དཔལ་ལྡན་ཆོས་གྲགས་ནི། རྒྱ་གར་ལྷོ་ཕྱོགས་ཀྱི་ཡུལ་ཏྲི་མ་ལ་ཡར་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། དགུང་ལོ་བཅོ་བརྒྱད་ཚུན་ལ་མུ་སྟེགས་ཀྱི་གྲུབ་མཐའ་ལ་ཤིན་ཏུ་མཁས་པར་སྦྱངས། སྐབས་ཤིག་ན་ནང་པའི་གསུང་རབ་འགས་རེ་གཟིགས་པས། ཤིན་ཏུ་དད་དེ་རང་གི་སྟོན་པ་སྐྱོན་ཅན་དུ་གཟིགས་ནས། ནང་པའི་བསྟན་པ་རྣམ་པར་དག་པར་གཟིགས་ཏེ་དགེ་བསྙེན་གྱི་ཆས་སུ་བསྒྱུར་བས། བྲམ་ཟེ་རྣམས་ཀྱིས་གནས་ནས་བསྐྲད། དེ་ནས་ཡུལ་དབུས་སུ་བྱོན་ཏེ་སློབ་དཔོན་ཆོས་སྐྱོང་ལས་རབ་ཏུ་བྱུང་། སྡེ་སྣོད་གསུམ་སོགས་བསྟོན་བཅོས་དུ་མར་མཁས་པར་བྱངས། སློབ་དཔོན་དབང་ཕྱུགས་སྡེ་ལས་ཚད་མ་ཀུན་བཏུས་ལན་གསུམ་དུ་གསན་པ་ལས། དང་པོའི་སྐབས་དབང་ཕྱུག་སྡེ་དེ་ཉིད་དང་མཉམ་པར་གྱུར། གཉིས་པའི་སྐབས་སུ་ཕྱོགས་གླང་མཉམ་པར་གྱུར།

གསུམ་པའི་སྐབས་དབང་ཕྱུག་སྡེས་ཀྱང་ཕྱོགས་གླང་གི་དགོངས་པ་ཇི་བཞིན་མ་ལོན་པར་མཁྱེན་ནས་སློབ་དཔོན་དབང་ཕྱུག་སྡེ་ལ་ཞུས་པས་ཤིན་ཏུ་དགྱེས་ཏེ། ཁྱོན་ནི་ཕྱོགས་གླང་དང་མཉམ་སྟེ། ངའི་ནོར་བ་ཐམས་ཅད་སུན་ཕྱུངས་ལ། ཚད་མ་ཀུན་བཏུས་ཀྱི་འགྲེལ་པ་ཡང་སྩོམས་ཤིག་ཅེས་སློབ་དཔོན་ལས་གནང་བ་ཐོབ། དེ་ནས་སྔགས་ཀྱི་རྡོ་རྗེ་སློབ་དཔོན་གྱི་དྲུང་དུ་དབང་མནོས་ཏེ་ལྷག་པའི་ལྷ་བསྒྲུབས་པས་ཧེ་རུ་ཀས་ཞལ་མངོན་སུམ་དུ་བསྟན་ཏེ་ཁྱོད་ཅི་འདོད་གསུངས་པ་ལ། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བར་འཚལ་ལོ། ཞུས་པས་ཧ་ཧ་ཧཱུཾ། ཞེས་གསུངས་ནས་དེ་ཉིད་དུ་མི་སྣང་བར་གྱུར། དེ་ནས་མུ་སྟེགས་པའི་གྲུབ་མཐའ་ལ་མཁས་པ་འགྲན་གྱི་དོ་ཟླ་མེད་པ་བྲམ་ཟེ་གཞོན་ནུ་རོལ་པའི་དྲུང་དུ་གཡོག་པོར་བརྫུས་ཏེ་ཐབས་མཁས་ཀྱི་ཕྱི་རོལ་པའི་གསང་ཚིག་ཐམས་ཅད་མཁྱེན་པར་མཛད་དེ་བྲོས། རྗེས་སུ་གཞོན་ནུ་རོལ་པ་སོགས་ཕྱི་རོལ་གྲགས་ཅན་ལྔ་བརྒྱ་ཙམ་དང་བསྟན་པ་རྒྱན་བཙུགས་ནས་བརྩད་པས་གཞོན་ནུ་རོལ་པའི་ཐུན་མོང་མ་ཡིན་པའི་དམ་བཅའ་ལྔ་བརྒྱ་ཡོད་པ་ཐམས་ཅད་རེ་རེ་ནས་དྲི་མ་མེད་པའི་རིགས་པས་སུན་ཕྱུང་སྟེ་ཚར་བཅད། མཐར་གཞོན་ནུ་རོལ་པས་ཀྱང་ནང་པ་མཆོད་པར་བྱས་ཤིང་། བྲམ་ཟེ་ལྔ་བརྒྱ་བོ་དེ་རྣམས་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་། བར་སྐབས་ཤིག་ལ་ཝྭ་རྭ་ཎ་སྭིར་ཕེབས་ཏེ། ཡུལ་དེའི་རྒྱལ་པོས་གཙོས་དཔང་པའི་ཚོགས་དུ་མ་དང་བཅས་པའི་དབུས་སུ་མུ་སྟེགས་པ་ཤཾ་ཀ་རྭཙརྱ་ཞེས་བྱ་བ་དང་བརྩད་པས་དེ་ཉིད་ཕམ། དེའི་སློབ་མ་བྷ་ཊྭ་ཙརྱ་ཡང་རིགས་པས་སུན་ཕྱུང་སྟེ་བྲམ་ཟེ་བློ་ཅན་སྟོང་ཕྲག་ཙམ་ནང་པའི་བསྟན་པ་ལ་བཅུག

