡང་བསྡུ་ན་ཚུལ་མིན་ཡིད་བྱེད་ཀྱི་རྟོག་པ་གཅིག་པུར་འདུ་བ་ཡིན་ལ། དེས་གང་ལ་སྒྲིབ་ན་ཐར་བ་ཉན་རང་གི་གོ་འཕང་ཐོབ་པ་ལ་སྒྲིབ་པ་ཡིན། ཤེས་བྱའི་སྒྲིབ་པ་ནི་འཁོར་གསུམ་བདེན་པར་ཞེན་པའི་རྟོག་པ་དང་། བག་ཆགས་ཀྱི་སྒྲིབ་པ་ནི། མདོ་ལྟར་ན་ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་བའི་གནས་སྐབས་དང་། སྔགས་ལྟར་ན་སྣང་གསུམ་འཕོ་བའི་བག་ཆགས་ཞེས། སྒྲིབ་པ་ཤིན་ཏུ་ཕྲ་བ་ཡིད་ཀྱི་རང་བཞིན་ཅན་གྱི་ལུས་ལ་བརྟེན་པའི་རགས་པ་ལུས་བསྐྱེད་པའི་རྒྱུའམ་ས་བོན་དཀར་ཆའི་བག་ཆགས་དང་། རགས་པ་ངག་བསྐྱེད་པའི་རྒྱུ་དམར་ཆའི་བག་ཆགས། ཡིད་བསྐྱེད་པར་བྱེད་པའི་རྒྱུའམ་ས་བོན་དཀར་དམར་གཉིས་འཚོགས་པའི་ཆ་ནག་ལམ་མམ་རླུང་གི་རྒྱུ་བ་ཤིན་ཏུ་ཕྲ་མོའི་བག་ཆགས་རྣམས་ཡིན་པས། དེ་གཉིས་ཀས་ག ང་ལ་སྒྲིབ་ན་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་ལ་སྒྲིབ་པ་ཡིན། དེ་ལྟར་སྒྲིབ་པ་དེ་རྣམས་ཀྱིས་བྱེ་བྲག་ཏུ་མཐོ་རིས་སོགས་ལ་སྒྲིབ་པ་ཡིན། སྤྱིར་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་བཞིན་ཉིད་ལ་སྒྲིབ་པ་ཡིན་པས། དེ་ལྟ་བུའི་གནས་ལུགས་དེ་ལ་མིང་བཏགས་ན། ཆོས་ཉིད་དེ་བཞིན་ཉིད་དེ་ཁོ་ན་ཉིད། ཡང་དག་པའི་མཐའ། ཆོས་ཀྱི་དབྱིངས། ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྐྱོན་མེད་པ། བདེ་བར་གཤེགས་པའི་སྙིང་པོ་ལ་སོགས་པ་ནི་མདོ་སྔགས་ཐུན་མོང་གི་མིང་ཡིན་ལ། གསང་སྔགས་ལྟར་ན། རང་བཞིན་རྣམ་དག་གི་སངས་རྒྱས། ངོ་བོ་ཡེ་དག་གི་སངས་རྒྱས། གཞི་ལྷུན་གྲུབ་ཀྱི་སངས་རྒྱས་ཞེས། ཧེ་རུ་ཀ་གལྤོ་ལས། གནས་ལུགས་ངོ་བོ་ཉིད་ཀྱི་གཞི། ། ལྷག་པའི་ཆོས་སྐུ་བཅིང་གྲོལ་མེད། ། ཅེས་པས་སེམས་ཀྱི་བབས་སམ་གཤིས་ཡིན་ལུགས་སམ་སྡོད་ལུགས་ལ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ལས་དང་ཉོན་མོངས་པའི་དྲི་མ་གཤིས་ལ་ཞུགས་མ་མྱོང་བ་དཔེར་ན་ནམ་མཁའ་འམ་ཉི་མའི་དཀྱིལ་འཁོར་ལྟ་བུའི་རྒྱལ་བ་སྐུ་གསུམ་གྱི་ཡོན་ཏན་ཐམས་ཅད་མ་བཙལ་ཡེ་རྫོགས་སུ་གནས་པ་གཞི་སེམས་ཅན་ཀྱི་དུས་ན་ངན་དུ་མ་སོང་བས་ཡོན་ཏན་བྲི་བ་མེད་པ། འབྲས་བུ་སངས་རྒྱས་ཀྱི་དུས་ན་བཟང་དུ་མ་སོང་བས་ཡོན་ཏན་འཕེལ་བ་མེད་པས་ཡོན་ཏན་འཕེལ་འགྲིབ་དང་བྲལ་བ་གློ་བུར་གྱི་དྲི་མ་གཤིས་སུ་མ་ཞུགས་པས་རང་གི་ངོ་བོས་ཡེ་ནས་དག་པ་ངོ་བོ་ཡེ་དག་གི་རང་བཞིན་ཅན་ཡེ་ནས་བཅིང་གྲོལ་ལས་འདས་པའི་ཡེ་ཤེས་དེ། གནས་ལུགས་ངོ་བོ་ཉིད་ཀྱི་གཞིའམ་ཡེ་དོན་གྱི་ཀུན་གཞི་ཞེས་བརྗོད་པ་ཡིན། དེ་ལ་གཞི་ཞེས་པའང་རྟོགས་ན་མྱ་ངན་ལས་འདས་པའི་བསྐྱེད་བྱ་སྐྱེད་བྱེད་ཀྱི་གཞི་མཚན་ཉིད་པ་ཡིན་ལ། མ་རྟོགས་ན་འཁོར་བའི་ཆོས་ཐམས་ཅད་ཀྱི་མེད་ན་མི་འབྱུང་བའི་གཞི་ཡིན་པས་ན་གཞི་ཞེས་མིང་བཏགས་པ་ཡིན། དེ་ལྟར་ཡེ་ནས་སངས་རྒྱས་པའི་རང་བཞིན་ཅན་ཡིན་ན་སངས་རྒྱས་གོ་མི་ཆོད་པ་ནི། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། ། འོན་ཀྱང་གློ་བུར་དྲི་མས་བསྒྲིབས། ། ཞེས་པ་བཞིན། སངས་རྒྱས་གོ་མི་ཆོད་པའི་རྒྱུ་ནི་གློ་བུར་གཉིས་འཛིན་འཁྲུལ་པའི་དྲི་མས་བསྒྲིབས་པ་ཡིན་པས་ན། གློ་བུར་གྱི་དྲི་མ་དེ་ལ་དབྱེ་ན་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་ཡོད་ནའང་དེ་ཐམས་ཅད་བསྡུ་ན་ཕུང་པོ་ལྔ། དེ་ཡང་བསྡུ་ན་བློ་རྣམ་པར་རྟོག་པ་བྲེང་བྲེང་པོ་འདི་ཡིན་པས་འདི་ལ་མིང་ཞིག་བཏགས་ན། འཁྲུལ་བས་བཏགས་པའི་གཞི་ཞེས་འཁྲུལ་སྣང་འཁོར་བའི་ཆོས་ཐམས་ཅད་ཀྱི་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་མཚན་ཉིད་པ་ཡིན། དེས་ན་ཀུན་གཞིའི་མེ་ལོང་ལ་རྟོགས་པའི་གཟུགས་བརྙན་འཆར་བར་བྱེད་པ་ལ། སྒྲིབ་པ་རྣམས་དག་དགོས་ཏེ། སྒྲིབ་པ་དག་ན་རྟོགས་པ་ངང་གིས་འཆར། ། ཞེས་པ་བཞིན། ལས་དང་པོ་པས་ལས་ཀྱི་སྒྲིབ་པ་གཙོ་བོར་སྦྱང་དགོས། དེ་སྦྱོང་བར་བྱེད་པའི་ཐབས་ལ་རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས། སོ་སོར་ཐར་པའི་ཕྱིར་བཅོས་ཕམ་ལྷག་སོགས་རང་རང་གི་སྐབས་ནས་བཤད་པ། བྱང་སེམས་ཀྱི་ཕུང་པོ་གསུམ་པའི་མདོ་ཞེས། ཕྱག་འཚལ་བའི་ཕུང་པོ། སྡིག་པ་བཤགས་པའི་ཕུང་པོ། ཡི་རང་ངམ་བསྔོ་བའི་ཕུང་པོ་ཞེས་ཕུང་པོ་གསུམ་པའི་མདོ་དང་། ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པའི་བཤགས་ཆོག་ལ་སོགས་པ། མདོར་ན་དཀར་པོ་དགེ་བའི་ལས་སྒྲུབ་པ་ཐམས་ཅད་སྡིག་པ་བཤགས་པའི་ཐབས་ཁོ་ན་ཡིན་པས། སོ་ཐར་གྱི་བཤགས་པ་མཚན་ཉིད་པས་རང་སའི་ལྟུང་བ་ཐམས་ཅད་དག་སྟེ་རྒྱུ་ལྟུང་བ་དང་རྣམ་སྨིན་ལྟུང་བ་གཉིས་ཀ་ལས་ལྡང་ནུས་ལ། བྱང་ཆུབ་སེམས་དཔའི་ལྟུང་བ་རྣམས་སོ་ཐར་གྱི་བཤགས་པས་མི་འདག་ལ། བྱང་སེམས་དང་སྔགས་ཀྱི་བཤགས་པས་རང་སའི་རྒྱུ་ལྟུང་བ་དང་རྣམ་སྨིན་ལྟུང་བ་གཉིས་ཀ་ལས་ལྡང་བར་མ་ཟད། འོག་མ་དག་གི་རྣམ་སྨིན་ལྟུང་བ་ལས་ཀྱང་ལྡང་ནུས་པ་ཡིན་པས་ན། མདོ་སྔགས་ཀྱི་སྡིག་པ་བཤགས་པའི་ཐབས་དུ་མ་ལས་བླ་མ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་འདི་ཁྱད་པར་དུ་འཕགས་པ་ཡིན་ཏེ། རྡོ་རྗེ་སེམས་དཔས་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ། མ་འོངས་པ་ན་བདག་གི་མཚན་ཙམ་འཛིན་པ་ཐམས་ཅད་ཀྱི་སྡིག་ལྟུང་ཐམས་ཅད་དག་པ་ཞིག་འོང་བར་ཤོག དེ་ལྟར་མ་ཡིན་ན་བདག་འཚང་མི་རྒྱ་བར་ཤོག་ཅེས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་ཤིང་སྨོན་ལམ་བཏབ་པས་སྨོན་ལམ་ཐམས་ཅད་ཡོངས་སུ་འགྲུབ་ནས་བླ་མ་རྡོ་རྗེ་སེམས་དཔར་སངས་རྒྱས་པ་ཡིན་པས་ན། ཕྱོགས་བཅུའི་སངས་རྒྱས་རེ་རེའི་མདུན་དུ་ཕྱིན་ནས་བཤགས་པའི་ཐབས་འབད་པ་བས། དཀྱིལ་འཁོར་ཐམས་ཅད་ཀྱི་སྤྲོ་དང་སྡུད་པའི་བྱེད་པོ་བླ་མ་དང་རྡོ་རྗེ་སེམས་དཔའ་གཉིས་སུ་མེད་པར་བསྒོམ་ནས་བཤགས་པ་བྱས་ན། སྔ་མ་ལས་ཁྱད་པར་དུ་གྱུར་བ་ཡིན་པས་ན། སྐབས་འདིར་ཀུན་འདུས་ནོར་བུའི་ལུགས་སུ་བསྒོམ་པ་ཡིན། དེ་ལ་བཤགས་པ་ཐམས་ཅད་གཉེན་པོ་སྟོབས་བཞིའི་བཤགས་པ་ཚང་དགོས་ཏེ། ཞི་བ་ལྷས། སྦྱང་བྱ་སྡིག་པའི་སྒོ་དྲུག་ནི། ། སྦྱོང་བྱེད་གཉེན་པོ་སྟོབས་བཞིས་སྦྱངས། ། སྦྱངས་ཚུལ་དམ་པ་གསུམ་ལྡན་པས། ། ཞེས་གསུངས་པ་བཞིན། དང་པོ་སྡིག་པ་བཤགས་པའི་རྟེན་ནམ་ཡུལ་ནི་སོ་ཐར་གྱི་མཁན་སློབ་དགེ་འདུན་དང་བཅས་པའམ། བྱང་སེམས་ཀྱི་བླ་མ་དགེ་བའི་བཤེས་གཉེན་ནམ། གྲོགས་ཚངས་པ་མཚུངས་པར་སྤྱོད་པའམ། ལྟུང་བཤགས་ཀྱི་སངས་རྒྱས་སུམ་ཅུ་སོ་ལྔ་དང་། ཐར་པ་ཆེན་པོའི་ཕྱོགས་བཅུའི་སངས་རྒྱས་སོགས་ཡིན་ལ། གསང་སྔགས་ཀྱི་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཡིན། སྐབས་འདིར་བླ་མ་རྡོ་རྗེ་སེམས་དཔའ་ཡིན་ཏེ། དེ་ཡང་རྟེན་གྱི་སྟོབས་ལ། ཕྱི་ཡི་རྟེན་གྱི་སྟོབས་དང་། ནང་གི་རྟེན་གྱི་སྟོབས་གཉིས་ཡོད། ཕྱིའི་རྟེན་གྱི་སྟོབས་ནི། སྐབས་འདིར་བླ་མ་རྡོ་རྗེ་སེམས་དཔའ་བསྒོམ་པ་ཡིན། ནང་གི་རྟེན་གྱི་སྟོབས་ནི། སྐྱབས་འགྲོ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་ཁྱད་པར་སྙིང་རྗེ་ཆེན་པོ་བསྐྱེད་པ་ཡིན་པས་སྐབས་འདིར་ཀུན་སློང་བཅོས་པ་གལ་ཆེ། དེ་ལྟར་ཕྱི་རྟེན་གྱི་སྟོབས་ཀྱི་ངོ་བོ་དད་པ་ཡིན་ལ། སུན་འབྱིན་པའི་སྟོབས་ཀྱི་ངོ་བོ་འགྱོད་པ་ཡིན། སོར་ཆུད་པའི་སྟོབས་ཀྱི་ངོ་བོ་ཕྱིན་ཆད་སྡོམ་སེམས་ཡིན། གཉེན་པོ་ཀུན་སྤྱོད་ཀྱི་སྟོབས་ཀྱི་གཉེན་པོའི་ངོ་བོ་ཆོས་ལ་དོན་གཉེར་གྱི་འདུན་པ་བསྐྱེད་པ་ཡིན། དེ་ལ་དང་པོ་རྟེན་གྱི་སྟོབས་བསྒོམ་པའི་དུས་འདིར། རང་ལུས་ལྷར་གསལ་བའི་སྤྱི་བོ་དང་། རང་ལུས་འཛིན་མེད་ཀྱི་སྤྱི་བོར་བསྒོམ་པ་སོགས་ཡོད་ཀྱང་། སྐབས་འདིར་བདག་ལས་ངན་པོ། སྡིག་རྒན་པོ། ཕུང་རྒན་པོའི་སྤྱི་བོའི་སྤུ་འཁྱིལ་གྱི་ཁར་ཟུག་པའི་པདྨའི་ཡུ་བ་སོར་བཞི་པ་མེ་ཏོག་པདྨ་དཀར་པོ་འདབ་མ་འབུམ་ཕྲག་བརྡལ་བ་ཟེའུ་འབྲུ་དམར་སེར་གྱེས་པའི་སུམ་ཆ་གཉིས་ནོན་པའི་ཟླ་བའི་དཀྱིལ་འཁོར་ཆ་ཤས་ཡོངས་སུ་རྫོགས་པའི་སྟེང་དུ་ངོ་བོ་མཚུངས་མེད་ཐུགས་རྗེ་གཏེར་མཛོད་དཔལ་ལྡན་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་ཡི་གེ་ཧཱུྃ་ཡིག་དཀར་པོ་ཚོན་གང་བ་ཞིག་ལ་སེམས་བཟུང་སྟེ་ཧཱུྃ་དེ་ཡང་རང་གི་ཁ་ལྟ་ཕྱོགས་སུ་བྲང་གཏད་པར་བསྒོམ་ནས་དེ་བླ་མ་སངས་རྒྱས་སུ་ཤེས་པ་ལ་སོགས་པ་ལྔའི་སྒོ་ནས་གསོལ་བ་དུང་དུང་བ་ཞིག་བཏབ་པས་བླ་མའི་ཐུགས། སྙིང་རྗེ་ཆེན་པོས་མ་བཟོད་ནས་བདེ་བ་ཆེན་པོའི་ངོ་བོར་ཧཱུྃ་ཡིག་དེ་འགུལ་བ་ལྟར་གྱུར་ནས་ཆུ་ལས་ཉ་ལྡང་པའི་ཚུལ་གྱིས་བླ་མ་རྡོ་རྗེ་སེམས་དཔའ་གངས་ཀྱི་རི་བོ་ལ་ཉིན་བྱེད་འབུམ་གྱི་གཟི་བྱིན་གྱིས་འཁྱུད་པ་ལྟ་བུ་སོགས་ནི་གོ་སླའོ། ། དེ་ལྟར་མི་ལས་འདས་པའི་སྤྱན་གྱིས་ནི་གཟིགས། མི་ལས་འདས་པའི་སྙན་གྱིས་ནི་གསན། མི་ལས་འདས་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཐུགས་ཀྱིས་དགོངས་ཤིང་བདག་ལ་ཞལ་གྱིས་ཕྱོགས། སྙན་གྱིས་གསན། ཐུགས་ཀྱིས་དགོངས་པར་བསམ་སྟེ། དེ་ཡང་བླ་མ་རྡོ་རྗེ་སེམས་དཔའ་དེ་ཐུགས་མ་དགྱེས་དགྱེས་གྱུར་ནས་ཞལ་ངོ་ནག་ཏིང་ངེ་བཞུགས་པར་བསམ་པ་ཡིན། དེ་ནས་དེ་ལ་ཡིད་ཁྱེད་ཤེས་ཀྱི་དད་པ་བསྐྱེད་པ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གཉིས་ཀ་གལ་ཆེ་ཤོས་ཡིན་པས་ཕྱིའི་རྟེན་གྱི་སྟོབས་ལས་ནང་གི་རྟེན་གྱི་སྟོབས་དད་པ་དང་སྐྱབས་སུ་འགྲོ་བ་སེམས་བསྐྱེད་པ་གཙོ་ཆེ་བས་འབད་དེ་བསྐྱེད་དགོས། དེ་ནས་སུན་འབྱིན་པའི་སྟོབས་ལ་སྦྱང་བྱ་སྡིག་པའི་སྒོ་དྲུག་པོ་ཡིན་ཏེ། དང་པོ་དུས་ཀྱི་སྒོ་འཁོར་བ་ཐོག་མ་མེད་པ་ནས་དུས་ཉི་མ་དེ་རིང་གི་བར་དུ་བསགས་པའི་སྡིག་པ་དང་ཚེ་འདིར་རང་བཞིན་དང་བཅས་ལྟུང་གི་སྡིག་པ་རང་གི་ཡིད་ལ་དྲན་པ་ལོ་འདི་དང་། ཟླ་བ་འདི་དང་། ཉི་མ་འདི་དང་། དུས་ཚོད་འདི་ལ་སྡིག་པ་འདི་ལྟ་བུ་བདག་གིས་བགྱིས་པ། གཞན་ལ་བགྱིད་དུ་སྩལ་བ། བགྱིས་པ་ལ་རྗེས་སུ་ཡི་རང་བྱས་པའི་སྡིག་པ་དེ་དག་ཐམས་ཅད་སེམས་ཀྱི་སྒོ་ནས་མི་གསང་། ལུས་ཀྱི་སྒོ་ནས་མི་འཆབ། ངག་གི་སྒོ་ནས་མཐོལ་ལོ་བཤགས་སོ་ཞེས་བཤགས་དགོས། དེ་ཡང་རང་གི་ཉེས་པ་བྱས་པ་དེ་སུས་མ་མཐོང་བས་རྒྱལ་བ་སྲས་བཅས་ཀྱིས་ཀྱང་མི་གཟིགས་སྙམ་ན་མ་ཡིན་ཏེ། མ་མཐོང་བཞིན་དུ་སྡིག་པ་བྱེད་ནའང་། དུག་ཟོས་བཞིན་དུ་བདེ་བར་ག་ལ་འགྱུར། ལྷ་དང་རྣལ་འབྱོར་ཅན་གྱི་དྲང་སྲོང་གིས། ། རྣམ་དག་མིག་གིས་མི་མཐོང་སྲིད་དོ། ། ཞེས་པའམ། ཨ་བུས། རྟོག་ངན་དུག་རོ་ཁོང་དུ་སྦས་ཀྱང་། ། འཆི་ཁ་ཚུན་ཆད་མི་མངོན་མི་སྲིད། ། ཅེས་པ་བཞིན་དུ། རྒྱལ་བ་སྲས་དང་བཅས་པས་དཔེར་ན་ལོང་བ་ཞིག་གི་མཐའ་མིག་ཅན་བརྒྱས་བསྐོར་བ་བཞིན་མི་མཐོང་བ་དང་མི་གཟིགས་པ་མི་སྲིད་པས། རང་གི་ཡིད་ལ་དྲན་པ་ཐམས་ཅད་དངོས་སུ་བརྗོད་དེ་ངོ་ཚ་འཇིགས་སྐྲག་འགྱོད་པ་དང་བཅས་པའི་སྒོ་ནས་བཤགས། མི་དྲན་པ་རྣམས་ནི་རྒྱལ་བ་སྲས་དང་བཅས་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཟིགས་པའི་ཡུལ་དུ་གྱུར་པའི་སྡིག་པ་ཐམས་ཅད་དང་། གཉིས་པ་ཀུན་སློང་གི་སྒོ་ལས་དེ་ཀུན་ནས་སློང་བྱེད་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གསུམ་གྱིས་ཀུན་ནས་བསླངས་བའི་སྡིག་པ་ཐམས་ཅད་དང་། གསུམ་པ་འགྲིམ་པའི་སྒོའམ་བསགས་པའི་སྒོ་ལུས་ངག་ཡིད་གསུམ་གྱི་སྡིག་པ་མི་དགེ་བ་བསགས་པ་ཐམས་ཅད་དང་། བཞི་པ་ངོ་བོའི་སྒོ་རང་བཞིན་གྱི་སྡིག་པ་མི་དགེ་བ་བཅུ་དང་། མཚམས་མེད་པ་ལྔ་ལ་སོགས་པ་དང་། བཅས་པའི་ལྟུང་བ་ཕྱི་སོ་ཐར་དང་། ནང་བྱང་སེམས། གསང་བ་རིག་འཛིན་སྔགས་ཀྱི་སྡོམ་པ་དང་འགལ་བ་ཐམས་ཅད། ལྔ་པ་ཡུལ་གྱི་སྒོ། སྲིད་པ་འཁོར་བ་དང་། ཞི་བ་མྱ་ངན་ལས་འདས་པའི་ཡུལ་གཉིས་ལ་བརྟེན་ནས་བསགས་པའི་སྡིག་པ་ཐམས་ཅད། དྲུག་པ་བྱེད་ལས་ཀྱི་སྒོ་ཚེ་འདིར་ཚེ་ཐུང་། ནད་མང་། ནོར་དབུལ། དགྲས་འཇིགས་པ་སོགས་དང་། ཕྱི་མ་ངན་སོང་ངན་འགྲོ་མུ་མཐའ་མེད་པར་འཁྱམས་པ་ལ་སོགས་པའི་རྒྱུ་སྡིག་ལྟུང་ཐམས་ཅད་ལ་དུག་དྲག་པོ་ཁོང་དུ་སོང་བ་ལྟ་བུའི་གནོང་འགྱོད་དྲག་པོ་དང་བཅས་ཏེ་བླ་མ་རྡོ་རྗེ་སེམས་དཔའ་ཁྱེད་ཀྱི་བདག་ལ་སྤྱན་གྱིས་གཟིགས། སྙན་གྱིས་གསོན། ཐུགས་ཀྱིས་དགོངས་དང་། ཁྱེད་ལ་དེ་རིང་ལེགས་པོ་ཞིག་ཞུ་རྒྱུ་མེད་དེ། བདག་གིས་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ་བསགས་པའི་སྡིག་པ་ཐམས་ཅད་ཁྱོད་ཀྱི་སྤྱན་སྔར་མི་འཆབ་མི་སྦེད་མཐོལ་ལོ་བཤགས་སོ་གནོང་ངོ་འགྱོད་དོ་སྙམ་དུ་བཤགས་ཏེ་བདག་གི་སྡིག་པ་དེ། དུས་ད་ལྟ་ཉིད། མྱུར་བ་ཉིད། འདུག་ས་འདི་རུ། གདན་ས་འདི་རུ་དག་པ་ཁྱེད་མཁྱེན་སྙམ་སྟེ་ཉག་བསྡུངས་ཤིང་བཤགས་དགོས་ཏེ། དཔེར་ན་བདག་ལ་མི་གཅིག་གིས་ཊམ་ཕྱེད་ལྟ་བུའི་དངོས་པོ་ཕྲན་བུ་རེ་དགོས་པ་ལ་ཉག་བསྡུངས་ཏེ་སྙེག་པ་ཡིན་ན། སྡིག་པ་དག་པ་ལ་ཉག་བསྡུངས་ཏེ་བཤགས་ཅིའི་ཕྱིར་མི་དགོས། གསུམ་པ་སོར་ཆུད་པའི་སྟོབས་ནི། དཔེར་ན་ར་བ་སོགས་སྔར་ཞིག་པ་ཕྱིས་སོར་ཆུད་པ་དང་མཚུངས་པར་སོ་བྱང་སྔགས་གསུམ་གྱི་སྡོམ་པ་ཞིག་རལ་དུ་གྱུར་པ་ཕྱིས་བཤགས་པས་སོར་ཆུད་ནས་ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བྱེད་སྙམ་པའི་དམ་བཅའ་བ་ཡིན། དེ་ཡང་རང་རེ་རྣམས་ཀྱིས་སོ་བྱང་སྔགས་གསུམ་གྱི་སྡོམ་པ་ཐམས་ཅད་བླངས་ཚར་བས་སེབ་སེལ་བྱེད་རྒྱུ་མེད་ཀྱང་། འོན་ཀྱང་ཕྱིན་ཆད་མི་བགྱིད་དོ་སྙམ་པའི་ཁ་ཆེན་པོ་རེ་གྲག་པས་ཅི་ཡང་མི་འོང་པས་ད་ལྟའི་དུས་ཀྱི་བླ་མ་དང་སེར་མོ་བ་རྣམས་ཀྱིས་ལྟུང་བཤགས་ཀྱི་མི་འཆབ་བོ། ། མི་སྦེད་དོ། ། སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ། ། ཞེས་ཁ་ནས་འདོན་ཞོར་དུ་མི་དགེ་བ་ཤ་སྟག་སྒྲུབ་འདུག་པ་འདི་ལྟ་བུ་ཡིན་པས། དེས་ན་དང་པོ་སྲོག་གཅོད་ལྟ་བུ་གཅིག་པུ་ལའང་རང་གིས་མི་སོད་རྒྱུ་རྣམས་མི་གསོད་ཅེས་དམ་བཅས་ན་སྲོག་གཅོད་སྤངས་པའི་ཚུལ་ཁྲིམས་དང་ལྡན་ཅིང་ཕན་ཡོན་ཐོབ་པ་ཡིན་ལ། དེ་ལྟར་དམ་མ་བཅས་ན་རང་བཞིན་སྡིག་པ་མེད་པ་ཙམ་ལས་སྲོག་གཅོད་སྤངས་པའི་བསོད་ནམས་ཐོབ་རྒྱུ་མེད་པས་དེས་ན། ཁྱིམ་པ་ཕོ་མོ་ཡིན་ནའང་རང་གི་མི་སོད་རྒྱུ་སེངྒེ་དང་འབྲུག་དང་གླང་ཆེན་ལ་སོགས་མི་གསོད་ཅེས་དམ་བཅས་ན་བསོད་ནམས་ཐོབ་པ་ཡིན་པས། དེ་ལྟར་རབ་ཏུ་བྱུང་བ་རྣམས་ཀྱིས་ཀྱང་དང་པོ་ངས་སྲོག་དམར་པོ་འདི་ལ་བབ་ཀྱང་སེངྒེ་མི་གསོད། དེ་ལྟ་བུའི་དམ་བཅའ་དེ་སྲོག་ལ་བབ་ཀྱང་མི་གཏོང་སྙམ་པའི་དམ་བཅའི་ལྕགས་ཀྱུ་གཉིས་པས་ཟིན་པ་རེ་བྱ། ཡང་སེམས་ཅན་རེ་རེ་ནས་དེ་བཞིན་སྲོག་གཅོད་སྤངས་པའི་དམ་བཅའི་ལྕགས་ཀྱུ་གཉིས་པ་རེས་ཟིན་པར་བྱ། དེ་བཞིན་མ་བྱིན་ལེན་པ་སོགས་ནས་མི་དགེ་ལྷག་མ་དགུ་པོ་རེ་རེ་བཞིན་མི་བྱེད་སྙམ་པའི་དམ་བཅའ་དང་། དེ་ལྟ་བུའི་དམ་བཅའ་དེ་ངའི་ཤ་འདི་མཐེབ་བཏོག་བྱས་ནས་བསད་སོང་ན་གཏོང་རེ་ཤི་སྙམ་པའི་དམ་བཅའི་ལྕགས་ཀྱུ་གཉིས་པ་རེས་ཟིན་པར་བྱ། དེ་བཞིན་དུ་མཚམས་མེད་ལྔ་པོ་མི་བྱེད་སྙམ་པའི་དམ་བཅའ་ལྔ། ཉེ་བའི་མཚམས་མེད་ལྔ་པོ་མི་བྱེད་སྙམ་པའི་དམ་བཅའ་ལྔ། ལྕི་བ་བཞི་པོ་མི་བྱེད་སྙམ་པའི་དམ་བཅའ་བཞི། ལྕི་བ་བཞི་ནི། མཁས་པའི་གྲལ་གོང་ལྕི། སྔགས་པའི་ནོར་ལྕི། དགེ་སློང་གི་ཕྱག་ལྕི། སྒྲུབ་པ་པོའི་ཟས་ལྕི་ཞེས་པས་རང་བཞིན་དུ་སྒྲུབ་པ་པོ་ཡིན་ཚད་ཀྱི་ཟས་མ་ཡིན་ཀྱང་ཟས་འདིས་ཟླ་བ་འདི་ཙམ་དུ་བདག་གིས་སྒྲུབ་པ་བྱེད་སྙམ་པའི་བློའི་འཕེན་པ་བཏང་སྟེ་སྒྲུབ་པ་པོ་ཟས་དཀོན་པའི་གང་ཟག་གི་ཟས་རེ་ཟོས་ཏེ་དེ་ལྟར་བློ་འཕེན་པའི་དུས་ལ་ཟས་ཀྱི་མི་འདངས་བར་བྱེད་པའི་རྐྱེན་དུ་གྱུར་པ་ཡིན་ནོ། ། ལོག་པ་བརྒྱད་ནི། དཀར་ནག་ཕྱོགས་ལ་སྨད་དང་བསྟོད། ། དགེ་བ་ཅན་གྱི་ཚོགས་བཅག་དང་། ། དད་པ་ཅན་གྱི་ཐུགས་དཀྲུགས་པ། ། བླ་མ་ལྷ་དང་མཆེད་ལྕམ་སྤངས། ། དཀྱིལ་འཁོར་གཉེན་པོ་དྲལ་ཏེ་བརྒྱད། ། ཅེས་པས། དཀར་པོ་དགེ་བའི་ཕྱོགས་ལ་སྨད་པ་དང་། ནག་པོ་སྡིག་པའི་ཕྱོགས་ལ་བསྟོད་པ་དང་། དགེ་བ་ཅན་གྱི་ཚོགས་བསགས་པ་ལ་བར་དུ་གཅོད་ཅིང་ཚོགས་བཅག་པ་དང་། དད་པ་ཅན་དགེ་བ་བསྒོམ་པ་རྣམས་མི་སྙན་པ་བརྗོད་ནས་ཐུགས་དཀྲུགས་པ་དང་། ཕྱི་མ་བཞི་ནི་གསང་སྔགས་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་ཞལ་ཕྱེས་ནས་དེའི་ཚོགས་གྲལ་དུ་འཐབ་མོ་དང་ངན་ཤག་དང་རྩོད་པ་བྱས་པས་བླ་མ་དང་ལྷ་དང་མཆེད་ལྕམ་དང་། དཀྱིལ་འཁོར་གཉེན་པོ་བྲལ་བ་སྟེ་བཞི་པོ་འབྱུང་བ་ཡིན། དེ་ལྟར་ལོག་པ་བརྒྱད་ལ་མི་བྱེད་སྙམ་པའི་དམ་བཅའ་བརྒྱད། དེ་ནས་ཕྱི་སོ་སོར་ཐར་པའི་སྤངས་པའི་བསླབ་བྱ་དང་པོ་དགེ་བསྙེན་གྱི་རྩ་བཞི་ཆང་ལྔ་པོ་ལ་མི་བྱེད་སྙམ་པའི་དམ་བཅའ་ལྔ། དགེ་ཚུལ་གྱི་རགས་པ་བཅུ་ཞིབ་མོ་སུམ་བཅུ་པོ་རྣམས་དང་འགལ་བར་མི་བྱེད་པའི་དམ་བཅའ་རེ་རེ། དགེ་སློང་གི་དང་པོ་རྩ་བའི་ཕམ་པ་བཞི་པོ་ཡང་སྲོག་ལ་བབ་ཀྱང་འགལ་བར་མི་བྱེད་སྙམ་པའི་དམ་བཅའ་བཞི། དེ་ནས་ལྷག་མ་བཅུ་གསུམ་པོ་ལ་མི་བྱེད་སྙམ་པའི་དམ་བཅའ་བཅུ་གསུམ། སྤངས་ལྟུང་སུམ་ཅུ་དང་། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ་དང་། སོར་བཤགས་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས་པོ་རྣམས་རེ་རེ་ནས་འགལ་བར་མི་བྱེད་སྙམ་པའི་དམ་བཅའི་ལྕགས་ཀྱུ་གཉིས་རེས་ཟིན་པར་བྱ། དེ་ནས་བྱང་ཆུབ་སེམས་དཔའི་ཟབ་མོ་ལྟ་སྲོལ་གྱི་རྩ་ལྟུང་བཅོ་བརྒྱད། སྨོན་འཇུག་གི་བསླབ་བྱ་གཉིས་དང་ཉི་ཤུ། ཉེས་བྱས་བརྒྱད་ཅུ་པོ་རྣམས་ལ་དེ་དང་དེར་འགལ་བར་མི་བྱེད་སྙམ་པའི་དམ་བཅའ་ཉི་ཤུ། རྒྱ་ཆེན་སྤྱོད་པའི་སྲོལ་གྱི། ཀུན་སློང་བཞི། སྦྱོར་བ་བརྒྱད། ཉེས་བྱས་བཞི་བཅུ་ཞེ་དྲུག་པོ་རྣམས་ལ་དམ་བཅའ་རེ་རེ། སྔགས་ཀྱི་བརྟུལ་ཞུགས་ཉེར་ལྔ། ཐུན་མོང་ཕྱི་ནང་གི་རིགས་ལྔའི་སྡོམ་པ་ཕྱི་ནང་གཉིས། རྩ་ལྟུང་བཅུ་བཞི། ཡན་ལག་གི་སྦོམ་པོ་བརྒྱད། རྫོགས་པ་ཆེན་པོ་རྩ་བའི་དམ་ཚིག་ཉེར་བདུན། ཡན་ལག་ཉེར་ལྔ། མེད་ཕྱལ་གཅིག་པུ་ལྷུན་གྱིས་གྲུབ་པའི་དམ་ཚིག་བཞི་ལ། འགལ་བར་མི་བྱེད་སྙམ་པའི་དམ་བཅའ་རེ་རེ་དང་། དེ་ལྟ་བུའི་དམ་བཅའ་དེ་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པའི་དམ་བཅའི་ལྕགས་ཀྱུ་གཉིས་པ་རེ་ཟིན་པར་བྱ་དགོས། དེ་ལྟར་རང་གི་བསྲུང་ནུས་པ་རྣམས་ལ་མི་བྱེད་སྙམ་པའི་དམ་བཅའ་དང་། མི་ནུས་པ་རྣམས་ལ་འདི་དང་འདི་ངས་བསྲུང་ཅི་ནུས་སུ་བསྲུང་བ་ཡིན་ན་བླ་མ་རྡོ་རྗེ་སེམས་དཔའ་ཁྱེད་ཀྱིས་བདག་གི་རྒྱུད་ཡོངས་སུ་དག་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པའི་སྒོ་ནས། དམ་བཅའ་རེ་བྱས་ན་རྒྱུད་ཇེ་དག་ཇེ་དག་སུ་འགྲོ་བ་ཡིན། དེ་ལྟར་མ་ཡིན་པར་སྤོམ་ཡོར་ཙམ་དུ་སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ། ། ཞེས་བརྗོད་པ་ཙམ་གྱིས་ཅི་ཡང་མི་འོང་། གཉེན་པོ་ཀུན་སྤྱོད་ཀྱི་སྟོབས་ནི་མི་དགེ་བའི་གཉེན་པོར་འགྲོ་བའི་དགེ་བ་ཐམས་ཅད་ཡིན་ཀྱང་སྐབས་འདིར་བདུད་རྩི་འབེབ་སྦྱོང་གི་དམིགས་པ་རྣམས་ཡིན། བདག་དོན་ཆོས་སྐུའི་བཟླས་པའི་དུས་སུ་ཡུལ་གོང་མ་རྣམས་ལ་ཡིད་ཆེས་ཀྱི་དད་པ་ཁྱད་པར་བསྐྱེད་དེ། དེ་ནས་འོད་ཟེར་སྤྲོ་བ་ཡིན། གཞན་དོན་གཟུགས་སྐུའི་བཟླས་པའི་དུས་སུ་མར་སེམས་ཅན་ལ་མར་ཤེས་དྲིན་དྲན་སོགས་བསྒོམ་ནས་སྙིང་རྗེ་དྲག་པོ་ཤས་མི་བཟོད་པ་བསྐྱེད་དེ་འོད་ཟེར་སྤྲོ་བསྡུ་བྱེད་པ་ཡིན།
བཞི་པ། མཎྜལ། དེ་ལྟར་འགལ་རྐྱེན་སྡིག་སྒྲིབ་དག་པས་མི་ཆོག་གི་མཐུན་རྐྱེན་ཚོགས་བསགས་དགོས་ཏེ་རྒྱུ་མཚན་ཉིད་ཐེག་པའི་ལམ་གྱི་བསྐལ་བ་གྲངས་མེད་གཅིག་གི་བར་དུ་བསགས་སྦྱངས་གཉིས་སྔོན་དུ་སོང་ནས་གཟོད་མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མཐོང་དགོས་པ་བཞིན། འདིར་ཡང་ཟབ་མོའི་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་བསྐྱེད་པ་ལ་བསགས་སྦྱངས་གཉིས་ཀ་ཚང་དགོས། སྡིག་པ་སྦྱང་ཚུལ་རྡོར་སེམས་སྐབས་ནས་སོང་ཟིན་ལ། ཚོགས་བསགས་པ་ལ། རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལྟ་བུ་ཞིག་ཡོད་ཀྱང་། འདིར་སྣང་བཅས་བསོད་ནམས་ཀྱི་ཚོགས་དང་སྣང་མེད་ཡེ་ཤེས་ཀྱི་ཚོགས་གཉིས། སྣང་བཅས་བསོད་ནམས་ཀྱི་ཚོགས་ནི། སྦྱིན་པ་ནས་བསམ་གཏན་གྱི་བར་གྱི་ཐབས་སྤྱོད་པའི་ཕྱོགས་ལྔ། ཤེས་རབ་ཡེ་ཤེས་ཀྱི་ཚོགས་ཡིན་ལ། དེ་ཡང་ཚོགས་གཉིས་པོ་དེས་འབྲས་བུ་སྐུ་གཉིས་པོ་དེ་ཐོབ་པའི་ཐབས་ལ་གསར་མ་ལྟར་ན་སྣང་བཅས་བསོད་ནམས་ཀྱི་ཚོགས་ཀྱིས་ཉེར་ལེན་གྱི་རྒྱུ་བྱས་སྣང་མེད་ཡེ་ཤེས་ཀྱི་ཚོགས་ཀྱིས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས་སངས་རྒྱས་གཟུགས་ཀྱི་སྐུ་ཐོབ་ལ། སྣང་མེད་ཡེ་ཤེས་ཀྱི་ཚོགས་ཀྱིས་ཉེར་ལེན་གྱི་རྒྱུ་བྱས་ཤིང་སྣང་བཅས་བསོད་ནམས་ཀྱི་ཚོགས་ཀྱིས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས་མཐར་ཐུག་སངས་རྒྱས་ཆོས་ཀྱི་སྐུ་ཐོབ་པར་བཞེད་ལ། རྙིང་མ་ལྟར་ན་ངོ་བོ་ཡེ་དག་གི་སངས་རྒྱས་རྒྱལ་བ་སྐུ་གསུམ་གྱི་ཡོན་ཏན་ཐམས་ཅད་མ་བཙལ་ཡེ་རྫོགས་སུ་གནས་ཀྱང་ལམ་ཚོགས་གཉིས་ཀྱི་རྐྱེན་ལ་མ་ལྟོས་ན་མངོན་དུ་མི་འགྱུར་བས་དཔེར་ན་ནམ་མཁར་ཉི་མའི་དཀྱིལ་འཁོར་ལ་འོད་ཟེར་རང་ཆས་སུ་གནས་ཀྱང་སྤྲིན་གྱིས་བསྒྲིབས་ནས་མི་སྣང་བ་ལ་སྤྲིན་སེལ་བའི་རྒྱུར་རླུང་ལངས་དགོས་ལ་སྤྲིན་སེལ་བའི་རྒྱུ་ཡིན་ཀྱང་ཉི་མའི་སྐྱེད་བྱེད་ཀྱི་རྒྱུ་མཚན་ཉིད་པ་མ་ཡིན་པ་བཞིན། ཚོགས་གཉིས་མ་བསགས་ན་མཐར་འབྲས་སྐུ་གཉིས་མི་ཐོབ་ལ་ཚོགས་གཉིས་པོ་དེ་སྐུ་གཉིས་བསྐྱེད་པའི་རྒྱུ་མཚན་ཉིད་པ་ནི་མ་ཡིན་ཞིང་རྐྱེན་ལ་རྒྱུའི་མིང་གིས་བཏགས་པ་ཡིན། དེས་ན་ཉན་རང་ནས་རྫོགས་པའི་བྱང་ཆུབ་ཆེན་པོའི་བར་ཐམས་ཅད་ཀྱི་འབྲས་བུ་དེ་དག་ཚོགས་གཉིས་མ་བསགས་ན་མི་ཐོབ་ལ། ཚོགས་གཉིས་བསགས་པའི་ཐབས་ཐམས་ཅད་རྣམ་པ་ཀུན་ཏུ་འདྲ་བའང་མ་ཡིན་ཏེ། ཉན་རང་གཉིས་ཀྱི་སྣང་བཅས་བསོད་ནམས་ཀྱི་ཚོགས་ཚུལ་ཁྲིམས་དང་ཏིང་ངེ་འཛིན་བསྒོམ། སྣང་མེད་ཡེ་ཤེས་ཀྱི་ཚོགས་གང་ཟག་གི་བདག་མེད་རྟོགས་པ་དང་ཆོས་བདག་རགས་པ་ཙམ་དུ་རྟོགས། དེ་དག་གིས་གཟུང་བ་རྡུལ་ཕྲན་ཆ་མེད་དང་འཛིན་པ་སྐད་ཅིག་ཆ་མེད་དོན་དམ་དུ་བཞེད་པ་དེ་རིགས་པས་དཔྱད་མ་ནུས་པ་མིན་པར་མ་ཕོད་ནས་བཞག་པ་ཡིན་ཏེ། གཟུང་བ་རྡུལ་ཕྲན་ཆ་མེད་དུ་གྲུབ་པ་མེད་ན་སྣོད་བཅུད་རྩོམ་པའི་རྒྱུ་མེད་པ་དང་། འཛིན་པ་སྐད་ཅིག་ཆ་མེད་མེད་ན་ལས་འབྲས་འཁོར་བའི་རྟེན་མེད་པས། དེས་ན་དེ་དག་གྲུབ་བོ་ཞེས་བཞག་པ་ཡིན། བྱང་ཆུབ་སེམས་དཔས་སྣང་བཅས་བསོད་ནམས་ཀྱི་ཚོགས་ཐབས་སྤྱོད་པའི་ཕྱོགས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་དང་། སྣང་མེད་ཡེ་ཤེས་ཀྱི་ཚོགས་ཤེས་རབ་ཀྱི་ཕར་ཕྱིན་ནམ། ཡང་ན་སྦྱིན་སོགས་རེ་རེ་བཞིན་ཐབས་སྣང་བའི་ཆ་ནས་སྣང་བཅས་བསོད་ནམས་ཀྱི་ཚོགས་དང་། ཤེས་རབ་སྟོང་པའི་ཆ་ནས་སྣང་མེད་ཡེ་ཤེས་ཀྱི་ཚོགས་ཞེས་བཏགས་པ་ཡིན་ལ། དེ་ཡང་ལས་དང་པོ་པ་ལ། ཚོགས་གཉིས་རེས་འཇོག་ལས་ཟུང་འཇུག་འོང་བ་མིན་ལ། འཕགས་པའི་ས་ཐོབ་ནས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཕྱིན་དྲུག་གི་རྣམ་པར་ཤར་བས་སྣང་བའི་ཕྱོགས་ནས་བསོད་ནམས་དང་། འཁོར་གསུམ་གྱི་འཛིན་པ་དང་བྲལ་བ་སྟོང་པའི་ཕྱོགས་ནས་ཡེ་ཤེས་ཀྱི་ཚོགས་ཡིན། དེ་ཡང་ཉན་རང་གཉིས་དང་བྱང་ཆུབ་སེམས་དཔའ་གསུམ་གྱི་ཚོགས་གཉིས་པོ་དེ་དག་འདྲའམ་སྙམ་ན། མི་འདྲ་སྟེ་རྒྱུ་བསམ་པ་དང་། སྦྱོར་བ་དམིགས་རྣམ་དང་། འབྲས་བུ་ཐོབ་བྱའི་སྒོ་ནས་ཁྱད་པར་ཤིན་ཏུ་ཆེ། སྔགས་ཕྱི་རྒྱུད་གསུམ་གྱི་མཚན་བཅས་ཀྱི་རྣལ་འབྱོར་ཐམས་ཅད་སྣང་བཅས་བསོད་ནམས་ཀྱི་ཚོགས་དང་། མཚན་མེད་ཀྱི་རྣལ་འབྱོར་ཐམས་ཅད་སྣང་མེད་ཡེ་ཤེས་ཀྱི་ཚོགས་ཡིན། ནང་རྒྱུད་མ་ཧཱ་ཡོ་གའི་ཐབས་བསྐྱེད་པའི་རིམ་པ་ཐམས་ཅད་སྣང་བཅས་བསོད་ནམས་ཀྱི་ཚོགས་དང་། ཤེས་རབ་རྫོགས་པའི་རིམ་པ་སྣང་མེད་ཡེ་ཤེས་ཀྱི་ཚོགས་དང་། ཨ་ནུའི་བསྐྱེད་རིམ་ཆ་ཙམ་དང་། རྩ་རླུང་ཐིག་ལེ་ལ་དམིགས་པའི་འཁྲུལ་འཁོར་གྱི་བྱེད་བཅིང་ཐམས་ཅད་དང་རྗེས་སྒྱུ་མའི་ལྷ་སྐུར་ལྡང་བ་རྣམས་སྣང་བཅས་བསོད་ནམས་ཀྱི་ཚོགས་དང་། ཐབས་དེ་ལས་བྱུང་བའི་དགའ་བཞིས་དྲངས་པའི་ཡེ་ཤེས་ནི་སྣང་མེད་ཡེ་ཤེས་ཀྱི་ཚོགས་ཡིན། ཨ་ཏི་ཡོ་གའི་ཀ་དག་ཁྲེགས་ཆོད་ལ། ངོ་བོ་སྟོང་པའི་ཡེ་ཤེས་ཀྱི་ཚོགས་དང་། རང་བཞིན་གསལ་བའི་ཡེ་ཤེས་བསོད་ནམས་ཀྱི་ཚོགས་ཞེས་བཏགས་ཀྱང་མི་འགལ། ཡང་ན་ལྷུན་གྲུབ་སྣང་བ་བཞི་བསོད་ནམས་ཀྱི་ཚོགས་དང་། ཀ་དག་ཁྲེགས་ཆོད་ཡེ་ཤེས་ཀྱི་ཚོགས་ཡིན་ཏེ། མཐར་ཐུག་སྐུ་གཉིས་ཐོབ་པའི་རྒྱུ་བྱེད་པ་གཙོ་ཆེ་ཆུང་གིས་བཞག་པ་ཡིན། འོན་ཀྱང་ལས་དང་པོ་པས་ཚོགས་གཉིས་ཟུང་འཇུག་རྗེས་མཐུན་པ་བསྐྱེད་རུང་སྟེ། ཕར་ཕྱིན་ཐེག་པའི་སྦྱིན་སོགས་རེ་རེ་བཞིན་དཔྱད་སྟོང་སྔོན་དུ་འགྲོ་བའི་སྒྱུ་མའི་དཔེ་བརྒྱད་ཀྱི་ཚུལ་དུ་བསྒོམ་པ་དང་། ཕྱི་རྒྱུད་གསུམ་གྱི་མཚན་བཅས་མཚན་མེད་ཀྱི་རྣལ་འབྱོར་ཚོགས་གཉིས་ཟུང་དུ་འཇུག་པའི་འབྲས་བུ་རིགས་གསུམ་གྱི་ལྷ་བསྒོམ་པ་དང་། མ་ཧཱ་ལྟར་ན། ངོ་བོ་སྟོང་པ་ཉིད། གདངས་སྙིང་རྗེ་ཆེན་པོ། རྣམ་པ་རྒྱུའི་ཡི་གེ་དང་དེ་ཡོངས་སུ་གྱུར་བ་ལས་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་དེ་བསྒོམ་པ་ཡིན་ལ། ཨ་ནུ་ཡོ་ག་ལ་ཡང་། སྐུ་སྒྱུ་ལུས་དང་། ཐུགས་དཔེ་དོན་གྱི་འོད་གསལ་གཉིས་ཟུང་དུ་འཇུག་པའི་དག་པ་དང་མ་དག་པའི་སྒྱུ་ལུས་ལྷ་སྐུར་ལྡང་བ་དེ་ཚོགས་གཉིས་ཟུང་འཇུག་ཡིན། ཨ་ཏིའི་ཀ་དག་ཁྲེགས་ཆོད་ཀྱི། ནང་གསལ་གྱི་ཐུགས་རྗེ་ངོ་བོ་སྟོང་པ་དང་། རང་བཞིན་གསལ་བའི་ཡེ་ཤེས་དབྱེར་མི་ཕྱེད་པའི་ཆ་དང་། ཀ་དག་གི་གདངས་ལྷུན་གྲུབ་ཐོད་རྒལ་དང་། དེའི་ངོ་བོ་ཀ་དག་སྟོང་པ་ཆེན་པོ་སྟེ། དབྱིངས་ཡེ་ཟུང་དུ་འཇུག་པ་རྣམས་ཚོགས་གཉིས་ཟུང་འཇུག་ཡིན་ཀྱང་། མཚན་ཉིད་པ་འཕགས་པ་ལས་མི་འོང་བ་ཡིན། དེས་ན་མདོ་སྔགས་གཉིས་ཀྱི་ལམ་གྱི་ཚོགས་བསགས་པའི་སྒོ་ཡན་ལག་བདུན་ལ་སོགས་པའི་རྣམ་པ་མང་པོ་དང་། རང་རང་གི་ལམ་གྱི་ངོ་བོ་དེ་དག་ཐམས་ཅད་ཀྱང་ཚོགས་བསགས་པའི་ཐབས་ཡིན་མོད་ཀྱང་སྐབས་འདིར་བསྟན་གྱི་མཎྜལ་འབུལ་བ་ནི་ཚོགས་བསགས་པའི་སྒོ་ཐམས་ཅད་འདུས་ཤིང་བྱ་སླ་བ་ཆོད་ཆེ་བ་ལས་དང་པོ་པས་ཉམས་སུ་བླང་སླ་བ་ཡིན་ལ། དེ་ཡང་མཎྜལ་དེ་རྒྱལ་བ་སྐུ་གསུམ་གྱི་ཞིང་གི་བཀོད་པ་རྣམས་དྲན་པའི་རྟེན་འཛུབ་མོ་ལ་སྐུད་པ་བཏགས་པ་ལྟར་ཡིན་པས། སྐུ་གསུམ་གྱི་ཞིང་ཁམས་ཀྱི་བཀོད་པ་རྣམས་རང་གི་བློས་བླངས་ཏེ་འབུལ་དགོས་པ་ཡིན། དེ་ཡང་ཨ་བུ་དང་མཁན་པོ་པད་རྡོར་གྱི་གསུང་ལྟར། སྣང་ཚུལ་སྤྲུལ་སྐུའི་མཎྜལ། གནས་ཚུལ་ལོངས་སྐུའི་མཎྜལ། ཁྱབ་བྱེད་ཆོས་སྐུའི་མཎྜལ། ཞེས་གསུངས་པས། དང་པོ་ཐུན་མོང་སྤྲུལ་སྐུའི་མཎྜལ་ནི། རྣམ་པར་སྣང་མཛད་གངས་ཆེན་མཚོའི་བུའི་གཙུག་ཏོར་ནས་ཕྱག་མཉམ་གཞག་ལྷུང་བཟེད་ཀྱི་ནང་གི་བར་ལ་མེ་ཏོག་པདྨ་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་པའི་བཅུ་གསུམ་པ་ཐུགས་ཀའི་ཐད་ཀྱི་པདྨའི་ཟེའུ་འབྲུའི་ཕྲུམ་ཕྲུམ་ཅིག་གི་དབུས་ན་མི་མཇེད་འཇིག་རྟེན་བྱེ་བ་ཕྲག་བརྒྱ་སྟེ་དུང་ཕྱུར་བཅུ། དེ་གླིང་བཞི་རི་རབ་ལྷ་གནས་དང་བཅས་པ་གཅིག་གཉིས་ཞེས་བགྲངས་བའི་སྟོང་ལ་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན་ཞེས། དེའི་མཐའ་ན་ལྕགས་རི་ལྷ་འཐབ་བྲལ་བ་དང་མཉམ་པ་གཅིག་གིས་བསྐོར་བ། དེ་རྩི་གཞི་བྱས་ནས་སྟོང་དང་པོ་གཅིག་གཉིས་ཞེས་བགྲངས་བའི་སྟོང་ལ་སྟོང་གཉིས་པ་བར་མའི་འཇིག་རྟེན་ཞེས་དེའི་མཐའ་ན་བསམ་གཏན་དང་པོ་དང་མཉམ་པའི་ལྕགས་རི་གཅིག་གིས་བསྐོར་བ། ཡང་དེ་རྩི་གཞི་བྱས་ནས་དེ་འདྲ་བའི་སྟོང་གཉིས་པ་གཅིག་གཉིས་ཞེས་བགྲངས་བའི་སྟོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཞེས་དེའི་མཐའ་ན་བསམ་གཏན་བཞི་བ་དང་མཐོ་ཁྱད་མཉམ་པའི་ལྕགས་རིས་བསྐོར་བ་སྟེ་སངས་རྒྱས་སྤྲུལ་པའི་སྐུ་གཅིག་གི་གདུལ་ཞིང་ཡིན་ལ། དེའི་མཚོན་ནས་གངས་ཆེན་མཚོ་རིགས་ལྔའམ་རིགས་ཀྱིས་དབྱེ་ན་ཉི་ཤུ་རྩ་ལྔ་པོ་དེ་དག་གི་མདུན་གྱི་པདྨ་རྣམས་ཀྱི་ཟེའུ་འབྲུ་དང་འདབ་མའི་རྡུལ་ཕྲན་རེ་རེ་སྙེད་ན་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་མ་འདྲེས་པར་སྣང་བ་ཡིན་ཏེ་སྐྲ་རྩེའི་ཁྱོན་ཙམ་གྱི་ཆ་ལའང་རྡུལ་སྙེད་ཀྱི་སྤྲུལ་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་སྣང་བ་དང་། དེའི་མཚོན་ནས་སྐུའི་བ་སྤུའི་ཁུང་བུ་རེ་རེ་ནས་སྤོས་ཆུའི་རྡུལ་ཕྲ་རབ་རེ་རེ་ལ་ཡང་ཞིང་ཁམས་རྒྱ་མཚོ་ལྟ་བུར་བཀོད་པའི་སངས་རྒྱས་སྤྲུལ་པའི་སྐུ་དེ་དག་གི་ཞིང་གིས་བཀོད་པ་ལྷ་དང་མིའི་དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་བློས་བླང་སྟེ། དེའི་སྟེང་དུ་རང་གི་གཅེས་དགུ་དམར་དགུ་ཚེ་བསོད་ནམས་ཁ་རྗེ་དབང་ཐང་དང་བཅས་པ་འབུལ་བ་སྤྲུལ་སྐུའི་མཎྜལ་ཡིན། གཉིས་པ་ཐུན་མིན་ལོངས་སྐུའི་མཎྜལ་ནི། དེ་ལྟར་མ་དག་པ་སྤྲུལ་སྐུའི་ཞིང་ཁམས་ཐམས་ཅད་ཀྱི་གནས་ཚུལ་དག་པ་ལོངས་སྐུའི་ཞིང་ཁམས་ངེས་པ་ལྔ་དང་ལྡན་པའི་རང་བཞིན་ཡིན་ཏེ། གནས་ངེས་པ་འོག་མིན་སྟུག་པོ་བཀོད་པ་སོགས་ཡེ་ཤེས་རིན་པོ་ཆེ་རང་སྣང་བའི་ཞིང་ཁམས་བཀོད་པ་ཚད་མེད་པས་མངོན་པར་འཕགས་པ། སྟོན་པ་ངེས་པ་དབུས་ན་རྣམ་པར་སྣང་མཛད་གངས་ཆེན་མཚོ། ཤར་ན་རྡོ་རྗེ་སེམས་དཔའ་གངས་ཆེན་མཚོ། ལྷོ་ན་རིན་ཆེན་འབྱུང་ལྡན་གངས་ཆེན་མཚོ། ནུབ་ན་སྣང་བ་མཐའ་ཡས་གངས་ཆེན་མཚོ། བྱང་ན་དོན་ཡོད་གྲུབ་པ་གངས་ཆེན་མཚོ་སྟེ་རིགས་ལྔའམ། ཡང་རིགས་ཆུང་གིས་དབྱེ་ན། དབུས་ན་སྐུའི་རིགས་ལྔ། ཤར་ན་རྡོ་རྗེའི་རིགས་ལྔ། ལྷོ་ན་ཡོན་ཏན་རིགས་ལྔ། ནུབ་ན་པདྨའི་རིགས་ལྔ། བྱང་ན་ལས་ཀྱི་རིགས་ལྔ་སྟེ་ཉི་ཤུ་རྩ་ལྔ། འཁོར་ངེས་པ་ས་བཅུའི་བྱང་ཆུབ་སེམས་དཔའ། ཆོས་ངེས་པ་ཐེག་པ་ཆེན་པོ།
