ཆོས་རྗེ་རྒོད་ཚང་པ་མགོན་པོ་རྡོ་རྗེ་

ཆོས་རྗེ་རྒོད་ཚང་པ་མགོན་པོ་རྡོ་རྗེ།

རྩོམ་སྒྲིག

རྒོན་ཚང་པ་ནི་འབྲུག་པ་བཀའ་བརྒྱུད་ཀྱི་ཡ་གྱལ་སྟོད་འབྲུག་ཅེས་པའི་སྲོལ་འབྱེད་པ་ཡིན་ལ། ཙ་རི་དང་རྒྱ་གར་སོགས་བོད་ཀྱི་ནུབ་ཕྱོགས་སུ་འགྲུལ་བཞུད་རྒྱ་ཆེར་གནང་། ལྷག་པར་དུ་ཡུལ་ལ་དྭགས་དང་ལ་ཧོལ་སོགས་སུ་སྙན་གྲགས་ཆེ།།

རྗེ་འདི་ཉིད་ཡབ་ཆུ་ཆལ་མོན་གྲགས་དང་ཡུམ་ཟུག་མོ་དཔལ་རྒྱན་གཉིས་ཀྱི་སྲས་སུ་རབ་བྱུང་གསུམ་པའི་ས་བྱ(༡༡༨༩)ལོར་ལྷོ་བྲག་དུ་ལུ་ཆུང་གི་ཁྲར་སྐུ་བལྟམས། གཅེན་པོ་གཉིས་སྔ་བར་གྲོངས་པ་ལ་བརྟེན་སྲིའུ་གསོ་བའི་སློབ་དཔོན་ཟུག་སྟོན་བྱ་བ་ལ་གཏད། མཚན་མགོན་པོ་དཔལ་དུ་གསོལ། སྐུ་ཆུང་དུས་ནས་མཇལ་སྤྲོ་ལ། ཐུགས་བཟང་བ། བྲོ་པའི་བ་ཤི་མཛད་པས་བ་ཤི་དོན་གྲུབ་སེང་གེར་གྲགས། དེ་ནས་སློབ་དཔོན་ཝ་ཞྭ་ལས་ལམ་རིམ། སློབ་དཔོན་སྟོད་ལས་དབུ་མ། སློབ་དཔོན་ཡུ་པི་བ་ལས་སྤྱོད་འཇུག སློབ་དཔོན་ཞང་ལས་འགྲེལ་ཆུང་བཅས་གསན་ཏེ་ཕལ་ཆེར་ཚར་རེས་མཁྱེན་པ་བྱུང་། དགུང་ལོ་བཅུ་དགུ་པ་ལ་ར་ལུང་དགོན་དུ་ཕེབས་ཏེ་ཆོས་རྗེ་རྒྱ་རས་པ་བཤེས་གཉེན་དུ་བསྟེན་ནས་རབ་ཏུ་བྱུང་། མཚན་མགོན་པོ་རྡོ་རྗེར་གསོལ། རྗེ་བླ་མ་ལས་སྐྱབས་འགྲོ་སེམས་བསྐྱེད། སེམས་བསྐྱེད་ཆེན་མོ། རྣལ་འབྱོར་བཞི། ལྷན་ཅིག་སྐྱེས་སྦྱོར། ཐབས་ལམ་གྱི་ཁྲིད། རོ་སྙོམས་ཀྱི་དམིགས་པ་མང་པོ། རབས་བདུན། ཆིག་ཆོག་སོགས་དང་། རྩ་ལྟུང་བཅུ་བཞི་པ་ལ་སོགས་དམ་ཚིག་གི་ཆོས་སྐོར། སྒྲུབ་ཐབས་བཅུ་གསུམ་མ་དང་ཞལ་གཉིས་མ་ལ་སོགས་པ་ཐམས་ཅད་ཀྱི་ལུང་གསན། དེ་ནས་འབྲུག་དང་། འབྲི་གུང་། རྭ་སྒྲེང་བཅས་ལ་བྱོན་ནས་ཆོས་མང་དུ་འཆད་ཉན་མཛད་དེ་སླར་ཆོས་རྗེ་རྒྱ་རས་པའི་དྲུང་དུ་ཕྱིར་ཕེབས། དགུང་ལོ་ཉི་ཤུ་རྩ་གསུམ་པ་ལ་ལྷོ་བྲག་མཁར་ཆུར་བྱོན་ཏེ་ལོ་གསུམ་བཞུགས། དགུང་ལོ་ཉི་ཤུ་རྩ་ལྔ་ལ་གངས་ཏི་སི་དང་། ཁ་ཆེའི་ཡུལ། ཛ་ལན་དྷ་ར་སོགས་པར་བྱོན་ཏེ་ལོ་བཞི་བཞུགས། དགུང་ལོ་ཉི་ཤུ་རྩ་དགུ་ལ་ཕོ་མ་ལྷ་ཁབ་ཏུ་བྱོན་ནས་སྤྱིལ་པོ་ཞིག་ཏུ་ལོ་གསུམ་དུ་བླ་མ་སྒྲུབ་མཛད། དེ་ནས་དབོན་རས་ཀྱི་དྲུང་དུ་བྱོན་ནས་བསྙེན་པར་རྫོགས། དགུང་ལོ་སོ་གཉིས་པ་ལ་ཙ་རི་ལ་བྱོན་ནས་ལོ་གསུམ་བཞུགས། དགུང་ལོ་དྲུག་ལ་ཁྱུང་དཀར་དང་ཡང་དཀར་གཉིས་སུ་ལོ་གསུམ་བཞུགས་པས་ཐུགས་དམ་ཤིན་ཏུ་འཕེལ། དགུང་ལོ་སོ་བརྒྱད་ཐོག་རྒོད་ཚང་དུ་ཕེབས་ཏེ་མཚམས་ཀྱི་དམ་བཅའ་དྲག་པོ་མཛད་ནས་ལོ་བདུན་བཞུགས། སྟེང་འོག་གི་གདོན་ཐམས་ཅད་རྒོད་ཚང་དུ་འདུས་ནས་ཆོས་ཉན་པ་མཐོང་བས་སྔར་གཞན་དོན་མི་མཛད་པར་སྙམ་པའི་བློ་ཡོད་པ་དེར་ལོག དེ་ནས་རྒོད་ཚང་ནས་བྱོན་ཏེ་ལས་སྟོད་ཀྱི་རི་སུལ་རྣམས་སུ་ཕེབས་ཏེ་གསང་སྤྱོད་མཛད། སྐུ་ཚེའི་སྨད་དུ་སྟེང་གྲོ་དང་། བདེ་ཆེན་སྟེངས། སྤུད་དྲ། བྱང་གླིང་། བར་འབྲོག རྡོ་རྗེ་གླིང་སོགས་དགོན་པ་མང་པོ་ཕྱག་བཏབ། དགོན་པ་རེ་རེ་ནས་ཀྱང་དགེ་འདུན་སྒྲུབ་པ་པོ་སྟོང་ཚོ་མང་པོ་ཐོན་པ་བྱུང་། མཐར་དགུང་ལོ་བདུན་ཅུ་ལ་ཕེབས་པ་རབ་བྱུང་བཞི་པའི་ས་རྟ(༡༢༥༨)ལོར་དགོངས་པ་མྱ་ངན་ལས་འདས། འདི་ཉིད་ལ་སློབ་མ་མང་དུ་བྱུང་བ་ལས་ཐུགས་ཀྱི་ཀྱང་ཡང་དགོན་པ། གྲུབ་ཆེན་ཨུ་རྒྱན་པ། བྱང་གླིང་པ། ཆོས་རྗེ་ནེ་རིངས་པ། ཕུ་རི་བ། མཉམ་མེད་པ་རི་སྦྱིལ་དཀར་བ། རྗེ་ནེ་རིངས་པ། ཕུ་རི་བ། མཉམ་མེད་པ་རི་སྦྱིལ་དཀར་བ། རྗེ་མ་བདུན་པ། ཞི་བྱེད་མགོན་པོ་། སངས་རྒྱས་ཁྲོམ་རས། དཔལ་སྐྱེར་ཤིང་རས་པ། ཤཱཀྱ་རས་པ་འདར་རས་ལ་སོགས་མང་དུ་བྱོན་ནོ། །