ཏོག་དབྱིབས་ནད་རིགས་རྣམས་ཀྱི་རྒྱབ་ལྗོངས་རྒྱུས་དང་ད་ལྟའི་གནས་བབ། རྩོམ་སྒྲིག

སྔ་ལོ་ཟླ་འཇུག་ཏུ་རྒྱ་ནག་ཧུ་སྦེ་ཞིང་ཆེན་ཁུལ་གྱི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་བརྡལ་ཕྱིན་པའི་ཏོག་དབྱིབས་ནད་རིགས་༡༩ Covid-19 པའམ་ཀོ་རོ་ན་ནད་དུག་གསར་མ་Novel Coronavirus བྱ་བ་དེས་ཡུན་ཐུང་ཟླ་བ་གསུམ་ཙམ་གྱི་ནང་། འཛམ་གླིང་ཧྲིལ་པོར་ཁྱབ་བརྡལ་ཕྱིན་ཟིན་པ་མ་ཚད། རྒྱལ་ཁབ་དུ་མའི་ནང་མིའི་ཚེ་སྲོག་གྲངས་ལས་འདས་པ་འཕྲོག་དང་འཕྲོག་མུས་ཐོག དཔལ་འབྱོར་དང་རྒྱུན་ལྡན་འཚོ་བའི་རིམ་པར་དོ་འཕོག་གཏོང་དང་གཏོང་མུས་སུ་ཡོད། མི་མང་པོ་ཞིག་གི་སེམས་སུ་ཏོག་དབྱིབས་ནད་དུག་ཟེར་བའི་ངོ་བོ་དང་། ནད་རིགས་དེ་ཇི་ལྟར་འགོ་ཉེན་ཡོད་མེད། དེ་བཞིན་ནད་རིགས་དེ་སྔོན་འགོག་ཇི་ལྟར་བྱ་ཐབས་ཡོད་མེད་སོགས་ཀྱི་ལམ་སྟོན་གང་སར་འཚོལ་བའི་མདུན་པ་ཤུགས་ཆེར་སྐྱེ་ཞིང་ཡོད་ནའང་། ཧུལ་རྒྱུགས་ཆེ་བའི་དྲ་འཁྱམ་པ་མང་པོ་དང་། དེ་བཞིན་རྫུན་བཟོའི་སྤྱོད་ལམ་ལ་ལངས་ཤོར་ཕྱིན་པའི་འོབ་ཚོད་པ་མང་པོས་གང་སར་ཁུངས་ལྡན་མིན་པའི་གནས་ཚུལ་མར་བཤུས་ཡར་འགྲེམས་བྱས་པས། ཁུངས་ལྡན་གྱི་གནས་ཚུལ་མང་པོ་ཐོབ་མི་ཐུབ་པར་བརྟེན་ནས་འདིར་ཁོ་བོས་ངལ་བ་ཕྲན་བུན་སྤྱད་དེ་ཡིག་ཆ་བསྡུ་རུབ་ཀྱིས་ཏོག་དབྱིབས་ནད་རིགས་༡༩ པའི་སྐོར་གླེང་བ་ལ།

སྤྱིར་བཏང་ཏོག་དབྱིབས་ནད་དུག་ coronaviruses 冠狀病毒ནི་ཉེ་ཆར་བྱུང་བ་ཞིག་མིན་པར་ལོ་མང་པོའི་སྔོན་ནས་ཆེད་ལས་པས་ངོས་འཛིན་ཐུབ་ཡོད་པ་མ་ཟད། འདས་པའི་རྒྱུད་རིམ་གྱི་ནང་དུ་ཏོབ་དབྱིབས་ནད་དུག་ལས་འབྱུང་བའི་ནད་རིགས་སར་སེ་SARSཟེར་བ་དང་མེར་སེ་MERSཟེར་བ་གཉིས་ཀྱིས་མི་གྲངས་མང་པོའི་ཚེ་སྲོག་འཕྲོག་ཡོད། ཏོབ་དབྱིབས་ནད་དུག་རྣམ་པ་མང་བའི་སེམས་ཅན་ནས་འགྲོ་བ་མིར་འགོ་ནུས་པའི་ནད་དུག་ Virus རིགས་ཤིག་ཡིན་ལ། དེས་འཆམ་རིགས་དཀྱུས་མ་ནས་ཛ་དྲག་ཅན་གློ་ཚད་ནད་གཞི་དེ་འདྲའི་རྐྱེན་བྱེད་ཐུབ། སེམས་ཅན་གྱི་རིགས་ནང་ཕན་ཚུན་དུ་འགོ་བའི་ནད་དུག་ཚབ་ཆེན་དེ་འདྲ་མང་པོ་ཡོད་ནའང་། དེ་དག་སེམས་ཅན་གྱི་རིགས་སུ་བསྡད་པ་ལས་ད་བར་འགྲོ་བ་མིའི་རིགས་ལ་འཕོས་མེད། ཏོག་དབྱིབས་ནད་རིགས་༡༩ པ་འདི་ཉེ་བའི་ཆར་རང་འགྲོ་བ་མིའི་རིགས་ལ་འཕོས་པ་ཞིག་ཡིན་སྟབས་དེའི་སྐོར་ལ་དཔྱད་གཞིའི་ཡིག་ཆ་དང་ཚོད་ལྟའི་གྲུབ་འབྲས་སོགས་གང་ཡང་མེད་པས་དྲི་བ་མང་པོ་ཞིག་ལན་འདེབས་གསལ་པོ་མེད་པར་གནས་ཡོད། ད་བར་ཤེས་རྟོགས་བྱུང་བར། ནད་དུག་གམ་ཝ་རེ་སི་SARS-Cov-2 སར་སེ་ཀོབ་༢་ཟེར་བས་སྐྲུན་བཞིན་པའི་ད་ལེན་གྱི་ཏོག་དབྱིབས་ནད་རིགས་༡༩ པའི་ནད་རྟགས་སུ་འཆམ་རིགས་སྤྱིའི་ནད་རྟགས་ཀྱི་སྟེང་། དམིགས་གསལ་གློ་སྐམ་པོ་རྒྱག་པ། ཚ་བ་འབར་བ། དབུགས་མ་འདང་བ་དང་དབུགས་གཏོང་ལེན་དཀའ་བ་སོགས་ངོས་འཛིན་བྱས་ཡོད། གལ་ཏེ་འཚབ་ཆེར་གྱུར་ན་གློ་བའི་མཉེན་འཚད་ pneumonia ནི་མོ་ནི་ཡ་ཟེར་བ་སོགས་དང་། མཁལ་མ་བེད་མེད་འགྱུར་བ་དང་འཆི་བ་སོགས་ཀྱི་སྡུག་བསྔལ་སྐྲུན་ཐུབ། ནད་རིགས་གཞན་པ་དང་མི་འདྲ་བར་ཏོག་དབྱིབས་ནད་རིགས་༡༩ ཛ་དྲག་ཏུ་རྩིས་དོན་གཅིག་ནི། དེའི་ནད་རྟགས་འཐོན་པར་ཉིན་མ་གཉིས་ནས་༡༤ བར་འགོར་སྲིད་པའི་མི་མང་པོས་རང་ཉིད་ལ་ནད་ཡོད་ཀྱང་ངོས་འཛིན་མ་ཐུབ་པར་ཉིན་གྲངས་མང་པོར་ལྷག་པ་དང་དེའི་རིང་ལ་གཞན་ལ་འགོས་པའི་ཉེན་ཁ་ཡོད་པ་དེ་ཡིན། ཕལ་མོ་ཆེར་ནད་རྟགས་མངོན་པར་ཉིན་གྲངས་ལྔ་ཙམ་གོར་གྱི་ཡོད་འདུག།

