ཇེ་དུ་ཀྲི་ཤི་ན་མུར་ཏི།

[[File:Jiddu Krishnamurti 01.jpg|right|thumb|250px|ཀིར་ཤུ་ན་མུར་ཏེ།]

'རྗེ། ཀིར་ཤུ་ན་མུར་ཏེ།(జిడ్డు కృష్ణ మూర్తి)ནི་(སྤྱི་ལོ་༡༨༩༥ལོའི་ཟླ་བ་༥པའི་ཚེས་༡༢ནས་སྤྱི་ལོ་༡༩༨༦ལོའི་ཟླ་བ་༢པའི་ཚེས་༡༧བར་བཞུགས།)ཁོང་ནི་རྒྱ་གར་གྱི་གྲགས་ཅན་རྩོམ་པ་པོ་དང་ཚད་མ་རིག་པ་དང་ཆོས་ཕྱོགས་སྨྲ་མཁན་ཞིག་རེད། hello

མི་ཚེ།Edit

རྗེ། ཀིར་ཤུ་ན་མུར་ཏེ། ---རྒྱ་གར་ལྷོ་ཕྱོགས་ཀྱི་ཨཱན་དྷ་ར་མངའ་སྡེའི་(Anthara pradesh)མ་ད་ནཱ་པལ་ལིའི་(Mandanapalle)གྲོང་སྡེར་སྐུ་འཁྲུངས་ཤིང༌། ཁོང་དང་ཁོང་གི་སྐུ་མཆེད་གཉིས་ཆུང་དུས་ནས་སྐབས་དེའི་ལྷ་ལམ་མཐུན་ཚོགས་(Theosophical Society)ཀྱི་ཚོགས་གཙོ་ཌོག་ཊར་ཨན་ནེ་བྷེ་སཱན་ཊི་(Dr Annie Besant)ནས་བུ་ཚབ་ཏུ་ཉར། བྷེ་སཱན་ཊི་དང་རོགས་པ་གཞན་དག་གིས་རྗེ། ཀིར་ཤུ་ན་མུར་ཏེ་མཆོག་ནི་ལྷ་ལམ་པ་རྣམས་ཀྱིས་ལུང་བསྟན་ལྟར་གྱི་འཛམ་གླིང་གི་སློབ་དཔོན་ཡིན་ངེས་པའི་བསྒྲགས་གཏམ་སྤེལ་ལ། ཡོངས་འགྱུར་གྱི་འཇིག་རྟེན་འདིའི་ཉེར་བསྡོགས་སུ། ཤར་ཕྱོགས་སྐར་ཆེན་ཚོགས་པ་(The Order of the Star in the East)ཅེས་པའི་འཛམ་གླིང་རྒྱ་ཁྱབ་ཀྱི་སྒྲིག་འཛུགས་ཤིག་བཙུགས་ཤིང༌། དགུང་ལོ་ཆུང་བའི་རྗེ། ཀིར་ཤུ་ན་མུར་ཏེ་མཆོག་ནས་ཀྱང་དེའི་དབུ་ཁྲིད།

ཁོང་ནི་བསམ་བློ་སྨྲ་བའི་མཁས་པ་དང་། མཚན་ཉིད་རིག་པ་བ་ཞིག་ཀྱང་ཡིན། ད་དུང་ཁོང་གིས་སེམས་ཁམས་རིག་པ་དང་། སྤྱི་ཚོགས་རིག་པ། སེམས་གཙོ་སྨྲ་བ་སོགས་ཀྱི་སྐོར་ལ་གྲགས་ཅན་རྩོམ་ཡིག་མང་པོ་སྤེལ་མྱོང་། ཁོང་གི་མི་ཚེས་བརྒྱུད་རིམ་ནང་ཆོས་ལུགས་བྱེ་བྲག་པ་དང་། སློབ་གྲྭ་བྱེ་བྲག་པ། ཡང་ན་ཆབ་སྲིད་བྱེ་བྲག་པ་དང་། ཚོགས་པ་བྱེ་བྲག་པ་གང་གི་ཁུངས་སུ་ཡང་འཛུལ་ཞུགས་བྱས་མྱོང་མེད་ལ། དེ་ནི་ཁོང་གིས་མི་དང་མིའི་བར་ལ་འགལ་ཟླ་བཟོ་བའི་གཏེ་བོ་ཞིག་ཏུ་ངོས་འཛིན་པས་རེད།

དེ་ཡང་། ཁོང་གི་ཇི་སྐད་དུ། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། ང་ཚོ་ལ་ཐུན་མོང་གི་གནད་དོན་ཞིག་ཡོད་པ་དེ་ནི། ང་ཚོས་རང་ཉིད་ནི་རྒྱ་གར་བ་དང་ཨ་རི་བ། ཨུ་རུ་སུ་བ། རྒྱ་མི་ལ་སོགས་ཡིན་ཞེས། རང་ཉིད་ཅིག་གི་ཁོངས་གཏོགས་ཡིན་སྙམ་པའི་མདོ་རྩ་བྲལ་བའི་བསམ་བློ་གཏོང་བཞིན་ཡོད་པ་དེ་ཡིན། ཆབ་སྲིད་དང་ས་ཁོངས། རིགས་རུས། དཔལ་འབྱོར་གྱི་དབྱེ་བ་བཅས་ཀྱིས་མཐར་གཏུགས་ན་འགྲོ་བ་མི་ཕན་ཚུན་གྱི་བར་ལ་ཤ་འཁོན་དང་སྡང་སེམས་འབའ་ཞིག་བསྐྲུན་བཞིན་ཡོད།

ཁོང་གི་མི་ཚེ་མང་ཤོས་ལ་གཏམ་བཤད་དང་བཅར་འདྲི། ཁ་བརྡ། འབྲི་རྩོམ། བགྲོ་གླེང་། བཅས་ཀྱི་ཐད་ལ་བཏོན་ཡོད།

བདེན་པ་ནི་ལམ་མེད་ཀྱི་གནས་ཤིག་ཡིན།


༼ཤར་ཕྱོགས་སྐར་ཆེན་ཚོགས་པ་ནི། ལྷ་ལམ་མཐུན་ཚོགས་ཀྱིས་ཡོང་འགྱུར་འཛམ་གླིང་གི་སློབ་དཔོན་ཡོངས་བསྒྲགས་བྱེད་པར་སྤྱི་ལོ 1911 གི་ལོར་བཙུགས། རྗེ་ཀིར་ཤུ་ན་མུར་ཏི་ཚོགས་པ་འདིའི་འགོ་ཁྲིད་དུ་བསྐོས། སྤྱི་ལོ 1921 ཟླ 8 པའི་ཚེས 3 ལ་ཧོ་ལན་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཨོ་མན་ནས་སྐར་ཆེན་ཚོགས་པའི་ལོ་འཁོར་ཚོགས་ཆེན་ཞིག་ཚོགས། ཉིན་མོ་དེར། རྗེ་ཀིར་ཤུ་ན་མུར་ཏི་ཡིས་ཚོགས་མི་སུམ་སྟོང་གི་མདུན་ནས་སྐར་ཆེན་ཚོགས་པ་འདི་འཐོར་དགོས་པའི་ཁྱབ་བསྒྲགས་བྱས། གཤམ་དུ་བཀོད་པ་ནི་ཚོགས་ཆེན་དེར་སྩལ་བའི་གསུང་བཤད་ཡིན།༽


