ཆུ་ཀླུང་ལ་ནང་འབབ་དང་ཕྱི་འབབ་ཁག་གཉིས་སུ་དབྱེ་སྲོལ་

བོད་ལྗོངས་ས་མཐོའི་ཐོག་གི་ཆུ་ཀླུང་ལ་ནང་འབབ་དང་ཕྱི་འབབ་ཁག་གཉིས་སུ་དབྱེ་ཡོད། ཕྱི་འབབ་ཆུ་ཀླུང་། ་འབབ་ཆུ་ཀླུང་གི་བཞུར་ཡུལ་གཙོ་བོ་ནི་བོད་ཀྱི་ཤར་ཕྱོགས་དང་། ལྷོ་ཕྱོགས། ནུབ་ཕྱོགས་སོགས་ཀྱི་མཐའ་ཁུལ་ནས་བཞུར་བ་སྟེ། ཤར་ཕྱོགས་སུ་འབྲི་ཆུ་དང་། ཟླ་ཆུ། རྒྱ་མོ་རྔུལ་ཆུ་བཅས་དང་། ལྷོ་ཕྱོགས་སུ་ཡར་ཀླུང་གཙང་པོ། ནུབ་ཕྱོགས་སུ་གླང་ཆེན་ཁ་འབབ་དང་། སེང་གེ་ཁ་འབབ་སོགས་ཡོད།(ཕྱི་མ་བཞི་ལ་ཁ་འབབ་ཀྱི་ཆུ་བོ་བཞི་ཞེས་བརྗོད་ལ་དེ་ཡང་གངས་མཚོའི་གནས་དེ་ཡི་ནུབ་གླང་ཆེན་ཁ་འདྲ་བ་དང་། ལྷོ་རྨ་བྱའི་ཁ་འདྲ་བ། བྱང་སེང་གེའི་ཁ་འདྲ་བ། ཤར་རྟ་མཆོག་གི་ཁ་འདྲ་བ་བཅས་ལས་འབབ་པའི་རྒྱུན་མཚན་གྱིས་སོ)གཞན་ཡང་ཨེ་ཤི་ཡ་གླིང་དུ་གྲགས་ཆེ་བའི་འབྲི་ཆུ་དང་། མེ་ཀོང་གཙང་པོ། སར་ཝུན་གཙང་པོ། ཡི་ལོ་ཝ་ཏི་གཙང་པོ། ཆུ་བོ་གང་ག། རྒྱ་གར་གཙང་པོ་སོགས་ཀྱི་ཆུ་འགོ་ཡང་བོད་ནས་བཞུར་འགྲོ་བ་ཡིན། འབྲི་ཆུ། འབྲི་ཆུ་ནི་རང་རྒྱལ་གྱི་ཆུ་ཆེན་འབྲི་ཆུའི་སྟོད་རྒྱུད་ཀྱི་གཙང་པོ་ཨ་མ་ཞིག་ཡིན། གཙང་པོ་དེ་ནི་གདང་ལའི་རི་རྒྱུད་རྒྱ་ལ་རྩི་ཟླུམ་གྱི་ལྷོ་ནུབ་ཕྱོགས་ནས་བབས་ཏེ་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་རྒུ་མདོ་བརྒྱུད་བོད་དང་ཟི་ཁྲོན་འབྲེལ་མཚམས་ནས་ལྷོ་ཕྱོགས་སུ་བརྒྱུགས་ཏེ་མཐར་བོད་ལྗོངས་སྨར་ཁམས་རྫོང་བརྒྱུད་ཡུན་ནན་ཁུལ་དུ་བཞུར། ཆུ་བོ་འདི་བོད་ཁོངས་སུ་བཞུར་རྒྱུན་རིང་ཚད་སྤྱི་ལེ་ལྔ་བརྒྱ་བཅུ་མེད་དགུ་ཙམ་དང་ཆུ་བོ་འབབ་ཡུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཉིས་ཁྲི་སུམ་སྟོང་བརྒྱ་མེད་དྲུག་ཅུ་ཙམ་ཟིན། ཟླ་