ཆུ་བཟང་ཡེ་ཤེས་རྒྱ་མཚོ་

ཆུ་བཟང་ཡེ་ཤེས་རྒྱ་མཚོ། རྩོམ་སྒྲིག

རྗེ་འདི་ནི་ཤར་ཕྱོགས་ཀོང་ཡུལ་དུ་ཡབ་ཚེ་འཕེལ་དང་ཡུམ་མཚོ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ས་བྱ(༡༧༨༩)ལོར་སྐུ་འཁྲུངས། སྐུ་ཆུང་དུས་དགོན་པ་བཀྲ་ཤིས་རབ་བརྟན་དུ་བཞུགས་ནས་དགོན་པའི་འདོན་ཆ་ཕལ་ཆེར་བསླབས། དགུང་ལོ་བཅོ་ལྔ་ནས་བཅོ་བརྒྱད་བར་ཆོས་གྲྭ་ཞིག་ཏུ་ཕེབས་འདུན་ཡང་དགེ་རྒན་དང་ཕ་མའི་བཀའ་མ་འཁྲོལ། དགུང་ལོ་བཅུ་དགུར་བྱོལ་ཐབས་ཀྱིས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཆོས་ཞུགས་མཛད། དགུང་ལོ་ཉི་ཤུའི་ཐོག་གྲུབ་དབང་རིན་ཆེན་ཕུན་ཚོགས་དཔལ་བཟང་པོའི་དྲུང་དུ་དགེ་བསྙེན་བར་མ་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་མནོས། མཚན་ཡེ་ཤེས་རྒྱ་མཚོ་ཞེས་བསྩལ། དགུང་ལོ་ཉི་ཤུ་རྩ་དྲུག་ལ་དེ་མོ་ནོ་མོན་ཧན་ཞབས་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། རྡོ་རྗེ་འཆང་ངག་དབང་ཆོས་འཛིན་དང་། ཁྲི་ཆེན་བྱང་ཆུབ་ཆོས་འཕེལ། བླ་མ་སྐལ་བཟང་མཁས་གྲུབ་སོགས་ཀྱི་ཞལ་སྔ་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། དགུང་ལོ་ང་བདུན་དུ་ཕེབས་པ་རབ་བྱུང་བཅུ་བཞི་པའི་ཤིང་སྦྲུལ(༡༨༤༥)ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་མཆོག་རབ་བྱུང་གི་སྡོམ་པ་བཞེས་པའི་མཛད་སྒོར་ཞུགས། དགུང་གྲངས་དྲུག་ཅུ་ཐམ་པ་ལ་ཕེབས་པའི་ལོ་དེར་སྟག་ཕུའི་ཡོངས་འཛིན་མཛད། དགུང་ལོ་རེ་དྲུག་པ་ལ་རྒྱས་དབང་མཁས་གྲུབ་རྒྱ་མཚོ་མཆོག་ལ་བརྟན་བཞུགས་མཎྜལ་ལྗགས་བཤད་གནང་བ་དང་། རྩོམ་པ་ལ་མཚོན་ན《བྱང་ཆུབ་ལམ་རིམ་ཆེན་མོའི་ས་བཅད་ཀྱི་ཐོག་ནས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་མན་ངག་གནད་བསྡུས་གསལ་བའི་སྒྲོན་མེ》 《བླ་མའི་རྣལ་འབྱོར་དོངས་གྲུབ་ཀུན་འབྱུང》 《ཚེ་གཅིག་གི་ཉམས་ལེན་རྣམས་ཉིན་ཞག་ཕྲུགས་གཅིག་གིས་སྦྱར་ཏེ་ལག་ལེན་དུ་བསྟར་བའི་རིམ་པ་མདོར་བསྡུས》སོགས་བཀའ་རྩོམ་པོ་ཏི་འབྲིང་བ་གཉིས་ཙམ་མཛད། མཐར་དགུང་ལོ་རེ་བརྒྱད་དུ་ཕེབས་པ་རབ་བྱུང་བཅུ་བཞི་པའི་མེ་འབྲུག(༡༨༤༦)ལོར་སྐུ་གཤེགས།