༢༠༠༢་ལོར་རྒྱ་ནག་ལྷོ་རྒྱུད་ནས་བྱུང་བའི་ཏོག་དབྱིབས་ནད་རིགས་སར་སེ་ཟེར་བ་ civet cats (རི་འཁྱམ་བྱི་ལ་མཇུག་མ་རིང་པོ་ཞིག་)ནས་འཕོས་པ་དེ་རྒྱལ་ཁབ་༡༧ ནང་དུ་མི་གྲངས་༨༠༩༨ ཙམ་ལ་འགོས་པ་དང་དེ་དག་ལས་༧༤༤ རྐྱེན་ལམ་དུ་སོང་བ་དང་། ཡང་ ༢༠༡༢ ལོར་བྱུང་བའི་རྔ་མོང་ནས་འཕོས་པའི་ཏོག་དབྱིབས་ནད་རིགས་མེར་སེ་ཟེར་བ་དེ་རྒྱལ་ཁབ་༢༡ ནང་དུ་མི་གྲངས་ ༢༥༠༠ ཙམ་ལ་འགོས་ཤིང་ནད་པ་གྲངས་༨༦༠ ལྔ་ལམ་དུ་བཏང་ཡོད། འདས་པའི་ནད་རིགས་དེ་གཉིས་དང་བསྡུར་ན་ད་ལྟའི་ཏོག་དབྱིབས་ནད་རིགས་༡༩ དེའི་ནད་པའི་གྲངས་ཚད་དང་ཁྱབ་ཁྱོན་ནི་བསམ་ཡུལ་དུ་ཤོང་མི་ཐུབ་པ་མ་ཟད། ད་དུང་ཉིན་རེ་ནས་ཉིན་རེ་གྲངས་ཚད་འཕར་ཚད་འཐོན་པོར་འགྲོ་བཞིན་པ་ཡིན།

དེ་རིང་སྟེ་འདི་ཟླའི་ཚེས་༢༠ གསར་ལམ་དུ་བསྒྲག་ཡག་ལ། འཛམ་གླིང་ཏོབ་དབྱིབས་ནད་པའི་གྲངས་འབོར་༢༧༥༧༩༦ འབུམ་གསུམ་མ་ཟིན་ཙམ་ལ་སླེབས་ཡོད་པ་དང་། རྐྱེན་འདས་སུ་ཟིན་པ་༡༡༣༩༧ ཆིག་ཁྲི་བརྒལ་ཚར་ཡོད་པ་མ་ཚད། ད་ལྟའི་འཆར་དཀའ་ངལ་ནང་ལྷུང་བཞིན་པའི་རྒྱ་ནག་གཙོས་པས་ཨི་ཊ་ལི། ཨི་རན། ཨ་རི། ཉི་ཧོང་ཀོ་རི་ཡ་སོགས་ལས་གཞན་པའི་རྒྱལ་ཁབ་མང་པོར་འབྱུང་འགྱུར་ལོ་ཟླའི་ནང་དཀའ་ངལ་ཤིན་ཏུ་འཕྲད་སྲིད་པ་དང་། ལྷག་པར་རྒྱ་གར་ལྟ་བུ་མི་འབོར་ཤིན་ཏུ་ཆེ་བའི་རྒྱལ་ཁབ་དག་ལ་དཀའ་ངལ་ཤིན་ཏུ་ཆེན་པོ་འབྱུང་སྲིད་པའི་དངངས་འཚབ་ཡོད་ཚུལ་ཡང་བརྗོད་མཁན་འདུག། དེས་ན། ད་བར་བོད་རིགས་ཡོད་སའི་ས་གནས་མང་པོ་ཞིག་ཏུ་ཏོབ་དབྱིབས་ནད་རིགས་༡༩ པས་དཀའ་ངལ་ཤིན་ཏུ་ཆེན་པོ་དངོས་སུ་འཕྲད་པ་དེ་འདྲ་བྱུང་མེད་ནའང་། འབྱུང་འགྱུར་དཀའ་ངལ་འབྱུང་ཡག་ཕལ་ཆེར་ངེས་པ་ལྟ་བུ་ཡིན་ན། བོད་རིགས་ཚང་མས་ད་ལྟ་ནས་ནད་རིགས་འདིའི་ཐད་ལ་སློབ་སྦྱོང་དང་། གཙང་སྦྲ་འཕྲོད་བསྟེན་གྱི་ལམ་ནས་སྔོན་འགོག་བྱ་རྒྱུ་གསལ་པོར་མཁྱེན་དགོས་པ་དེ་གཡོལ་ཐབས་མེད་པའི་ལས་འགན་ཞིག་ཏུ་མཐོང་བས། གཤམ་དུ་གནད་དོན་འགའ་ཤས་རང་ནུས་དང་བསྟུན་ནས་དོན་ཚན་དུ་འགོད་པ་ལ།

༡ ཏོག་དབྱིབས་ནད་རིགས་༡༩ ཁྱབ་བརྡལ་འགྲོ་ལུགས། རྩོམ་སྒྲིག

རྒྱ་ནག་ཧུ་སྦེ་ཞིང་ཆེན་ནས་བྱུང་བའི་ཏོག་དབྱིབས་ནད་རིགས་༡༩ པ་དེ་འཚབ་ཆེན་དུ་ངོས་འཛིན་བྱེད་པའི་གནད་དོན་གཅིག་ནི་ནད་དེས་མིའི་ཚེ་སྲོག་འཕྲོག་པ་ཙམ་ཞིག་མིན་པར། དུས་ཡུན་ཐུང་ངུའི་ནང་ཁྱབ་བརྡལ་ཤུགས་ཆེར་འགྲོ་གི་ཡོད་པ་དེ་ཡིན། སྤྱིར་ནད་དུག་རིགས་མང་པོ་ཡོད་པའི་ནང་དུ་ནད་དུག་འགའ་ཤས་ཧ་ཅང་འགོ་སླ་བ་དེ་འདྲ་ཡོད་ནའང་། སྤྱི་ཚོགས་ནང་རྒྱུན་གནས་ཐུབ་པའི་ནུས་པ་མེད་པ་དེ་འདྲ་ཡོད། ཏོག་དབྱིབས་ནད་དུག་འདི་ནི་ཧ་ཅང་འགོ་སླ་བའི་སྟེང་སྤྱི་ཚོགས་ཀྱི་ནང་རྒྱུན་གནས་ཐུབ་པའི་ནུས་པ་ཆེན་པོ་ཡོད་པ་ཞིག་ཡིན། དེས་ན་ནད་རིགས་འདི་ནི་ནད་པ་དང་སྐད་མ་ཁ་ཤས་འཕྲད་པའི་རིང་དང་། ནད་པ་དང་རྒྱང་ཐག་འདོམ་གང་ཚུན་གྱི་འཚམས་སུ་གནས་ཀྱང་འགོ་ཉེན་ཡོད་པར་བཤད་ཀྱི་ཡོད། དེང་སང་གི་ཆེད་ལས་པས་བརྗོད་གསལ་ལ། ནད་རིགས་འདི་ནི་ནད་དུག་SARS-Cov-2 སར་སེ་ཀོབ་༢ ཟེར་བ་ལས་འབྱུང་གི་ཡོད་པ་དང་། ཏོག་དབྱིབས་ནད་པའི་གློ་དང་ཧབ་ཆི་རྒྱག་སྐབས་ཁ་ནས་ཟགས་པའི་རྡུལ་ལམ་དངོས་པོ་(ཟགས་རྡུལ་droplets)བར་སྣང་དུ་གནས་པ་དང་། ས་དང་ཅོག་ཙེ་སོགས་དངོས་རྫས་ཀྱི་སྟེང་དུ་ཡོད་པའི་ཟགས་རྡུལ་རང་ཉིད་ཀྱི་ཁ་དང་སྣ་་ཁུང་སོགས་ཀྱི་འབུ་གར་སོང་བ་ལས་འགོ་ཡི་ཡོད་པར་བརྗོད་འདུག སྤྱིར་བཏང་ངོས་འཛིན་བྱེད་ཡག་ལ་ནད་རྟགས་འཐོན་ཟིན་པའི་ནད་པས་མི་གཞན་ལ་འགོ་ཐུབ་པར་བརྗོད་ཀྱི་ཡོད་ནའང་། ཆེད་ལས་པ་ཁག་ཅིག་གི་ད་ལན་གྱི་ནད་རིགས་འདི་ནི་ནད་རྟགས་མ་འཐོན་པའི་གོང་ནས་གཞན་ལ་འགོ་ཐུབ་ཀྱི་ཡོད་པ་མ་ཚད། མི་འགའ་ཤས་ལ་ཧ་ལམ་ནད་རྟགས་མ་མངོན་པར་ནད་དུག་ཁྱེར་ནས་བསྡད་ཐུབ་པར་ཡང་བཤད་འདུག།