ཆུ། ཟླ་ཆུར་རྫ་ཆུ་དང་ངོམ་ཆུ་ཞེས་པའི་གཙང་ལག་གཉིས་ཡོད་པ་ལས་རྫ་ཆུ་ནི་མཚོ་སྔོན་རྫ་སྟོད་རྫོང་ཁོངས་རི་བོ་ཤྭ་ར་སྐྱའི་ནས་འབབ། ངོམ་ཆུ་ནི་བོད་ལྗོངས་ཧོར་སྦྲ་ཆེན་རྫོང་ཁོངས་ཝ་མོ་ལའི་རྒྱུད་ནས་བབས་ཏེ་ཆབ་མདོ་གྲོང་བརྡལ་དུ་གོང་གསལ་རྫ་ཆུ་དང་ཟླ་འགྲིལ་ནས་སྨར་ཁམས་རྫོང་བརྒྱུད་ཡུན་ནན་དུ་བཞུར་རྗེས་མེ་ཀོང་གཙང་པོར་འགྲིལ། དེ་ནས་འབར་མ་དང་། ལ་འོ། ཐེ་གོ། ཅན་པོ་ཀྲེ། གཡོས་ནན་སོགས་རྒྱལ་ཁབ་བརྒྱུད་མཐར་ཀྲུང་གོའི་རྒྱ་མཚོ་ལྷོ་མར་འབབ། བོད་ཁོངས་སུ་ཟླ་ཆུའི་བཞུར་རྒྱུན་རིང་ཚད་སྤྱི་ལེ་གྲུ་བཞི་མ་སུམ་ཁྲི་བརྒྱད་སྟོང་སུམ་བརྒྱ་ཙམ་ཟིན། རྒྱལ་མོ་རྔུལ་ཆུ། ཆུ་བོ་འདི་ནི་གདང་ལའི་ལྷོ་ཕྱོགས་ཨ་མདོ་རྫོང་ཁོངས་ནས་བབས་ཏེ་ནག་ཆུ་དང་། འབྲི་རི། སྦྲ་ཆེན། སོག དཔལ་འབར། སྟེང་ཆེན། ལྷོ་རོང་། དཔའ་ཤོད། མཛོ་སྒང་སོགས་རྫོང་ཁག་བརྒྱུད་ནས་ཡུན་ནན་དུ་བཞུར་རྗེས་འབར་མའི་སར་ཝུན་གཙང་པོ་བརྒྱུད་མཐར་རྒྱ་གར་རྒྱ་མཚོ་འབབ། བོད་ཁོངས་སུ་རྒྱ་མོ་རྔུལ་ཆུའི་བཞུར་རྒྱུན་རིང་ཚད་སྤྱི་ལེ་ཆིག་སྟོང་སུམ་བརྒྱ་དགུ་བཅུ་གོ་གསུམ་ཡོད་པ་དང་བཞུར་ཡུལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཆིག་འབུམ་ཁྲི་མེད་ཉིས་སྟོང་ལྔ་བརྒྱ་ཙམ་ཡོད་པས་ཆུ་བོ་འདི་ནི་བོད་ཀྱི་ཆུ་ཆེན་གཉིས་པར་གྲགས། ཡར་ཀླུང་གཙང་པོ། ཡར་ཀླུང་གཙང་བོ་ནི་ཁ་འབབ་ཆུ་བོ་བཞིའི་ཡ་གྱལ་ཞིག་ཡིན། སྟོད་མངའ་རིས་གངས་མཚོའི་ཤར་ཕྱོགས་བྱེ་མ་གཡུང་དྲུང་གི་ཕུ་ཨབ་སྲིའི་རྒྱབ་ཀྱི་བྲག་རྟ་མཆོག་འདྲ་བའི་ཁ་ནས་འབབ་ཅིང་། ཧོར་ཚོ་ལྔ་བརྒྱུད་འབྲོང་པ་ཚོ་ དགུའི་ལྷོ་ཕྱོགས་དང་། རུ་གསར་གལ་ཆོས། འབའ་བ། བཀྲ་བདུན། གཞུང་རུ་དང་ས་ག་ཟང་ཟང་ལྷོ་བརྒྱུད་དེ་གཙང་བཀྲ་ཤིས་ལྷུན་པོའི་གཡས་ཕྱོགས་ནས་བཞུར་ཏེ་ལྕགས་ཟམ་ཆུ་བོ་རིར་ལྷ་སའི་སྐྱིད་ཆུ་དང་འདྲེས་ནས་ཡར་ཀླུང་གཙང་བོར་འབོད། དྭགས་པོ་དང་ཀོང་པོ་བརྒྱུད་དེ་རིམ་བཞིན་གཡུ་འབྲུག་འཕྱོ་བ་བཞིན་སྨན་གླིང་ཕད་ཆུས་ཤུལ་ནས་ཁ་བྱང་ཤར་ངོས་སུ་འཁོར་ནས་བཞུར་ཞིང་། རི་བོ་གནམ་ལྕགས་འབར་བར་བསྐོར་བ་རྟ་རྨིག་འདྲ་བ་བརྒྱབ་རྗེས་སླར་ཡང་ལྷོ་ནུབ་ཁུལ་གྱི་གཅོང་རོང་ཟབ་མོ་འགྲིམས་ནས་མཐར་ཀློ་ཡུལ་བརྒྱུད་རྒྱ་གར་དུ་བཞུར་ཏེ་གཙང་བོ་པུ་ལ་མ་བོ་ཐེ་ལ་བྱ་སྟེ། དེ་ནས་བྷང་ག་ལ་མཚོ་དབུག་ཏུ་འདྲེས། དེའི་རིང་ཚད་སྤྱི་ལེ2057དང་། འབབ་ཡུལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ240480ཡོད། གཙང་བོའི་རྒྱུད་ཀྱི་སའི་ཆ་སྙོམས་མཐོ་ཚད་མཚོ་ངོས་ལས་སྤྱི་ཁྲེ4500ཙམ་ཟིན་པས་འཛམ་གླིང་སྟེང་ས་བབ་མཐོ་ཤོས་ཀྱི་གཙང་བོ་ཞིག་ཡིན། ཡར་ཀླུང་གཙང་བོ་ནི་རང་རྒྱལ་གཙང་ཆེན་ཁག་གི་ཁྲོད་རིང་ཚད་ཨང་རིམ་ལྔ་བར་སླེབས་ཤིང་། གཙང་རྒྱུད་ཀྱི་ས་རྒྱ་ཆེ་ཆུང་ཨང་དྲུག་པ་ཟིན་ལ་གཙང་ཆུའི་རྒྱུག་འབོར་ཨང་རིམ་གསུམ་པར་སླེབས་པ། གཙང་ཆུའི་ནུས་པ་ཆེ་ཆུང་ཨང་གཉིས་པ་ཟིན་ཐུབ་པ་བཅས་ཡིན། གཙང་བོ་འདིའི་གཡས་གཡོན་དུ་གཙང་ལག་མང་པོ་ཡོད་པ་སྟེ། ཆུ་གསོག་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་ཚོ་བརྒལ་བའི་རྡོ་གཞོང་གཙང་བོ་དང་། མྱང་ཆུ། སྐྱིད་ཆུ། ཉང་ཆུ། ཕར་ལུང་གཙང་བོ་བཅས་ཡོད། ཡར་ཀླུང་གཙང་བོ་བཞུར་རྒྱུད་དུ་མི་གྲངས870000ལ་ཉེ་ཞིང་། ས་ཞིང་སོན་ཁལ2300000ལྷག་ཙམ་ཡོད་པས་གཙང་རྒྱུད་ཀྱི་ས་ཁང་མི་གསུམ་བོད་ཡོངས་ཀྱི་ཕྱེད་ཙམ་ཟིན། དེ་བཞིན་ལྷ་ས་དང་། གཞིས་རྩེ། རྒྱལ་རྩེ། རྩེད་ཐང་། ཉིང་ཁྲི་སོགས་གྲོང་ཁྱེར