། གཞན་ཡང་བྲམ་ཟེ་བཟང་པོ་ཞེས་བྱ་བ་ལ་སོགས་པའི་རྟོག་གེ་ལ་ཤིན་ཏུ་མཁས་པ་མང་པོ་ཚར་བཅད་པའི་སྙན་གྲགས་ཀྱིས་ས་སྟེང་ཡོང་ལ་ཁྱབ། དེ་ནས་འབིགས་བྱེད་ཀྱི་རི་བོའི་ཁོངས་ན་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་ཞེས་བྱ་བ་ལོངས་སྤྱོད་ཤིན་ཏུ་ཆེ་བ་ཞིག་ཡོད་པ་དེའི་ཕོ་བྲང་དུ་བྱོན་པ་ན། རྒྱས་པོས་སུ་ཡིན་དྲིས་པས། ཤེས་རབ་ཅན་གྱི་ཕྱོགས་ཀྱི་གླང་པོ་སྟེ། ཙན་དྲ་གོ་མྭི་བརྗོད་པ་རྣམ་པར་དག ། སྙན་དངགས་དཔའ་བོ་ལས་བྱུང་སྡེབ་སྦྱོར་མཁས། མེ་ཏོག་ཀུན་ཏུ་རྒྱས་པ་ལོངས་སྤྱོད་ལྡན། ཕྱོགས་ལས་རྣམ་པར་རྒྱལ་བ་ང་མིན་སུ། ཞེས་གསུངས་པ་ན། ཆོས་ཀྱི་གྲགས་པ་ཡིན་ནམ་ཞེས་ཞུས་པས། འཇིགས་རྟེན་ན་དེ་ལྟར་གྲགས་སོ་ཞེས་གསུངས་སོ། རྒྱལ་པོ་དེས་ཇི་ལྟར་གསོལ་བ་བཏབ་པ་ལྟར། སློབ་དཔོན་དེར་བཞུགས་ནས་ཚད་མ་སྡེ་བདུན་གྱི་བསྟན་བཅོས་ཀྱང་མཛད་དེ། གལ་ཏེ་ཆོས་ཀྱི་གྲགས་པ་ཡི། སྨྲ་བ་ཉི་མ་ནུབ་པ་ན། ཆོས་རྣམས་གཉིད་ལོག་ཡང་ན་ཤི། ཆོས་མ་ཡིན་རྣམས་ད་གཟོད་ལོངས། ཞེས་པའི་ཡི་གེ་ཞིག་རྒྱལ་པོའི་སྒོ་ཁང་དུ་བྲིས་པར་མཛད་དེ། ཕྱོགས་ལས་རྣམ་པར་རྒྱལ་བའི་རྔ་ཆེན་ཀུན་ཏུ་བསྒྲགས་པས་ཡུལ་དེར་སངས་རྒྱས་ཀྱི་བསྟན་པ་ཆེས་ཆེར་དར་བར་གྲགས་སོ། མདོར་ན་སློབ་དཔོན་འདིས་སྐུ་ཚེ་གང་བོར་བསྟན་པའི་བྱ་བ་ཁོ་ན་རྒྱ་ཆེར་མཛད་དེ། སངས་རྒྱས་ཀྱི་བསྟན་པར་བཅུག་པའི་གདུལ་བྱ་འབུམ་དུ་ཉེ་བ་ཙམ་བྱུང་། མཐར་ཡུལ་ཀ་ལིང་ཀར་གཙུག་ལག་ཁང་བཞེངས་ཤིང་སྐྱེ་བོའི་ཚོགས་ལ་ཐ་མའི་མང་དུ་གསུངས་ཏེ་སྐུ་མྱ་ངན་ལས་འདས་སོ།