དེ་རིང་ཞོགས་པར། ང་ཚོས་སྐར་ཆེན་ཚོགས་པ་འདི་འཐོར་རྒྱུ་ཡིན་པའི་ཐད་ལ་གྲོས་བསྡུར་བྱ་རྒྱུ་ཡིན། མི་མང་པོ་ཞིག་དགའ་སྲིད་ལ་མི་མང་པོ་ཞིག་སྐྱོའང་སྲིད། ཡིན་ན་ཡང་། འདི་ནི་གཡོལ་ཐབས་མེད་པ་ཞིག་ཡིན་པས། དགའ་དགོས་པ་དང་སྐྱོ་དགོས་པའི་དོན་དག་ཅིག་མིན། དེ་ཡང་ངས་གསལ་བཤད་བྱ་ངེས་ཡིན།

ཁྱོད་ཚོས་གདོན་འདྲེ་ཞིག་དང་ཁོའི་གྲོགས་པོ་གཉིས་ལམ་ཁ་ཞིག་ནས་སོང་བའི་གཏམ་རྒྱུད་དེ་ཕལ་ཆེར་དྲན་ངེས། ཁོ་གཉིས་ཀྱིས་མདུན་ནས་མི་ཞིག་གིས་ཐང་གི་རྡོ་ཞིག་བླངས་ནས་ཞིབ་ལྟ་ཞིག་བྱས་རྗེས་རང་གི་ཁུག་མར་བཅུག་པ་དེ་མཐོང་རྗེས། གྲོགས་པས་གདོན་འདྲེ་དེར། མི་དེས་ཐང་ནས་ཅི་ཞིག་བཏུས་སོང་ཞེས་དྲིས་པ་ན། གདོན་འདྲེ་ན་རེ། ཁོས་ཐང་ནས་བདེན་པ་ཞིག་བཏུས་སོང་ཞེས་སྨྲས། དེ་ནས་གྲོགས་པོ་ན་རེ། དེ་ལྟར་ཡིན་ན། ཁྱོད་ལ་མཚོན་ན་དེ་ནི་དོན་ངན་ཞིག་མ་ཡིན་ནམ། ཞེས་བཤད་པར་གདོན་འདྲེ་ན་རེ། དེ་འདྲ་གཏན་ནས་མ་རེད། ངས་ཁོར་བདེན་པ་རྩ་འཛུགས་བྱེད་དུ་འཇུག་རྒྱུ་ཡིན། ཞེས་ལན་བཏབ།

བདེན་པ་ནི་ལམ་མེད་ཀྱི་གནས་ཤིག་རེད་ལ། ཆོས་ལུགས་དང་ཚོགས་ཁག་མདོར་ན་ལམ་བུ་གང་ཞིག་ལ་བརྟེན་ཡང་བདེན་པ་རྟོགས་མི་ཐུབ་པར་འདོད། འདི་ནི་ངའི་འདོད་ཚུལ་ཏེ། བློ་ཐག་རྦབ་ཆོད་དང་ནམ་ཡང་ཆ་རྐྱེན་མེད་པའི་སྒོ་ནས་རྒྱུན་སྐྱོང་བྱ་རྒྱུ་ཡིན། བདེན་པ་ནི། ཚད་མེད་པ་དང་། ཆ་རྐྱེན་བྲལ་བ། ལམ་བུ་གང་རུང་ལ་བརྟེན་ནས་རྟོགས་ཐུབ་པ་ཞིག་མིན་སྟབས་རྩ་འཛུགས་བྱེད་མི་ཐུབ། ཡང་ན་ལམ་བུ་བྱེ་བྲག་པ་ཞིག་ལ་བརྟེན་ནས་མི་ལ་ལམ་སྟོན་དང་བཙན་ཚུགས་བྱེད་པའི་རྩ་འཛུགས་གང་ཡང་གྲུབ་མི་རུང་།

གལ་ཏེ་ཁྱོད་ཀྱིས་ཐོག་མར་རྒྱུ་མཚན་འདི་དག་ཤེས་ན། དད་འདུན་ཞིག་རྩ་འཛུགས་བྱེད་པ་ནི་སྲིད་མཐའ་ཙམ་ཡིན་པ་ཤེས་རྒྱུ་རེད། དད་འདུན་ནི་མི་སྒེར་གྱི་དོན་དག་རྐྱང་བ་ཞིག་ཡིན་པས། དེ་རྩ་འཛུགས་བྱེད་མི་ཐུབ་ལ་བྱེད་ཀྱང་མི་རུང་། གལ་ཏེ་རྩ་འཛུགས་བྱས་ན། གསོན་ཤུགས་བྲལ་ཞིང་སྲ་མཁྲེགས་སུ་གྱུར་འགྲོ་བར་མ་ཟད། གཞན་ལ་བཙན་ཚུགས་བྱེད་པའི་གྲུབ་མཐའ་དང་ཆོས་ལུགས་ཀྱི་རྣམ་པར་ཡང་འགྱུར་བ་ཡིན། ཡིན་ན་ཡང་། འདི་ནི་མི་ཀུན་གྱིས་སྒྲུབ་འདོད་བྱེད་བཞིན་པ་དེ་རེད།

དུས་ནས་དུས་སུ་ཚིམ་བློ་བྲལ་ཞིང་གསོན་ཤུགས་མེད་པའི་མི་དག་ལ་མཚོན་ན། བདེན་པ་ནི་ཉམ་ཆུང་དང་རྩེད་ཆས་ཤིག་ཏུ་སྒྱུར་བར་བྱེད། ཡིན་ནའང་། བདེན་པ་ནི་ནུས་མེད་དུ་གཏོང་མི་ཐུབ་ལ་མི་སྒེར་རེ་རེས་ཧུར་སྐྱེད་ཀྱིས་དེར་སྙེག་དགོས། ཁྱོད་ཀྱིས་རི་བོའི་རྩེ་མོ་དམའ་མོ་ལུང་མཐིལ་ལ་སྤོར་མི་ཐུབ། གལ་ཏེ་ཁྱོད་རི་རྩེར་ཐོན་འདོད་ན། ངེས་པར་དུ་ལ་ལུང་བརྒྱུད་པ་དང་། གཡང་གཟར་ལ་འཛེགས་པ། གཡང་ལ་ལྷུང་དོགས་ཀྱི་འཇིགས་ཞུམ་དང་བྲལ་དགོས། འདི་ནི་སྐར་ཆེན་ཚོགས་པ་འདི་འཐོར་དགོས་པའི་རྒྱུ་མཚན་དང་པོ་ཡིན།

དེ་ལྟར་ཡང་། ཁྱོད་ཚོས་ཚོགས་པ་གཞན་ཞིག་རྩ་འཛུགས་བྱ་སྲིད་ལ། ཡང་ན་མུ་མཐུད་ནས་ཚོགས་པ་ཞིག་ལ་འཛུལ་ཏེ་བདེན་པ་འཚོལ་སྲིད། ང་ལ་ཆ་མཚོན་ན། སེམས་དོན་དང་འབྲེལ་བའི་ཚོགས་པ་གང་ཞིག་ཡིན་ཡང་དེའི་ཁོངས་སུ་གཏོགས་མི་འདོད། འདི་མཁྱེན་པར་མཛོད་ཅིག

དཔེར་ན། ངས་རང་ཉིད་ལོན་ཊོན་ལ་འབྱོར་བར་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་སྤྱོད་སྲིད་ནའང་། འདི་ནི་ ཡོངས་སུ་སྒྲིག་འཛུགས་གཞན་ཞིག་ཡིན། དེ་ནི་གློག་འཕྲིན་དང་ཡང་ན་སྦྲག་སྲིད་དང་མཚུངས་པར་འཕྲུལ་ཆས་ཀྱི་རང་བཞིན་ཙམ་ཞིག་ཡིན། ངས་ད་དུང་འགྲུལ་བཞུད་བྱེད་ཆེད་འཕྲུལ་འཁོར་དང་ཡང་ན་རླངས་འཁོར་ཡང་སྤྱོད་སྲིད་ཀྱང་། འདི་དག་སེམས་དོན་རིག་པ(spirituality)དང་འབྲེལ་བ་མེད་པའི་ཕྱི་དངོས་པའི་འཕྲུལ་ཆོས་ཙམ་ཞིག་ཡིན། ངས་ཡང་བསྐྱར་ཚོགས་པ་སྒྲིག་འཛུགས་ཀྱིས་སེམས་དོན་གྱི་ཐད་ལ་ལམ་སྟོན་བྱེད་མི་ཐུབ་ཅེས་བཤད་འདོད།

གལ་ཏེ་སྒྲིག་འཛུགས་གང་ཞིག་སེམས་དོན་དང་འབྲེལ་བའི་ལམ་སྟོན་ལ་དམིགས་ཏེ་བཙུགས་ན། དེ་ནི་གཞན་རྟེན་གྱི་འཁར་བ་དང་། ཉམས་རྒུ་ད། འཆིང་བ་ཅན་ཞིག་ཏུ་འགྱུར་བར་མ་ཟད། མི་སྒེར་གྱི་ནུས་པ་ཉམས་པར་བྱས་ཏེ། ཡར་རྒྱས་ཀྱི་གེགས་དང་རང་གི་ཐུན་མིན་གྱི་རང་གཤིས་སྐྱོང་བའི་གེགས་སུ་འགྱུར་བར་བྱེད། ཐུན་མིན་གྱི་རང་གཤིས་དེ་ནི། རང་ངོས་ནས་ལྟོས་མེད་དང་རང་རྐྱ་བའི་བདེན་པ་དེ་གསར་རྟོགས་བྱེད་པའི་ཁྲོད་ན་གནས་པ་ཞིག་ཡིན། འདི་ནི་ང་རང་ཚོགས་པ་འདིའི་འགོ་ཁྲིད་ཡིན་པའི་ཆ་ནས། ཚོགས་པ་འདི་འཐོར་དགོས་པའི་རྒྱུ་མཚན་གཞན་དེ་ཡིན། ཐག་གཅོད་འདི་བྱེད་པར་ང་ལ་གོ་བསྐོན་བློ་འགུག་བྱེད་མཁན་གཅིག་ཀྱང་མེད།

འདི་ནི་ཧ་ལས་དགོས་པའི་དོན་དག་ཅིག་མིན། ང་ལ་རྗེས་འཇུག་པ་ཡོད་ན་མི་འདོད་པས་ཡིན། ངས་དངོས་གནས་དེ་ལྟར་འདོད། གཞན་གྱི་རྗེས་སུ་འབྲང་བའི་སྐད་ཅིག་མ་དེ་ནས་བདེན་པར་སྙེག་མཚམས་བཞག་པ་ཡིན། ཁྱོད་ཚོས་ངའི་སྐད་ཆ་ལ་རྣ་བ་བླགས་ཏེ་ཉན་མིན་ལ་ངས་སེམས་ཁུར་མི་བྱེད། གང་ལྟར། ངས་འཛམ་གླིང་འདི་ནས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མི་རྣམས་རང་དབང་འཐོབ་པར་བྱེད་པའི་ལས་དོན་འདི་སྒྲུབ་འདོད། དེ་ནི་རང་སེམས་སུ་བཅངས་པའི་གལ་ཆེ་བའི་དོན་དག་ཉག་ཅིག་དེ་ཡིན། ངས་མི་རྣམས་གཟེབ་དྲ་མཐའ་དག་དང་འཇིགས་སྣང་ལས་ཐར་བར་བྱེད་འདོད་ཅིང་། ཆོས་ལུགས་དང་། གྲུབ་མཐའ་གསར་པ། ལྟ་གྲུབ་གསར་པ། གཞུང་ལུགས་གསར་པ་བཅས་གསར་འཛུགས་བྱེད་མི་འདོད།

དེ་ནས། ང་འཛམ་གླིང་གི་ས་ཆ་གང་སར་བསྐྱོད་དེ་མུ་མཐུད་ནས་གཏམ་བཤད་གནང་དོན་ཅི་ཡིན། ཞེས་ཁྱོད་ཚོས་ང་ལ་དྲི་བ་འདི་རང་བཞིན་གྱིས་འདྲི་ངེས་རེད། ངས་དེ་ལྟར་སྒྲུབ་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། རྗེས་མཇུག་པ་ཞིག་འདོད་པས་མིན་ལ། སློབ་མ་ཁྱད་པར་བ་སྐོར་ཞིག་གིས་གྲུབ་པའི་ཚོགས་པ་དམིགས་བསལ་ཞིག་འདོད་པས་ཀྱང་མིན། (མི་ནི་རང་གི་རིགས་མཐུན་ལས་གཞན་ཞིག་ཏུ་འགྱུར་རྒྱུར་དགའ། ཁོ་ཚོའི་མ་འདྲ་བའི་ཆ་དེ་དགོད་བྲོ་ཞིང་དོན་སྙིང་མེད་པ་ཞིག་ཡིན་ནའང་དེ་ལྟར་བྱེད་རྒྱུར་དགའ། ངས་དེ་ལྟ་བུའི་དོན་སྙིང་མེད་པའི་ལས་ལ་སྐུལ་སློང་མི་བྱེད།) ང་ལ་སེམས་དོན་དང་འཇིག་རྟེན་གཉིས་ཐད་ནས་སློབ་མ་མེད་ལ་ལྟ་བ་སྤེལ་མཁན་ཡང་མེད། ངའི་ཡིད་སེམས་འཕྲོག་པར་བྱེད་མཁན་ནི། རྒྱུ་ནོར་གྱི་སླུ་བྲིད་མིན་ལ་བདེ་སྣང་ལ་ཆགས་པའི་འདོད་པའང་མིན། གལ་ཏེ་ངས་བདེ་སྣང་གི་འཚོ་བ་ཞིག་རོལ་འདོད་ཚེ། སྒར་ས(Camp)ཞིག་ཏུ་མི་ཡོང་ལ་བརླན་གཤེར་ཆེ་བའི་རྒྱལ་ཁབ་ཅིག་ཏུའང་སྡོད་རྒྱུ་མ་རེད། ངས་གནད་དོན་འདི་ཡོངས་སུ་སེལ་འདོད་པས་སྐད་ཆ་དྲང་མོར་བཤད་བཞིན་ཡོད་ཅིང་། ཅོལ་ཆུང་གི་གྲོས་བསྡུར་འདི་འདྲ་ལོ་ནས་ལོར་བྱེད་མི་འདོད།