དུས་ངེས་པ་རྟག་པ་རྒྱུན་གྱི་འཁོར་ལོའི་རང་བཞིན་ཏེ་དེ་ལྟར་སངས་རྒྱས་གཅིག་གིས་ལོངས་སྐུ་ངེས་པ་ལྔ་ལྡན་གྱིས་མཚོན་ནས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ལོངས་སྐུ་ངེས་པ་ལྔ་ལྡན་གྱི་ཞིང་གི་བཀོད་པ་དང་གཞལ་ཡས་ཁང་གི་གཞི་དང་རྒྱུ་དང་རྒྱན་དང་བཀོད་པ་དང་སྒེག་སོགས་འདོད་ཡོན་གྱི་ལྷ་མོ་སྤྲིན་འཁྲིགས་པ་ལྟ་བུའི་མཆོད་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཐོགས་པ་དེ་དག་རིགས་ལྔའི་རིགས་ཀྱི་རང་བཞིན་ཅན་དེ་དག་བློས་བླངས་ཏེ་དེའི་སྟེང་དུ་ནང་རང་གི་རྡོ་རྗེ་ཕུང་པོའི་རྩ་ཐིག་རླུང་གསུམ་ཡེ་ཤེས་ཀྱི་རང་བཞིན་དུ་དག་པ་ཅན་རྣམས་འབུལ་བ་ལོངས་སྐུའི་མཎྜལ་ཡིན། གསུམ་པ་དེ་དག་ཐམས་ཅད་ལ་ཁྱབ་བྱེད་ཆོས་སྐུའི་མཎྜལ་ནི། དེ་ལྟར་མ་དག་པར་སྣང་བའི་སྤྲུལ་སྐུའི་ཞིང་ཁམས་དང་། དག་པར་གནས་པའི་ལོངས་སྐུའི་ཞིང་ཁམས་གཉིས་པོ་དེ་ལ་ཁྱབ་བྱེད་ཆོས་སྐུའི་མཎྜལ་ཡིན། དེ་ཡང་ཆོས་ཀྱི་སྐུ་འཁོར་འདས་ཀྱི་ཕྱོགས་གང་དུ་ཡང་རྒྱ་མ་ཆད། ཡོད་མེད་ཀྱི་ཕྱོགས་གང་དུའང་མ་ལྟུང་བའི་ཡེ་ཤེས་དེའི་རྩལ་རོལ་པ་ཆེ་བའི་རྒྱན། མ་དག་པ་འཁོར་བའི་ཆོས། དག་པ་ལམ་དང་མྱང་འདས་ཀྱི་ཆོས་ཐམས་ཅད་དང་། ཁྱད་པར་ལྷུན་གྲུབ་སྣང་བ་བཞི་པོ་ཚོམ་བུའི་ཚུལ་དུ་མ་བཀོད་ཡེ་རྫོགས་སུ་གནས་པ་ཐམས་ཅད་བློས་བླང་སྟེ། དེའི་སྟེང་དུ་རང་གི་སེམས་ཉིད་སྐྱེ་བ་མེད་པ་ལས་རྩལ་འགགས་མེད་དུ་ཤར་བའི་རྟོག་ཚོགས་ཐམས་ཅད་མ་སྤངས་ཡེ་ཤེས་སུ་ཤར་བ་བཀོད་པ་རྣམས་འབུལ་བ་ཆོས་སྐུའི་མཎྜལ་ཡིན། ཐུན་མོང་སྤྲུལ་སྐུའི་མཎྜལ་སྐབས་རི་གླིང་སོགས་ཀྱི་རྣམ་བཤད་ལ། དགོངས་འདུས་མཎྜལ་གྱི་རྣམ་བཤད་ལ་དཔེ་ལྟས་རེ་བྱེད་རྒྱུ་ཙམ་ལས་གསུང་སྲོལ་མེད། དེ་ནས་མཎྜལ་ཕུལ་དུས། གནས་ཁང་བྱི་དོར་བྱས། ཆགས་ཆགས་གདབ། འདི་ཚོགས་གསོག་གི་དང་པོ་ཡིན་པས་མཆོད་པ་རྣམས་ཁ་ཚང་བ་རེ་དགོས་པས། ཡོན་ཆབ་དང་། ཞལ་ཟས། མར་མེ། སྤོས་ལ་སོགས་པ་རང་གི་འབྱོར་པ་དང་བསྟུན་ཏེ་སྣེ་ཚང་རེ་མཎྜལ་མ་ཚར་བར་དུ་རྒྱུན་མི་ཆད་པ་རེ་དང་། སྒྲུབ་པའི་མཎྜལ་ལ་ཚོམ་བུ་འགོད་པ་དང་ཚོགས་ཞིང་གསལ་བ་སྐྱབས་འགྲོའི་དུས་ལྟར་ཡིན། ཁྱད་པར་སྟོན་པའི་སྐུ་རྟེན། སྡུད་པ་དང་གསང་སྙིང་རྩ་བ་གསུང་རྟེན། བཀའ་གདམས་མཆོད་རྟེན་སོགས་ཐུགས་རྟེན་གཡར་པོ་ཚུན་ཆད་བྱས་ནས་སྟེགས་ཁེབ་ལྡན་ལ་འགོད། དེ་ནས་མཆོད་པའི་མཎྜལ་དང་དེ་ལ་འགོད་རྒྱུའི་ཚོམ་བུ་རང་གི་འབྱོར་ཚོད་སེར་སྣས་མ་གོས་པ། དེ་ལ་འདིར་ཞིང་ཁམས་སྦྱང་བ་ཡིན་པས་རྡོ་དང་ཡུག་པོ་བྱ་བྲུན་སོགས་དང་ནས་འབྲུ་རྣམས་གས་ཆག་དུམ་བུ་མེད་པའི་རིགས་གཙང་མར་བྱས་ཏེ་དྲི་བཟང་གི་ཆུས་རླན་ཕབས་ཏེ་བཞག དེ་ནས་ཐུན་དང་ཐུན་མཚམས་ཕྱེ་སྟེ། ཐུན་གྱི་སྔོན་འགྲོ་རྣམས་གྲུབ་པ་དང་། དངོས་གཞི་ལ། མཚམས་པ་ཚང་དང་ཨ་བུའི་ཕྱག་ལེན་ལ་ཐུན་རེ་རེ་བཞིན་ངག་འདོན་རྒྱས་པ་ཚར་རེ་དང་། སྤྲུལ་སྐུ་ཞབས་དྲུང་ཕྱག་ལེན་ལ་ནང་དུས་སྔོན་འགྲོ་ངག་འདོན་རྒྱས་པ་རེ་དང་། ཐུན་ཕྱི་མ་རྣམས་ལ་སྨིན་གླིང་ཆོས་སྤྱོད་ལས་བྱུང་བའི། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། ། ནས། བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། ། ཞེས་པའི་བར་གྱི་བློ་ལྡོག་རྣམ་བཞི་བསྡུས་པ་རེ་བསྒོམ། དེ་ནས་སྐྱབས་འགྲོ་སེམས་བསྐྱེད་རྡོར་སེམས་རྣམས་ཅི་རིགས་རེ་ཡང་བསྒོམ་དགོས། དེ་ཡང་ཐུན་གྱི་སྐྱེད་བྲི་ཤེས་དགོས་པས། སྐབས་སུ་གང་བསྒོམ་པ་དེའི་སྔོན་གྱི་བློ་ལྡོག་སོགས་ཅུང་ཟད་རེ་དང་། ཕྱི་མ་རྣམས་ལའང་ཅུང་ཟད་རེ་བསྒོམ་དགོས་པས་མཎྜལ་ཡན་ཆད་ཀྱི་བློ་ལྡོག་ནས་རྡོར་སེམས་ཀྱི་བར་རྣམས་ལ་ས་བཅད་ཙམ་རེ་བཟུང་སྟེ་བསྒོམ་ནས། དེ་ནས། དཀོན་མཆོག་རྗེས་དྲན་དང་། ངན་འགྲོའི་ལམ་ནི་སོགས་བརྗོད་ས་གཞི་བྱིན་གྱིས་བརླབ་པ་ནས་སྤྱན་འདྲེན་གདན་འབུལ་ཡན་རྣམས་སྨིན་གླིང་ཆོས་སྤྱོད་ལྟར་ལ། དེ་ནས་མཛད་བཅུ་དང་ཚིགས་སུ་བཅད་པ་གཅིག་པ་དང་གཉིས་པ་གང་མོས། དེ་ནས། ཇི་སྙེད་སུ་དག་སོགས་ནས། བདག་གིས་བསྟོད་ཅེས་པའི་མཚམས་སུ་ཡིག་བརྒྱ་བརྗོད་བཞིན་པས་མཎྜལ་ལག་པའི་འཁྲིག་མ་ལ་ཤེས་རབ་བསྐྱེད་པའི་རྩ་ཡོད་པས་དེས་གཡས་སྐོར་དུ་ལན་གསུམ། གཡོན་སྐོར་དུ་ལན་གསུམ་ཕྱི་བའི་དུས་སུ། གཞི་ཆོས་དབྱིངས་སྐྱེ་བ་མེད་པའི་མཎྜལ་ལ། གཞི་སྣང་མ་རིག་འཁྲུལ་པའི་དྲི་མ་ཐམས་ཅད། ལམ་བདེན་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཕྱི་ཞིང་སད་སད་དག་པར་བསམ་ལ་ཕྱི། དེ་ནས། རིན་ཆེན་སེམས་དེ་བཟུང་བར་བྱ་བའི་ཕྱིར། ། དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། ། དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། ། ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། ། ཅེས་པས། བསམ་པ་དག་པ་འཇིག་རྟེན་ཚེ་འདིའི་འཇིགས་སྐྱོབ་དང་ལེགས་སྨོན་སོགས་མ་ཡིན་པ་རིན་ཆེན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་རྒྱུད་ལ་བཟུང་བར་བྱ་བའི་ཕྱིར་དུ། ཡུལ་དག་པ་ཕྱི་རོལ་པའི་སྟོན་པ་སོགས་མ་ཡིན་པ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང་། དངོས་པོ་དག་པ་ལེགས་པར་མཆོད། ། ཅེས་པས། རྒྱུ་བཟང་བ་སྤུས་གཙང་བ། བཀོད་ལེགས་པ་གསུམ་གྱི་སྒོ་ནས་མཆོད་པ་ཡིན་ཏེ། དང་པོ་རྒྱུ་བཟང་བ་ནི་རང་ལ་གསེར་དངུལ་གཉིས་ཡོད་ན་རྒྱུ་བཟང་བ་གསེར་ཡིན་པས་དེའི་དཀོན་མཆོག་མཆོད་དགོས་པས་མཚོན་རང་གི་འབྱོར་བ་རྣམས་ཀྱི་གང་བཟང་བ་དེ་མཆོད་པ་ཡིན། གཉིས་པ་སྤུས་གཙང་བ་ནི། གསེར་ནག་གསེར་སྐྱ་གཉིས་ཡོད་ན་གསེར་ནག་དེ་སྤུས་གཙང་བ་ཡིན་པས་དེས་དཀོན་མཆོག་མཆོད་དགོས་པ་ཡིན་པས་མཚོན། མར་གྱི་ཁ་ས་དང་། ལོ་མའི་སེར་ས་དང་། ཐུད་ཀྱི་སྔོ་ས་ནས་མཆོད་པ་མ་ཡིན་པར། མར་གྱི་དཀར་ས། ལོ་མའི་སྔོ་ས། ཐུད་ཀྱི་ཞིམ་ས་ནས་དཀོན་མཆོག་མཆོད་པ་ཡིན། གསུམ་པ་བཀོད་ལེགས་པ་ནི། མཆོད་སྟེགས་བང་རིམ་ཅན་ནམ་མིན་ཀྱང་། ཤིང་ལེབ་ལྟ་བུའི་སྟེང་རྡུལ་ལེགས་པར་ཕྱིས། དང་པོ་ཞལ་ཟས་དང་། དེ་ནས་མེ་ཏོག དེ་ནས་ཡོན་ཆབ། ཡོན་ཆབ་ལའང་ཡ་ཡོ་འཁྱ་འཁྱོགས་མེད་པར་དྲང་པོ་དང་བདུན་ཚར་ཆེ་བ་གཉིས་རེའི་བར་ན་སོར་རེ། ཆུང་བ་གཉིས་རེའི་བར་ན་ནས་འབྲུ་གློ་གཤིབ་ནས་ཤོང་ཚོད་དང་། ཧ་ཅང་གང་ཆེ་བ་དང་མི་གང་བ་ལྟ་བུ་མཆོད་སྟེགས་ཀྱི་སྟེང་དུ་ཕྱིར་འབོ་བ་སོགས་མ་ཡིན་པར་ལེགས་པར་བཤམས། དེ་ནས་མར་མེ། དེ་ནས་སྤོས་ཀྱི་དྲྭ་བ་བྲེས་ཏེ་མཆོད་པ་ཡིན། མདོར་ན། མར་མེ་འོད་ཀྱིས་ཞལ་ཟས་རྒྱན་ཞུ་དང་། སྤོས་ཐལ་གྱིས་ཡོན་ཆབ་སོགས་དྲི་མ་ཅན་དུ་བྱེད་པ་མེད་པར། རང་གི་གཡོན་ཕྱོགས། ཡུལ་གྱི་གཡས་ཕྱོགས་ནས་མཆོད་འགོ་བཟུང་ནས་བཤམ་པ་ཡིན། ཡོན་ཆབ་གཤེགས་དུས་རང་གི་གཡས་ཕྱོགས་མཆོད་ཡུལ་གྱི་གཡོན་ཕྱོགས་ནས་བསྡུ་བ་ཡིན་ལ། དེ་ལའང་ངོ་ཚ་འཇིགས་སྐྲག་གུས་པ་བག་ཡོད་དང་བཅས་ནས་བཤམས་པ་གཤེགས་པ་རྣམས་དགོས་ཏེ། ད་ལྟའི་དུས་ཀྱི་བླ་ཆེན་རྣམས་ལ་ཇ་དྲངས་བའི་དུས་སུ་ཕོར་བ་དང་རྫ་མ་མགོ་ཐོག་ནས་ཁུར་འགྲོ་དགོས་ན་རྒྱལ་བ་སྲས་བཅས་མཆོད་པ་ལ་གུས་པ་སོགས་བྱེད་ཅིའི་ཕྱིར་མི་དགོས། དེ་ནས་ཚོམ་བུ་དང་བཅས་མཎྜལ་བཟུང་སྟེ་ཚོམ་བུ་སོ་བདུན་མ་རྒྱས་པ་ཕུལ། དེ་ནས་སྟོང་གསུམ་འཇིག་རྟེན་པ་ཁྲི་ཚོ་གསུམ་མ་སོང་གི་བར་དུ་ལག་གཡོན་པས་མཎྜལ་བཟུང་། གཡས་ཕྲེང་བ་དང་བཅས་ཏེ་ཚར་གྲངས་བཞིན་ཚོམ་བུ་རེ་ཕུལ། དེ་ནས་སྤྲུལ་སྐུ་ཞུབས་དྲུང་གསུངས། བདག་གཞན་དུས་གསུམ་ལོངས་སྤྱོད་དགེ་ཚོགས་དང་། ། རབ་འབྱམས་སྐུ་གསུམ་ཞིང་གི་མཆོད་པའི་ཚོགས། ། བློ་ཡིས་བླངས་ཏེ་དཔལ་ལྡན་བླ་མར་འབུལ། ། བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། ། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་རཏྣ་མཎྜལ་པཱུ་ཙ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡ་ཨཱཿཧཱུྃ་ཞེས་ཁྲི་ཚོ་བདུན་ཁ་སྐོང་དང་བཅས་པ་འགྲོ་དགོས། དེ་ནས་ཐུན་བསྡུ་རན་པ་ན། མཎྜལ་མངའ་རིས་པཎ་ཆེན་གསུངས། ན་མོ། དབང་ཆེན་གཞལ་ཡས་སོགས་དང་། རིན་ཆེན་མཎྜལ་གསེར་གཡུ་སོགས་དང་། རིན་ཆེན་ལུས་སེམས་བཀོད་པའི་སོགས་དང་། ས་གཞི་སྤོས་ཆུས་སོགས་དང་། མཉེས་བྱེད་མཎྜལ་བཟང་པོ་སོགས་བརྗོད། དེ་ནས་མེ་ཏོག་དམ་པ་སོགས་ནས་སེམས་བསྐྱེད་སྡོམ་ཆོག་དང་བཅས་པ་གྲུབ་ནས། ཀུ་སུ་ལའི་ཚོགས་བསགས་ནས་བླ་མའི་རྣལ་འབྱོར་བར་ཚང་བར་བྱས་ཏེ། ཐུན་གྱི་རྗེས་ཐམས་ཅད་འདྲའོ། །
ལྔ་པ། ཀུ་སཱ་ལའི་ཚོགས་བསགས། བདུད་བཞི་ཅིག་ཆར་དུ་གཅོད་པ་ཀུ་སུ་ལུའི་ཚོགས་བསགས་ནི། རྣལ་འབྱོར་པ་ཟ་ཉལ་བཤང་ལྕི་འདོར་བའི་བྱ་བ་ལས་གཞན་བྱེད་རྒྱུ་མེད་པའི་རྣལ་འབྱོར་པ་ཚེ་འདི་བློས་ཐོངས། དབེན་པའི་རི་ཁྲོད་འགྲིམ་པ་གཅིག་གིས་ཕྱི་ཡོ་བྱད་ཀྱི་སྟེང་ནས་ཚོགས་བསགས་བྱེད་རྒྱུ་མེད་པ་ཞིག་གིས་ནང་ཕུང་པོའི་གཅེས་འཛིན་བོར་ནས་ཚོགས་བསགས་དགོས་པས། སྡུད་པ་ལས། རྒྱུ་རྣམ་བཞི་ཡི་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། ། བདུད་བཞིས་ཐུབ་པར་དཀའ་ཞིང་བསྐྱོད་པར་མི་ནུས་ཤིང་། ། སྟོང་པར་གནས་དང་སྙིང་རྗེ་ཡོངས་སུ་མི་གཏོང་དང་། ། ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་ཅན། ། ཞེས་པའི་ཚིག་བཅད་འདིའི་ཟབ་མོ་གཅོད་ཀྱི་ཁོག་ཐམས་ཅད་ཕུབ་སྟེ་འཆད་པ་ཡིན། བདུད་བཞི་ཞེས་པས་གཅད་བྱ་ཕྱི་ནང་གི་བདུད་བཞི་བསྟན། སྟོང་དང་སྙིང་རྗེ་གཉིས་ཀྱི་བདག་འཛིན་སྙེམས་བྱེད་ཀྱི་བདུད་ཤེས་རབ་ཀྱིས་བཅད་པ་དང་། ཐབས་ཀྱིས་བཅད་པའི་ཚུལ་གཉིས་སོ། ། ཡང་ན་སྙིང་རྗེ་ཆེན་པོས་དབང་དུ་སྡུད་པ་དང་། ཤེས་རབ་ཆེན་པོས་ཟིལ་གྱིས་མནན་པ་གཉིས་བསྟན། ཇི་སྐད་སྨྲས་བཞིན་ཞེས་པས། ཟབ་མོ་གཅོད་ཀྱི་ཉམས་ལེན་སྦྱོར་དངོས་རྗེས་གསུམ་གྱི་བྱ་བ་ཐམས་ཅད་དམ། ཡང་ན་དམ་ཚིག་རིམ་པ་རྣམས་བསྟན། བདེ་གཤེགས་བྱིན་རླབས་ཅན་ཞེས་པས་ཟབ་མོ་གཅོད་ཀྱི་སྨིན་བྱེད་ཀྱི་དབང་ཐམས་ཅད་བསྟན་པ་ཡིན་ཀྱང་། དེ་དག་ནི་ཟབ་མོ་གཅོད་ཡུལ་བརྒྱུད་པའི་བླ་མ་ཞིག་གི་ཞལ་ནས་ཉན་དགོས། འདིར་ནི་ལུས་སྦྱིན་དམིགས་རིམ་ཙམ་ལས་མ་གསུངས་གོ་དོན་ཅུང་ཟད་ཙམ་བཤད་ན། གཅད་བྱ་བདུད་བཞི་ནི། རྒྱུ་མཚན་ཉིད་ཐེག་པ་ལྟར་ན། གང་འཆི་བར་བྱེད་པ་ཕུང་པོའི་བདུད། གང་གིས་འཆི་བར་བྱེད་པ་ཉོན་མོངས་པའི་བདུད། འཆི་བ་རང་གི་ངོ་བོ་འཆི་བདག་གི་བདུད། འཆི་མེད་ཞི་བའི་གོ་འཕང་ལ་བར་དུ་གཅོད་པ་ལྷ་བུའི་བདུད་ཅེས། བདུད་ཅེས་པ་ནི་ཁ་གདང་མིག་བསྒྲད་པ་ཞིག་ལ་ཟེར་བ་མིན་ཏེ་འཁོར་བའི་སྡུག་བསྔལ་ཐམས་ཅད་བསྐྱེད་པ་དང་། ཐར་པ་མྱ་ངན་ལས་འདས་པའི་གོ་འཕང་ལ་བར་དུ་གཅོད་པར་བྱེད་པ་སྟེ། མདོར་ན་ལུས་སེམས་གཉིས་ལ་འཚེ་བའམ་གནོད་པ་སྟེར་བ་དེ་ཡིན་ལ། དེ་ལ་འཁོར་བའི་སྡུག་བསྔལ་ཐམས་ཅད་གང་ལས་འབྱུང་ན་ནང་ཕུང་པོ་ལྔ་པོ་འདི་མེད་ན་སྡུག་བསྔལ་ཐམས་ཅད་ཀྱི་གནས་སམ་གཞིའམ་སྣོད་དམ་རྟེན་མེད་པ་ཡིན་ཀྱང་ཕུང་པོ་འདི་གྲུབ་ཕྱིན་ཆད་སྡུག་བསྔལ་ཐམས་ཅད་ཀྱི་འབྱུང་བའི་གནས་གཞི་སྣོད་རྟེན་ལྟ་བུ་ཡིན་པས་ན་ཕུང་པོའི་བདུད། ཉོན་མོངས་པ་ནི་བརྒྱད་ཁྲི་བཞི་སྟོང་སྟེ་དེ་དག་བསྡུ་ན་དུག་ལྔ་དུག་གསུམ་དེ་ཡང་བསྡུ་ན་ཚུལ་མིན་ཡིད་བྱེད་ཀྱི་ཕུང་པོ་ལ་གཙང་བདེ་བདག་རྟག་ཏུ་ལྟ་བ་འདི་ལ་འདུ་ཞིང་། ཚུལ་མིན་ཡིད་བྱེད་བདག་ཏུ་ལྟ་བས་ཀུན་ནས་བསླངས་ཏེ་ཉོན་མོངས་པ་ཆགས་སྡང་རྨོངས་པའི་རྟོག་པ་རྣམས་བསྐྱེད་པ་ཡིན་ལ། ཉོན་མོངས་པ་དེས་ཀུན་ནས་བསླངས་ཏེ་མི་དགེ་པའི་ལས་བསགས་ནས་ལས་ཀྱི་དབང་གིས་འཁོར་བ་འདིར་སྐྱེ་བ་དང་འཆི་བ་དབང་མེད་དུ་བྱེད་པ་ཡིན་པས་གང་གིས་འཆི་བར་བྱེད་པ་ཉོན་མོངས་པའི་བདུད་ཡིན། འཆི་བ་རང་གི་ངོ་བོ་འཆི་བདག་གི་བདུད་ནི་རགས་པ་སྐྱེ་བ་ཡོད་ན་འཆི་བའི་ཆོས་ཉིད་དུ་གྲུབ་པས་སེམས་ཅན་རྣམས་དབང་མེད་དུ་འཆི་བས་སྡུག་བསྔལ་ཞིང་གནོད་པ་དང་། ཕྲ་བ་ཆོས་ཉིད་ཀྱི་མི་རྟག་པ་སྐད་ཅིག་རེ་རེ་ཞིང་འགྱུར་ཏེ་མི་རྟག་པའི་རང་བཞིན་སྡུག་བསྔལ་གྱི་མཚན་ཉིད་ཡིན་པས་ན་འཆི་བདག་གི་བདུད་ཅེས་བྱ་བ་ཡིན། འཆི་མེད་ཞི་བའི་གོ་འཕང་ལ་བར་དུ་གཅོད་པ་རྣམ་གཡེང་ལྷའི་བུའི་བདུད་ནི། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་བར་དུ་གཅོད་པ་ཤེས་པ་ཕྱི་རོལ་གྱི་ཡུལ་གྱི་རྗེས་སུ་གཡེང་བའི་རྣམ་པར་རྟོག་པ་ཡིན་ལ། དེས་དབང་གིས་ལུས་དང་གྲིབ་མ་བཞིན་རྒྱུ་མཚན་ཉིད་པ་ལྟར་ན། བདུད་སྡིག་ཅན་ནག་པོ་རྩ་ལག་དང་བཅས་པ་རྣམས་དང་། སྔགས་ལྟར་ན་བདུད་དགའ་རབ་དབང་ཕྱུག་ཅེས་གཟུགས་ཀྱི་ལྷ་ཡིན་ཀྱང་འདོད་པའི་ཡུལ་ལ་ཆགས་པས། དགའ་ལྡན་གྱི་གནས་ན་གྲོང་ལས་དགོན་པའི་ཚུལ་དུ་ཡོད་པ་དེ་ཡིན། བདུད་བཞིའི་ངོས་འཛིན་སྔགས་ལྟར་ན། ། ཐོགས་བཅས་བདུད་དང་ཐོགས་མེད་བདུད། ། དགའ་བྲོད་བདུད་དང་སྙེམས་བྱེད་བདུད། ། དེ་ཡང་སྙེམས་བྱེད་བདུད་དུ་འདུ། ། ཞེས་གསུངས་པས། ཐོགས་བཅས་བདུད་ནི། ཕྱིའི་དངོས་པོ་དང་སེམས་ཅན་གྱི་གནོད་པ། མེ་དང་ཆུ་དང་གཡང་ས་དང་གནམ་ལྕགས་ཀྱི་ཐོག་འབེབས་པ་ལ་སོགས་པ་དང་། སེམས་ཅན་མ་རུངས་པ་དགྲ་དང་ཆོམ་རྐུན། དུག་སྦྲུལ་དང་གཅན་གཟན་དང་། ཤ་ཟ་འདྲེའི་འཇིགས་པ་ལ་སོགས་པས་ལུས་སེམས་ལ་གནོད་པའོ། ། ཐོགས་མེད་བདུད་ནི་ནང་གི་ཉོན་མོངས་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་སྟེ་དེ་དག་གིས་སྲིད་པ་འཁོར་བའི་སྡུག་བསྔལ་ཐམས་ཅད་སྟེར་བར་བྱེད་པས་སོ། ། དགའ་བྲོད་ཀྱི་བདུད་ནི་གཉན་ས་དང་རི་ཁྲོད་ལ་སོགས་པ་འགྲིམ་པའི་ཚེ། ངའི་བླ་མ་དེ་གཞན་གྱི་བླ་མ་དང་མི་འདྲ། གདམས་པ་དེ་གཞན་གྱི་གདམས་པ་དང་མི་འདྲ། ངའི་ཉམས་ལེན་དེ་གཞན་དང་མི་འདྲ། རྡོ་རྗེ་མཆེད་དང་ལྕམ་དྲལ་རྣམས་གཞན་ལས་ཁྱད་པར་འཕགས་སོ་སྙམ་ནས་དགའ་ཞིང་བྲོད་པ་ཡིན་ཏེ། མདོར་ན་ནང་གི་ཏིང་ངེ་འཛིན་གྱི་དྲོད་དང་ནུས་པ་ཅུང་ཟད་རེ་ཐོབ་པ་ལ་ཆེད་དུ་འཛིན་ཅིང་ཆགས་པ་ནི་དགའ་བྲོད་ཀྱི་བདུད་ཡིན། སྙེམས་བྱེད་ཀྱི་བདུད་ནི། སྔ་མའི་བདུད་དེ་དག་ཐམས་ཅད་ཀྱི་རྩ་བ་ནང་ང་བདག་སྙེམས་བྱེད་ཀྱི་འཛིན་པས་ཕུང་པོ་ལྔ་ལ་བདག་དང་བདག་གིར་འཛིན་པའི་རྟོག་པ་འདི་ཡིན་པས་འདི་ཆོད་ན་ཕྱིའི་བདུད་ཐམས་ཅད་མ་བཅད་རང་སར་ཆོད་པ་ཡིན་ཏེ། དཔེར་ན་ཤིང་སྡོང་པོའི་རྩ་བ་བཅད་ན་ཡལ་ག་ལོ་མ་ཐམས་ཅད་ཤུགས་ཀྱིས་འགྱེལ་འགྲོ་བ་བཞིན་ཡིན་པས་གོང་དུ་བཤད་པའི་བདུད་བཞི་པོའི་རྩ་བ་ནང་ང་བདག་སྙེམས་བྱེད་ཀྱི་བདུད་འདི་ལ་ཐུག་ཅིང་འདུ་བས། འདི་གཅད་བྱ་ཡིན། དེ་གཅོད་པར་བྱེད་པའི་ཐབས་ལ། ཐབས་ཀྱིས་བཅད་པ་དང་། ཤེས་རབ་ཀྱིས་བཅད་པའི་ཐབས་གཉིས་ལས། ཉན་རང་གིས་ཐབས་ཤེས་ཉི་ཚེ་བས། བདུད་རགས་པ་བཅོམ་ནས་ཐར་པའི་གོ་འཕང་ཐོབ་ཀྱང་། ཕྲ་བ་མ་རིག་བག་ཆགས་ཀྱི་ས་ཡིད་ཀྱི་རང་བཞིན་ཅན་གྱི་ལུས། ཟག་མེད་ཀྱི་ལས། བསམ་གྱིས་མི་ཁྱབ་པའི་འཆི་འཕོ་ལ་སོགས་པའི་བདུད་བཞི་ཕྲ་བ་མ་བཅོམ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདུད་བཞི་ཕྲ་རགས་ཐམས་ཅད་བཅོམ་དགོས། བྱང་སེམས་སྔགས་ལ་ཞུགས་པའི་རིག་པ་འཛིན་པས་ཀྱང་བདུད་བཞི་ཕྲ་རགས་ཐམས་ཅད་ཆོམས་དགོས་ཀྱང་། དེ་གཉིས་ཀས་བཅོམ་ལུགས་ཀྱི་ཐབས་ལ་མི་འདྲ་བའི་ཁྱད་པར་ཤིན་ཏུ་ཆེ། དེ་ལ་དང་པོ་ཐབས་ཀྱིས་བདག་འཛིན་བཅད་པ་ནི། ཐོག་མ་མེད་པའི་དུས་ནས་བདག་ཏུ་འཛིན་པ་འདིས་ད་ལྟའི་བར་གྱི་སྡུག་བསྔལ་ཐམས་ཅད་བསྐྱེད་ལ། ད་དུང་ཡང་འདི་མ་སྤང་ན་ཐ་མ་མེད་པའི་བར་དུ་གནོད་པ་སྐྱེལ་བ་ཡིན་པས་བདག་ཏུ་འཛིན་པའི་སྐྱོན་རྣམས་ཤེས་པར་བྱས། རིན་ཆེན་བྱང་ཆུབ་ཀྱི་སེམས་འདིས་གནས་སྐབས་མཐོ་རིས་དང་། བྱང་ཆུབ་སེམས་དཔའི་སའི་ཡོན་ཏན། མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ཡོན་ཏན་ཐམས་ཅད་ཐོབ་པ་ཡིན་པས་དེ་ལྟར་སྐྱོན་ཡོན་ཤེས་པར་བྱས་ཏེ། རིན་ཆེན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེ་བར་བྱེད་པ་ཚད་མེད་བཞི་དང་། བདག་གཞན་མཉམ་བརྗེས་བྱང་ཆུབ་ཀྱི་སེམས་བསྒོམ་ནས་བདག་རང་འདོད་ཀྱི་འཁྲི་བ་རྩ་བ་ནས་མ་ཆོད་པའི་བར་བསྒོམ་ཞིང་སེམས་ཅན་ཐམས་ཅད་ལ་མ་དང་རང་ལ་བུའི་འདུ་ཤེས་བཞག་ནས་སེམས་ཅན་ཐམས་ཅད་ཀྱི་གནས་སྐབས་དང་མཐར་ཐུག་གི་བདེ་བའི་ཆ་རྐྱེན་དུ་ཡོངས་སུ་བཟུང་བའི་གཞི་ལུས་དང་། དེ་བཞིན་དུ་ལོངས་སྤྱོད་དང་། དུས་གསུམ་དུ་བསགས་པའི་དགེ་བའི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བ་ཡིན་ལ། དེ་ལྟར་ཡོངས་སུ་བཟུང་བའི་གཞི་གསུམ་པོ་དེའི་ཞེན་འཛིན་ཆོད་ན་དེ་ལས་གཞན་དུ་བདག་ཏུ་འཛིན་པའི་གཞི་མེད་པ་ཡིན་པས། དེ་ལྟར་བློ་སྦྱངས་ནས་བདག་གཅེས་འཛིན་གྱི་བདུད་དེ་ཆོད་ན་གཅོད་པ་ཞེས་པ་ཡིན་ཏེ། ཌཱ་རུ་གཡུག་མི་དགོས། དྲིལ་བུ་དཀྲོལ་མི་དགོས། རྐང་དུང་འབུད་མི་དགོས། མགོ་ལ་རལ་བ་མི་དགོས། ལག་ན་ཀ་པཱ་ལ་ཁྱེར་མི་དགོས། ཉལ་བཞིན་དུ་ནང་སྙེམས་བྱེད་ཀྱི་བདག་འཛིན་འདི་རིན་ཆེན་བྱང་ཆུབ་ཀྱི་སེམས་ཀྱིས་ཡུལ་ཕུད་རྗེས་འདོན་བྱེད་པ་དེ་ལ་གཅོད་རབ་བ་ཉལ་ཉལ་ཟེར་ལ་ཡིན། དེ་ལྟར་མིན་པར་ནང་སྙེམས་བྱེད་ཀྱི་བདུད་དེ་གཅད་དགོས་པའི་གོ་ཡུལ་ཙམ་ཡང་མ་ཆགས་པར། སྣང་བ་འདྲེ་དང་རྒྱལ་འགོང་དུ་ཤར་ཏེ་གཅད་བྱ་ཕྱི་ན་ཡོད་པར་རློམས་ནས། ཕཊ་སྒྲོག སྡང་མིག་བསྒྲད། རྐང་དུང་འབུད། ཌཱ་རུ་ཁྲོལ་ནས་མི་སེམས་དཀྲུགས། ཁྱི་དཀྲོགས་ལྷ་འདྲེ་དང་ཞེ་འགྲས་པར་བྱེད་པ་དེ་ལ་གཅོད་མཐའ་ཁྱི་ཟུག་ཟུག་ཟེར་བ་ཡིན་པས་མ་ཅིག་གིས་གཅོད་ལོག་བདུད་ཀྱི་བསྟན་པ་འབྱུང་བར་ལུང་བསྟན་པ་དེ་དེང་སང་གི་གཅོད་རྒན་རལ་བ་ཅན་འདི་ཚོ་ཡིན་ཏེ། ལྷ་མ་མཐོང་ན་ལྷ་མཐོང་། འདྲེ་མ་མཐོང་ན་འདྲེ་མཐོང་། གྲུབ་པ་མ་ཐོབ་ན་གྲུབ་པ་ཐོབ་ཡོད་ཅེས་ཁ་ཕོ་སྨྲ། རྟ་རྒྱུག་མདའ་འཕེན། ཆང་འཐུང་ནག་མོ་ཁྲིད་ནས་གྲུབ་པའི་སྤྱོད་པ་ལྟར་སྤྱད་པས་མི་རང་གཉིས་ཀས་གྲུབ་ཐོབ་ཡིན་རྒྱུ་རེད་ཟེར་ནས་རྒྱུ་མཚན་མེད་པའི་དད་མདོག་བྱེད། རང་གཞན་གཉིས་ཀ་དམྱལ་བའི་གཏིང་རྡོ་བྱེད་པའི་གཅོད་པ་འདི་རྣམས་ནག་པོ་དགུ་ཕྲུག་གིས་གཅོད་ལོག་བདུད་ཀྱི་སྤྲུལ་པ། སྡིག་པའི་བཤེས་གཉེན། ལོག་འདྲེན་འབྱུང་པོ་ཞེས་པ་ཡིན་པས་སྤང་དགོས། གཉིས་པ་ཤེས་རབ་ཀྱིས་བཅད་པ་ནི། ནང་ཕུང་པོ་ལ་སྙེམས་བྱེད་ཀྱི་བདག་འཛིན་འདི་ཆོད་དགོས་པས། འདི་གཅོད་པ་ལ། ཡུམ་དོན་ངོ་སྤྲད་ཅིང་། བསྒོམ་པས་དེའི་ངང་སྐྱོང་བ། སྤྱོད་པས་བོགས་དབྱུང་བ་ཡོད་ན་ཡང་སྐབས་འདིར་གོ་བདེ་བའི་དབང་དུ་བྱས་ན། ནང་ཕུང་པོ་ལ་དམིགས་ཏེ་ངར་འཛིན་པ་དང་ང་ཡིར་འཛིན་པ་གཉིས་པོ་གཅད་བྱའི་བདུད་ཡིན་ལ། དེ་ཡང་གཞི་མེད་རྩ་བྲལ་དུ་གཏན་ལ་འབེབས་པ་ལ། གང་ཟག་གི་བདག་ང་ཞེས་པ་ནི་ཕུང་པོ་ལྔ་དང་གཅིག་ཐ་དད་བརྟག་ན་གཅིག་ཐ་དད་གང་དུའང་མ་གྲུབ་པ་བདག་གཞི་མེད་ནམ་མཁའ་ལྟ་བུ་གཏན་ལ་ཕབ། དེའི་གདགས་གཞི་ཕུང་པོ་ལྔ་ཡང་རགས་པ་ཆ་ཤས་སུ་བསལ། ཕྲ་བ་ཕྱོགས་ཆས་དབྱེ་བ་དང་། སྐད་ཅིག་སྐྱེ་འགགས་ཀྱི་རང་བཞིན་ཅན་ལ་དུས་ཀྱི་ཆ་དང་། དབྱིབས་མཚན་མ་ཁ་དོག་ལ་སོགས་པ་བརྟགས་པས་མ་རྙེད་ཅིང་དངོས་པོའི་ཆོས་ཐམས་ཅད་ཀྱི་ཡིན་ལུགས་ནམ་མཁའ་ལྟ་བུའི་སྨྲ་བསམ་བརྗོད་པ་དང་བྲལ་བ་སྤྲོས་བྲལ་བློ་འདས་ཆེན་པོ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དུ་གཏན་ལ་ཕབ་ནས། དེ་ལྟར་རྟོགས་པའི་ཡེ་ཤེས་དེའི་རྒྱུན་སྐྱོང་ཞིང་གོམས་པ་དང་། དེ་ལྟར་དབང་ཐོབ་དམ་ཚིག་དག ལྟ་སྒོམ་གྱི་དྲོད་ཅུང་ཟད་ཐོབ་པའམ། མིན་ཀྱང་བསྙེན་པ་སོང་བསྐྱེད་རིམ་བརྟན་པ་ཅུང་ཟད་ཐོབ་པ་རྣམས་ཀྱིས་མི་ཕོད་པ་བརྫི་ཞིང་བར་ཆད་དང་མི་མཐུན་པའི་རྐྱེན་རྣམས་ལ་ཕར་ཐོག་འགེལ་དུ་བཀལ་ནས་བར་ཆད་དངོས་གྲུབ་ལྟས་ངན་གཡང་དུ་ལེན་པའི་སྤྱོད་པས་གཉན་ས་རི་ཁྲོད་ལ་སོགས་པ་འགྲིམ་པ་ཡིན་ཏེ། ཕྱི་ལྷ་འདྲེ་དངོས་དང་གཟི་བྱིན་གྱི་སློངས་གང་རུང་ལ་བརྟེན་ནས་འཇིགས་ཤིང་སྐྲག་པའི་ཚེ་སྐྲག་ཆེ་པའི་སྟོབས་ཀྱིས་རྣམ་པར་རྟོག་པ་ཐམས་ཅད་འགགས་པའི་ཤུལ་དེ་ན་སེམས་ཀྱི་ཡིན་ལུགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་རྟོག་པའི་གོས་དང་བྲལ་ནས་གཅེར་བུར་ལྡང་ཞིང་བཞུགས་ཡོད་པས་དེ་ངོས་ཟིན་པ་བྱ་དགོས་པས་རང་དོན་དུ་རྟོགས་པ་མ་སྐྱེས་པ་རྣམས་སྐྱེས། སྐྱེས་པ་རྣམས་བོགས་དབྱུང་བའི་གནད་ཡོད་ལ། གཞན་དོན་དུ་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་ལྷ་འདྲེ་ཐམས་ཅད་མར་བཟུང་ཞིང་དྲིན་གཟོ་བའི་ཆེད་དུ་རང་གི་ལུས་ལྷ་འདྲེར་གཟན་དུ་སྟེར་ཞིང་། རྒྱུད་ཆོས་ལ་འཁོར་བའི་དངོས་མེད་ལྷ་འདྲེའི་འགྲོ་དོན་བྱེད་པ་ཡིན་ལ། དེ་ལྟར་ལུས་གཟན་དུ་བྱིན་ནས་རྒྱུད་ཆོས་ལ་བཀོལ་མི་གཏུབ་པའི་ལྷ་འདྲེ་མ་རུངས་པ་རྣམས་ལ་སྙིང་རྗེ་ཁྲོས་པའི་དྲག་ཤུལ་གྱི་ལས་བརྩམ་པ་ཡིན་ཏེ། དཔེར་ན་མས་བུ་དང་པོ་ཟས་སོགས་ཀྱིས་བྲིད་ནས་ལེགས་པའི་ལམ་ལ་འགྲོ་ཨེ་ཐུབ་ལྟ། དེ་མ་ཐུབ་ན་སྙིང་རྗེ་ཁྲོས་པས་བརྡུང་བཙོག་བྱེད་པ་བཞིན་ཡིན་པས། ནང་སྙེམས་བྱེད་ཀྱི་བདུད་རྩ་བ་ནས་ཆོད་པའི་རྣལ་འབྱོལ་པས། ལྷ་འདྲེ་རྣམས་སྙིང་རྗེ་ཆེན་པོས་དབང་དུ་བསྡུ་ཞིང་། ཤེས་རབ་ཆེན་པོས་ཟིལ་གྱིས་གནོན་དགོས་ཏེ། དང་པོ་ལྷ་འདྲེ་རྣམས་ལ་མར་ཤེས་དྲིན་དྲན་དྲིན་གཟོ་འདོད་ཀྱི་རྟོག་པ། སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་འདོད་ཀྱི་སྙིང་རྗེ་ཤས་མི་བཟོད་པ་ཞིག་བསྐྱེད་དེ། སྙིང་རྗེ་དེའི་གདངས་རྡོ་རྗེ་རྣལ་འབྱོར་མ་སོགས་སུ་གསལ་ནས་དབང་དུ་བསྡུ་ཞིང་། དེ་ནས་བདག་གནས་ལྷ་འདྲེ་གསུམ་པོ་ཐམས་ཅད་པོ་ཡུམ་དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལྟ་བས་འཁོར་གསུམ་དམིགས་པ་མེད་པའི་དབྱིངས་སུ་སྲིད་པ་འཁོར་བ། ཞི་བ་མྱ་ངན་ལས་འདས་པའི་ཆོས། མདོར་ན་སྣང་སྲིད་འཁོར་འདས་ཀྱི་བསྡུས་པའི་ཆོས་སྟོང་ཉིད་སྤྲོས་པ་དང་བྲལ་པའི་ངང་ལས་མ་འདས་མི་འདའ། འདའ་བར་མི་འགྱུར་བའི་ཀློང་དུ་བློ་ལྷོད་ཀྱིས་གློད་ལ་མཉམ་པར་བཞག་པས་གཉིས་ཆོས་ཀྱི་འཛིན་པ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཟིལ་གྱིལ་གནོན་པ་ཡིན། དཔེར་ན་རྒྱལ་པོ་ཁྲི་ལ་བཞུགས་པས་འབངས་ཟིལ་གྱིས་གནོན་པ་ལྟ་བུ་ཡིན་ནོ། ། དེ་ནས་རང་གི་ལུས་ལ་ཕངས་པ་དང་ཆགས་པ་མེད་པར་ལྷ་འདྲེ་རྣམས་ལ་གང་ལ་གང་འདོད་ཅི་ལ་ཅི་འདོད་དུ་བྱིན་ནས་ཕུང་པོའི་འཛིན་པ་ལིང་གིས་བསྐྱུར་ནས། ད་ནི་ལུས་རྒོག་འདི་མི་ངས་མ་ཟད་འདྲེ་ཁྱེད་རྣམས་ཀྱིས་གནོན་པ་མི་བྱེད་པར་མ་ཟད་སྲུང་སྐྱོབ་བྱས་ཀྱང་ནམ་ཞིག་སུས་ཀྱང་བསྲུང་མི་ནུས་པས་ཁྱེད་རྣམས་ཀྱིས་སུ་འདོད་པས་ཁྱེར། གང་དགོས་པས་ཁུར། ཅི་འོང་བ་ཤོག མི་འདོད་པ་ཞིག་འོང་ན་ད་དུང་འདིའི་སྟེང་དུ་མི་འདོད་པ་ཅི་ཡོད་པ་ཐམས་ཅད་ཤོག་སྙམ་དུ་བསམ་དགོས། དེ་ལྟར་མ་ཡིན་པར་ཕོ་ཚོད་ཀྱིས་ལྷ་འདྲེ་བརྙས་བཅོས་བྱེད་པ་དང་། འཇིག་རྟེན་ཆོས་བརྒྱད་གྲགས་པ་སྒྲུབ་པ། ངའི་ཚེ་དང་སྲོག་མི་ཆད། བླ་མ་ཁུར་བའི་ཆེད་སོགས་སུ་བསམ་ནས། ལུས་སྦྱིན་བྱེད་མདོག གཉན་ས་གཅད་མདོག ཆུ་མིག་བརྒྱ་རྩ་འགྲིམ་མདོག་བྱེད། སྙིང་རྗེ་བསྒོམ་ན་དྲག་གམ། སྟོང་པ་ཉིད་བསྒོམ་པ་དྲག་གམ་སྙམ་ནས་དྲག་སྔགས་བཟླ་བ་སྲུང་འཁོར་བསྒོམ་པ་དང་། བླ་མ་ལ་གསོལ་བ་འདེབས་པར་བྱེད་པ་རྣམས་ཀྱིས་ནང་སྙེམས་བྱེད་ཀྱི་བདུད་མ་ཆོད་པར་བདུད་ཀྱིས་དངོས་སུ་ཁྱེར་ཚར་བ་ཡིན་པས་ནང་སྙེམས་བྱེད་ཀྱི་བདུད་དེ་གྲོང་ན་བསྡད་ཀྱང་འདྲ། གཉན་ཁྲོད་འགྲིམས་ཀྱང་འདྲ་སྟེ་འདི་ཆོད་དགོས་པས་ཟབ་མོ་གཅོད་ཀྱི་ཉམས་ལེན་གྱི་མཐར་ཐུག་ང་བདག་འདི་སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་གྱིས་གཅད་དགོས་པ་ཡིན། དེ་ནས་ལུས་སྦྱིན་ནམ་བྱེད་དུས་སུ་དང་པོ་ལུས་འདིས་གཅེས་འཛིན་བག་ཉལ་དུ་ཡོད་པ་མངོན་གྱུར་དུ་སློང་བར་བྱེད་དགོས། འཇིག་རྟེན་ཚེ་འདིའི་ཟས་གོས་གནས་མལ་ཡོ་བྱད་ཐམས་ཅད་ལུས་འདི་མི་ཉན་མི་ལོ་ནས་སྡིག་སྡུག་བསྔལ་གཉིས་ཀྱི་སྒོ་ནས་བསགས་པ་ཡིན་པས་དངོས་པོ་ཐམས་ཅད་ཀྱི་ནང་ནས་ལུས་འདི་ཕངས་ཤིང་གཅེས་པ་ཡིན་པས་གཅེས་འཛིན་སློང་ཡག་བྱས་ཏེ། དེ་ནས་ལྷ་འདྲེས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ལ་མར་ཤེས་དྲིན་དྲན། དྲིན་གཟོ་འདོད་ཀྱི་རྟོག་པ་བསྐྱེད་དེ། དྲིན་གཟོ་བའི་ཆེད་དུ་མགྲོན་བཞིར་ལུས་ཀྱི་མཆོད་སྦྱིན་བྱེད་པ་ཡིན། དེ་ཡང་མཎྜལ་གསོག་པའི་དུས་ལྟ་བུ་ཡིན་ན་ཐོ་རངས་ཀྱི་དུས་སུ་དཀར་འགྱེད། ཉིན་གོང་ཁྲ་འགྱེད། སྲོད་ལ་དམར་འགྱེད་བྱེད་པའམ། ཡང་ན་ཐུན་རེ་རེ་བཞིན་འགྱེད་ཆེན་གསུམ་པོ་བཏང་བ་ཡིན། ཁྱད་པར་ནད་གདོན་དྲག་པོའི་དུས་དང་། ལྷ་འདྲེ་དཀར་འགྱེད་ལ་མི་དགའ་ཞིང་ཤ་ཁྲག་ལ་རྔམས་པ་རྣམས་ལ་དམར་འགྱེད་བྱེད་དགོས་པ་ཡིན། ནག་འགྱེད་ནི། ལྷ་འདྲེ་སློང་མ་ནུས་པའམ། བསླངས་ཀྱང་ཚར་ཚད་མ་འོངས་པའམ། ཚར་ཚད་འདྲ་བ་རེ་འོང་ཀྱང་ཆོད་ཚད་མ་འོངས་པར་ཡུན་རིང་པོར་འགོར་བ་རྣམས་ལ་བྱ་དགོས། འོན་ཀྱང་ངང་ཐུང་ཞིང་ཅུང་ཟད་ཙམ་རེ་སེམས་མ་དགའ་ནས་ནག་འགྱེད་བྱས་ན་བྱང་སེམས་ཀྱི་ལམ་དང་འགལ་འགྲོ་བ་ཡིན་པས་མི་བྱ། སྐབས་འགར་ནག་འགྱེད་ཀྱི་དམིགས་པ་རེ་གསུང་སྲོལ་འདུག་ཀྱང་མ་བྲིས།
དྲུག་པ། བླ་མའི་རྣལ་འབྱོར། དྲུག་པ་རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་སྐྱེད་པར་བྱེད་པའི་ཐབས་ཐམས་ཅད་ཀྱི་མཐར་ཐུག་པ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་ཁྲིད་ལ། དེ་ལ་རྣམ་གྲོལ་ལམ་གྱི་ཐེག་པ་རིམ་པ་དགུ་པོས་ཀྱང་རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་བསྐྱེད་ནས་འབྲས་བུ་ཐོབ་དགོས། དེ་ལ་གསར་མ་པ་ལྟར་ན། སྟོང་ཉིད་ཉན་ཐོས་རྣམས་ཀྱིས་བསྒོམ། ། དེ་ཡི་འབྲས་བུ་འགོག་པ་ཡིན། ། ལྟ་བ་ལ་མཐོ་དམན་མེད་པ་ཡིན་པར་བཞེད་ལ། སྔགས་རྙིང་མ་ལྟར་ན་ལྟ་བ་ལ་མཐོ་དམན་ཡོད་དེ་ཉན་རང་ལ་ཡེ་ཤེས་མེད་པའང་མིན་ཀྱང་ཡེ་ཤེས་ཉི་ཚེ་ལས་མེད་ལ། བྱང་ཆུབ་སེམས་དཔས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལྟ་བ་རྟོགས་པས་ཡེ་ཤེས་ཉི་ཚེ་མ་ཡིན་པར་ཆེན་པོའམ། ལྟ་བ་མཐོ་བ་ཡིན་པས་ཉན་རང་དང་བྱང་སེམས་ཀྱི་ཡེ་ཤེས་ལ་ཁྱད་པར་ཤིན་ཏུ་ཆེན་པོ་ཡོད། དེ་ལ་དང་པོ་ཉན་རང་གིས་མཚན་ཉིད་ཐམས་ཅད་ཚང་བའི་མཁན་པོའམ་སློབ་དཔོན་ཞིག་བཙལ་ནས། ངེས་འབྱུང་གི་བསམ་པས་ཀུན་ནས་བསླངས་ཏེ་སོ་ཐར་གྱི་སྡོམ་པ་བླངས་ནས་ལམ་ལྷག་པའི་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་པོ་ཉམས་སུ་བླང་ན་ཐར་པའི་གོ་འཕང་ཐོབ་པ་ཡིན། ལམ་ཐམས་ཅད་ཀྱི་གཙོ་བོའམ་ངོ་བོ་ཤེས་རབ་ཡིན་ལ། ཚུལ་ཁྲིམས་དང་ཏིང་ངེ་འཛིན་གཉིས་འཁོར་ཡིན་པས་ལམ་བདེན་འཁོར་བཅས་ཉམས་སུ་ལེན་པ་ལས་བླ་མ་དང་མཁན་སློབ་ལ་དད་པ་ཁོ་ནས་ཉན་རང་དགྲ་བཅོམ་པའི་གོ་འཕང་ཐོབ་པར་མ་གསུངས་ལ། འོན་ཀྱང་མདོ་ལས། ཤཱ་རིའི་བུ་དོན་དམ་པ་ནི་དད་པས་རྟོགས་པར་བྱ་བ་ཡིན་ནོ། ། གསུངས་པས་དད་པ་ཁོ་ནས་བདག་མེད་པའི་དོན་རྟོགས་པ་ཡོད་དོ་སྙམ་ན་དེ་ནི་མ་ཡིན་ཏེ། དད་པ་མེད་པར་ལམ་ལ་འཇུག་པའི་ཐབས་མེད་པས་ཆོས་ཐམས་ཅད་ཀྱི་སྒོ་ཕྱེ་བ་དད་པ་ཡིན་པས་དང་པོ་དད་པ་ཡོད་དགོས་པར་གསུངས་པའི་ལུང་ཡིན། དད་པ་ཁོ་ནས་དེ་ཁོ་ན་ཉིད་རྟོགས་པའི་དོན་མིན། དེས་ན་རང་ལ་སྡོམ་པ་སྦྱིན་པའི་མཁན་སློབ་ལ་འགྲས་བསྒྲུབ་ན་ལམ་གྱི་གེགས་བྱེད་པ་ཡིན་པས་དད་པ་ཡིན་དགོས་ལ། ལམ་བདེན་པ་བཞི་ཡང་མ་བསྒོམས་པར་དད་པ་གཅིག་པུས་ཉན་རང་གི་དགྲ་བཅོམ་པ་མི་ཐོབ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕྱིའི་ཡོངས་འཛིན་བླ་མ་དགེ་བའི་བཤེས་གཉེན་མ་བསྟེན། ནང་གི་ཡོངས་འཛིན་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་མ་སྦྱང་ན་མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མི་མཐོང་བ་དེས་ན། བཤེས་གཉེན་ཞི་བ་དུལ་བ་ཉེར་ཞི་བ། ། ཡོན་ཏན་ལྷག་བཅས་ལྷག་པར་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན། ། བརྩེ་བའི་བདག་ཉིད་སྐྱོ་ངལ་སྤངས་ལ་བརྟེན། ། ཞེས་པས། ཡོན་ཏན་བཅུ་ལྡན་གྱི་བླ་མའམ་མིན་ཀྱང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་འབྱོང་བའི་དགེ་བའི་བཤེས་གཉེན་ཞིག་དད་པའི་སྒོ་ནས་བསྟེན་ཅིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ལམ་རྫོགས་སྨིན་སྦྱང་བ་རྒྱ་མཚོ་ལྟ་བུ་ཞིག་ལ་མ་བསླབ་ཀྱི་བར་དུ་དད་པ་ཁོ་ནས་མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མཐོང་བར་མ་གསུངས་ཤིང་། བླ་མ་ལ་གནོད་པ་བྱེད་ཅིང་དད་པ་ལོག་ན་སྡིག་པ་ཚབ་པོ་ཆེ་བསགས་འགྲོ་བ་ཡིན་ཏེ། གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ། ། གལ་ཏེ་ངན་སེམས་སྐྱེ་བར་བྱེད་པ་ན། ། ངན་སེམས་སྐྱེ་བའི་གྲངས་བཞིན་བསྐལ་བ་རུ། ། དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། ། ཞེས་སོ། ། དེས་ན་ལྕགས་ཀྱིས་ལྕགས་གཅོད་པ་བཞིན་དུ་སྔར་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་འཇོམས་ཤིང་། གཟོད་ཚོགས་ལམ་ཆུང་ངུ་