ཆོས་གྲགས།

རྩོམ་སྒྲིག

(སློབ་དཔོན་ཆོས་ཀྱི་གྲགས་པ)སློབ་དཔོན་ཕྱོགས་ཀྱི་གླང་པོའི་སློབ་མ་སློབ་དཔོན་དབང་ཕྱུག་སྡེའི་དངོས་སློབ་ཡིན། སློབ་དཔོན་འདི་དང་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་གཉིས་དུས་ཐོག་གཅིག་ཡིན་པར་ཇོ་ནང་ཏཱ་ར་ནཱ་ཐས་བརྩམས་པའི《རྒྱ་གར་ཆོས་འབྱུང》ལས་བཤད། རྒྱ་གར་ལྷོ་ཕྱོགས་ཏྲི་མ་ལ་ཡ་ཟེར་བའི་ཡུལ་དུ་འཁྲུངས། ཡབ་བྲམ་ཟེའི་རིགས་ཀྱི་མུ་སྟེགས་རོ་྅ནནྡྲ་ཞེས་ཟེར། ཆུང་དུས་རིག་གནས་ལྔ་དང་མུ་སྟེགས་ཀྱི་གྲུབ་མཐའ་ལ་ཤིན་ཏུ་མཁས་པར་སྦྱངས་ནས་ལོ་བཅོ་བརྒྱད་སོན་ཚེ་མུ་སྟེགས་ཀྱི་ལྟ་བ་ལ་ཤིན་ཏུ་མཁས་པར་གྱུར། རྗེས་སུ་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ལ་གཟིགས་ནས་མུ་སྟེགས་ཀྱི་གྲུབ་མཐའ་དོར་བས་ཕ་མ་ཞང་པོ་དང་བཅས་པས་ཁྱིམ་ནས་བསྐྲད། རྒྱ་གར་ཡུལ་དབུས་སུ་བྱོན་ནས་དེའི་སློབ་དཔོན་ཆོས་སྐྱོང་གི་དྲུང་དུ་རབ་ཏུ་བྱུང་ནས་སངས་རྒྱས་ཆོས་ལུགས་ཀྱི་གསུང་རབ་མཐའ་དག་ལ་མཁས་པར་སྦྱངས། སློབ་དཔོན་དབང་ཕྱུག་སྡེའི་དྲུང་དུ《ཚད་མ་ཀུན་བཏུས》ཚར་གསུམ་གསན། ན་ལེནྡྲར་རྩོད་གླེང་དུ་འོངས་པའི་མུ་སྟེགས་པའི་མཁས་པ་གྲགས་ཅན་མང་པོ་སྔ་རྗེས་སུ་ཕམ་པར་མཛད། རྒྱ་གར་ཤར་ཕྱོགས་དང་ལྷོ་ཕྱོགས་ཀྱི་རྒྱུད་དུ་ཕེབས་ནས་མུ་སྟེགས་པ་མང་པོ་བཏུལ་ཞིང་སངས་རྒྱས་ཆོས་ལུགས་དར་བར་མཛད་དེ་ལྷ་ཁང་དང་ཆོས་གཞི་བརྒྱ་ལྷག་ཙམ་གསར་དུ་བཙུགས། སློབ་མ་ཁྲི་ཕྲག་མང་པོ་ཡོད་ཀྱང་མཉམ་དུ་གནས་པ་ནི་ལྔ་ལས་མེད། སྐུ་ཚེའི་མཐར་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་དུ་བཞུགས་ནས། ཡུལ་ཀ་ལིངྐར་མྱ་ངན་ལས་འདས། སློབ་དཔོན་འདིས་བརྩམས་པའི་བསྟན་བཅོས་མང་པོ་ཡོད་ཀྱང་ཡོངས་སུ་གྲགས་ཤིང་བོད་དུ་བསྒྱུར་བའི་གྲས《ཚད་མ་རྣམ་ཐིགས་པ》དང་། 《ཚད་མ་རྣམ་ངེས》《རིགས་པའི་ཐིགས་པ》བཅས་གསུམ་དུས་རབས་བཅུ་གཅིག་པའི་མཇུག་ཏུ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་ཞིང་། 《གཏན་ཚིགས་ཐིགས་པ》དང་། 《 འགྲེལ་པ་བརྟག་པ》《རྒྱུད་གཞན་སྒྲུབ་པ》《རྩོད་པའི་རིགས་པ》བཅས་དུས་རབས་བརྒྱད་པའི་དཀྱིལ་དུ་ལོ་ཙཱ་བ་བནྡེ་ནམ་མཁའ་སོགས་ཀྱིས་བསྒྱུར་བ་བསྟན་འགྱུར་མདོ་ཕྱོགས་པོད་[ཅེ]པར་ཡོད། སློབ་དཔོན་འདིའི་ལོ་རྒྱུས་རྒྱས་པ་བུ་སྟོན་རིན་པོ་ཆེས་མཛད་པའི་《བུ་སྟོན་ཆོས་འབྱུང》དང་ཇོ་ནང་ཏཱ་ར་ནཱ་ཐས་བརྩམས་པའི་《རྒྱ་གར་ཆོས་འབྱུང》གཉིས་སུ་གསལ་བས་དེར་གཟིགས།