གསར་འགོད་པ་ཞིག་གིས་ང་ལ་བཅར་འདྲི་བྱས་སོང་། ཁོས་ཚོགས་མི་སྟོང་ཕྲག་ཁ་ཤས་ཡོད་པའི་ཚོགས་པ་ཞིག་འདི་ལྟར་ཐོར་བ་ནི་དོན་ཆེན་ཞིག་ཏུ་འདོད། ཁོར་མཚོན་ན། དེ་ནི་དོན་ཆེན་ཞིག་ཡིན་ངེས། ཁོས་བརྗོད་དོན། "ཁྱོད་ཀྱིས་མ་འོངས་པར་ཅི་ཞིག་བྱ། འཚོ་བ་ཅི་ལྟར་སྐྱེལ། རྗེས་འཇུག་པའང་ཡོད་རྒྱུ་མ་རེད། ཁྱོད་ཀྱི་སྐད་ཆ་ལ་ཉན་མཁན་ཡང་ཡོད་རྒྱུ་མ་རེད།" ཡིན་ན་ཡང་། བདེན་པར་སྙེག་མཁན་དང་། འཚོ་འདོད་མཁན། ཉན་འདོད་མཁན་གྱི་མི་ལྔ་ཙམ་ཡོད་ནའང་འགྲིག་ངེས་ཡིན།

རྗེས་འཇུག་པ་སྟོང་ཕྲག་ལྷག་ཡོད་ནའང་གོ་རྟོགས་བྲལ་བ་དང་། ཕྱོགས་ལྷུང་ཅན། གསར་པ་མི་འདོད་མཁན། གསར་བྱུང་རྣམས་རྙིང་རུལ་དང་མཁྲེགས་རེངས་སུ་གྱུར་བའི་རང་ཉིད་ལ་སྦྱོར་ཅི་ཐུབ་བྱེད་མཁན་ཞིག་ཡིན་ན་ཕན་པ་ཅི་ཡོད། གལ་ཏེ་ངའི་སྐད་ཆ་ཤུགས་ཆེ་དྲགས་ཚེ། གོ་ནོར་མ་ཐེབས་རོགས། དེ་ནི་ང་ལ་བྱམས་བརྩེ་བྲལ་བའི་རྒྱུ་མཚན་གྱིས་མིན། གལ་ཏེ་ཁྱོད་རང་སྨན་ཁང་དུ་བཤགས་བཅོས་བྱེད་དགོས་ན། སྨན་པས་ཁྱོད་ལ་ན་ཟུག་སློང་ནའང་། སྨན་པར་བྱམས་བརྩེ་མེད་པ་ག་ལ་ཡིན། དེ་དང་གཅིག་མཚུངས་ལྟར། ངའི་སྐད་ཆ་ཐད་ཀར་ཡིན་པ་ཆེ་དྲགས་ན། དེ་ནི་ང་ལ་བྱམས་བརྩེ་བྲལ་བས་མིན།

ངས་བཤད་ཟིན་པ་ལྟར། ངའི་དམིགས་ཡུལ་ཉག་ཅིག་ནི། མི་རྣམས་རང་དབང་འཐོབ་པར་བྱེད་པ་དང་། རང་དབང་གི་ཕྱོགས་སུ་སྐུལ་འདེད་བྱེད་པ། མི་རྣམས་ལ་གྲོགས་བྱས་ཏེ་ཚོད་འཛིན་མཐའ་དག་ལས་ཐར་བར་བྱེད་པ་བཅས་ཡིན། དེ་ལྟར་བྱས་ན། ཁོ་ཚོས་གཏན་གྱི་བདེ་བ་མྱོང་ཐུབ་པར་མ་ཟད། གཞན་དབང་དུ་མ་གྱུར་བའི་སྒོ་ནས་རང་ཉིད་ཀྱང་རྟོགས་ཐུབ།

ང་ནི་རང་དབང་དང་། གཞན་དབང་དུ་མ་གྱུར་བ། ཧྲིལ་བོ་སྟེ་ཆ་ཤས་མིན་པ། ལྟོས་བཅོས་མ་ཡིན་པར་མ་ཟད། རྟག་བརྟན་གྱི་བདེན་པ་ཧྲིལ་བོ་དེའང་ཡིན་སྟབས། ང་རྟོགས་འདོད་མཁན་ཚོ་རང་དབང་འཐོབ་ན་སྙམ་པ་ལས་ངའི་རྗེས་སུ་འབྲང་ན་མི་འདོད། ད་དུང་ཁོ་ཚོས་ང་ལ་བརྟེན་ནས་ཆོས་ལུགས་དང་གྲུབ་མཐའི་གཟེབ་དྲ་ཞིག་བཟོས་ནའང་མི་འདོད། ཁོ་ཚོ་འཇིགས་སྣང་མཐའ་དག་ལས་ཐར་དགོས། དཔེར་ན། ཆོས་ལུགས་ཀྱི་འཇིགས་སྣང་དང་། སྐྱབས་གནས(salvation)ཀྱི་འཇིགས་སྣང་། སེམས་དོན་རིག་པའི་འཇིགས་སྣང་། བརྩེ་བའི་འཇིགས་སྣང་། འཆི་བའི་འཇིགས་སྣང་། ཚེ་སྲོག་གི་ངོ་བོའི་འཇིགས་སྣང་བཅས་ལས་ཐར་དགོས།

རི་མོ་བ་ཞིག་ལ་ཆ་མཚོན་ན། རི་མོར་བརྟེན་ནས་དགའ་བ་ཞིག་མྱོང་བཞིན་ཡོད་པ་དང་། དེ་ནི་རང་གི་བསམ་བློའི་མཚོན་བྱེད་ཅིག་དང་། རང་གི་གཟི་བརྗིད། རང་གི་བདེ་དོན་བཅས་ཡིན་པའི་སྟོབས་ཀྱིས་རི་མོ་འབྲི་བ་ཡིན། དེ་དེ་བཞིན་གྱིས་ངས་འདི་ལྟར་བྱེད་དོན་ཡང་། གཞན་ལས་ཅི་ཞིག་འཐོབ་འདོད་པའི་རྒྱུ་མཚན་གྱིས་མིན།

ཁྱོད་ཚོ་དབང་གྲགས་དང་དབང་གྲགས་ཀྱི་ཁོར་ཡུག་ལ་གོམས་ཤིང་། དེ་ཡིས་སེམས་དོན་གྱི་ཐད་ལ་ཁྲིད་པར་འདོད། ཁྱོད་ཚོས་གཞན་གྱི་མཐུ་ནུས་ཀྱིས་རང་ཉིད་བདེ་བ་སྟེ་རྟག་བརྟན་གྱི་རང་དབང་གི་ཞིང་ཁམས་དེེར་སྐྱེལ་བའི་བསམ་བློ་དང་རེ་བ་འཛིན། ཁྱོད་ཚོའི་མི་ཚེའི་ལྟ་ཚུལ་ཡོངས་རྫོགས་དབང་གྲགས་ལ་གཞི་བཅོལ་ཡོད།