ནས་ཚོགས་གསོག་དགོས་པ་ཡིན་ལ། བཤེས་གཉེན་དེ་ལ་སངས་རྒྱས་སུ་མཐོང་བའི་མོས་གུས་ཡོད་ནས་གསོལ་བ་བཏབ་ན་རྟོགས་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བ་ཞིག་ནི་ཡོངས་སུ་མ་གྲགས་ལ། འོན་ཀྱང་བསོད་ནམས་ཀྱི་ཚོགས་ཆེན་པོ་ནི་རྫོགས་པ་ཡིན་ཏེ། འོན་ཏེ་གང་ཞིག་ཡིད་རབ་དང་བྱེད་ན། ། དེ་ཡི་འབྲས་བུ་དེ་བས་ལྷག་པར་འཕེལ། ། ཞེས་སོ། ། བྱང་སེམས་སྔགས་ལ་ཞུགས་པའི་རིག་པ་འཛིན་པས་དང་པོ་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ཞིག་གིས་མདུན་དུ་སྔགས་ཕྱི་པ་གསུམ་གྱི་སྨིན་བྱེད་ཀྱི་དབང་། ཆུ་དང་ཅོད་པན་སོགས་རིགས་གཏད་དང་རྗེས་གནང་སྟེ་ཐུན་མོང་རིག་པའི་དབང་ལྔ་ཞུས། དམ་ཚིག་རྣམ་པར་དག་པས་རྒྱུད་བསྡམ་ལམ་ཉམས་སུ་ལེན་པ་ལ། མཚན་བཅས་ཀྱི་རྣལ་འབྱོར་དང་། མཚན་མེད་ཀྱི་རྣལ་འབྱོར་གཉིས་བསྒོམས་པས་བསྒྲུབ་རྟེན་ལ་དྲོད་ཕོག་པ། མར་མེ་རང་འབར་དུ་འགྲོ་བ། འཇའ་ཟུག་པ་སོགས་རྟགས་བྱུང་བའི་ཚེ་དངོས་གྲུབ་བླངས་པས་ཐུན་མོང་གི་དངོས་གྲུབ་འདོད་གཟུགས་ཀྱི་ལྷ་དང་སྐལ་བ་མཉམ་པའི་དངོས་གྲུབ་ཐོབ་ནས། དེ་ནས་ལུས་མ་སྤངས་པར་རི་བོ་པོ་ཏ་ལ་ལ་སོགས་པར་རྫུ་འཕྲུལ་གྱིས་ཕྱིན་ཏེ། སྤྱན་རས་གཟིགས་དང་འཇམ་དཔལ་ལ་སོགས་པའི་ཞལ་མཐོང་མ་ཐག་ཏུ་མཆོག་གི་དངོས་གྲུབ་ཐོབ་ནས་མི་ཚེ་ལྔའམ་བདུན་ནམ་བཅུ་དྲུག་གི་མཐར་རིགས་གསུམ་རིགས་བཞི་རིགས་ལྔ་རྡོ་རྗེ་འཛིན་པ་གང་རུང་གི་གོ་འཕང་ཐོབ་པ་ཡིན་ལ། དེས་བླ་མ་རྡོ་རྗེ་སློབ་དཔོན་དང་འགལ་ན་དངོས་གྲུབ་ཀྱི་གེགས་བྱེད་ལ། མ་འགལ་ཞིང་སངས་རྒྱས་སུ་མཐོང་བའི་སྒོ་ནས་གསོལ་བ་བཏབ་ན་རྟོགས་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བར་ཡོངས་སུ་མ་གྲགས་ལ། སྲིད་མཐའ་མ་བཀག་པ་ཡིན། དེས་ན་རྡོ་རྗེ་སློབ་དཔོན་གྱིས་བསྟན་པའི་མཚན་བཅས་མཚན་མ་མེད་པའི་རྣལ་འབྱོར་མ་བསྒོམ་ན་བླ་མའི་མོས་གུས་ཁོ་ནས་མཆོག་གི་དངོས་གྲུབ་ཐོབ་པར་མ་བཤད། སྔགས་ནང་པ་རྒྱུད་སྡེ་གསུམ་གྱིས། དང་པོ་མ་ཧཱ་ཡོ་གའི་འཇུག་སྒོའི་དབང་ཕྱི་ཕན་པའི་དབང་བཅུ་སོགས། དབང་བཞི་ཡོངས་རྫོགས་ཐོབ་ནས། དམ་ཚིག་རྣམ་པར་དག་པས་རྒྱུད་བསྡམ་ནས། ལམ་ཉམས་སུ་ལེན་པ་ལ་གཉིས། བསྐྱེད་རིམ་དང་རྫོགས་པའི་རིམ་པ་གཉིས་ཀྱི་བསྐྱེད་རིམ་དང་རླུང་གི་རྫོགས་རིམ་གཙོ་བོར་བསྒོམ་པས་སྟོང་བཞིས་དྲངས་པའི་དཔེའི་འོད་གསལ་རྒྱུད་ལ་སྐྱེས་ནས། དེའི་རྗེས་ཐོབ་ལ་སྣང་བ་གསུམ་གྱི་འོད་གསལ་གྱི་རྒྱུ་བྱས་རླུང་འོད་ཟེར་ལྔ་པས་རྐྱེན་བྱས་ནས་སྒྱུ་ལུས་ཀྱི་ལྷ་སྐུར་ལྡང་བ་ཡིན་ལ། དེ་ནས་དོན་གྱི་འོད་གསལ་ལ་སྦྱོར་བའི་ཚེ། ཚོམ་བུ་ཚོགས་ཀྱིས་བསྒྲུབ་པ་བྱས་ནས་སྲོད་ལ་ལྷ་ལས་དངོས་གྲུབ་བླངས། གུང་ལ་དགྲ་ལས་དངོས་གྲུབ་བླངས། ཐོ་རངས་ཡུམ་ལས་དངོས་གྲུབ་བླངས་པས་དོན་གྱི་འོད་གསལ་རྒྱུད་ལ་སྐྱེས་ནས་དེའི་རྗེས་ཐོབ་ཏུ་སློབ་པའི་ཟུང་འཇུག་གི་སྐུར་ལྡང་བ་ཡིན་ལ། འདིའི་ལུགས་ལ་བླ་མ་རྡོ་རྗེ་སློབ་དཔོན་དང་འགལ་ན་མགོ་ཆད་ན་གསོ་མི་རུང་བ་བཞིན་དངོས་གྲུབ་ཐམས་ཅད་ཀྱི་གེགས་བྱེད་པ་དང་། ཚེ་འདིར་ཚེ་ཐུང་ནད་མང་ལ་སོགས་པའི་མི་འདོད་པ་དུ་མ་འབྱུང་ལ། ཕྱི་མ་རྡོ་རྗེའི་དམྱལ་བ་ཐར་དཀའ་བའི་གནས་སུ་སྐྱེ་ནས་སྡུག་བསྔལ་མྱོང་བ་ཡིན་ལ། རྡོ་རྗེ་སློབ་དཔོན་སངས་རྒྱས་སུ་མཐོང་བའི་སྒོ་ནས་གསོལ་བ་བཏབ་ན་རྟོགས་པའི་ཡེ་ཤེས་ཏེ་མཆོག་གི་དངོས་གྲུབ་ལ་སྦྱོར་བ་ཡིན་ཀྱང་འདི་ཉིད་རྩལ་དུ་བཏོན་ཏེ་མ་གསུངས་ཤིང་། དེའི་ཉེ་རྒྱུའི་སྤྱོད་པ་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་མཛད་ནས་གཞན་ལུས་ཕྱག་རྒྱའི་ཉེར་ལེན་གཙོ་བོ་གསུངས་པ་ཡིན། ཨ་ནུ་ཡོ་གའི་དང་པོ་བླ་མ་མཚན་ཉིད་དང་ལྡན་པ་ཞིག་གིས་སྨིན་བྱེད་ཀྱི་དབང་། ཕྱི་ནང་གསང་བའི་དབང་ཐམས་ཅད་བསྐུར་ནས། དམ་ཚིག་རྣམ་པར་དག་པས་རྒྱུད་བསྡམ། ལམ་ཉམས་སུ་ལེན་པ་ལ་བསྐྱེད་རིམ་ཆ་ཙམ་དང་། རྫོགས་རིམ་ལ་ཐིག་ལེ་རྫོགས་རིམ་གཙོ་བོར་བསྒོམ་ནས་རྩ་དྲང་། རླུང་བྱང་། ཐིག་ལེ་ལས་སུ་རུང་ཞིང་དགའ་བཞིས་དྲངས་པའི་དཔེ་འོད་གསལ་རྒྱུད་ལ་སྐྱེས་ནས། རྗེས་ཐོབ་མ་དག་པའི་སྒྱུ་ལུས་ཀྱི་ལྷ་སྐུར་ལྡང་ཞིང་། དེ་དོན་གྱི་འོད་གསལ་ལ་སྦྱོར་བའི་ཉེ་རྒྱུའི་སྤྱོད་པ་ཕྱག་རྒྱ་སྤྲོས་མེད་གཞན་ལུས་ཕྱག་རྒྱའི་ཉེར་ལེན་ལ་བརྟེན་ནས་དོན་གྱི་འོད་གསལ་ལ་སྦྱོར་ཞིང་། རྗེས་ཐོབ་སློབ་པའི་ཟུང་འཇུག་གི་སྐུར་ལྡང་བ་ཡིན་ལ། དེས་ཀྱང་རྫོགས་རིམ་གཙོ་བོ་བསྒོམ་ཞིང་ཕྱག་རྒྱའི་བོགས་འདོན་གྱིས་དོན་གྱི་ཡེ་ཤེས་ལ་སྦྱོར་བ་གཙོ་བོར་གསུངས་པ་ལས་བླ་མའི་མོས་གུས་ཁོ་ནས་མཆོག་ལ་སྦྱོར་བར་མ་གསུངས་ལ། འོན་ཀྱང་སྔགས་ནང་པ་རྣམས་ཀྱིས་དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས་ཞེས་པས། དངོས་གྲུབ་བླ་མའི་རྗེས་སུ་འབྲང་བ་ལས། ཡི་དམ་དང་མཁའ་འགྲོའི་རྗེས་སུ་མི་འབྲང་ཡང་གང་ཟག་གི་བསམ་པའི་དབང་གིས་འགའ་ཞིག་བླ་མ་ལ་དད། འགའ་ཞིག་ཡི་དམ་དང་མཁའ་འགྲོ་ལ་དད་པས། བླ་མ་ལ་སངས་རྒྱས་སུ་མཐོང་བའི་མོས་གུས་ཡོད་ན། དེས་ནི་བསྐྱེད་རྫོགས་མ་བསྒོམ་ཀྱང་རྟོགས་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བ་ཡིན་ཞིང་། དེ་ནི་གསར་མ་བས་ཀྱང་འདོད་ལ། འོན་ཀྱང་མ་ཧཱ་ཨ་ནུ་གཉིས་ཀྱིས་བསྐྱེད་རྫོགས་གཉིས་གཙོ་བོར་བསྒོམ་པར་བཤད་ལ། བླ་མ་དང་མཆེད་གྲོགས་ལ་འགྲས་སྒྲུབ་ན། རྩ་ལོག་རླུང་ལོག་སོགས་སུ་འགྱུར་བ་དང་། ། ཁ་གདངས་མིག་འགྲད་ལྷ་བསྒོམས་འདྲེ་རུ་ལོག །ཅེས་པ་བཞིན་ནོ། ། བླ་མ་དང་མཆེད་གྲོགས་ལ་མི་འགལ་བར་བླ་མ་ལྷའི་ངོ་བོར་སྒྲུབ་ན་འགྲུབ་ཐག་ཉེ་ཞིང་བྱིན་རླབས་མྱུར་བ་ཡིན། ཁྱད་པར་ཨ་ཏི་ཡོ་གའི་ལུགས་ལ། དང་པོ་བླ་མ་མཚན་ཉིད་དང་ལྡན་པ་ཞིག་གིས་རྫོགས་པ་ཆེན་པོ་སྤྲོས་བཅས་སྤྲོས་མེད། རབ་ཏུ་སྤྲོས་མེད། ཤིན་ཏུ་སྤྲོས་མེད་ཀྱི་དབང་བཞི་ཐོབ། བསྲུང་དུ་ཡོད་པ་རིམ་གྱིས་པའི་དམ་ཚིག་རྩ་བ་བླ་མའི་སྐུ་གསུང་ཐུགས་ལ་དབྱེ་བ་ཉི་ཤུ་རྩ་བདུན་དང་ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔ་དང་། བསྲུང་དུ་མེད་པ་ཅིག་ཆར་པའི་དམ་ཚིག་མེད་པ་གཅིག་པུ། ཕྱལ་བ་ལྷུན་གྱིས་གྲུབ་པ་སྟེ་དམ་ཚིག་རྣམ་པར་དག་པས་རྒྱུད་བསྡམ། ལམ་ཉམས་སུ་ལེན་པ་ལ་ཀ་དག་ཁྲེགས་ཆོད་དང་། ལྷུན་གྲུབ་ཐོད་རྒལ་གྱི་ལམ་རྣམ་པ་གཉིས་ཉམས་སུ་ལེན་པ་ཡིན་ཀྱང་། དེ་ལ་དམིགས་པ་ཡུལ་གྱི་བློ་ཅན་དང་། རིག་པ་རང་སྣང་གི་བློ་ཅན་གཉིས་ཀྱི་ལམ་ཉམས་སུ་ལེན་ཅིང་དང་པོ་རྟོགས་པ་མ་སྐྱེས་པ་སྐྱེ་བར་བྱེད་པ། སྐྱེས་པ་མི་ཉམས་པ་བྱེད་པ། མི་ཉམས་པར་གོང་ནས་གོང་དུ་འཕེལ་བར་བྱེད་པའི་ཉེ་རྒྱུའི་སྤྱོད་པ་ལ་འོག་མ་ལྟར་ཚོམ་བུ་ཚོགས་སྒྲུབ་དང་། གཞན་ལུས་ཕྱག་རྒྱའི་ཉེར་ལེན་གཙོ་བོར་མ་གསུངས་ཤིང་གང་གཙོ་ཆེ་བར་བཤད་ན་བླ་མ་སངས་རྒྱས་སུ་མཐོང་བའི་མོས་གུས་ཀྱིས་གསོལ་བ་བཏབ་ན་རྟོགས་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བར་བཤད་དེ། གཡོ་མེད་མོས་གུས་ཟླ་དྲུག་གིས། ། རྡོ་རྗེ་འཆང་གི་ས་ཐོབ་འགྱུར། ། ཞེས་པ་དང་། ས་དང་ལམ་གྱིས་རིམ་པ་ཡང་། ། བླ་མའི་མོས་གུས་ལོ་ཟླས་འགྲུབ། ། ཅེས་པས། བླ་མ་སངས་རྒྱས་སུ་མཐོང་དགོས། ཇི་ལྟར་ན། བླ་མ་དེ་སོ་ཐར་གྱི་ལུགས་ལ་ཉན་རང་འཕགས་པའམ་མིན་ཀྱང་སོ་སྐྱེ་ཡོན་ཏན་ཅན་དུ་མཐོང་བས་གོ་ཆོད་ལ། བྱང་སེམས་ཀྱིས་འཕགས་པ་ས་ཆེན་པོ་ན་བཞུགས་པའམ། ཡང་ན་སངས་རྒྱས་སྤྲུལ་པའི་སྐུའམ། ཡང་ན་ཚོགས་ལམ་ཆེན་པོ་ཡན་ཆད་ཀྱི་བྱང་སེམས་ཡོན་ཏན་ཅན་དུ་མཐོང་ན་དེས་གོ་ཆོད། རྫོགས་པ་ཆེན་པོའི་ལུགས་ལ་བླ་མ་དེ། སོ་སྐྱེ་པཎྜི་ཏའམ། འཕགས་པ་དགྲ་བཅོམ་པའམ། བྱང་སེམས་འཕགས་པའམ། སངས་རྒྱས་སྤྲུལ་པའི་སྐུར་མཐོང་བ་དང་། ལོངས་སྤྱོད་རྫོགས་པའི་སྐུར་མཐོང་བས་ཀྱང་མི་འོང་། གང་དུ་མཐོང་དགོས་ན་བླ་མ་སངས་རྒྱས་ཆོས་ཀྱི་སྐུར་མཐོང་བའི་སྒོ་ནས་མོས་གུས་ལྟེམ་རྐྱང་མེད་པས་གསོལ་བ་འདེབས་ནུས་ན་ལམ་རྐྱེན་གཞན་ལ་རགས་ལས་མི་དགོས་པར་རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་སྐྱེད་ནུས་པ་ཡིན། དེ་ལྟར་རྒྱུད་ལ་སྐྱེ་བའི་དཔང་པོ་ཞིག་བསྟན་ན། རྒྱ་གར་འཕགས་པའི་ཡུལ་དུ་ནཱ་རོ་པ། ཀླུའི་བྱང་ཆུབ། སློབ་དཔོན་རྡོ་རྗེ་དྲིལ་བུ་པ་རྣམས་ཡིན། བོད་འདིར་ཡང་སོག་པོ་ལྷ་དཔལ་དང་། ཀུན་མཁྱེན་ཆེན་པོ་དང་། རིག་འཛིན་འཇིགས་མེད་གླིང་པ་ལ་སོགས་པ་རྣམས་ཡིན། དེ་ལྟར་བླ་མ་སངས་རྒྱས་སུ་མཐོང་བར་བྱེད་པ་ལ་ཤེས་པར་བྱ་བ་ལྔ།
བླ་མ་སངས་རྒྱས་སུ་ཤེས་པ་དང་གཅིག གང་མཛད་པ་ཐམས་ཅད་ལ་སངས་རྒྱས་ཀྱི་མཛད་པར་ཤེས་པ་དང་གཉིས། རང་ངོར་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་བར་ཤེས་པ་དང་གསུམ། བཀའ་དྲིན་ཅན་གྱི་བླ་མ་དེ་སྐྱབས་གནས་ཀུན་འདུས་ཀྱི་སྤྱི་གཟུགས་ཡིན་པར་ཤེས་པ་དང་བཞི། དེ་ལྟར་ཤེས་ནས་གསོལ་བ་བཏབ་ན་ལམ་རྐྱེན་གཞན་ལ་རག་མི་ལས་པར་རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་སྐྱེ་བར་ཤེས་པ་དང་ལྔ་ལས། དང་པོ་བླ་མ་སངས་རྒྱས་སུ་ཤེས་པ་ལ། དྲང་ངེས་གཉིས་ལས། དྲང་དོན་ལྟར་ན་བླ་མ་འདི་སངས་རྒྱས་སྤྲུལ་པའི་སྐུ་དངོས་ཡིན་ལ། གཞན་རྒྱུད་ཀྱི་བསྡུས་པའི་སངས་རྒྱས་རྣམས་ཀྱིས་གདུལ་བྱའི་དོན་དུ་གང་ལ་གང་འདུལ་དུ་སྤྲུལ་པའི་སྐུ་གཟུགས་སྐུ་འདུས་བྱས་གློ་བུར་བ་སངས་རྒྱས་རྣམས་ཀྱི་ཐུགས་རྗེ་དང་སྨོན་ལམ་གྱི་མཐུ་དང་། གདུལ་བྱའི་བསོད་ནམས་ཀྱི་སྟོབས་ཀྱིས་རྟེན་འབྲེལ་དུ་སྣང་བ་ཆུ་ཟླ་ལྟ་བུ་ཡིན་པར་ཤེས་ནས་མོས་གུས་ཀྱིས་གསོལ་བ་བཏབ་ན་སངས་རྒྱས་ཀྱི་བྱིན་རླབས་འཇུག་པ་ཆོས་ཉིད་ཡིན་ཀྱང་། ད་དུང་བླ་མ་དེ་རང་གི་ཤེས་རབ་ཞན་པས་གཟུགས་སྐུ་དངོས་མཚན་དུ་བཟུང་ན་ཡང་། དེ་ཡང་མ་དག་པའི་སྣང་ཞེན་གྱིས་རང་རྒྱུད་པར་སོང་བས་རང་རྒྱུད་ལ་ཡེ་ཤེས་སྐྱེ་བའི་ཉེར་ལེན་རྣམ་པར་དག་པ་མི་འོང་བས། གང་དག་ང་ལ་གཟུགས་སུ་མཐོང་། ། གང་དག་ང་ལ་སྒྲར་ཤེས་པ། ། ལོག་པའི་ལམ་དུ་ཞུགས་པ་ཡི། ། སྐྱེ་བོ་དེས་ནི་ང་མི་མཐོང་། ཞེས་པ་ལྟར་ཡིན་ལ། འོན་ཀྱང་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པར་ནི་བཤད་དེ། མྱ་ངན་མ་བྱེད་ཀུན་དགའ་བོ། ། སྨྲེ་སྔགས་མ་འདོན་ཀུན་དགའ་བོ། ། ལྔ་བརྒྱའི་ཐ་མར་གྱུར་པ་ན། ། ང་ནི་དགེ་བའི་བཤེས་བགྱིད་དེ། ། ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། ། ཞེས་པ་ནི། མདོ་སྔགས་ཐུན་མོང་གི་ལུགས་ཀྱི་བླ་མ་སངས་རྒྱས་སུ་སྒྲུབ་པ་ཡིན་ལ། ངེས་དོན་ཐུན་མོང་མ་ཡིན་པ་ལྟར་ན་བླ་མ་འདི་སངས་རྒྱས་ཆོས་ཀྱི་སྐུ་དངོས་ཡིན་ཏེ། དེ་ལ་རིགས་པ་དང་ལུང་གཉིས་ལས། དང་པོ་རིགས་པ་ནི། བླ་མའི་ཐུགས་ཟབ་གསལ་གཉིས་སུ་མེད་པའི་གཞི་གནས་ཀྱི་ཡེ་ཤེས་དེ་རྟོགས་རུང་མ་རྟོགས་རུང་ངོ་བོ་ཡེ་དག་གི་སངས་རྒྱས་རྟག་བརྟན་འཕོ་འགྱུར་མེད་པའི་འདུས་མ་བྱས་སངས་རྒྱས་ཆོས་ཀྱི་སྐུ་ཡིན་ཏེ། སངས་རྒྱས་རྣམས་ནི་ཆོས་ཉིད་ལྷ། ། འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། ། ཞེས་པ་ལྟར་གཞི་འབྲས་དབྱེར་མེད་ཀྱི་སངས་རྒྱས་ཆོས་ཀྱི་སྐུ་དེའི་རྩལ་ལམ་རྣམ་རོལ་སྟོང་པའི་གཟུགས་བརྙན་བླ་མའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་སྣང་བའི་གཟུགས་སྐུ་དངོས་ཡིན། གཟུགས་སྐུའི་ངོ་བོ་ཆོས་སྐུ། ཆོས་སྐུའི་རྣམ་འགྱུར་གཟུགས་སྐུ། དོན་ལ་དེ་གཉིས་དབྱེར་མི་ཕྱེད་པ་མཉམ་པ་ཆེན་པོའམ། ཟུང་འཇུག་རྡོ་རྗེ་འཆང་། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ་རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས་ཆེན་པོ་སངས་རྒྱས་ཆོས་ཀྱི་སྐུ་ཡིན་པའི་གནད་ཀྱིས། སྣོད་ཀྱི་འཇིག་རྟེན་དཔལ་ལྡན་བླ་མའི་ཚོགས་ལ་སྐྱབས་སུ་མཆིའོ། ། བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོའི་ཚོགས་ལ་སྐྱབས་སུ་མཆིའོ། ། སྣང་སྲིད་དཔལ་ལྡན་བླ་མའི་ཚོགས་ལ་སྐྱབས་སུ་མཆིའོ། ། ཞེས་པས། ནང་མཚོན་བྱ་དོན་གྱི་ཡེ་ཤེས་བླ་མའི་ཐུགས་ཆོས་ཀྱི་སྐུ་ཡིན་ལ། དེ་མཚོན་པར་བྱེད་པ་ལ་མཚོན་བྱེད་རྟགས་ཀྱི་བླ་མའི་སྐུ་གསུང་ཐུགས་ཀྱི་རྣམ་པར་ཤར་བ་ཡིན་པས། ཆོས་ཉིད་ཀྱི་རིགས་པས་བླ་མ་སངས་རྒྱས་སུ་འགྲུབ་པ་ཡིན་ལ། ལུང་ནི། འདི་ནི་རང་བྱུང་བཅོམ་ལྡན་འདས་སོགས། ལུང་མཐའ་ཡས་སོ། ། གཉིས་པ་གང་མཛད་པ་ཐམས་ཅད་སངས་རྒྱས་ཀྱི་མཛད་པར་ཤེས་པ་ཡིན་ལ། ཐུན་མོང་དང་མཆོག་གི་མཛད་པ་གཉིས། དང་པོ་དེ་ལ་ཞི་རྒྱས་དབང་དྲག་གི་མཛད་པ་བཞི་ལས། དེ་ལ་ཆོས་དང་འཇིག་རྟེན་གཉིས། དང་པོ་འཇིག་རྟེན་གྱི་ལུགས་ཀྱི་མཛད་པ་ཐམས་ཅད་སངས་རྒྱས་ཀྱི་མཛད་པར་མ་ཤེས་ན་ངའི་བླ་མ་ནི་སངས་རྒྱས་ཡིན་ཀྱང་། མཛད་པ་ནི་སངས་རྒྱས་ཀྱི་མཛད་པ་མ་ཡིན་སྙམ་ན་འགལ་བ་ཡིན་པས། འཇིག་རྟེན་གྱི་ལུགས་ཀྱིས་གྱོད་བཤད། སེམས་ཅན་མི་འདུམ་པ་ལ་སོགས་འདུམ་པར་བྱས་ནས་གཙོ་བོ་གྲོས་དཔོན་ཆེན་པོ་མཛད་ན་ཞི་བའི་མཛད་པ་ཡིན་བསམ། ནོར་བསགས། ས་ཞིང་བཅད། ཁང་པ་བརྩིགས། ཚོང་ཁེ་སྤོག་ལ་སོགས་པ་མཛད་པ་ཐམས་ཅད་རྒྱས་པའི་མཛད་པ་ཡིན་བསམ། ཕོ་འགུགས་མོ་འགུགས་ལ་སོགས་པ་མཛད་ཉིན་རེ་རེ་བཞིན་བུད་མེད་བརྒྱ་ཁྲིད་སོང་ན་ཡང་དབང་གི་མཛད་པ་ཡིན་པར་བལྟ། དམེ་གྱོད་འཁྲུགས་པ་ལ་སོགས་པ་སློང་། ཉིན་རེ་རེ་བཞིན་བཤས་བརྒྱ་རེ་བཤའ་འདུག་ཀྱང་དྲག་པོའི་མཛད་པ་ཡིན་པར་བལྟ། ཡང་འོད་ཟེར་དཀར་པོ་སྤྲོས་ཏེ། ནད་དང་མཚོན་དང་མུ་གེ་ལ་སོགས་པའི་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ཞི་བར་བྱེད་པ་ཞི་བའི་མཛད་པ། ཡང་འོད་ཟེར་སེར་པོ་སྤྲོས་ཏེ། ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་ལ་སོགས་འབྱོར་དྲུག་རྒྱས་པར་བྱས་པ་རྒྱས་པའི་མཛད་པ། ཡང་འོད་ཟེར་དམར་པོ་སྤྲོས་ཏེ། ཁམས་གསུམ་དབང་དུ་བསྡུས་པ་ལ་སོགས་པའི་མོས་པ་རྣམ་པ་བཞིའི་སྒོ་ནས་དབང་གི་མཛད་པ། ཡང་འོད་ཟེར་ལྗང་ནག་སྤྲོས་ཏེ། དགྲ་དང་བགེགས་ཐམས་ཅད་བསད་བསྐྲད་བརླག་པ་ལ་སོགས་པའི་མཛད་པ་ཐམས་ཅད་དྲག་པོའི་མཛད་པ་ཡིན་པར་བལྟ། གཉིས་པ་མཆོག་གི་མཛད་པ་ནི། ཐར་པ་བྱང་ཆུབ་གསུམ་གྱི་ལམ་གདུལ་བྱ་རྣམས་ལ་བསྟན་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པར་མཛད་པ་ཡིན། གསུམ་པ་རང་ངོར་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་བར་ཤེས་པ་ནི། བདག་ཅག་སྙིགས་མ་ལྔ་བདོ་བའི་འགྲོ་བ་འདས་བའི་སངས་རྒྱས་ཐམས་ཅད་ཀྱི་གདུལ་མ་ནུས་པར་རྡོ་དགུའི་བར་གྱི་ཤོར་ཡུ་བདག་ཅག་ལ་ཐུགས་རྗེ་ཆེན་པོས་གཟིགས་ཏེ་རྗེས་སུ་འཛིན་པའི་ཆེད་དུ་སངས་རྒྱས་རྡོ་རྗེ་འཆང་མི་ལྤགས་གྱོན་པའི་རྣམ་པས་བྱོན་ནས་སྤངས་རྟོགས་ཀྱི་ཡོན་ཏན་ལ་སངས་རྒྱས་ཐམས་ཅད་དང་མཉམ་ཀྱང་། རང་ངོ་ལ་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་བ་ཡིན་པས། བླ་མས་ཕན་བྱས་པ་ལྟ་བུ་ཕས་མ་བྱས། མས་མ་བྱས། གྲོགས་དགའ་མཛས་མ་བྱས། འཇིག་རྟེན་ལ་ཕན་པར་གྲགས་པའི་གཙོ་བོ་ཆེན་པོ་སུས་ཀྱང་མ་བྱས། བླ་མས་བདག་ལ་ཕན་ཇི་ལྟར་བྱས་ན། མི་དགེ་བ་སྤངས་པའི་ཚུལ་བསླབ་སྟེ་ངན་སོང་གི་སྒོ་འཕར་བཅད། དགེ་བ་སྒྲུབ་ཚུལ་བསླབ་སྟེ་མཐོ་རིས་དང་ཐར་པའི་ཐེམ་སྐས་བཙུག བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དུ་བཅུག་ནས་རྣམ་པ་ཐམས་ཅད་མཁྱེན་པའི་རིགས་ཀྱི་ས་བོན་བཏབ། རིག་པ་ཆོས་སྐུར་ངོ་སྤྲད་ནས་མཐར་ཐུག་ཆོས་སྐུའི་ཕ་ཕོག་སྩོལ་བ་པོ་ཡིན་པས་རང་རེའི་ངོར་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་བར་ཤེས་དགོས། བཞི་པ་སྐྱབས་གནས་རྒྱ་མཚོའི་ཡེ་ཤེས་ཀྱིས་སྤྱི་གཟུགས་སུ་ཤེས་པ་ནི། ཕྱི་དཀོན་མཆོག་གསུམ་པོ་ཡང་བླ་མ་ལ་འདུ་བ་ཡིན་ཏེ། བླ་མའི་སྐུ་དགེ་འདུན། གསུང་དམ་པའི་ཆོས། ཐུགས་སངས་རྒྱས་ཡིན་ཏེ། དག་ཐོབ་བྲལ་བའི་སེམས་སངས་རྒྱས། ། མི་འགྱུར་དྲི་མེད་ཆོས་དང་ནི། ། ཡོན་ཏན་ལྷུན་རྫོགས་དགེ་འདུན་ཉིད། ། ཡིན་ཕྱིར་རང་གི་སེམས་ཉིད་མཆོག ། ཅེས་སོ། ནང་རྩ་བ་གསུམ་གྱི་ངོ་བོ་བླ་མ་ཡིན་ལ། བྱིན་རླབས་ཀྱི་རྩ་བའང་བླ་མ་ཡིན་ཏེ། མཚོན་བྱ་དོན་གྱི་བླ་མ་ཐུགས་ཡེ་ཤེས་ཆེན་པོ། མཚོན་བྱེད་རྟགས་ཀྱི་བླ་མ་སྐུ་སྔགས་པ་དང་རབ་བྱུང་གི་རྣམ་པར་བཞུགས་པ་དེ་ཡིན་ལ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ཡང་ཆོས་ཉིད་དོན་གྱི་ལྷ་བླ་མའི་ཐུགས་ཡེ་ཤེས་ཆེན་པོ། ཆོས་ཅན་རྟགས་ཀྱི་ལྷ་ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱང་བླ་མའི་ཐུགས་ཡེ་ཤེས་ཆེན་པོའི་རོལ་བ། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཡང་བླ་མའི་ཐུགས་ཡེ་ཤེས་ཆེན་པོའི་ཆོས་ཉིད་ཀྱི་མཁའ་ལ་ཐུགས་རྗེ་རྩལ་ཤར་གྲོལ་འགགས་མེད་དུ་འཆར་བ་ཡིན། བིར་ཝས། སྟོང་ཉིད་སྙིང་རྗེ་གཅིག་པུའི་སྐུ། ། སྲིད་གསུམ་བདེ་ཆེན་ངོ་བོ་ཉིད། ། སྤྲོས་པའི་དྲི་མ་དང་བྲལ་བ། ། བླ་མ་རྡོ་རྗེ་ཅན་ཞབས་འདུད། ། ཅེས་པས། བླ་མའི་ཐུགས་ཆོས་སྐུ། གསུང་ལོངས་སྐུ། སྐུ་སྤྲུལ་སྐུ། ཡོན་ཏན་ནོར་ལྷ། ཕྲིན་ལས་ཆོས་སྐྱོང་སྲུང་མ་རྣམས་ཡིན་པས། དེ་ལྟར་སྐྱབས་གནས་རྒྱ་མཚོ་ལྟ་བུ་སྤྲོ་དང་སྡུད་པའི་བྱེད་པོ་བླ་མ་ཡིན་ཏེ། དཔེར་ན་ཉི་མའི་འོད་ཟེར་ཐམས་ཅད་ཀྱི་སྤྲོ་གཞི་ཉི་མ་ཡིན་ལ། འོད་ཟེར་ཐམས་ཅད་ཉི་མའི་ངོ་བོར་འདུ་བ་བཞིན། སྐྱབས་གནས་རྒྱ་མཚོ་ལྟ་བུ་ཡང་ཕར་བླ་མའི་ཐུགས་ཡེ་ཤེས་ཆེན་པོ་ལས་སྤྲོས། ཚུར་བླ་མའི་ཐུགས་ཡེ་ཤེས་ཆེན་པོར་འདུ་བ་ཡིན་པས་སྤྲོས་དང་སྡུད་པའི་སྤྱིའི་གཟུགས་སུ་ཤེས་པར་བྱ་དགོས། ལྔ་པ་དེ་ལྟར་ཤེས་ནས་གསོལ་བ་བཏབ་ན་ལམ་རྐྱེན་གཞན་ལ་རག་མི་ལས་པར་རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་སྐྱེད་པ་ནི། དེ་ལྟར་སྐྱབས་གནས་རྒྱ་མཚོ་ཉི་མའི་དཀྱིལ་འཁོར་ལྟར་ཐུགས་རྗེའི་ཡེ་ཤེས་ཀྱི་འོད་ཟེར་འཆར་རུང་། བླ་མ་ལ་བསྡུས་ཏེ་ཐམས་ཅད་བླ་མའི་ངོ་བོར་ཤེས་ཏེ་ཐག་མ་ཆོད་ན། བླ་མ་མར་པས་བླ་མ་ནཱ་རོ་པ་དང་ཡི་དམ་བདེ་མཆོག་འཁོར་ལོ་གཉིས་ལས་ཡི་དམ་ལྷག་པར་བཟུང་བས་ཆོས་བརྒྱུད་ཆུ་བོ་བས་རིང་ཡང་། མི་བརྒྱུད་མེ་ཏོག་བས་ཡལ་སླ་བ་གསུངས་པ་ལྟ་བུ་དང་། ཇོ་མོ་ལྕམ་གྱིས་བླ་མ་གུ་རུ་པདྨ་དང་། ཡི་དམ་རྡོ་རྗེ་ཕུར་པ་གཉིས་ཀྱི་ལྷ་ལྷག་པར་བཟུང་བས་གུ་རུའི་རྗེས་སུ་མ་བཟུང་ཞིང་མཚོ་རྒྱལ་ལ་གཏད་པ་ལྟ་བུ་ཡིན། དེས་ན་སྐྱབས་གནས་རྒྱ་མཚོའི་ཐུགས་རྗེ་ཉི་མའི་ཚ་རེག་ལྟ་བུ་དང་། རང་རྒྱུད་སྤྲ་བ་ལྟ་བུ་དེ་གཉིས་མཚམས་སྦྱར་བའི་མེ་ཤེལ་ལྟ་བུ་དེ་བླ་མ་ཡིན་པས་བླ་མ་སངས་རྒྱས་སུ་མཐོང་བའི་སྒོ་ནས་མོས་གུས་གཞུ་བ་རྡུང་བ་ལྟ་བུའི་ཐངས་ལྷོད་མེད་པར་གསོལ་བ་བཏབ་ན་གོང་དུ་བཤད་པ་ལྟར་བསྐྱེད་རྫོགས་སོགས་ལམ་རྐྱེན་གཞན་ལ་ལྟོས་མི་དགོས་པར་རྟོགས་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བ་ཡིན་པར་ཤེས་པའོ། ། འདི་དག་ནི་དཀྱིལ་འཁོར་གང་དུ་ཧེ་རུ་ཀའི་ངོ་བོར་དབང་རྫོགས་ཞེས་པའི་དོན་ཡིན་ཀྱང་སྐབས་འདིར་བཤད་པ་ཡིན། དེ་ལྟར་ཤེས་པ་ལྔའི་སྒོ་ནས། བླ་མ་སྒྲུབ་ཚུལ་ལ། ཕྱི་སྒྲུབ་བླ་མའི་རྣལ་འབྱོར། ནང་སྒྲུབ་རིག་འཛིན་འདུས་པ། གསང་སྒྲུབ་ཐུགས་རྗེ་ཆེན་པོ། ཡང་གསང་གི་སྒྲུབ་པ་ཐིག་ལེ་རྒྱ་ཅན་རྣམས་དང་། ཀུན་མཁྱེན་ཆེན་པོའི་དགོངས་པ་ལྟར་ན། ཕྱི་སྤྲུལ་སྐུའི་སྒྲུབ་པ། ནང་ལོངས་སྐུའི་སྒྲུབ་པ། གསང་བ་མཁའ་འགྲོའི་སྒྲུབ་པ། ཡང་གསང་ཡེ་ཤེས་བླ་མ་མཉམ་བཞག་གིས་སྒྲུབ་པ་རྣམས་ཡིན་ཀྱང་། སྐབས་འདིར་ཕྱི་སྒྲུབ་བླ་མའི་རྣལ་འབྱོར་ལྟར་བསྒྲུབ་པ་ཡིན་པས། ཨ་བུའི་ཞལ་ནས། བླ་མ་བསྟེན་ཐབས་མོས་གུས་ཡིན་ཏེ་ཞེ་ས་མིན། ། བླ་མ་སྒྲུབ་ཐབས་མོས་གུས་ཡིན་ཏེ་གསོལ་འདེབས་མིན། ། ཞེས་དང་། སྐྱབས་མགོན་དགེ་མང་རིན་པོ་ཆེའི་ཞལ་ནས། རྫོགས་པ་ཆེན་པོའི་ལམ་གྱིས་ཉེ་རྒྱུའི་སྤྱོད་པ་མོས་གུས་བླ་མའི་ལམ་གྱི་རྣལ་འབྱོར་འདི་ཡིན་གསུངས་པས། མོས་གུས་བསྐྱེད་དགོས། ཨོ་རྒྱན་ཆེན་པོས། བློ་ཐེ་ཚོམ་དང་བྲལ་ན་ཅི་བསམ་འགྲུབ། ། ཡིད་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག །ཅེས་དང་། དད་པ་ཅན་གྱི་གང་ཟག་ཕོ་མོ་ལ། ། པད་འབྱུང་གང་དུའང་མ་བཞུད་སྒོ་ཉལ་ཡོད། ། གསུངས་པ་བཞིན་ནོ། ། དེ་ལྟར་མོས་གུས་ཀྱི་སྒོ་ནས་བླ་མ་སྒྲུབ་པའི་ཚུལ་ལ། རྣམ་པ་བསྒྱུར་བ་དང་མི་བསྒྱུར་བའི་ལུགས་གཉིས་ལས། ཀུན་མཁྱེན་བླ་མའི་ལུགས་ལ་རྣམ་པ་མི་བསྒྱུར་བར་གསུངས། གཞན་སྔ་རབས་ཀྱི་བླ་མ་རྣམས་ཀྱིས་གང་ཟག་གམ་དབང་པོའི་ཁྱད་པར་གྱིས། གང་ཟག་ཁྱད་པར་ཅན་རྣམས་ལ་རྣམ་པ་བསྒྱུར་མི་དགོས། དེ་ལས་གཞན་རྣམས་ཀྱིས་དང་པོ་ནས་རྣམ་པ་མ་བསྒྱུར་བར་སངས་རྒྱས་སུ་མི་མཐོང་བས། རྣམ་པ་བསྒྱུར་དགོས་གསུངས། དེ་ལྟར་བསྒོམ་ལུགས་ལ་གསུམ་ལས། བྱིན་རླབས་ཀྱིས་འཇུག་པ་མྱུར་དགོས་ན་ཀུན་འདུས་ནོར་བུའི་ལུགས་དང་། སྐྱབས་འགྲོ་དང་གསོལ་འདེབས་དུས་མཐོ་བརྩེགས་སུ་བསྒོམ་པ་དང་། ཚོགས་བསགས་པའི་དུས་ཁྲོམ་ཚོགས་སུ་བསྒོམ་པ་ཡིན། རང་ལུས་ཀྱང་སྐྱབས་འགྲོ་དང་སྒྲིབ་སྦྱོང་གི་དུས་ཐ་མལ་པ་དང་། བླ་མའི་རྣལ་འབྱོར་གྱི་དུས་སུ། རང་ཉིད་ཡི་དམ་བསྒོམ་པའི་སྤྱི་བོའམ། འཛིན་མེད་ཀྱི་ནམ་མཁར་བསྒོམ་པ་སོགས་བཤད་ཀྱང་། སྐབས་འདིར་རྡོ་རྗེ་རྣལ ་འབྱོར་མ་བསྒོམ་དགོས། ཐ་མལ་པའི་རྣམ་པར་བསྒོམ་ན་དེའི་ལོག་རྟོག་གིས་བྱིན་རླབས་འཇུག་པ་ལ་གེགས་བྱེད་པ་ཡིན། དེ་ཡང་ཐུན་དང་ཐུན་མཚམས་ཕྱེས་ནས། ཐུན་གྱི་སྔོན་འགྲོ་རྣམས་སོང་ནས། ཐུན་གྱི་དངོས་གཞི་བླ་མའི་རྣལ་འབྱོར་གྱི། དང་པོ་ཚོགས་ཞིང་གསལ་བ་ནི། ཨེ་མ་ཧོ་ཞེས་པ་ནི་ངོམས་ཤིང་ངོ་མཚར་བའི་ཚིག་ཡིན་ལ། གང་ལ་ངོ་མཚར་ན་སྣང་སྲིད་དག་པ་རབ་འབྱམས་ཀྱི་སྣང་བ་ལ་ངོ་མཚར། སྣང་བ་ལ་ཨ་བུའི་ཞལ་ནས། ལོག་རྟོག་འཁྲུལ་པའི་སྣང་བ་རིགས་དྲུག་གི་སེམས་ཅན་གྱི་ཕྱིན་ཅི་ལོག་གི་འཁྲུལ་ཤེས་ཀྱི་ངོར་སྣང་བའི་ཕྱི་ནང་སྣོད་བཅུད་ཀྱི་མ་དག་འཁྲུལ་པའི་སྣང་བ་འདི་ཡིན་ལ། རྟེན་འབྲེལ་སྒྱུ་མའི་སྣང་བ་ནི་ས་བཅུའི་བྱང་སེམས་རྣམས་ཀྱི་རྗེ་ཐོབ་ཀྱི་ཀུན་རྫོབ་སྒྱུ་མ་དང་ཆུ་ཟླ་ལ་སོགས་པའི་རྣམ་པར་སྣང་བ་རྣམས་ཡིན། དེ་ཡང་ཀུན་རྫོབ་ལ་ཀུན་རྫོབ་བདེན་པ་དང་ཀུན་རྫོབ་ཙམ་གཉིས་ལས་འདི་ཀུན་རྫོབ་ཙམ་ཞེས། དེ་དང་དེར་འཛིན་པ་མེད་པའི་སྒྱུ་མའི་དཔེ་བརྒྱད་ཀྱི་སྣང་བ་ལྟ་བུ་ཡིན་ལ། ཡང་དག་ཡེ་ཤེས་ཀྱི་སྣང་བ་ནི་ཆོས་ཐམས་ཅད་ཀྱི་ཡིན་ལུགས་དེ་ཁོ་ན་ཉིད་མངོན་དུ་གྱུར་པ་ཡང་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་སྣང་སྲིད་སྐུ་དང་ཡེ་ཤེས་ཀྱི་རོལ་བར་ཤར་བ་ཡིན། དེ་ཡང་ལོག་རྟོག་འཁྲུལ་པའི་སྣང་བ་དང་། རྟེན་འབྲེལ་སྒྱུ་མའི་སྣང་བ་གཉིས་ནི་སྣང་ཚུལ་ཡིན་ལ། ཡང་དག་ཡེ་ཤེས་ཀྱི་སྣང་བ་གནས་ཚུལ་ཡིན། གནས་སྣང་མཐུན་པ་དངོས་སུ་སྐྱེས་བས་དངོས་སུ་འཆར་མི་ནུས་ལ། འཕགས་པ་རྣམས་ལ་ཅུང་ཟད་མཐུན་པར་འཆར་ལ། གནས་སྣང་མཐུན་པ་མཚན་ཉིད་པ་སངས་རྒྱས་ཀྱི་ས་ཁོ་ན་མ་གཏོགས་ཇི་བཞིན་པ་མི་འོང་ཞིང་འདིར་རྣམ་པ་ཐམས་ཅད་མཁྱེན་པའི་གཟིགས་པ་ཚད་མར་བྱས་ནས་སྣང་སྲིད་དག་པ་རབ་འབྱམས་སྣང་སྲིད་དག་པ་གཞི་བཞུགས་ཀྱི་དཀྱིལ་འཁོར་ལམ་གྱི་སྐབས་འདིར་གཞིར་བཞེངས་སུ་གསལ་འདེབས་པ་ཡིན། དེ་ཡང་སྣང་ཚུལ་འདི་དག་པ་བསྐྱེད་རིམ་གྱི་གསལ་བཏབ་པ་ནི་བློས་བཅོས་མའི་དག་པ་ཡིན་ལ། གནས་ཚུལ་སྐུ་དང་ཡེ་ཤེས་སུ་གསལ་བ་དངོས་པོའི་ཡིན་ལུགས་མ་བཅོས་པའི་དག་པ་ཡིན་པས་སྐབས་འདིར་ཡིན་ལུགས་དག་པ་རབ་འབྱམས་སུ་གནས་པ་གསལ་བཏབ། དེ་ནས་སྣང་ཆ་ནས་དབུས་ཀྱི་གཙོ་བོ་གུ་རུ་མཚོ་སྐྱེས་རྡོ་རྗེ་ནས་མཐའི་དུར་ཁྲོད་ཀྱི་འདྲེ་མོ་ངན་ནེ་ཡན་ཆད་རྣམས་མ་འདྲེས་པ་གཙོ་བོ་དང་འཁོར་གྱི་རྣམ་པར་སྣང་ཡང་། ངོ་བོ་བླ་མའི་ཐུགས་ཡེ་ཤེས་ཆེན་པོ་གཅིག་གི་རང་བཞིན་ཡིན་པས། སྐུ་མཚན་དཔེ་ཡོན་ཏན། གསུང་ཚངས་དབྱངས་ཀྱི་ཡོན་ཏན། ཐུགས་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དབུས་ཀྱི་བླ་མ་དང་དབྱེར་མེད་པ་ཡེ་ཤེས་ཆེན་པོ་གཅིག་གི་ངོ་བོར་ཡོངས་སུ་རྫོགས་པར་གསལ། དེ་ནས་ཐ་མལ་གཉིས་འཛིན་གྱི་རྟོག་པ་ལྡོག་པའི་ཆེད་དུ་ཚོགས་ཞིང་སྤྱན་འདྲེན་པའི་ཚིག་བརྗོད་མ་ཐག་ཏུ་ཟངས་མདོག་དཔལ་གྱི་རི་བོ་རྟེན་བརྟེན་པ་དང་བཅས་པ་སྤྲིན་ཆེན་པོ་ནམ་མཁའ་ནས་བསྐྱོད་པ་བཞིན་དུ་བྱོན་པ་དང་གཞན་ཡང་རང་གི་ཆོས་འབྲེལ་ཐོག་པའི་བླ་མ་ཐམས་ཅད་གཟན་ལ་བྱ་རྒོད་བབ་པ་བཞིན་བྱོན་ནས། རྟེན་བརྟེན་པའི་ལྷ་དང་གཞལ་ཡས་ཁང་སོགས་དེ་དང་དེ་དག་ཏུ་ཐིམ་པར་བསམ་མོ། ། མདོ་ལམ་གྱི་བསྐལ་བ་གྲངས་མེད་མང་པོའི་ཚོགས་བསགས་དགོས་པ་དེ། གསང་སྔགས་ཀྱི་ལམ་ནས་སྐད་ཅིག་མ་རེ་རེ་ལ་རྫོགས་འགྲོ་བའི་གནད་ཞིང་དང་བསམ་པ་དག་པ་ལ་ཐུག་པ་ཡིན། གསང་སྔགས་ཀྱི་ཚོགས་གསོག་པའི་ཡུལ་ཡི་དམ་དང་མཁའ་འགྲོ་ལ་སོགས་པ་གཙོ་བོར་མི་བཟུང་ཞིང་། བླ་མ་ཉིད་ཚོགས་བསགས་པའི་ཞིང་མཆོག་དང་རབ་དང་ཕུལ་དུ་བྱུང་བ་ཡིན་པས་ཞིང་དག་པ་དང་། བསམ་པ་དག་པ་གཞན་དོན་ལ་ཚེ་གཅིག་ལུས་གཅིག་གིས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་བ སྒྲུབ་པར་འདོད་པ་ཡིན་ལ། དེ་ཡང་རང་འདོད་ཆེ་ཆེ་ནས་མ་ཡིན་པར་སྔགས་ཀྱི་རྣལ་འབྱོར་པ་ཞིག་གིས་གཟིགས་ན་སེམས་ཅན་ཐམས་ཅད་སངས་རྒྱས་པའི་རང་བཞིན་ཡིན་པ་ལ་དེ་ལྟར་མ་རྟོགས་པ་རྣམས་ལ་བརྩེ་བའི་སྙིང་རྗེ་ཆེན་པོ་ཤས་མི་བཟོད་པ་འབྱུང་བ་ཡིན་ཏེ། ཤ་ཝ་རིས། རྟོགས་པའི་རང་སྤྱོད་རྩིས་མེད་ངང་དེ་ནས། ། རྨོངས་པའི་འགྲོ་བ་ཉམ་ཐག་མངོན་གྱུར་ཚེ། ། མི་བཟོད་སྙིང་རྗེའི་ཤུགས་ཀྱིས་མཆི་མ་བྱུང་། ། བདག་གཞན་བཟློག་ནས་ཕན་པ་ཉིད་ལ་སྤྱོད། ། ཅེས་པ་བཞིན་ནོ། ། དངོས་པོ་དག་པ་ལྷ་སྔགས་ཏིང་ངེ་འཛིན་ལས་སྤྲུལ་བའི་མཆོད་པས་མཆོད་པ་ཡིན། དེས་ན་ཚོགས་བསགས་པའི་སྒོ་ཐམས་ཅད་བསྡུ་ན་ཡན་ལག་བདུན་ལ་འདུ་ལ། དེ་ཡང་བསྡུ་ན་བསགས་སྦྱང་སྤེལ་གསུམ་ལ་འདུ་སྟེ། ཕྱག་འཚལ་སྡིག་བཤགས་གཉིས་སྡིག་པ་སྦྱངས་པའི་ཡན་ལག ཡི་རང་བསྔོ་བ་གཉིས་སྤེལ་བའི་ཡན་ལག གཞན་གསུམ་པོ་ཚོགས་བསགས་པའི་ཡན་ལག་ཡིན་ལ། དང་པོ་ང་རྒྱལ་གྱི་གཉེན་པོ་ཕྱག་འཚལ་བ་ཡིན་ཏེ། ང་རྒྱལ་ནི་གཞན་ལ་ལྟོས་ནས་ང་བཟང་སྙམ་པ་ཡིན་ལ། འཇིག་རྟེན་གྱི་ལུགས་ལ་རིགས་རུས་ཆོ་འབྲང་ལ་སོགས་པའི་སྒོ་ནས་ང་གཞན་དང་མི་འདྲ་ངའི་རིགས་འདི་དང་འདི་ལྟ་བུའོ་ཞེས་ཟེར་ཡང་། བོད་ཀྱི་མི་རྣམས་ལ་རིགས་ལ་མཐོ་དམན་མེད། རུས་ལ་སྦོམ་ཕྲ་མེད། ཤ་ལ་ཆེ་ཆུང་མེད་དེ་ཐམས་ཅད་སྤྲེའུའི་ཚ་བོ་ཡིན་པས་སྤྲེལ་ཕྲུག་ཤ་སྟག་ཡིན། ཆོས་ཀྱི་ལུགས་ལ་ལུང་རྟོགས་ཀྱི་ཡོན་ཏན་ཅུང་ཟད་རེ་ཡོད་ན་དེའི་སེམས་ཁེངས་པ་ཡིན་པས། དེ་ནི་ཡོན་ཏན་བདུད་དུ་ལྡང་། ཞེས་པ་ཡིན་པས། དེ་ལྟ་བུའི་ང་རྒྱལ་གྱི་སྒོ་ནས་སྦྱིན་པ་སྦྱིན་ན་བདུད་ཀྱི་སྦྱིན་པ། ཞེས་སྦྱིན་པ་བདུད་དུ་ལྡང་། དེས་མཚོན་ཏེ་ཚུལ་ཁྲིམས་ལ་སོགས་པའི་ཕར་ཕྱིན་དྲུག་པོ་བདུད་དུ་ལྡང་བ་ཡིན། དེས་ན་ང་རྒྱལ་ལྕགས་ཀྱི་གོང་བུ་ལ། ཡོན་ཏན་གྱི་ཆུ་མི་ཆགས། ཞེས་པས། རང་རྒྱུད་ཀྱི་སྐྱོན་མི་མཐོང་། གཞན་རྒྱུད་ཀྱི་ཡོན་ཏན་མི་མཐོང་བས་དེའི་གཉེན་པོ་ཕྱག་འཚལ་བ་ཡིན། དེས་ན་གྲལ་མགོ་མི་རྩོད་པར་དམ་ཉམས་དང་ཚུལ་ཁྲིམས་འཆལ་བ་ཐམས་ཅད་གོང་དུ་བཀུར། ཕྱག་དང་ཞེས་པའི་གནས་སུ་བཞག ཕྱག་དེ་ལ་དབྱེ་ན། རབ་ལྟ་བ་མཇལ་བའི་ཕྱག ཕྱག་འཚལ་བའི་ཡུལ། འཚལ་བ་པོ། འཚལ་བའི་བྱ་བ་དང་གསུམ་པོ་མི་དམིགས་པར་ཤེས་པས་རབ་ལྟ་བས་ཕྱག་འཚལ་བ་ཡིན། འབྲིང་བསྒོམ་པ་གོམས་པའི་ཕྱག་ནི་ལུས་དཔག་མེད་ལ་མགོ་དཔག་མེད་སྤྲུལ། མགོ་དཔག་མེད་ལ་ལྕེ་དཔག་མེད། ལྕེ་དཔག་མེད་ཀྱིས་བསྟོད་པའི་དབྱངས་དཔག་མེད་དུ་སྤྲུལ་ནས་ཕྱག་འཚལ་བ་ཡིན། འདི་བསྐྱེད་རིམ་ཡིན་ནམ་སྙམ་ན་མ་ཡིན་ཏེ། འདི་ནི་ཐ་མལ་མ་དག་པའི་ལུས་དཔག་མེད་དུ་སྤྲུལ་པ་ཡིན་པས་བསྐྱེད་རིམ་ནི་མ་ཡིན། ཐ་མལ་པ་མོས་གུས་ཀྱི་ཕྱག་ལ་ལུས་ཀྱི་ཕྱག