་དང་གྲོང་བརྡལ་ཆེ་གྲས་རྣམས་ཀྱང་གཙང་བོ་འདིའི་གཞུང་དུ་ཆགས་ཡོད་པས་གཙང་བོ་འདི་བོད་ཀྱི་ཆུ་ཆེན་དང་པོར་གྲགས། གླང་ཆེན་ཁ་འབབ། དེ་ནི་ཁ་འབབ་ཆུ་བོ་བཞིའི་ཡ་གྱལ་ཞིག་ཡིན་ལ་ལེགས་སྦྱར་སྐད་དུ་ཆུ་བོ་གངྒཱ་ཞེས་བརྗོད། ཆུ་བོ་འདི་ནི་གངས་མཚོའི་ནུབ་ཕྱོགས་གུ་གེའི་ཡུལ་གྱི་སྟོད་རྡུལ་ཆུ་ཞེས་པའི་རི་གླང་ཆེན་གྱི་ཁ་འདྲ་བ་ནས་ཐོན་ཏེ་པྲེ་ཏ་པུ་རི། ཁྱུང་ལུང་། མདའ་བའི་མཐུད་ཟམ། སྡོང་པོ་དང་མ་ནང་། མཐོ་ལྡིང་ལྕགས་ཟམ། རྩ་ཧྲེང་གི་ཡར་འདྲེས་ཀུ་ལི། རོང་ལྗོངས་རྒྱ་ཟམ། སྤྲིན་ཟམ་འོབ། སིབ་སྐྱིད་ལ་གཞོལ་ནས་ཁུ་ནུ་རམ་པུར་དང་། སིམ་ལ་ཧི་མ་ཅལ། བྷཀ་ར་ནང་གལ། པན་འཇབ་ཅན་གྲི་གྷཀྲ། པ་ཀི་སི་ཐན་གྱི་ཤར་ངོས་ནས་ཨ་རབ་འབི་ཨན་མཚོ་ཁུག་ཏུ་འབབ་བོ།། མདོར་ན་ནུབ་ཕྱོགས་སུ་མངའ་རིས་ཁུལ་ནས་བརྒྱུགས་པའི་ཕྱི་འབབ་ཆུ་བོ་གླང་ཆེན་ཁ་འབབ་ནི་རྒྱ་གར་གཙང་པོའི་སྟོད་རྒྱུད་དུ་འཁེལ་ཡོད། སེང་གེ་ཁ་འབབ། སེང་གེ་ཁ་འབབ་ནི་ཁ་འབབ་བཞིའི་ཡ་གྱལ་ཞིག་ལ་ལེགས་སྦྱར་སྐད་དུ་ཆུ་བོ་སི་ཏ་ཞེས་བརྗོད། ཆུ་བོ་འདི་ནི་གངས་མཚོའི་བྱང་དུ་འབྲོང་པ་སེང་སྟོད་ཡུལ་གྱི་བྲག་རུ་སེང་གེའི་ཁ་འདྲ་བ་ནས་ཐོན་ཏེ་འབྲོང་བ་སེང་སྨད། འབྲི་བྱི། གཞུང་པ་མ་མཚན་གྱི་ནུབ་བརྒྱུད། རྩོས་ཚོ། རྒྱ་སྨུག གླང་ཆུ། སྒར་བཀྲ་ཤིས་སྒང་། བདེ་མཆོག ལ་དྭགས། བལ་ཏི། ཧོར་སོགས་བརྒྱུད་དེ་པ་ཀི་སི་ཐན་གྱི་གྲོང་ཁྱེར་ཨི་སེ་ལ་མ་བྷཏ་ནས་བཞུར་ཏེ་གླང་ཆེན་ཁ་འབབ་དང་འདྲེས་ནས་རྒྱ་གར་ནུབ་ཕྱོགས་ཨ་རབ་བྷི་ཨན་མཚོ་ཁུག་ཏུ་བབས་མཐར་ཧིན་རྡུ་རྒྱ་མཚོ་ཆེན་པོར་ཞུགས། མདོར་ན། ནུབ་ཕྱོགས་སུ་མངའ་རིས་ཁུལ་ནས་བརྒྱུགས་པའི་ཕྱི་འབབ་ཆུ་བོ་སེང་གེ་ཁ་འབབ་ནི་རྒྱ་གར་གཙང་བོའི་སྟོད་རྒྱུད་དུ་འཁེལ་ཡོད། རྨ་བྱ་ཁ་འབབ། དེ་ནི་ཁ་འབབ་ཆུ་བོ་བཞིའི་ཡ་གྱལ་ཞིག་ཡིན་ལ་ལེགས་སྦྱར་སྐད་དུ་ཆུ་བོ་སིན་དྷུ་ཞེས་བརྗོད། ཆུ་བོ་འདི་ནི་གངས་མཚོའི་ལྷོ་ཡི་ལང་ཀ་པུ་རང་གི་ཕུ་རི་བྲག་རྨ་བྱའི་ཁ་འདྲ་བ་ནས་ཐོན་ཏེ་སྤུ་ཧྲེང་ཚོ་དྲུག་དང་འཁོར་ཆགས་ཞེར། སླེ་མི། འོམ་ལྷོ་བཅས་བརྒྱུད་དེ་བལ་ཡུལ་ཛུམ་ལང་། ཀར་ན་ལི་བརྒྱུད་ནས་རྒྱ་གར་གྱི་ཨུ་ཏར་པར་སྡེ་ཤ་དང་། བྷི་ཧར་གྱི་གཞུང་གཤགས་ནས་བྷེ་གོལ་བརྒྱུད་དེ་འབང་ལ་སྡེ་ཤའི་ཌ་ཀ་ནས་བྷེ་གོལ་མཚོ་ཁུག་ཏུ་འབབ་ཅིང་མཐར་ཧིན་རྡུ་རྒྱ་མཚོ་ཆེན་པོར་ཆུ་བཞི་ལྷན་དུ་འདས་པའོ། མདོར་ན་རྒྱ་གར་ཤར་ནུབ་ཀྱི་མཚོ་ཁུག་རེ་ལ་ཁ་འབབ་ཀྱི་ཆུ་བོ་གཉིས་རེ་འབབ་ཀྱི་ཡོད་ཅིང་། དོན་དུ་ཁ་འབབ་ཀྱི་ཆུ་བཞི་ལྷན་དུ་འདུས་ཏེ་ཧིན་རྡུ་རྒྱ་མཚོར་འབབ་པ་ནི་འཛམ་གླིང་ཞི་བའི་རྒྱ་མཚོ་ཆེན་པོའི་གཙོ་གནད་གལ་འགངས་ཆེ་བའི་ཆུ་ཡི་གཏེར་མཛོད་ཡིན་ཞེས་རྒྱལ་སྤྱིའི་མཁས་བརྩོན་རྣམས་ཀྱིས་ངོས་འཛིན་གནང་གིན་ཡོད་པ་མ་ཟད་བསྔགས་བརྗོད་ཀྱང་མཛད་ཡོད་དོ། དེ་ལྟར་སྟོད་མངའ་རིས་ཁུལ་གྱི་གངས་མཚོའི་གནས་དེ་ནས་ཁ་འབབ་ཀྱི་ཆུ་བོ་བཞི་ཡོངས་གྲགས་སུ་ཕྱོགས་བཞི་ལ་འབབ་ནས་མཐར་རྒྱ་གར་ཞི་བའི་རྒྱ་མཚོ་ཆེན་པོར་འགྲོ་བ་ལ་ཡང་། གངས་མཚོའི་ཕྱོགས་བཞིའི་ཁ་འབབ་ནི། གླིང་བཞི་སྐྱོང་བའི་ཚུལ་དུ་འབབ། འབྱུང་བ་གངས་ཅན་བོད་ནས་བྱུང་། གྲགས་པ་འཛམ་གླིང་སྤྱི་ལ་ཁྱབ།ཅེས་གསུངས་ལ་མངའ་རིས་དམངས་ཁྲོད་ཀྱི་གཏམ་རྒྱུད་བཤད་སྲོལ་ལའང་འདི་ལྟར་ཡོད་དེ། གླང་ཆེན་ཁ་འབབ་གུ་གེ་གཞུང་ལ་འབབ། གུ་གེ་སྟོབས་འབྱོར་ཆེ་བ་དེ་ནས་བྱུང་། སེང་གེ་ཁ་འབབ་ལ་དྭགས་ཡུལ་ལ་འབབ། ལ་དྭགས་དཔའ་རྩལ་ཆེ་བ་དེ་ནས་བྱུང་། རྟ་མཆོག་ཁ་འབབ་གྲོ་ཤོད་གཞུང་ལ་འབབ། པུར་མོ་ཁ་དོག་མཛེས་ལྡན་དེ་ནས་བྱུང་། ཞེས་ཆུ་རེས་ཁྱད་ཆོས་རེ་འདོན་པ་ཡིན་ནོ།། ནང་འབབ་ཆུ་བོ། ནང་འབབ་ཆུ་བོ་ནི་རྒྱ་མོ་རྔུལ་ཆུའི་སྟོད་རྒྱུད་དབྱེ་མཚམས་ཀྱི་ནུབ་ངོས་དང་། གངས་རིན་པོ་ཆེ་དང་། གཉན་ཆེན་ཐང་ལྷོའི་བྱང་རྒྱུད། ཡར་ཀླུང་གཙང་པོའི་ལྷོ་རྒྱུད་དབྱེ་མཚམས། གཞན་ཡང་རི་མོ་ཧི་མ་ལ་ཡའི་བྱང་རྒྱུད་བཅས་ཀྱི་ས་གནས་ཁག་ནས་རྒྱུག་གི་ཡོད། བོད་ཀྱི་ལྷོ་བྱང་གཉིས་ནས་བརྒྱུགས་པའི་ནང་འབབ་ཆུ་བོ་མང་ཆེ་བ་སྐམ་སའི་ཐོག་གི་མཚོ་དང་མཚེའུ་ཁག་ཏུ་འབབ་པའི་ཆུ་བོ་ཤ་སྟག་ཡིན་ཞིང་། ཆུ་བོ་དེ་དག་གི་ཁྲོད་ནས་ལོ་འཁོར་མར་བཞུར་རྒྱུན་མི་ཆད་པའི་གཙང་པོ་ཆུ་རྩ་བཟང་བ་འགའ་ཤས་ཕུད་ཕལ་ཆེ་བ་ནམ་དུས་ལ་གཞིགས་ནས་འཕེལ་འགྲིབ་ཡོང་བ་ཤ་སྟག་རེད། བོད་ཀྱི་བྱང་རྒྱུད་དུ་ནང་འབབ་ཆུ་ཆེ་ཤོས་ཀྱི་གྲས་སུ་སེར་གླིང་མཚོར་འབབ་པའི་རྩ་སྐྱ་གཙང་པོ་དང་། སྔོ་མཚོར་འབབ་པའི་གཡུ་འབྲུག་གཙང་པོ། གཡི་སྦུག་ཚྭ་ཁར་འབབ་པའི་སྐྱ་རུབ་གཙང་པོ། སྟག་རྩེ་མཚོར་འབབ་པའི་འབོག་ཚང་གཙང་པོ། བཀྲ་ཏི་གནམ་མཚོར་འབབ་པའི་མཚོ་ལ་གཙང་པོ། ངང་ལ་རིང་མཚོར་འབབ་པའི་ཝ་མོ་གཙང་པོ་སོགས་ཡོད། དེ་ཁྲོད་གདང་ལའི་ལྷོ་ཕྱོགས་ལ་མདོ་རྫོང་ཁོངས་ནས་བརྒྱུགས་པའི་རྩ་སྐྱ་གཙང་པོའི་ཆུ་རྒྱུན་རིང་ཤོས་ཡིན་པས་དེའི་རིང་ཚད་ལ་སྤྱི་ལེ་བཞི་བརྒྱ་བཅུ་མེད་དགུ་ཡོད། བོད་ལྷོ་ཕྱོགས་ཀྱི་ནང་འབབ་ཆུ་བོ་ཆེ་ཤོས་ནི་ཡར་འབྲོག་གཡུ་མཚོར་འབབ་པའི་ཁ་འཐུང་སྐྱ་ཆུ་ཞེས་པ་རིང་ཚད་སྤྱི་ལེ་བདུན་ཅུ་དོན་གསུམ་ཡོད་པ་དེ་ཡིན། དེ་འོག་ཏུ་བོད་ཀྱི་ལྷོ་ནུབ་ཁུལ་གྱི་མ་ཕམ་གཡུ་མཚོར་འབབ་ཅིང་རིང་ཚད་སྤྱི་ལེ་བདུན་ཅུ་དོན་གཅིག་ཡོད་པའི་བྲག་གཙང་པོ་ཞེས་པ་དེ་ཡིན།