ཁྱོད་ཚོས་ལོ་ངོ་གསུམ་གྱི་རིང་ལ་ངའི་སྐད་ཆར་ཉན་ཡོད་ཀྱང་། རེ་འགའ་ཞིག་ལ་མ་གཏོགས་འགྱུར་བ་ཅིའང་ཐེབས་མི་འདུག །ད་ནི་ངས་ཅི་ཞིག་བཤད་བཞིན་པར་བརྟག་དཔྱད་གྱིས། དོགས་སློང་བྱོས། དེ་ལྟར་བྱས་ན། ཁྱོད་ཚོས་ཕལ་ཆེར་རྩ་བའི་སྒོ་ནས་དང་ཧྲིལ་གྱི་སྒོ་ནས་ངས་ཅི་ཞིག་བཤད་བཞིན་པ་ཤེས་ངེས། གལ་ཏེ་ཁྱོད་ཚོས་སེམས་དོན་གྱི་ཐད་ལ་ལམ་སྟོན་བྱེད་པར་དབང་གྲགས་དོན་དུ་གཉེར་ན། རང་བཞིན་གྱིས་དབང་གྲགས་དང་འབྲེལ་བའི་སྒྲིག་འཛུགས་ཤིག་སྐྲུན་པར་བྱེད། སེམས་དོན་གྱི་ཐད་ལ་ལམ་སྟོན་བྱེད་པའི་དབང་གྲགས་གང་དེར་གྲོགས་བྱ་བར་སྙམ་པའི་སྒྲིག་འཛུགས་དེ་སྐྲུན་པའི་སྐབས་དེ་ཉིད་དུ་ཁྱོད་ཚོ་གཟེབ་དྲའི་ནང་དུ་ཚུད་ཡོད།

གལ་ཏེ་ངས་ཡོ་འཁྱོག་མེད་པར་བཤད་བཞིན་ཡོད་ན། དེ་ནི་ཁྲོ་བ་དང་། གདུག་རྩུབ། རང་གི་ཞེ་འདོད་ལ་ཞེན་པ་བཅས་ཀྱི་དབང་གིས་མ་ཡིན་པར་ཁྱོད་ཚོས་ངའི་སྐད་ཆའི་གོ་བ་ལོན་ན་སྙམ་པས་ཡིན། འདི་ནི་ཁྱོད་ཚོ་འདིར་ཕེབས་པའི་རྒྱུ་མཚན་ཡིན་ལ། ངས་ཁྱོད་ཚོར་རང་གི་བསམ་ཚུལ་གསལ་པོ་དང་ཐག་ཆོད་པའི་སྒོ་ནས་གསལ་བཤད་བྱེད་མ་ཐུབ་ན། དུས་ཚོད་འཕྲོ་བརླག་ཡིན་རྒྱུ་རེད།

ལོ་ངོ་བཅོ་བརྒྱད་ཀྱི་རིང་ལ་ཁྱོད་ཚོས་ཚོགས་པ་འདིའི་ཆེད་དང་། ཡོང་འགྱུར་འཛམ་གླིང་གི་སློབ་དཔོན་དེའི་ཕྱིར་དུ་གྲ་སྒྲིག་བྱས། ལོ་ངོ་བཅོ་བརྒྱད་ཀྱི་རིང་ལ་ཁྱོད་ཚོས་ཚོགས་པ་འདི་རྩ་འཛུགས་བྱས་ཏེ། རང་སེམས་ལ་དགའ་བ་གསར་པ་ཞིག་སྦྱིན་པར་བྱེད་མཁན་དང་། རང་གི་མི་ཚེ་འགྱུར་བ་གཏོང་མཁན། གོ་རྟོགས་གསར་པ་སྦྱིན་མཁན། འཚོ་བ་ཡར་རྒྱས་སུ་གཏོང་མཁན། བློ་སྤོབས་གསར་པ་སྩོལ་མཁན། རང་དབང་ལྡན་པར་བྱེད་མཁན་བཅས་ཀྱི་མི་སྣ་ཞིག་བཙལ་བ་རེད། ཡིན་ན་ཡང་། ད་ལྟ་ཅི་ཞིག་འབྱུང་བཞིན་པར་ལྟོས་དང་།

རང་ངོས་ནས་བསམ་བློ་ཐོངས། རྒྱུ་མཚན་ཁོད། དད་འདུན་གང་ཞིག་གིས་ཁྱོད་ཚུལ་ཇི་ལྟར་གཞན་དང་མི་འདྲ་བ་ཞིག་ཏུ་བཟོ་ཡོད་པ་རྟོགས་པར་བྱོས། མི་འདྲ་བ་དེ་ཡང་ཕྱི་ལ་འདོགས་པར་བྱེད་པའི་མཚོན་རྟགས་ཀྱི་ཕྱི་ཚུལ་ཙམ་གྱི་མི་འདྲ་བ་དེ་མིན། དེ་ལྟ་བུའི་མི་འདྲ་བ་ནི་ཇི་འདྲའི་ཙག་ཙིག་ཅིག་དང་། ཇི་འདྲའི་མདོ་རྩ་བྲལ་བ་ཞིག་རེད་ཨང་། དེ་འདྲའི་དད་འདུན་གྱིས་མི་ཚེའི་ནང་གི་དོ་གལ་མི་ཆེ་བའི་བྱ་དངོས་རྣམས་ཕྱག་མས་ཕྱག་ཕྱག་ལྟར་མེད་པར་བཟོ་ཐུབ་བམ། ཐག་གཅོད་ཀྱི་ཚད་གཞི་ཁོ་ན་ནི། ལམ་གང་དུ་ཞུགས་ན་རང་དབང་དང་གཟི་བརྗིད་ལྡན་པར་འགྱུར་མིན་དང་། དོན་མེད་དང་གལ་ཆུང་གི་ལས་དོན་ལ་བརྟེན་པའི་སྤྱི་ཚོགས་ལ་སྔར་ལས་གདོང་གཏོད་མིན་འདི་ཡིན། སྐར་ཆེན་ཚོགས་པའི་ཚོགས་མི་རྣམས་ཀྱང་ཚུལ་ཇི་ལྟར་མི་འདྲ་བ་ཞིག་ཏུ་གྱུར་འདུག་གམ།

ངས་བཤད་ཟིན་པ་ལྟར། ཁྱོད་ཚོས་ལོ་ངོ་བཅོ་བརྒྱད་ཀྱི་རིང་ལ་ངའི་ཆེད་དུ་གྲ་སྒྲིག་བྱས། ཁྱོད་ཚོས་ང་ནི་འཛམ་གླིང་གི་སློབ་དཔོན་ཡིན་པར་ཡིད་ཆེས་བྱེད་མིན་ལ་ངས་དོ་སྣང་མི་བྱེད། དེ་ནི་གལ་ཆེན་པོ་ཞིག་མ་རེད། ཁྱོད་ཚོ་སྐར་ཆེན་ཚོགས་པ་འདིར་ཞུགས་པ་ནས་བཟུང་ཚོགས་པ་འདི་ལ་རོགས་སྐྱོར་བྱས་ཏེ། ཀིར་ཤུ་ན་མུར་ཏེ་ནི་འཛམ་གླིང་གི་སློབ་དཔོན་དུ་ཆ་ཤས་དང་ཧྲིལ་བོའི་སྒོ་ནས་ངོས་འཛིན་བྱས། འཚོལ་ཞིབ་བྱེད་མཁན་ངོ་མ་ནི་ཧྲིལ་བོ་ཡིན་ལ། རང་གི་ཆ་མ་ཚང་བའི་བདེན་པར་བློ་ཚིམ་མཁན་ནི་ཆ་ཤས་ཡིན།