ངག་གི་བསྟོད་པ། ཡིད་ཀྱི་མོས་གུས་ཀྱི་ཕྱག་གསུམ་ལས་ཡིད་ཀྱི་མོས་གུས་གཙོ་ཆེ་བ་ཡིན་པས་སྐྱབས་གནས་རྒྱ་མཚོའི་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་ཕྱག་འཚལ་བ་ཡིན། ཁྱད་པར་དགེ་འདུན་གྱི་ནང་ལྟ་བུར་དམ་ཚིག་ཉམས་པ་དང་ཚུལ་ཁྲིམས་འཆལ་བ་ཐམས་ཅད་ལ་ཁྱད་གསོད་དང་བརྙས་བཅོས་མི་བྱེད་པར་བཟང་ངན་འབྲིང་གསུམ་ཐམས་ཅད་གོང་དུ་བཀུར་དགོས། ས་སྙིང་འཁོར་ལོ་བཅུ་པ་ལས། བསླབ་པ་བཟུང་ཡང་རུང་མ་བཟུང་ཡང་རུང་སོགས་དང་། ང་ཡི་རྗེས་འཇུག་ཇི་ལྟར་ཞན་ན་ཡང་། ། སྐྱེ་བོ་ཕལ་པ་བརྒྱ་ཡི་དོ་ཟླ་མེད། ། ཅེས་པ་བཞིན། བསླབ་པ་མ་བླང་པའི་སྐྱེ་བོ་ཕོ་མོ་ཐམས་ཅད་ལ་འཁོར་བའི་མཐའ་འཇོག་རྒྱུ་མེད་ཀྱང་། བསླབ་པ་བླངས་ཏེ་ཉམས་པར་གྱུར་ན་ཡང་སངས་རྒྱས་མོས་པ་འཇིག་རྟེན་དུ་བྱོན་པའི་དུས་སུ་ཉན་རང་སོགས་རང་འབྲས་ཐོབ་པར་བཤད་པ་ནི། དཔེར་ན་ཆུ་ན་གནས་པའི་ཉའི་ཁ་ནང་དུ་ལྕགས་ཀྱུ་ཐོགས་པར་གྱུར་ན་སྔ་ཕྱི་མ་ལྟོས་པར་སྐམ་ལ་འདྲེན་རྒྱུ་ཡིན་པ་བཞིན། འདི་ཡང་དེ་དང་མཚུངས་ཏེ་ཐར་པ་དགེ་བའི་ས་བོན་ལྕགས་ཀྱུ་ལྟ་བུ་དེས་ཟིན་པར་གྱུར་པས། སྔ་ཕྱི་མ་ལྟོས་པར་ཐར་པའི་སྐམ་ས་ལ་འདྲེན་ངེས་པ་ཡིན་པས་ན། དད་པ་དང་དག་སྣང་བསྐྱེད་དགོས། གཉིས་པ་མཆོད་པ་ནི། འདོད་ཆགས་དང་སེར་སྣ་གཉིས་ཀའི་གཉེན་པོ་ལ་འགྲོ་དགོས། མཆོད་སྦྱིན་གཉིས་ཀ་མཆོད་པའི་ཕྱོགས་སུ་བསྡུ་དགོས། མཆོད་པའི་སྡོམ་ནི། ཞིང་དང་བསམ་པ་དངོས་པོ་དག་པ་གསུམ་ཡིན། དངོས་པོ་དག་པ་ལ་བདག་པོས་ཡོངས་སུ་བཟུང་མ་བཟུང་གཉིས། བདག་པོས་ཡོངས་སུ་མ་བཟུང་པའི་དངོས་པོ་མཆོད་པར་གསང་ཆེན་ཐབས་ལ་མཁས་པའི་མདོར་གསུངས་པ་ཡིན་ལ་དེས་ན་བྱང་ཆུབ་མ་ཐོབ་ཀྱི་བར་གྱི་ཡོངས་སུ་བཟུང་བའི་གཞི་གསུམ་པོ་ཐམས་ཅད་མཆོད་དགོས། དེ་དག་ལ་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གསུམ་པོ་རྡོ་རྗེ་འཆང་གིས་བྱིན་གྱིས་བརླབས་པ་ལ་འདྲ་བས་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གསུམ་པོ་ཚང་བར་བྱ་བའི་སྒོ་ནས་བདག་པོས་ཡོངས་སུ་བཟུང་མ་བཟུང་གི་དངོས་པོ་ཐམས་ཅད་དང་། དངོས་སུ་འབྱོར་པས་མཚོན་ཏེ། ཡིད་ཀྱིས་སྤྲུལ་པའི་མཆོད་པ་ཀུན་ཏུ་བཟང་པོའི་རྣམ་ཐར་ལས་བྱུང་བའི་མཆོད་པ་རྒྱ་ཆེ་བ་ནམ་མཁའ་དང་མཉམ་པ། རྒྱུན་རིང་བ་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ། བྱེད་ལས་རྒྱལ་བ་རྣམས་ཀྱིས་དབང་པོ་དྲུག་གིས་སྤྱོད་ཡུལ་དུ་གྱུར་པའི་ཕྱི་ནང་གསང་བའི་མཆོད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པའི་མཆོད་སྤྲིན་དུ་དམིགས་ནས་མཆོད་པ་ཡིན། ཁྱད་པར་ཡིད་སྤྲུལ་གྱི་མཆོད་པ་ནི་སེམས་ཉིད་ཡིད་བཞིན་རིན་པོ་ཆེས་འཆར་ཚུལ་ཡིན་པས་ཁྱད་པར་དུ་འཕགས་པ་ཡིན། དེས་ན་སེམས་ལ་གཏོང་ཕོད་ཡོད་ན་ལོངས་སྤྱོད་ཀྱི་ཕོང་པ་མི་འབྱུང་སྟེ། དགེ་བཤེས་སྤྱན་སྔ་པས། ངས་དང་པོ་སོག་པོ་བཞི་སྦྱོར་གྱི་སྤོས་སྣ་ཚ་ཏིང་ངེ་འགྲོ་བའི་སྤོས་མཆོད་ནས་མཐར་གསེར་སྲང་ལྔ་བརྒྱ་རེའི་རིན་གྱི་སྤོས་དུས་རེ་རེ་མཆོད་རྒྱུ་འོང་བ་ཡིན་གསུངས། མཆོད་པ་ཐམས་ཅད་ཡོངས་སྤངས་ཏེ། ། བླ་མ་མཆོད་པ་ཡང་དག་བརྩམས། ། ཞེས་པས། དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་བླ་མ་མཆོད་པ་ནི་མཆོད་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཡིན་པར་བཤད་དོ། ། གསུམ་པ་ཞེ་སྡང་གི་གཉེན་པོ་སྡིག་པ་བཤགས་པ་ལ། སྟོབས་བཞི་ཚང་དགོས་པས། ཕྱིའི་རྟེན་གྱི་སྟོབས་ཚོགས་ཞིང་གསལ་བ་ཡིན། ནང་གི་རྟེན་གྱི་སྟོབས་སྐྱབས་སེམས་ཡིན་ཀྱང་དོན་བསམ་པ་ལས་སྐྱབས་སེམས་ཀྱི་ཚིག་འདོན་མི་དགོས། སུན་འབྱིན་གྱི་སྟོབས་ལ། སྦྱང་བྱ་སྡིག་པའི་སྒོ་དྲུག་པོ་ལ་འགྱོད་སེམས་བསྐྱེད། སོར་ཆུད་ཀྱི་སྟོབས་ཕྱིན་ཆད་མི་བགྱིད་པའི་དམ་བཅའ་འབུལ། གཉེན་པོ་ཀུན་སྤྱོད་ཀྱི་སྟོབས། སྐབས་འདིར་བསྟན་གྱི་སྡིག་པའི་གཉེན་པོ་ཐམས་ཅད་ཡིན། བཞི་པ་ཕྲག་དོག་གི་གཉེན་པོ་རྗེས་སུ་ཡི་རང་ནི། གཞན་གྱི་དགེ་བ་བསྒྲུབ་པ་མཐོང་བ་དང་ཐོས་པ་དང་དྲན་པ་ཐམས་ཅད་ལ་སེམས་མི་དགའ་ཞིང་དེ་ལ་འགྲན་སེམས་ཀྱི་ཕྲག་དོག་མེད་པར། རྒྱལ་བ་སྲས་དང་སློབ་མ་ཉན་རང་རིག་པ་འཛིན་པའི་ཚོགས་དང་། གཞན་སོ་སོའི་སྐྱེ་བོའི་དགེ་བའི་རྩ་བ་ཐམས་ཅད་ལ་ཡི་རང་བྱེད་དགོས། དེ་ལྟར་ཡི་རང་བྱས་ནས་གཞན་གྱི་དགེ་བའི་རྩ་བ་དེ་མ་ཉམས་མ་གོད་པར་རང་རྒྱུད་ལ་ཐོབ་པ་ཡིན་ཏེ། སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་གཟུང་རུང་། ། རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། ། ཞེས་སོ། ། དགེ་རྩ་གང་ལ་ཡི་རང་བྱེད་ན་ཟག་བཅས་དང་ཟག་པ་མེད་པའི་དགེ་རྩ་ཐམས་ཅད་ཡིན་ལ། ངོ་བོའི་དབང་དུ་བྱས་ན། དོན་དམ་གྱིས་བསྡུས་པའི་དགེ་རྩ་ཐམས་ཅད་ཟག་མེད་དང་ཀུན་རྫོབ་ཀྱིས་བསྡུས་པའི་དགེ་རྩ་ཐམས་ཅད་ཟག་བཅས་དང་། ལམ་གྱི་དབང་དུ་བྱས་ན། ཚོགས་སྦྱོར་གྱི་དགེ་རྩ་ཐམས་ཅད་ཟག་བཅས་དང་། མཐོང་སྒོམ་གཉིས་ཀྱི་དགེ་རྩ་ཐམས་ཅད་ཟག་མེད་ཡིན། དགེ་རྩའི་དབང་དུ་བྱས་ན། བསོད་ནམས་ཀྱི་ཚོགས་ཐམས་ཅད་ཟག་བཅས་དང་། ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཟག་མེད་ཡིན། མཉམ་རྗེས་ཀྱི་དབང་དུ་བྱས་ན། འཕགས་པའི་མཉམ་བཞག་ཟག་མེད་དང་། རྗེས་ཐོབ་ཀྱི་དགེ་རྩ་ཐམས་ཅད་ཟག་བཅས་ཡིན། གྲོགས་ཀྱི་དབང་དུ་བྱས་ན། རྣམ་གྲངས་པ་དང་རྣམ་གྲངས་མིན་པའི་ཤེས་རབ་ཀྱིས་ཟིན་པའི་དགེ་རྩ་ཐམས་ཅད་ཟག་མེད་དང་། དེ་གཉིས་ཀྱིས་མ་ཟིན་པའི་དགེ་རྩ་ཐམས་ཅད་ཟག་བཅས་ཡིན། མཉམ་རྗེས་དབྱེར་མེད་སྲིད་ཞི་དབྱེར་མེད་ཀྱི་ལྟ་བ་ཕྱག་རྫོགས་དབུ་གསུམ་གྱི་ལྟ་བསྒོམ་སྤྱོད་པ་ཐམས་ཅད་ངོ་བོ་ཟག་མེད་དང་། སྣང་ཚུལ་ཟག་བཅས་ཀྱི་དགེ་བ་ཡིན་པས། མདོར་ན་བདེན་པ་གཉིས་ཀྱིས་བསྡུས་པའི་དུས་གསུམ་གྱི་རྒྱལ་བ་སྲས་བཅས་རྣམས་ཀྱིས་དང་པོ་ཐུགས་བསྐྱེད་ནས་བར་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས། མཐར་མངོན་པར་རྫོགས་པའི་སངས་རྒྱས་པའམ་ལམ་རང་རང་གི་འབྲས་བུ་ཐོབ་ནས་སེམས་ཅན་གྱི་དོན་མཛད་པ་ཐམས་ཅད་ལ་ཡི་རང་བྱེད། དེ་ནས་སློབ་མ་ཉན་རང་གིས་དུས་གསུམ་དུ་བསགས་པའི་དགེ་བ་རྣམས་ལ་ཡི་རང་བྱེད། དེ་ནས་དུས་གསུམ་གྱི་རིག་པ་འཛིན་པ་རྣམས་ཀྱིས་དང་པོ་ཐུགས་བསྐྱེད། བར་དུ་རིམ་གཉིས་ཀྱི་རྣལ་འབྱོར་བསྒོམ། མཐར་རང་འབྲས་མངོན་དུ་གྱུར་པའི་བར་གྱི་དགེ་བ་ཐམས་ཅད་ལ་ཡི་རང་བྱེད། དེ་ནས་དུས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་ལ་ཡི་རང་བྱེད། ཡི་རང་ཞེས་པ་དེ་གཞན་གྱི་དགེ་རྩ་ལ་ཕྲག་དོག་མེད་པར་དགའ་བར་བལྟ། དགོས་པར་བལྟ། མེད་ཐབས་མེད་པར་ལྟ་བའི་སེམས་དགའ་བ་བསྒོམ་པ་དེ་ཡིན། དེས་ན་ཡན་ལག་བདུན་པོ་དེ་ཁོལ་བུར་བཅད་དེ་ཉམས་སུ་བླང་ན་ཆོག་པས་དེ་བཞིན་དུས་དང་རྣམ་པ་ཐམས་ཅད་དུ་ཉམས་སུ་བླང་དགོས། ལྔ་པ་གཏི་མུག་གི་གཉེན་པོ་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི། ནམ་མཁའི་མཐས་གཏུག་པའི་ཞིང་ཁམས་རྒྱ་མཚོ་ལྟ་བུ་ན་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་མ་བསྐོར་བ་རྣམས་དང་། ཉན་ཐོས་དང་རང་སངས་རྒྱས། སྲས་བྱང་ཆུབ་སེམས་དཔའ་རིག་པ་འཛིན་པའི་ཚོགས་དང་བཅས་པ་གདུལ་བྱའི་ལོག་སྒྲུབ་ཀྱི་སྐྱོན་གྱིས་ཐུགས་སྐྱོ་ཞིང་ཆོས་མི་གསུང་པར་བཞུགས་པ་རྣམས་ཀྱི་དྲུང་དུ། རང་གི་ལུས་ཚངས་པ་བརྒྱ་བྱིན་གྱི་རྣམ་པ་བསམ་གྱིས་མི་ཁྱབ་པར་སྤྲོས་ཏེ་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ། དུང་དཀར་པོ་གཡས་སུ་འཁྱིལ་བ་རྣམས་ཕུལ་ཏེ། དམ་པའི་ཆོས་ཀྱི་རྔ་བརྡུང་དུ་གསོལ། དམ་པའི་ཆོས་ཀྱི་དུང་འབུད་དུ་གསོལ། དམ་པའི་ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ། དམ་པའི་ཆོས་ཀྱི་དར་ཕྱར་དུ་གསོལ། དམ་པའི་ཆོས་ཀྱི་རྒྱལ་མཚན་བསྒྲེང་དུ་གསོལ། ཞེས་གསོལ་བ་བཏབ། ཆོས་འཁོར་གང་བསྐོར་དགོས་ན། དགེ་མང་གསུང་། གདུལ་བྱའི་ཁམས་དབང་བསམ་པ་བཞིན། ། ཞེས་པས། གདུལ་བྱ་རྣམས་ཀྱི་ཁམས་དང་དབང་པོ་དང་བསམ་པའི་བྱེ་བྲག་ལ་ལྟོས་པའི། ཕྱི་ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ། ནང་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་གསུམ། གསང་བ་དབང་བསྒྱུར་ཐབས་ཀྱི་ཐེག་པ་གསུམ་སྟེ་ཐེག་པ་གསུམ་མམ་ནང་གསེས་དགུའི་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པ་ཡིན། དྲུག་པ་ལོག་ལྟའི་གཉེན་པོ་མྱ་ངན་ལས་མི་འདའ་བར་གསོལ་བ་ནི། ནམ་མཁའི་མཐས་གཏུག་པའི་ཞིང་ཁམས་རབ་འབྱམས་ན་བཞུགས་པའི་རྒྱལ་བ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཛད་པ་བཅུ་གཅིག་པ་མཐར་ཕྱིན། བཅུ་གཉིས་པ་མྱ་ངན་ལས་འདའ་བར་བཞེད་པ་རྣམས་དང་། སྲས་བྱང་ཆུབ་སེམས་དཔའ་སློབ་མ་ཉན་ཐོས་དང་རང་སངས་རྒྱས། རིག་པ་འཛིན་པའི་ཚོགས་དང་བཅས་པ་རྣམས་ཞིང་གཞན་དུ་གཤེགས་པར་བཞེད་པ་རྣམས་ལ། ཞུ་བའི་རྟེན་ལྷ་དང་མིའི་དཔལ་འབྱོར་ཐམས་ཅད་གཅིག་ཏུ་སྤུངས་ཏེ་ཕུལ་ནས། སྲིད་པ་ཇི་སྲིད་ཀྱི་བར་དུ་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་འདེབས་པ་ཡིན་དེ་དག་གིས་བསྐལ་བ་རྒྱ་མཚོའི་བར་དུ་བཞུགས་པར་ཞལ་གྱིས་བཞེས་པར་བསམ། དེ་ལྟར་རང་གི་བླ་མ་དང་རྡོ་རྗེ་མཆེད་ལྕམ་རྣམས་ལ་ཞབས་བརྟན་ཕུལ་ན་རང་གི་ཚེ་གེགས་སེལ་བ་ལ་ཤིན་ཏུ་ཟབ་པ་ཡིན། བདུན་པ་ཐེ་ཚོམ་གྱི་གཉེན་པོ་བསྔོ་བ་ལ། བསྔོ་བའི་དཔང་པོ་རྒྱལ་བ་སྲས་བཅས། བསྔོ་རྒྱུའི་དངོས་པོ་རང་གིས་དུས་གསུམ་དུ་བསགས་པའི་དགེ་བ་ཐམས་ཅད་དང་། དེའི་སྟེང་དུ་རྒྱལ་བ་སྲས་བཅས་ཀྱི་ཟག་མེད་ཀྱི་དགེ་རྩ། སེམས་ཅན་ཐམས་ཅད་ཀྱི་ཟག་བཅས་ཀྱི་དགེ་བ་ཐམས་ཅད་གཅིག་ཏུ་བློས་ཡོངས་སུ་བསྡོམས་ཏེ། གང་ལ་བསྔོ་ན་ཡུལ་སེམས་ཅན་ཐམས་ཅད་དང་ཁྱད་པར་ནད་པ་ནད་བདག ཤི་བོ་གཤེད་མ་དང་བཅས་པ་ཐམས་ཅད་ལ། གང་གི་ཆེད་དུ་བསྔོ་ན། ཟུར་གཉིས་སམ་དོན་གཉིས་ཚང་བ་དང་ཁྱད་པར་ཟུར་ཕྱི་མ་འབྲས་བུ་རྣམ་མཁྱེན་ལ་གཙོ བོར་དམིགས་དགོས་ཤིང་། ཇི་ལྟར་བསྔོ་ན་འཁོར་གསུམ་དམིགས་མེད་ཀྱི་བསྔོ་བ་མཚན་ཉིད་པ་དང་། རྗེས་མཐུན་པ་གཉིས་ཀྱིས་སྒོ་ནས་བསྔོ་དགོས། ལས་དང་པོ་པ་རྣམས་ཀྱིས་འཁོར་གསུམ་དག་པའི་བསྔོ་བ་མཚན་ཉིད་པ་མི་འོངས་ཀྱང་དེ་དང་རིགས་འདྲ་ཞིག་བྱེད་རྒྱུ་ཡོད་པ་ཡིན། འཕགས་པ་རྣམས་ཀྱིས་འཁོར་གསུམ་དུ་འཛིན་པའི་བློ་དང་ཞེན་པའི་འཁྲིས་མེད་པར་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་བསྔོ་བ་དང་སྨོན་ལམ་གྱི་རྣམ་པར་ཤར་བསྔོ་བ་མཚན་ཉིད་པ་ཡིན། སོ་སྐྱེས་རྣམས་ཀྱིས་དེ་དང་རྗེས་མཐུན་པ་འཁོར་གསུམ་པོ་སྣང་ལ་རང་བཞིན་མེད་པའི་ངེས་ཤེས་དྲངས་བའམ། མིན་ཀྱང་རྒྱལ་བ་སྲས་བཅས་ཀྱི་ལད་མོ་བྱས་ནས། འཇམ་དཔལ་དཔའ་བོ་སོགས་བརྗོད་ན་གོ་ཆོད་པར་གསུངས། དེས་ན་བསྔོ་བ་དང་སྨོན་ལམ་གྱིས་འདུན་པ་བསྒྱུར་བ་གལ་ཆེ་མ་གཏོགས་དགེ་རྩའི་འབྲས་བུ་ལུང་མ་བསྟན་ཡིན་པར་གསུངས་པས་འབྲས་བུ་གང་དུ་འཁྱོགས་འགྲོ་མི་ཤེས་པས་མངོན་མཐོ་སོགས་ནས་སངས་རྒྱས་ཀྱི་བར་གྱི་རང་གིས་གང་ཐོབ་པར་འདུན་པའི་འབྲས་བུ་དེ་ཐོབ་པའི་ཆེད་དུ་བསྔོ་དགོས། རྒྱུ་དགེ་རྩ་བསྔོ་རྒྱུ་ཡོད་ན་བསྔོ་བ་དང་། རྒྱུ་བསྔོ་རྒྱུ་མེད་ན་འབྲས་བུ་ལ་སྨོན་པ་སྨོན་ལམ་ཡིན། དེ་ལྟར་རང་གིས་བསྔོ་བ་སྨོན་ལམ་བྱེད་པ་ལ་རྒྱལ་བ་སྲས་བཅས་ཀྱིས་མཐུན་འགྱུར་མཛད་པར་བསམ་པ་གལ་ཆེ། གསུམ་པ་ཕུར་ཚུགས་སོགས་ནི། ཕུར་ཚུགས་ནི་སྙིང་ཁུང་རུས་པའི་གཏིང་ནས་ཞེས་བའི་དོན་ཡིན། དངོས་གྲུབ་བསྒྲུབ་པ་ལ། བསྒྲུབ་གཞི། བསྒྲུབ་བྱ། སྒྲུབ་ཐབས། སྒྲུབ་ཚུལ། གྲུབ་པའི་འབྲས་བུ་དང་ལྔ་ལས། བསྒྲུབ་གཞི་བདེ་གཤེགས་སྙིང་པོ་དོན་དམ་ལྷན་སྐྱེས་གཉུག་མའི་སྒོ་གསུམ། དབང་གིས་སྨིན་བྱ། ལྟ་བས་རྟོགས་བྱ། ལམ་གྱིས་ཐོབ་བྱ་སྟེ་བསྒྲུབ་བྱ་དང་གྲུབ་པའི་འབྲས་བུ་དོན་གཅིག་པས། རགས་པ་སྒོ་གསུམ་ཆོས་ཉིད་དང་བཅས་པ་རགས་པའི་རྡོ་རྗེ་བཞི། ཕྲ་བ་རྩ་རླུང་ཐིག་ལེ་བརྟེན་པ་ཆོས་ཉིད་དང་བཅས་པ། ཤིན་ཏུ་ཕྲ་བ་ཡེ་ཤེས་གསུམ་ལྡན་གྱི་རང་བཞིན་བསྒྲུབ་གཞི་ཡིན། བསྒྲུབ་བྱ་རྡོ་རྗེ་བཞིའི་གོ་འཕང་དེ་ཡིན། དེ་ཡང་རྩ་དག་པ་སྐུ་རྡོ་རྗེའམ་སྤྲུལ་པའི་སྐུ་ཡིན། རླུང་དག་པ་གསུང་རྡོ་རྗེའམ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན། སེམས་དག་པ་ཐུགས་རྡོ་རྗེའམ་ཆོས་ཀྱི་སྐུ་ཡིན། ཆོས་ཉིད་དག་པ་དབྱེར་མེད་རྡོ་རྗེའམ་ངོ་བོ་ཉིད་སྐུ་ཡིན། སྒྲུབ་ཐབས་ལ་བླ་མའི་སྒྲུབ་པ་དང་། ཡི་དམ་དང་མཁའ་འགྲོའི་སྒྲུབ་པ་སོགས་ལས་འདིར་བླ་མའི་སྒྲུབ་པ་ཡིན། སྒྲུབ་ཚུལ་ཡིད་མོས་གུས་དང་ངག་གསོལ་འདེབས་གཉིས་ཀྱིས་སྒྲུབ་པ་ཡིན། བླ་མ་བརྟེན་ཐབས་མོས་གུས་ཡིན་ཏེ་སོགས། མོས་གུས་འོང་ཐབས། བླ་མའི་སྐུ་གཟུགས་སྐུ། ཐུགས་ཆོས་སྐུ་ཟུང་དུ་འཇུག་པ། ཧེ་དབྱིངས་དང་། ཀ་ཡེ་ཤེས། རུ་ཟུང་དུ་འཇུག་པ་ཡིན་པས། དཀྱིལ་འཁོར་གང་དུ་ཧེ་རུ་ཀའི་ངོ་བོར་དབང་རྫོགས་སོགས་བླ་མ་སངས་རྒྱས་སུ་ཤེས་པ་ལྔ་པོའི་སྒོ་ནས་མོས་གུས་བསྐྱེད་དགོས། སྐབས་དེར་ཡོན་ཏན་རེ་རེའི་ཆ་ཡང་སོགས། གང་ཡིན་ན། སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དེ་ཡིན་ལ། ནམ་མཁས་གར་ཁྱབ་ཆོས་སྐུས་ཁྱབ། ཆོས་སྐུས་གར་ཁྱབ་ལོངས་སྐུས་ཁྱབ། ལོངས་སྐུས་གར་ཁྱབ་སྤྲུལ་སྐུས་ཁྱབ་པ་ཡིན། སྐུ་གསུང་ཐུགས་ཐམས་ཅད་པ་ནི་སྐུ་མཚན་དཔེ་གསུང་ཚངས་དབྱངས་ཐུགས་མཁྱེན་བརྩེའི་ཡོན་ཏན་རྣམ་པ་ཐམས་ཅད་པར་འཆར་ཏེ། སྐུ་ས་བཅུའི་བྱང་སེམས་རྣམས་ལ་ལོངས་སྐུ་དང་། དེ་ལས་གཞན་པ་རྣམས་སྤྲུལ་སྐུ་དང་སྤྲུལ་པ་སྣ་ཚོགས་སྟོན་པ་ནི། དཔེར་ན། དེ་བཞིན་གཤེགས་པའི་དབུ་བཙུག་ཏོར་བལྟར་མི་མངོན་པ་བྱང་ཆུབ་སེམས་དཔའ་ཤུགས་འཆང་གིས་རྫུ་འཕྲུལ་གྱི་སྟོབས་བསྐྱེད་དེ་སྟེང་ཕྱོགས་ཀྱི་འཇིག་རྟེན་བསམ་གྱིས་མི་ཁྱབ་པ་ནས་བལྟས་ཀྱང་མཐར་མི་མངོན་ལ། རེས་འགའ་དབུལ་མོའི་པང་དུ་ལེན་ཅིང་འཛིན་རྒྱུ་ལྟ་བུ་ཡོད་པ་ལྟར་ཡིན་པས་ཤེས་བྱའི་རྣམ་པ་ཡོད་དགུར་འཆར་བ་ཡིན། གསུང་རྣམ་པ་ཐམས་ཅད་པ་ལྷའི་སྐད་དང་ཀླུའི་སྐད་ལ་སོགས་པ་སྒྲའི་རྣམ་པ་ཡོད་དོ་ཅོག་ཏུ་འཆར་བ་ཡིན། ཐུགས་རྣམ་པ་ཐམས་ཅད་པའི་མཁྱེན་བརྩེ་ནུས་གསུམ་ལས་མ་གཡོས་བཞིན། བདག་གི་ངོར་ཆགས་པ་སྡང་བ་སོགས་འཆར་བ་ཡིན། དངོས་གྲུབ་སྒྲུབ་པའི་དུས་སུ་རྗེ་བཙུན་གུ་རུ་རིན་པོ་ཆེ་སོགས་གསོལ་འདེབས་ཀྱི་འཛབ་ཡིན་པས། ལེའུ་བདུན་མ་འདོན་དུས་ལེའུ་རེ་རེ་བཞིན་དུ་རང་རང་འདོན་པར་གསུངས་པའི་དུས་དང་བསྒྲགས་ཏེ་འདོན་པར་བྱ་དགོས། སྒྲུབ་པའི་འབྲས་བུ་གནས་སྐབས་རིག་འཛིན་བཞི་དང་མཐར་ཐུག་རྡོ་རྗེ་བཞིའི་གོ་འཕང་མངོན་དུ་འགྱུར་བ་རྣམས་ཡིན་ཀྱང་། སྐབས་འདིར་དེ་ལྟར་སྒྲུབ་ཅིང་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས་དོན་བརྒྱུད་ཀྱི་དགོངས་པ་འཕོ་བ་སེམས་ལ་ཞུགས་ཏེ་གནས་ལུགས་རང་ངོ་མཐོང་བ་ཡིན་པས། དེ་ཡང་རྟོགས་པ་སྐྱེ་བའི་རྟགས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དད་པ་དང་ངེས་འབྱུང་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་རྣམས་འབྱུང་བ་ཡིན་ཀྱང་། རྟོགས་པ་སྐྱེས་རྟགས་ཡོན་ཏན་སྔོན་ལ་འོང་བ་དང་། དང་པོ་རྟོགས་པ་སྐྱེས་ནས་ཡོན་ཏན་ཕྱི་ནས་འབྱུང་བ་གཉིས་ཡོད་པས། ཉམས་དང་རྟོགས་པ་ཤན་ཕྱེས་ནས། ཆོས་ཉིད་ཀྱི་རྟོགས་པ་སྐྱེ་བ་ནི་སྒྲུབ་པའི་འབྲས་བུ་ཡིན་ཏེ། ཀུན་མཁྱེན་ཆེན་པོས། ཉམས་དང་རྟོགས་པའི་དབྱེ་བ་མ་ཤེས་ན། ། གོམས་པའི་ཉམས་ལ་རྟོགས་པར་འཛིན་ནས་འཁྲུལ། ། རྟོགས་ན་དུས་ཀུན་བཟང་ངན་འཕོ་འགྱུར་མེད། །