ཁྱོད་ཚོས་ལོ་ངོ་བཅོ་བརྒྱད་ཀྱི་རིང་ལ་ཚོགས་པ་འདིའི་ཆེད་དུ་གྲ་སྒྲིག་བྱས། བསམ་བློ་ཞིག་ཐོངས་དང་། ཁྱོད་ཚོའི་བསམ་བློ་གཏོང་སྟངས་ལ་དཀའ་ངལ་ཇི་འདྲའི་མང་པོ་ཞིག་ཡོད་པར་མ་ཟད། རྙོག་ཟིང་དང་དོན་མེད་དོན་ཆུང་གི་རིགས་ཀྱང་ཇི་འདྲའི་མང་པོ་ཞིག་བྱུང་ཡོད་པ་མ་ཡིན་ནམ། ཁྱོད་ཚོའི་ཕྱོགས་ལྷུང་གི་བསམ་བློ་དང་། འཇིགས་སྣང་། དབང་ཆ། ལྷ་ཁང་གསར་རྙིང་བཅས་འདི་དག་ཐམས་ཅད་ཤེས་རྟོགས་ཀྱི་གེགས་སུ་གྱུར་ཡོད། ངས་འདི་ལས་ལྷག་པའི་འགྲེལ་བཤད་གསལ་བོ་ཞིག་བྱེད་ཐབས་བྲལ། ཁྱོད་ཚོས་ང་ལ་མོས་མཐུན་མ་བྱེད་ན་འདོད། ཁྱོད་ཚོ་ང་ཡི་རྗེས་སུ་མ་འབྲངས་ན་སྙམ། ཡིན་ནའང་། ངས་གང་བཤད་པ་གོ་ན་སེམས། འདི་གོ་བར་བྱེད་པ་ནི་དགོས་ངེས་ཤིག་ཡིན་ཏེ། ཁྱོད་ཚོའི་དད་འདུན་ནམ་ཆོས་ལུགས་ཀྱིས་ཁྱོད་ཚོར་རྙོག་དྲ་འབའ་ཞིག་བསྐྲུན་པ་ལས་སེམས་རྒྱུད་ལ་འགྱུར་བ་ཐེབས་པར་བྱས་མེད་པ་དང་། ཁྱོད་ཚོས་དོན་དག་གི་རང་བཞིན་ངོ་མར་ཁ་འཁོར་འདོད་མེད་པས་རེད།

ཁྱོད་ཚོས་རང་གི་ལྷའམ་དཀོན་ཅོག་རྙིང་པ་དེ་ལས་གསར་པ་ཞིག་ཡོད་ན་འདོད་ཅིང་། ཆོས་ལུགས་རྙིང་པ་ལས་གསར་པ་ཞིག་ཡོད་ན་འདོད། རྣམ་པ་རྙིང་པ་ལས་གསར་པ་ཞིག་ཡོད་ན་འདོད་མོད། དེ་དག་ཐམས་ཅད་རིན་ཐང་མེད་པ་དང་། འགོག་རྐྱེན་ཡིན་པ། གཞན་དབང་ཡིན་པ། གཞན་རྟེན་ཡིན་པ་བཅས་ནི་གཅིག་མཚུངས་ཡིན། སེམས་དོན་གྱི་ཐད་ནས་བཤད་ནའང་། ཁྱོད་ཚོར་སེམས་དོན་གྱི་རྣམ་པ་རྙིང་པ་དེ་ལས་གསར་པ་ཞིག་ཡོད་ཅིང་། དད་འདུན་རྙིང་པ་ལས་ཀྱང་གསར་པ་ཞིག་ཡོད། ཁྱོད་ཚོ་ཐམས་ཅད་ཀྱིས་རང་གི་སེམས་དོན་གྱི་བྱ་བ་གཞན་ཞིག་ལ་བརྟེན་བཞིན་འདུག་པར་མ་ཟད། རང་གི་བདེ་སྐྱིད་དང་གོ་རྟོགས་ཀྱང་གཞན་ཞིག་ལ་བརྟེན་པར་བྱེད། ཁྱོད་ཚོས་ངའི་ཆེད་དུ་ལོ་ངོ་བཅོ་བརྒྱད་ཀྱི་རིང་ལ་གྲ་སྒྲིག་བྱས་ནའང་། ངས་དེ་དག་ནི་དགོས་ངེས་ཤིག་མིན་པ་དང་། རང་བློའི་སད་རྟོགས་དང་། དྲི་མས་མ་བསྒོས་པ། གཟི་ཤུགས་ལྡན་པ། རང་རྒྱུད་གཙང་ཞིང་དྲང་བོར་གནས་པའི་ཕྱིར་རང་སེམས་ལ་ལྟ་དགོས་པར་བཤད་ན། ཁྱོད་ཚོ་གཅིག་གིས་ཀྱང་དེ་ལྟར་སྒྲུབ་འདོད་མི་བྱེད། གལ་ཏེ་ཡོད་པའི་དབང་དུ་བཏང་ནའང་རེ་གཉིས་ཙམ་ལས་མེད། དེར་བརྟེན། སྒྲིག་འཛུགས་ཤིག་ཡོད་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ།

ནོར་འཁྲུལ་དང་ཚུལ་འཆོས་ཅན་གྱི་མི་རྣམས་བདེན་པའི་སྤྲུལ་གཟུགས་བདག་གི་རྗེས་སུ་འབྲངས་དོན་ཅི། ངས་ཚིག་རྩུབ་དང་བྱམས་བརྩེ་བྲལ་བ་ཞིག་བཤད་བཞིན་མེད་པ་མཁྱེན་པར་མཛོད་ཅིག ཡིན་ན་ཡང་། དངོས་ཡོད་གནས་སྟངས་ལ་གདོང་གཏོད་དགོས་པའི་དུས་སུ་ཐོན་ཡོད། ངས་ན་ནིང་བཤད་པ་ལྟར། ང་རང་གཞན་གང་ཞིག་ལ་ཡང་མཐུན་སྒྲིག་བྱེད་ན་མི་སྙམ། སྐབས་དེར། མི་རེ་ཟུང་ཞིག་གིས་མ་གཏོགས་ངའི་སྐད་ཆར་ཉན་མ་སོང་། གང་ལྟར་ཀྱང་། ད་ལོ་ངས་དོན་དག་དེ་ཧ་ཅང་གསལ་པོར་བཟོས་ཡོད། འཛམ་གླིང་གང་སར་གནས་པའི་ཚོགས་པ་འདིའི་ཚོགས་མི་ག་ཚོད་ཅིག་གིས་ངའི་ཆེད་དུ་ལོ་ངོ་བཅོ་བརྒྱད་ཀྱི་རིང་ལ་གྲ་སྒྲིག་སྣ་ཚོགས་བྱས་ཡོད་པ་མི་ཤེས་ནའང་། ད་ལྟ་ཁོ་ཚོས་ཡོངས་སུ་རྫོགས་པ་དང་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་ངའི་སྐད་ཆར་ཉན་འདོད་མི་བྱེད།

སྔོན་ནས་བཤད་ཟིན་པ་ལྟར། ངའི་དམིགས་ཡུལ་ནི་མི་རྣམས་ཆ་རྐྱེན་ཅི་ཡང་མེད་པར་རང་དབང་འཐོབ་པར་བྱེད་པ་དེ་ཡིན། ཅིའི་ཕྱིར་ཞེ་ན། སེམས་དོན་ཁོ་ན་ནི་བདག་གི་དྭངས་གཙང་གི་ཆ་དེ་ཡིན་པར་མ་ཟད། དེ་ནི་རྟག་བརྟན་ཡང་ཡིན་ལ་བརྩེ་ཞེན་དང་རིགས་ཤེས་བར་གྱི་མཐུན་གནས་ཀྱང་ཡིན། དེ་ནི་ཚེ་སྲོག་གི་རང་བཞིན་ཡིན་པའི་ཚུགས་ཐུབ་དང་རྐྱེན་མེད་ཀྱི་བདེན་པ་དེའང་ཡིན། དེར་བརྟེན། ང་རང་གིས་མི་རྣམས་རང་དབང་འཐོབ་པར་བྱེད་ན་འདོད། དེ་ཡང་། དྭངས་གསལ་གྱི་ནམ་མཁའི་བྱ་དང་འདྲ་བར་རང་དབང་གི་ཁྲོད་ནས་ཚོད་འཛིན་དང་བཀག་སྡོམ་ཅི་ཡང་མེད་པར་རང་དབང་གི་སྒོ་ནས་བདེ་ཞིང་སྐྱིད་ན་འདོད།

ཁྱོད་ཚོས་ངའི་ཆེད་དུ་ལོ་ངོ་བཅོ་བརྒྱད་ཀྱི་རིང་ལ་གྲ་སྒྲིག་སྣ་ཚོགས་བྱས་ཤིང་། ད་ནི་ཁྱོད་ཚོ་དོན་དག་དེ་དག་ལས་ངེས་པར་ཐར་བར་བྱེད་དགོས་ལ། རང་ཉིད་ཀྱི་དཀའ་རྙོག་དག་ལས་ཀྱང་ཐར་བར་བྱེད་དགོས། རྒྱུ་མཚན་འདི་ལ་བརྟེན་ནས། སེམས་ཀྱི་དད་འདུན་རྨང་གཞིར་བྱས་པའི་སྒྲིག་འཛུགས་ཤིག་མི་དགོས། དོན་མེད་དོན་ཆུང་རྣམས་འདོར་མཁན་དང་། དཀའ་སྤྱད་འབད་རྩོལ་བྱེད་མཁན། བསམ་བློའི་གོ་རྟོགས་ལྡན་མཁན་བཅས་ཀྱི་མི་ལྔའམ་བཅུ་སྐོར་ཞིག་ལ་སྒྲིག་འཛུགས་ཤིག་དགོས་དོན་ཅི། དབུལ་ཕོངས་ཉམས་ཐག་ཚོར་མཚོན་ན། སྒྲིག་འཛུགས་ཤིག་གིས་ཁོ་ཚོར་བདེན་པ་འཚོལ་བར་རོགས་ཕན་གང་ཡང་བྱེད་མི་ཐུབ། རྒྱུ་མཚན། བདེན་པ་ནི་མི་རེ་རེའི་སེམས་སུ་ཡོད། དེ་ནི་ཐག་རིང་ནའང་མེད་ལ་ཐག་ཉེ་བོ་ནའང་མེད། དེ་ནི་རྟག་ཏུ་གནས་པ་ཞིག་ཡིན།

ཚོགས་པ་སྒྲིག་འཛུགས་ཀྱིས་ཁྱོད་ཚོར་རང་དབང་འཐོབ་པར་བྱེད་མི་ཐུབ། མི་གཞན་གྱིས་ཀྱང་ཁྱོད་ཚོར་རང་དབང་འཐོབ་པར་བྱེད་མི་ཐུབ། དེ་བཞིན་སྒྲིག་འཛུགས་ཀྱི་རྣམ་པར་གནས་པའི་དད་འདུན་དང་རང་ཉིད་བློས་གཏོང་གི་ཆོ་གར་བརྟེན་ནས་ཀྱང་རང་དབང་འཐོབ་མི་ཐུབ། ད་དུང་རང་ཉིད་ཚོགས་པ་སྒྲིག་འཛུགས་ཤིག་ཏུ་འཛུལ་བ་དང་ལས་ཀ་ཞིག་ཏུ་ཤུགས་ཀྱིས་ཞུགས་ནའང་རང་དབང་འཐོབ་མི་ཐུབ། ཁྱོད་ཀྱིས་ཡིག་གཏག་འཕྲུལ་ཆས་སྤྱད་ནས་ཡི་གེ་འབྲི་སྲིད་མོད། དེ་མཆོད་སྟེགས་སུ་བཞག་ནས་ཕྱག་མཆོད་མི་བྱེད། འོན་ཀྱང་། ཚོགས་པ་སྒྲིག་འཛུགས་གང་ཞིག་ཁྱོད་ཚོར་གལ་ཆེན་ཏུ་འགྱུར་སྐབས། ཁྱོད་ཚོས་དེ་ལྟར་སྒྲུབ་བཞིན་ཡོད།

ཚོགས་པ་འདི་ན་ཚོགས་མི་ག་ཚོད་ཡོད་དམ་ཞེས་པ་འདི་ནི་གསར་འགོད་པ་རྣམས་ཀྱིས་ངར་འདྲི་བའི་དྲི་བ་དང་པོ་དེ་རེད། ད་དུང་། ཁོ་ཚོས་ཁྱོད་ལ་རྗེས་འབྲངས་པ་ག་ཚོད་ཡོད། ཁ་གྲངས་དེར་བརྟེན་ནས་ཁྱོད་ཀྱི་སྐད་ཆ་རྣམས་བདེན་མིན་ཐག་གཅོད་བྱེད་ཐུབ། ཅེས་བཤད་ཡོང་། ཚོགས་པ་འདི་ལ་ཚོགས་མི་ག་ཚོད་ཡོད་མེད་ངས་མི་ཤེས། ངས་དེ་སྐོར་ལ་དོ་སྣང་བྱེད་བཞིན་མེད། ངས་བཤད་མྱོང་བ་ལྟར། ཐ་ན་མི་གཅིག་ལ་རང་དབང་འཐོབ་ནའང་འགྲིག་པ་ཡིན།

ད་ལྟ་ཡིན་ན་ཡང་། ཁྱོད་ཚོས་འདི་ལྟར་བསམ་བཞིན་ཡོད་དེ། བདེ་སྐྱིད་ཀྱི་རྒྱལ་ཁམས་ཀྱི་ལྡེ་མིག་ནི་མི་རེ་ཟུང་ཞིག་གི་ལག་ཏུ་ཡོད་པར་འདོད་མོད། དེ་ནི་མི་གཞན་སུ་ཞིག་གི་ལག་ཏུའང་མེད་ཅིང་། མི་སུ་ལའང་ལྡེ་མིག་དེ་འཛིན་པའི་དབང་ཆ་མེད། ལྡེ་མིག་དེ་ནི་ཁྱོད་རང་ཉིད་ལས་གཞན་སུའང་མིན། རང་ཉིད་ཀྱི་ཡར་རྒྱས་དང་། རྣམ་པར་དག་པ། དྲི་མས་མ་གོས་པའི་ཆ་དེ་ཁོ་ན་ནི། རྟག་བརྟན་གྱི་རྒྱལ་ཁམས་དེ་ཡིན།

དེར་བརྟེན། ཁྱོད་ཚོས་སྐྲུན་པའི་སྒྲོམ་གཞི་སྣ་ཚོགས་དང་། ཕྱིའི་དངོས་པའི་གྲོགས་འཚོལ་བ། རང་གི་དགའ་སྤྲོ་དང་། བདེ་སྐྱིད། སྟོབས་ཤུགས་བཅས་གཞན་ལ་རྟེན་པར་བྱེད་པ་བཅས་ནི། ཇི་འདྲའི་དོན་མེད་ཁུངས་མེད་ཅིག་ཡིན་པ་ཤེས་རྒྱུ་རེད། དོན་གྱིས་དེ་དག་ནི་རང་སེམས་ཁོ་ན་ནས་འཚོལ་ཐུབ་པ་ཞིག་ཡིན།