དེ་ཉིད་གོམས་པས་ཡོན་ཏན་ཉམས་རྣམས་འབྱུང་། ། ཞེས་སོ། ། དབང་བཞི་བླང་བ་འདི་ལམ་དབང་ཡིན། སྤྱིར་དབང་ལ་གཞི་དབང་ལམ་དབང་འབྲས་དབང་གསུམ་ལས། དང་པོ་གཞི་དབང་ནི་སེམས་ཀྱི་ཆོས་ཉིད་བདེ་གཤེགས་སྙིང་པོ་དེ་རྟོགས་ན་མྱ་ངན་ལས་འདས་པ་ལ་དབང་བྱེད། མ་རྟོགས་ན་ཁམས་གསུམ་འཁོར་བར་དབང་བྱེད་པའི་སྒོ་ནས་གཞི་དབང་ཞེས། ལམ་དབང་གི་གཞི་དབང་བསྐུར་བའི་སྨིན་བྱ་དངོས་དེ་ཡིན། ལམ་དབང་ལ་གསུམ། ལམ་དབང་གི་གཞི་དབང་ནི་དང་པོ་བླ་མ་མཚན་ཉིད་དང་ལྡན་པས་རྒྱུད་སྡེ་ཞི་ཁྲོའམ། སྒྲུབ་སྡེ་བཀའ་བརྒྱད་ལྟ་བུ་གང་རུང་གི་དཀྱིལ་འཁོར་དུ་དབང་བསྐུར་བའི་དུས་སུ་རབ་དབང་དོན་གྱི་ལྟ་བ་རྟོགས། འབྲིང་བདེ་གསལ་མི་རྟོག་གསུམ་གྱི་ཉམས་སྐྱེས། ཐ་ན་ཡང་སྒོ་གསུམ་རྡོ་རྗེ་གསུམ་གྱི་ངེས་ཤེས་ཀྱི་བློ་གཞན་གྱིས་མི་འཕྲོག་པ་སྐྱེ་དགོས་པས། དེ་ལྟ་བུའི་དབང་བཞི་ཐོབ་ན་རྡོ་རྗེ་ཐེག་པའི་ལམ་གྱི་རྟེན་དུ་གྱུར་པའི་དབང་གི་གོ་ཆོད་ལ། དེ་ལྟ་བུ་མ་ཡིན་པར་ཐོབ་ཐོབ་ཞུས་ཞུས་མང་པོ་སེམས་རྒྱུད་སྤུ་གང་གིས་ཡར་སྐྱེད་མེད་པའི་དབང་ཞུས་ཞུས་ནས་མགོ་ལེབ་ལེབ་མ་སོང་གི་བར་དུ་དབང་ཞུས་པས་དབང་གི་གོ་མི་ཆོད། ལམ་དབང་གི་ལམ་དབང་ནི། དེ་ལྟ་བུའི་དབང་དེ་ཐོབ་ནས་བཟུང་གཞན་ལ་དབང་ཞུས་ཀྱང་རུང་། རང་གིས་བདག་འཇུག་སོགས་བླང་ཡང་རུང་། ཐམས་ཅད་སྔགས་ཀྱི་གསོ་སྦྱོང་དང་ལམ་དབང་ཡིན། ལམ་དབང་གི་འབྲས་དབང་འོད་ཟེར་ཆེན་པོའི་དབང་ངམ་སྔགས་ཀྱི་ཟབ་གསལ་གཉིས་སུ་མེད་པའི་དབང་གསུམ་བསྐུར་ནས་དབང་དོན་གྱི་ཡེ་ཤེས་ཀྱིས་བག་ཆགས་ཀྱི་སྒྲིབ་པའམ་སྣང་གསུམ་འཕོ་བའི་བག་ཆགས་ཐམས་ཅད་བཅོམ་བྱེད་ཀྱི་དབང་དེ་ཡིན། གཞི་ལམ་འབྲས་གསུམ་གྱི་འབྲས་དབང་ནི། ལམ་གྱི་འབྲས་དབང་དེའི་སྐད་ཅིག་ཕྱི་མར་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མངའ་བརྙེས་ནས་ཤེས་བྱ་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་དབང་བསྒྱུར་བ་ཡིན་ནོ། ། འདིར་ལམ་དབང་གི་ལམ་དབང་ཡིན་པས། གུ་རུའི་སྨིན་མཚམས་ནས་ཨོཾ་ཡིག་སོགས། འོད་ཟེར་ཟླ་འོད་ལྟ་བུ་དག་བྱ། ལུས་ཀྱི་སྲོག་གཅོད་སོགས་གསུམ་དང་། ལུས་སྐྱེད་བྱེད་རྩ་ཡི་སྒྲིབ་པ་དག སྐུ་རྡོ་རྗེའི་བྱིན་རླབས་ཞུགས། བུམ་དབང་ཐོབ། དབང་དོན་གྱི་ཡེ་ཤེས་རྟོགས་ཚོགས་སྒྱུ་འཕྲུལ་དྲྭ་བར་དག སྣང་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས། སྣང་གྲགས་རིགས་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་གྲོལ། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་གནས་སྐབས་རྣམ་སྨིན་དང་མཐར་ཐུག་སྤྲུལ་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག ཨཱཿཡིག་ལས་འོད་ཟེར་གློག་དམར་ལྟར་འཕྲོས། ངག་གི་རྫུན་སོགས་བཞི་དང་། ངག་སྐྱེད་བྱེད་རླུང་གི་སྒྲིབ་པ་དག གསུང་རྡོ་རྗེ་སོགས། དབང་དོན་གསལ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས། རླུང་འབྱུང་འཇུག་གནས་གསུམ་སྔགས་སུ་གྲོལ། ཧཱུྃ་ཡིག་ལས་འོད་ཟེར་སྦོས་རིང་གི་དུད་པ་ལྟ་བུ། ཡིད་ཀྱི་བརྣབ་སེམས་སོགས་གསུམ་དང་ཡིད་སྐྱེད་བྱེད་ཐིག་ལེའི་སྒྲིབ་པ་དག་སོགས། དབང་དོན་གྱི་ཡེ་ཤེས་བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས། རྟོགས་ཚོགས་བདེ་སྟོང་གི་ངང་དུ་གྲོལ། ཧཱུྃ་ཡིག་ལས་ཧཱུྃ་ཡིག་གཉིས་པ་སོགས། ཀུན་གཞིའི་ལས་དང་ཀུན་བཞིའི་རྣམ་པར་ཤེས་པའི་སྒྲིབ་པ་དང་འཁོར་གསུམ་དུ་འཛིན་པ་ཤེས་བྱའི་སྒྲིབ་པ་དག་སོགས། དབང་དོན་རང་བྱུང་གི་ཡེ་ཤེས་རྒྱུད་ལ་སྐྱེ་བ་ཡིན། ཟླ་བས། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ། ། ཞེས་དང་། ཨ་བུའི་ཞལ་ནས། ཕུང་པོའི་མཚན་ཉིད་དབྱིངས་ཀྱི་སྤངས་ཞེ་ན། ། དེ་ལས་གཞན་དུ་ཕུང་པོའི་སྟོང་བས་ཅི། ། བརྟགས་པས་སྟོང་པ་མཐར་ཐུག་དོན་མིན་ན། ། ཞེས་པའི། ཡེ་ཤེས་རྒྱུད་ལ་སྐྱེས། སྒོ་གསུམ་ཐ་དད་དུ་འཛིན་པའི་རྟོག་པ་ཆོས་ཉིད་དུ་གྲོལ་སོགས་སོ། ། བསྡུ་རིམ་ནི། འདུན་པའི་འཕོ་བ་དང་གནད་གཅིག་པས། ནམ་ཞིག་སོགས་བསྡུ་རིམ་ལ་གསལ་སྣང་ཐོན་པ་རྫོགས་རིམ་ཐུན་མོང་བའི་ཕྲ་བའི་རྣལ་འབྱོར་ཡིན་ནོ། ། རྗེས་ཐོབ་ཟ་ཉལ་འགྲོ་འདུག་ལ་སོགས་པ་རྣམས་ལ་ལམ་དུ་འཁྱེར་དགོས། མདོར་ན་དག་སྣང་ལམ་དུ་ཁྱེར་དགོས་པ་ཡིན། དེས་ན་སྐྱིད་སྡུག་རྒྱུ་འབྲས་གཉིས་ཀ་བླ་མའི་མོས་གུས་ཀྱིས་ལམ་དུ་ཁྱེར་དགོས། སྐྱིད་རྒྱུ་འབྲས་གཉིས་བྱུང་ན་བླ་མའི་བཀའ་དྲིན་དྲན་ནས་གསོལ་བ་འདེབས། ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད་ནས་ཐམས་ཅད་བླ་མའི་བཀའ་དྲིན་དུ་བལྟ། སྡུག་རྒྱུ་འབྲས་གཉིས་བྱུང་ན་བླ་མའི་མོས་གུས་ཀྱིས་ལམ་དུ་ཁྱེར་དགོས། དད་པ་དང་མོས་གུས་སོགས་མ་འོང་ན་བླ་མ་ལ་གསོལ་བ་བཏབ་སྟེ་དད་པ་མོས་གུས་སོགས་འོང་བར་གསོལ་བ་འདེབས། བྱིང་ན་བླ་མ་ལ་གསོལ་བ་འདེབས། རྒོད་ན་བླ་མ་ལ་གསོལ་བ་འདེབས། ལུས་གནད་ལྟ་སྟངས་ཀྱང་བྱིང་རྒོད་ཀྱི་གཉེན་པོ་བཞིན་བསྟེན། ལྟ་བ་ལ་ལེགས་ཉེས་ཐེ་ཚོམ་བྱུང་ན་བླ་མ་ལ་གསོལ་བ་འདེབས། བསྒོམ་པ་ལ་བཟང་ངན་བྱུང་ན་བླ་མ་ལ་གསོལ་བ་འདེབས། སྤྱོད་པ་ལ་བླང་དོར་བྱུང་ན་བླ་མ་ལ་གསོལ་བ་འདེབས། ལྟ་སྒོམ་སྤྱོད་གསུམ་གྱི་གེགས་གཉིས་འཛིན་བྱུང་ན་བླ་མ་ལ་གསོལ་བ་འདེབས། ན་ཚ་དང་གདོན་བགེགས་ལ་སོགས་པའི་མི་འདོད་པ་ཅི་བྱུང་བ་ཐམས་ཅད་བླ་མའི་ཐུགས་ཡེ་ཤེས་ཀྱི་རྣམ་རོལ་དུ་ཤར་བ་ཡིན་པའི་དག་སྣང་གིས་འདྲེ་དང་རྒྱལ་འགོང་ལ་སོགས་པ་བླ་མར་བསྒོམ་སྟེ་གསོལ་བ་འདེབས། དེས་ན་ཁམས་འདུས་དད་པས་གསོ། རྐྱེན་ངན་ལམ་དུ་ཁྱེར་གསུངས་པ་བཞིན། མདོར་ན་སྐྱིད་ཁྱག་སྡུག་ཁྱག་ཞིག་གི་སྒོ་ནས་ཐམས་ཅད་བླ་མའི་རང་བཞིན་དུ་བལྟས་ནས་མོས་གུས་དང་གསོལ་འདེབས་བྱེད་པ་ཡིན་ནོ། །
བདུན་པ། ཉེ་ལམ་འཕོ་བའི་རིམ་པ། དངོས་གཞིའི་ཆ་ལག་འཕོ་བ་ནི། རིག་པ་རྐྱེན་ཁར་འཆོར་དུས་སུ་འཕོ་ལུང་དགོས་ལ། མི་འཆོར་བར་རིག་པ་གཏན་སྲིད་ཟིན་དུས་འཕོ་བ་མི་དགོས། དེས་ན། ལམ་སྦྱང་པ་དམན་ལ་འཕོ་བས་བསུ། ཞེས་པ་རྫོགས་རིམ་ནཱ་རོ་ཆོས་དྲུག་ལས་བློ་ཆོད་འཕོ་བ་ཡིན་ཏེ། དཔེར་ན་མ་གཅིག་ལ་བུ་བདུན་ཡོད་ཀྱང་བུ་གཅིག་ན་བ་ལ་ལྷག་པར་བརྩེ་བ་བཞིན། ལས་དང་ཉོན་མོངས་པའི་ཤུགས་དྲགས་པོའི་སེམས་ཅན་རྣམས་ལ་རྒྱལ་བ་རྣམས་ཤིན་ཏུ་བརྩེ་བས་སྡིག་པོ་ཆེ་བཙན་ཐབས་སུ་འཕོ་བའི་གདམས་པ་མ་བསྒོམ་སངས་རྒྱས་ཟེར་ཀྱང་བསྐྱེད་རྫོགས་གཞན་བསྒོམ་མི་དགོས་མ་གཏོགས་འཕོ་བ་རང་གི་དམིགས་པ་བསྒོམ་དགོས། རབ་ཆོས་སྐུ་རྒྱས་འདེབས་ཀྱི་འཕོ་བའི་གང་ཟག་མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་འཕགས་པ་རྣམས་ཀྱི་འཕོ་ལུགས་ཡིན་ཏེ་ཚེ་འདི་ལ་གནས་ལུགས་མ་བཅོས་པའི་ལྟ་བ་རྒྱུད་ལ་སྐྱེས་ནས་ཉིན་མཚན་ཁོར་ཡུག་ཏུ་འགྲོ་བའི་གང་ཟག་དེ་ཀ་དག་ཁྲེགས་ཆོད་ཀྱི་གྲོང་འཕོ་གྲོང་འཇུག་གི་འཕོ་བའི་མན་ངག་གིས་འཕོ་བའམ། ལྷུན་གྲུབ་ཐོད་རྒལ་གྱིས་འོད་གསལ་སྦུབ་འཇུག་གི་མན་ངག་གིས་འཕོ་བ་ཡིན། དེ་ལྟར་རིག་པ་ལ་རང་དབང་མ་ཐོབ་ཅིང་ཉིན་སྣང་ཙམ་ཆོད་ཀྱང་མཚན་སྣང་མི་ཆོད་པའི་གང་ཟག་དམ་ཚིག་རྣམ་པར་དག་པ་དེ་འཆི་བའི་ཚེ་ཕྱི་ནང་གི་ཐིམ་རིམ་རྣམས་དང་སྣང་མཆེད་ཐོབ་གསུམ་རྣམས་རྫོགས་པའི་རྗེས་སུ་འཆི་སྲིད་ཆོས་སྐུའི་འོད་གསལ་སྟོན་གནམ་སློང་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བ་ལྟ་བུའི་གཞི་དུས་མའི་འོད་གསལ་འཆར་ཞིང་ཚེ་འདིའི་འོད་གསལ་བུ་ལྟ་བུའི་སྐྱེལ་མ་བྱས་ནས་འོད་གསལ་མ་བུ་མཇལ་ཞིང་ཀ་དག་དང་པོའི་གཞི་ཐོག་ཏུ་གྲོལ་བ་ཡིན། ཐོད་རྒལ་གྱི་ཉམས་སྣང་གོང་འཕེལ་གྱི་སྣེ་ཟིན་པའི་གང་ཟག་དེ་འཆི་བའི་ཚེ་འཆི་སྲིད་ཆོས་སྐུའི་འོད་གསལ་འཆར་དུས་ད་ལྟ་རྟོགས་པ་མ་རྟོགས་པའི་སྟོབས་ཀྱིས་འཆི་སྲིད་ཀྱི་འོད་གསལ་དང་པོ་ངོས་མི་ཟིན་ཅིང་གྲོལ་མི་ཐུབ་ལ་ཆོས་ཉིད་དག་པའི་བར་དོ་འཆར་དུས་ངོ་ཤེས་ཤིང་མཉམ་པར་བཞག་པས་ལྷུན་གྲུབ་ཀྱི་སྣང་བ་ལས་གྲོལ་བ་ཡིན། དེས་ན་རབ་ཚེ་འདིར་གྲོལ་བ་དང་འབྲིང་བར་དོར་གྲོལ་བ་གཉིས་ཀ་རབ་ཆོས་སྐུ་ལྟ་བ་རྒྱས་འདེབས་ཀྱི་འཕོ་བའི་གྲངས་སུ་བགྲང་བ་ཡིན། འབྲིང་ལོངས་སྐུ་བསྐྱེད་རྫོགས་ཟུང་འཇུག་གི་འཕོ་བ་ནི། རྫོགས་རིམ་གྱི་ཡེ་ཤེས་ཀྱི་སྣེ་ཟིན་པ་སྦྱོར་ལམ་ངེས་འབྱེད་ཆ་བཞི་གང་ལ་སླེབས་པ་སྦྱོར་ལམ་ཡེ་ཤེས་རྒྱུད་ལ་སྐྱེ་བའི་སྒྱུ་ལུས་ལ་འཇུག་ལྡང་ནུས་པའམ། མིན་ཀྱང་ངོ་སྤྲོད་ནས་རྩལ་སྣང་དག་པ་ལྷའི་བསྐྱེད་རྫོགས་ཟུང་འཇུག་ལ་གོམས་པ་དེ་འཆི་ཁར་བསྐྱེད་རིམ་བསྡུ་རིམ་བྱེད་པ་ལྟར་སྒྱུ་ལུས་འོད་གསལ་དུ་བསྡུས་ནས། ཚེ་འདིར་དཔེ་འོད་གསལ་རྒྱུད་ལ་སྐྱེ་ཡོད་ན་བར་དོ་དོན་གྱི་འོད་གསལ་རྒྱུད་ལ་སྐྱེས་ནས་དེའི་རྗེས་ཐོབ་ཡི་དམ་གྱི་སྐུ་སློབ་པའི་ཟུང་འཇུག་ཕྱག་ཆེན་ལ་ལྡང་ནས་གྲོལ་བ་རྣམས་ཡིན། ཐ་མ་སྤྲུལ་སྐུ་ཚད་མེད་ཐུགས་རྗེས་འཕོ་བ་ནི་དབང་ཐོབ་དམ་ཚིག་དང་ལྡན་པ་ལྟ་བ་ལ་གོ་བ་ལེགས་པར་ཆགས་པའི་ཚོགས་ལམ་པ་ལས་དང་པོ་པ་བསྐྱེད་རིམ་ལ་ཡང་མོས་པ་ཙམ་ལམ་དུ་བྱེད་པ་དེས་འཆི་སྲིད་ཀྱི་འོད་གསལ་དང་ཆོས་ཉིད་གཉིས་ལ་གྲོལ་བའི་གདེང་མེད་ཀྱང་བར་དོར་སྐྱབས་འགྲོ་དང་བླ་མ་ལ་གསོལ་བ་འདེབས་པའི་སྒོ་ནས་མངལ་སྒོ་ངན་པ་རྣམས་དགག་བཟང་པོ་འདམ་ཞིང་སྙིང་རྗེ་དང་བྱང་ཆུབ་སེམས་ཀྱིས་འཕེན་པས་དག་པའི་ཞིང་དུ་འཕོ་བའམ་མིན་ཀྱང་ཕ་མ་ཆོས་ལྡན་གྱི་མངལ་དུ་སྐྱེ་བ་སྤྲུལ་པའི་སྐུར་སྐྱེ་བ་ལེན་ཅིང་ཕྱི་མ་དེར་གྲོལ་བ་ཡིན། ཐ་མལ་པ་འདུ་ཤེས་སུམ་ལྡན་གྱི་འཕོ་བ་ནི་ལས་དང་པོ་པ་དམ་པའི་ཆོས་ལ་མོས་པ་ཙམ་བྱེད་པ། སྐྱེ་འཆི་བར་དོ་ཕྱི་མ་རྣམས་ཀྱི་གྲོལ་བའི་ལམ་རྟགས་དང་མི་ལྡན་པ་རྣམས་ཀྱི་འཕོ་ལུགས་ཡིན། འདུ་ཤེས་གསུམ་ནི། རྩ་དབུ་མ་ལ་ལམ་གྱི་འདུས་ཤེས། གནས་བདེ་བ་ཅན་ལ་གནས་ཀྱི་འདུ་ཤེས། རྣམ་པར་ཤེས་པ་ལ་མགྲོན་པོའི་འདུ་ཤེས་གསུམ་གྱི་སྒོ་ནས་འཕོ་བ་ཡིན། དེ་ལྟར་འཕོ་བ་ལ་འཆི་ལྟས་བྱུང་ན་ལན་གསུམ་དུ་བཟློག་ཨེ་ཐུབ་བལྟ། དེ་ནས་བཟློག་མ་ནུས་ན་ཡོ་བྱད་ཐམས་ཅད་སྤོང་དག་བྱེད་ཁོམས་ན་སྤོང་དག་བྱེད། མ་ཁོམས་ན་བློས་ཡོངས་སུ་བཏང་སྟེ་ཆགས་ཞེན་མེད་པར་བྱ་དགོས། གཤིན་པོ་རྗེས་འཛིན་གྱི་འཕོ་བ་ནི་རྟོགས་པ་མཆོག་ལྡན་གྱི་གང་ཟག་ཅིག་དགོས། འཕོ་བ་འདེབས་པའི་དུས་ཀྱང་ཕྱི་དབུགས་ཆད་ནས་ནང་དབུགས་མ་ཆད་པའི་བར་དེར་འཕོ་བ་འདེབས་མཁན་དེ་རྟོགས་པ་དང་མ་ལྡན་ཀྱང་འཕོ་བའི་དམིགས་པ་ཐེབ་པ་ཞིག་ཡིན་ན་ཕན་ཐོགས། དོན་དམ་བྱང་སེམས་དང་མ་ལྡན་ཀྱང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡོད་ན་ཕན་ཐོགས། མ་ཐོགས་ཀྱང་སེམས་དགེ་བ་ལ་ཉེས་པ་མེད་གསུངས་པ་བཞིན་ནོ། ། དེས་ན་འཆི་སྲིད་ཆོས་སྐུའི་ལམ་ཁྱེར་ཁྲེགས་ཆོད་ཡིན། ཆོས་ཉིད་དག་པའི་བར་དོའི་ལམ་ཁྱེར་ཐོད་རྒལ། སྐྱེ་བ་སྤྲུལ་སྐུའི་ལམ་ཁྱེར་འཕོ་བ་དང་དག་སྣང་གཉིས་ཡིན། དེ་ལྟ་བུའི་འཕོ་བ་དེ་ལ་སྦྱོང་བ་དང་ལས་ལ་སྦྱར་བ་གཉིས། སྦྱོང་དུས་རྟགས་མ་ཐོན་གྱི་བར་དུ་སྦྱང། དེ་ནས་མི་འཇོག་པར་སྲོད་ཀྱི་ཐུན་གྱི་མཇུག་རེ་རེ་བཞིན་དུ་འཕོ་བའི་ངག་འདོན་མ་བཏོན་ཀྱང་དམིགས་པ་ཚར་རེ་ཆགས་མེད་བྱེད་དགོས། ལས་ལ་སྦྱར་བ་འཆི་བའི་ནད་ཀྱི་ཐེབ་ནས་འཆི་ཁ་ལ་རང་གིས་རང་ཉིད་དག་པའི་ཞིང་དུ་འཕོ་བ་ཡིན་པས། ཐིམ་རིམ་སྐབས། སྣང་བའི་འོད་གསལ་གྱི་དུས་སྒོ་ལྔའི་ཤེས་པ་ཡིད་ཤེས་ལ་ཐིམ། མཆེད་པའི་དུས་ཡིད་ཤེས་ཉོན་ཡིད་ལ་ཐིམ། ཐོབ་པའི་དུས་ཉོན་ཡིད་ཀུན་གཞི་ལ་ཐིམ། ཉེར་ཐོབ་ཀྱི་དུས་ཀུན་གཞི་འོད་གསལ་ལ་ཐིམ་པ་ཡིན། ཡོ་བྱད་སྤོང་དག་བྱེད། ཐོག་མེད་ནས་བསགས་པའི་སྡིག་པ་ལ་བཤགས་སྦྱངས་བྱས་ནས། སྡིག་པ་ལ་ཆུང་བའི་འདུ་ཤེས་བསྐྱེད། དགེ་བ་ལ་ཆེ་བའི་འདུ་ཤེས་བསྐྱེད། ཁྱད་པར་བླ་མ་དང་མཆེད་གྲོགས་དང་འགལ་བ་ལ་བཤགས་པ་བྱེད། དགེ་རྩ་བྱང་ཆུབ་ཆེན་པོར་བསྔོ་ཞིང་། སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་ཐེག་པ་ཆེན་པོའི་ཆོས་དང་དགེ་བའི་བཤེས་གཉེན་མཇལ་བར་སྨོན་ལམ་འདེབས། འཆི་ཁ་སྡུག་བསྔལ་གྱི་བར་དོ་ལ་མི་འཇིགས་པར་དཔའ་གདེངས་བསྐྱེད་དེ་བདག་ད་སྔོན་སྐྱེ་ཤི་གྲངས་མེད་བྱེད་པ་དང་ད་རེས་མི་འདྲ་སྟེ། བདག་གིས་ད་རེས་དལ་འབྱོར་གྱི་མི་ལུས་ཐོབ། མཚན་ལྡན་གྱི་བླ་མ་མཇལ། ཟབ་མོའི་གདམས་པ་ཐོབ་ནས་འཕོ་བའི་མན་ངག་དང་ལྡན་པས་དག་པའི་ཞིང་ཁམས་རྣམས་ལ་འགྲོ་བའི་གདམས་པ་ཡོད་པས་ད་རེ་དགའ་སྙམ་དུ་སེམས་དཔའ་བསྐྱེད་དགོས། སྦྱོང་དུས་ཐུན་དང་ཐུན་མཚམས་ཕྱེ་ནས་དུས་སྲོད་དང་ཕྱི་དྲོའི་དུས་ལ་སྦྱང་དགོས། སྔོན་འགྲོ་རྫོགས་ནས་རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག་ཅེས་པའི་མཚམས་སུ་འཕོ་བ་སྦྱངས། ཐུན་གྱི་ཆ་གསུམ་གྱི་ཆ་སྔ་མ་གཉིས་ལ་དམིགས་པ་ཁོ་ན་འཛིན། ཕྱི་མ་ཆ་གཅིག་ལ་འདོན་བསྒོམ་སྦྲགས་མ་བྱེད། ཧི་ཀ་ནི་ཚེ་བསྟུང་བའི་སྒྲ་ཞིག་ཡིན། དེ་དུས་ལྟེ་འོག་གི་རླུང་འཐེན། སྟོད་རླུང་བརྒྱང་། མིག་ཧད་པོ ར་གྱེན་དུ་བལྟ་བ་དགོས། རླུང་སེམས་ཞེས་པ་གཡོ་བའི་ཆ་ནས་རླུང་། ཤེས་པའི་ཆ་ནས་སེམས་ཞེས་བཏགས་ཀྱང་ངོ་བོ་གཅིག་ཡིན་པས་གསང་བ་སེམས་ཀྱི་སྟོང་རའམ་རླུང་སེམས་བསྡུ་བའི་དུས་སེམས་དེ་ཧྲཱིཿཡིག་དམར་པོར་གྱུར་སོང་བར་བསམ་པ་ལས་གཞན་ཞིག་བལྟས་ཡོད་པའི་རྣམ་པ་བསམ་མི་ཉན། འོད་དཔག་མེད་ཀྱི་ཁྲི་རྨ་བྱ་ཆེན་པོ་བརྒྱད་ཀྱི་བཏེགས་པའི་བར་རྣམས་སུ་རིགས་ལྔའི་ཕྱག་མཚན་འཁོར་ལོ་རྡོ་རྗེ་སོགས་གསལ། ཀློང་སྙིང་ལ་འོད་དཔག་མེད་གཙོ་བོ་གཅིག་པུ། གནམ་ཆོས་ལ་སེམས་དཔའ་གཉིས། འཇའ་ཟུག་མ་ལ་བརྒྱུད་པའི་བླ་མ་རྣམས་དང་བཅས་པ་གསལ། འདུན་པའི་འཕོ་བ་ཟ་ཉལ་འགྲོ་འདུག་ལ་སོགས་པ་དུས་དང་རྣམ་པ་ཀུན་ཏུ་འདུ་ཤེས་གསུམ་ལྡན་གྱི་སྒོ་ནས། སངས་རྒྱས་འོད་དཔག་མེད་ལ་གསོལ་བ་འདེབས། བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། ཞེས་རྟག་ཏུ་རིག་པ་སྤྱི་བོར་གཏད་པ་ཡིན། དེ་ལྟར་སྦྱང་ནས་འཕོ་བའི་གེགས་བྱུང་དུས། སྟེང་རླུང་མནན། འོག་རླུང་གློད། ལྟེ་བའི་རླུང་བརྒྱང་། འབྲུ་གསུམ་རྡོ་རྗེའི་བཟླས་པ་བྱ། སེམས་རྐང་མཐིལ་དུ་གཏད། ལྟ་སྟངས་ཀྱང་ཐུར་དུ་ཕབ་ནས་བལྟས་ན་གེགས་སེལ་བ་ཡིན། དེ་ལྟར་མཚུངས་མེད་བླ་མ་དམ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨྲས་ན་ལུང་རྟོགས་བསྟན་པའི་ཉི་མ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་རང་ལོ་བཅོ་བརྒྱད་ཐོག་འཇུག་པ་སེམས་བསྐྱེད་མན་ཆད་རྒྱས་པར་ཐོབ་ནས་ཡན་ཆད་རྣམས་མ་ཐོབ། དེའི་ཕྱིར་ལོ་ཟླ་བ་གཉིས་ཀྱི་བར་དུ་རྒྱས་བཤད་མཛད་ནས་རྡོར་སེམས་ཡན་ཆད་ཚང་བར་ཐོབ་དུས་བླ་མ་སྐུ་ཁམས་འཁྲུགས་ནས་མཇུག་མ་རྫོགས་ཀྱང་། དོན་དུ་སྔ་ཕྱི་གཉིས་ཀ་བྱས་ནས་ཆ་ཚང་བ་ཞིག་ཐོབ་པ་ཡིན་པས་དེ་དུས་ཀྱི་ཟིན་བྲིས་མགོ་མེད་མཇུག་མེད་ཅིག་ཡོད་པ་དེ་མཁན་རིན་པོ་ཆེ་པདྨ་རྒྱལ་མཚན་དང་། སྤྲུལ་སྐུ་པད་ནོར་རྣམ་པ་གཉིས་ཀྱིས་དོན་གཉེར་ཆེར་མཛད་ནས་བྲི་དགོས་ཞེས་བཀས་བསྐུལ་བ་དང་། བཀའ་དྲིན་གསུམ་ལྡན་བླ་མ་རིན་པོ་ཆེ་སྟོབས་ལྡན་གྱིས་བཀའ་ཕེབས་སྤྱི་བོར་བསྩལ་བས་བཀའ་ནན་ལྡོག་ཏུ་མ་བཟོད་ནས་ཤ་ཟིང་སྤུ་ཟིང་བྱས་ནས་བྲིས་པས་ཀུན་ལ་ཁ་དགེ་བར་གྱུར་ཅིག ། ། །