ཁྱོད་ཚོ་ནི་རང་གི་ཡར་རྒྱས་ཀྱི་རྣམ་པ་དང་སེམས་ཁམས་ཀྱི་གནས་བབ་ཅི་ཡིན་པ་མི་གཞན་ཞིག་གིས་འགྲེལ་བརྗོད་བྱེད་པར་གོམས་ཡོད། དེ་ནི་ཇི་འདྲའི་ཅོལ་ཆུང་ཞིག་རེད་ཨང་། རང་སེམས་ཀྱི་མཛེས་པ་དང་མི་མཛེས་པ་རང་ཉིད་ཁོ་ནས་ཤེས་ཤིང་། རང་ཉིད་རྣམ་དག་ཡིན་མིན་ཡང་རང་ཉིད་ཁོ་ནས་ཤེས། ཡིན་ན་ཡང་། ཁྱོད་ཚོས་དོན་བྱ་འདི་དག་གི་ཐད་ལ་གཟབ་ནན་མི་བྱེད།

ཡིན་ན་ཡང་། ཐོག་མཐའ་མེད་པའི་རྟག་བརྟན་གྱི་ཆ་དེ་འཚོལ་བར་བྱེད་མཁན་དང་དེ་དོན་གྱིས་ཤེས་འདོད་བྱེད་མཁན་ཚོས་ངར་ཤུགས་ཆེན་པོས་ལྷན་དུ་སྐྱོད་པར་མ་ཟད། དོན་ཆུང་དང་། ཚུལ་འཆོས། ནག་ནོག་བཅས་ལ་གདོང་ལེན་ཡང་བྱེད་ངེས། ཁོ་ཚོ་མཉམ་རུབ་བྱེད་ངེས་ལ། ཁོ་ཚོ་མེ་ལྕེར་ཡང་འགྱུར་ངེས་ཏེ། ཁོ་ཚོར་ཤེས་རྟོགས་ལྡན་པས་ཡིན། ང་ཚོས་དེ་ལྟ་བུ་མི་སྣ་གསོ་སྐྱོང་བྱེད་དགོས་ཤིང་། དེ་ནི་ངའི་དམིགས་ཡུལ་ཡང་ཡིན།

དེར་བརྟེན། ཤེས་རྟོགས་ངོ་མ་ལྡན་ཚེ་ངེས་པ་དོན་གྱི་མཛའ་འབྲེལ་འབྱུང་ངེས། དེ་ལྟ་བུའི་མཛའ་འབྲེལ་ཡོད་ན། ཕན་ཚུན་གྱི་བར་ལ་མཉམ་ལས་ངོ་མ་འབྱུང་བ་ཡིན། དེ་ཡང་དབང་གྲགས་དང་། སྐྱབས་གནས། རང་སྲོག་བློས་གཏོང་གི་ཆོ་ག་བཅས་ལ་བརྟེན་ནས་འབྱུང་བ་ཞིག་མིན་ཏེ། རང་སེམས་ལ་ཤེས་རྟོགས་ལྡན་ནས་རྟག་བརྟན་གྱི་ཆ་དེ་ནས་འཚོ་བའི་ནུས་པ་དེར་བརྟེན་ནས་འབྱུང་བ་ཞིག་ཡིན། དེ་ནི་སྤྲོ་སྣང་ཡོད་དོ་ཅོག་དང་བློས་གཏོང་ཡོད་ཚད་ལས་ཀྱང་ཁྱད་དུ་འཕགས་པ་ཞིག་ཡིན།

གོང་གི་བཤད་པ་འདི་དག་སྐར་ཆེན་ཚོགས་པ་འདི་འཐོར་དགོས་པའི་རྒྱུ་མཚན་ཡིན་ཞིང་། དེ་ཡང་ལོ་གཉིས་ཀྱི་རིང་ལ་བསམ་བློ་ཞིབ་ཚགས་བཏང་ནས་ཐག་གཅོད་བྱས་པ་ཞིག་ཡིན་པ་ལས། གློ་བུར་བའི་ཧོལ་རྒྱུག་གིས་ཐག་གཅོད་བྱས་པ་ཞིག་མིན་ལ། གཞན་གྱིས་གོ་སྐོན་བློ་འགུགས་ཐེབས་ཏེ་ཐག་གཅོད་བྱས་པ་ཞིག་ཀྱང་མིན།

ང་རང་ཚོགས་པ་འདིའི་མགོ་གཙོ་ཡིན་པའི་ཆ་ནས། ལོ་ངོ་གཉིས་ཀྱི་རིང་ལ་རྟག་ཏུ་དོན་དག་འདིའི་ཐད་ལ་ཞིབ་ཚགས་པོ་དང་ཕུགས་རྒྱང་རིང་བའི་སྒོ་ནས་བསམ་བློ་བཏང་མཐར། ད་ནི་སྐར་ཆེན་ཚོགས་པ་འདི་འཐོར་དགོས་པའི་ཐག་གཅོད་བྱས་པ་ཡིན། ཡིན་ན་ཡང་། ཁྱོད་ཚོས་སྒྲིག་འཛུགས་གཞན་ཞིག་གསར་འཛུགས་བྱེད་ཆོག་ལ་མི་གཞན་སུ་ལའང་སྐྱབས་འཇུག་རེ་སྨོན་བྱེད་ཆོག ངས་དེའི་སྐོར་ལ་ཐེ་གཏོགས་མི་བྱེད་ལ་གཟེབ་དྲ་གསར་པ་ཡང་བཟོ་མི་འདོད། གཟེབ་དྲ་དེ་དག་ལ་རྒྱན་ཆ་གསར་པ་ཡང་འདོགས་མི་འདོད། ངའི་སེམས་ཁུར་བྱེད་ཡུལ་ཉག་ཅིག་ནི། མི་རྣམས་ཆ་རྐྱེན་ཅི་ཡང་མེད་པར་རྦད་དེ་རང་དབང་འཐོབ་པར་བྱེད་པ་དེ་ཡིན།

(2014 ལོར་བསྒྱུར། 2021 ལོར་བསྐྱར་དུ་ཞུས་དག་བྱས།) ལོ་ཙཱ་བ། ལོ་མ་རྒྱལ།

མིང་ཚིག་ཤན་སྦྱར།

བདེན་པ་ནི་ལམ་མེད་ཀྱི་གནས་ཤིག་ཡིན། Truth is a pathless land

ཤར་ཕྱོགས་སྐར་ཆེན་ཚོགས་པ། The Order of the Star in the East

ལྷ་ལམ་མཐུན་ཚོགས། Theosophical Society

སེམས་དོན་རིག་པ/སེམས་དོན། spirituality

ལྟོས་མེད་དང་རང་རྐྱ་བའི་བདེན་པ། absolute, unconditioned Truth

རྟག་བརྟན་གྱི་རང་དབང་གི་ཞིང་ཁམས། realm of eternal freedom

སྒྲིག་འཛུགས/ཚོགས་པ། organization

ཟིན་ཐོ་འམ་དཔྱད་གཞི།Edit

དཔྱད་གཞིའི་དཀར་ཆག།Edit

ད་དུང་གཟིགས།Edit

ཕྱི་ཕྱོགས་དྲ་མཐུད།Edit