ཏོག་དབྱིབས་ནད་དུག་གི་ཟགས་རྡུལ་བར་སྣང་དུ་ལྷུང་ཚུལ་དང་དེའི་ནད་རིགས་འགོ་སྟངས་གི་སྐོར་བཤད་ན། དུས་རྒྱུན་གློ་ཞིག་རྒྱག་པའི་སྐབས་སུ་ཟགས་རྡུལ་༣༠༠༠ ཙམ་ཁ་ནས་འཐོན་གྱི་ཡོད་ལ། ཟགས་རྡུལ་དེ་དག་ལས་མང་ཆེ་བ་འདོམ་གང་གི་ནང་ཚུན་གྱི་ས་དང་གྱོན་པ། དེ་བཞིན་གཡས་གཡོན་གྱི་དངོས་པོའི་སྟེང་ཟགས་ཀྱི་ཡོད་ནའང་། ཟགས་རྡུལ་མི་ཉུང་བ་ཞིག་བར་སྣང་གི་དབྱིངས་སུ་ཚོུད་གསུམ་ཙམ་རིང་འཚོ་གནས་ཐུབ་ཀྱི་ཡོད་པར་ཆེད་ལས་པས་བརྗོད། ཟགས་རྡུལ་དེ་དག་གི་ཚད་གཞི་ནི་ང་ཚོའི་སྐྲའི་ཕྲ་སྦོམ་ལས་བརྡབ་༣༠ ཆུང་བ་ཡོད་སྟབས་ནད་པ་ཞིག་གི་གློ་དང་ཧབ་ཆི་རྒྱག་དུས་གཡས་གཡོན་གྱི་མིའི་ཁ་སྣའི་བུག་ག་དག་ཏུ་སོང་རྒྱུ་ཕལ་ཆེར་ངེས་པས། དེང་སང་ནད་འདི་སྔོན་འགོག་ཆེད་མི་གཞན་དང་རྒྱང་ཐག་འདོམ་གང་ལས་རིང་བའི་སར་གནས་དགོས་པའི་ལམ་སྟོན་བྱེད་ཀྱི་ཡོད་ལ། ནད་པ་ཡོད་སའི་ཉལ་ཁང་སོགས་ཀྱི་ནང་འགྲོ་དུས་མགོ་ལུས་ཡོངས་རྫོགས་བཀབ་ནས་འགྲོ་དོན་ཡང་འདི་ཡིན། ཡང་ཆེད་ལས་པས་ཏོག་དབྱིབས་ནད་རིགས་༡༩ ནི་ནད་པའི་ཉེ་འཁྲིས་སུ་ཕྱིན་པ་ཁོ་ནས་འགོ་བ་མིན་པར། ནད་པས་ཟགས་རྡུལ་འགོས་པའི་སྒོའི་ལག་ཟུང་དང་། སྟེང་བསྐྱོད་ཁང་ཆུང་གི་ཐོག་རྩེག་ཨང་གནོན་སོགས་ལས་ཀྱང་ནད་དུག་འགོ་ཚུལ་ཡོད་པར་བཤད་ཀྱི་ཡོད།

ང་ཚོ་ཚང་མས་ཤེས་དགོས་པ་དང་ཤེས་འདོད་ཆེན་པོ་ཡོད་པའི་དོན་དག་གཅིག་ནི། ཏོག་དབྱིབས་ནད་དུག་འདིའི་ཚེ་ཚད་དང་རྒྱུན་ལྡན་གྱི་འཚོ་བའི་ནང་གཟབ་གཟབ་བྱས་ནས་ལག་པ་འཆང་དགོས་སའི་དངོས་པོ་ངོས་འཛིན་ཐུབ་རྒྱུ་དེ་ཡིན། སྤྱིར་བཏང་གི་ཏོག་དབྱིབས་ནད་དུག་གི་ཚེ་ཚད་ནི་གནམ་གཤིས་དྲོ་གྲང་དང་། བཞའ་ཚན་ཆེ་ཆུང་། ཟགས་རྡུལ་ཆེ་ཆུང་། དེ་བཞིན་ཟགས་སའི་དངོས་པོའི་རྒྱུ་ཆ་སོགས་ཀྱིས་ཁྱད་པར་ལ་རགས་ལས་ཀྱི་ཡོད་ནའང་། དེ་ལྟའི་ཏོག་དབྱིབས་ནད་དུག་གསར་པ་འདི་ཉིད་དངོས་རྫས་ཀྱི་ངོགས་ནས་མིར་འགོ་བའི་ཐད་ལ་གཏན་འབེབས་བྱས་ཟིན་པའི་ཡིག་ཆ་དམིགས་བསལ་གང་ཡང་ད་བར་མེད། སྔོན་བྱུང་གི་ཏོག་དབྱིབས་ནད་རིགས་སར་སེ་དང་མེར་སེ་ཟེར་བའི་ནད་དུག་ལྟ་བུར་ཆ་བཞག་ན། ལྕགས་ཤེལ་གྱིག་སོགས་ཀྱི་དངོས་རྫས་སྟེང་ཚ་དྲང་གི་གནས་སྟངས་ལས་ཞག་མ་༩ - ༢༨ བར་འཚོ་གནས་ཐུབ་ཀྱི་ཡོད་པར་བཤད་འདུག ཏོག་དབྱིབས་ནད་རིགས་༡༩ པའི་ནད་དུག་SARS-CoV-2 འདི་ཉིད་དངོས་རྫས་ཀྱི་ངོགས་ལ་ཡུན་རིང་ལོས་གནས་ཐུབ་མིན་གྱི་ཐོག་ལ་ཨ་མི་རི་ཀའི་ནད་འབུའི་ཆེད་ལས་པ་ནིལ་ཏེ་ཇེ་་ཝན་་ཌོ་རེ་མ་ལན་Neeltje van Doremalen དང་ཨ་རིའི་མོ་ཊེན་ན་Montanaལ་ཡོད་པའི་ཁོང་གི་ལས་རོགས་ཚོ་ཞིག་གིས་བརྟགས་དཔྱད་བྱས་པའི་གྲུབ་དོན་ལ་གཞིགས་ན། ཏོག་དབྱིབས་ནད་དུག་གསར་མ་འདི་ཤོག་སྒམ་སོགས་ཀྱི་སྟེང་ཚོུད་༢༤ དང་། གྱིག་དང་སེ་ཏྲིལ་Stainless- steel 不銹鋼ལྕགས་རིགས་ཀྱི་སྟེང་ཞག་མ་༢ - ༣་བར་གནས་ཐུབ་ཀྱི་ཡོད་པ་བརྗོད་འདུག འོན་ཀྱང་ཡ་མཚན་པ་ཞིག་ལ་ཟངས་རིགས་ཀྱི་སྟེང་ཚོུད་༤ ཙམ་ལས་གནས་ཐུབ་ཀྱི་མེད་པ་གསལ་ཡོད། ཤེས་དགོས་པ་ཞིག་ལ་ཏོག་དབྱིབས་ནད་དུག་རིགས་གཤང་ཅི་དང་མི་གཙང་བའི་སྟེང་དུ་ཡུན་རིང་འཚོ་གནས་ཐུབ་ཀྱི་ཡོད་པ་གྲགས་པས། དུས་རྒྱུན་གསང་སྤྱོད་སོགས་སུ་བསྐྱོད་རྗེས་ལག་པ་བཀྲུ་རྒྱུ་དེ་ཤིན་ཏུ་ནས་གལ་ཆེན་པོ་ཡིན་པ་ར་སྤྲོད་ཐུབ་པ་ལྟ་བུ་ཡིན། དེ་ལྟའི་ཏོག་དབྱིབས་ནད་རིགས་༡༩ དེ་ཁྱབ་བརྡལ་འགྲོ་བདེ་བ་དང་། སྔོན་འགོག་གི་ཁབ་དང་བཅོས་ཐབས་ཀྱི་སྨན་བཅོས་འདི་ཡིན་བྱ་བ་གསལ་པོ་མེད་སྟབས། ནད་རིགས་འདི་ཉིད་འགོག་ཐབས་ཡག་ཤོས་ནི་ནད་རིགས་འདི་ཉིད་རང་ཉིད་ལ་མ་འགོ་བ་བྱེད་རྒྱུ་དང་། དེ་བཞིན་རང་ཉིད་ཀྱིས་གཞན་ལ་མ་བཀོས་པ་བྱ་རྒྱུ་དེ་རང་ཡིན་པས། ནད་རིགས་འདི་ཉིད་འགོག་ཐབས་ཀྱི་ཐབས་ལམ་དེ་དག་ཀུན་གྱིས་ཤེས་རྒྱུ་གལ་ཆེར་མཐོང་།

༢ ཏོག་དབྱིབས་ནད་རིགས་༡༩ འགོག་ཐབས་དང་། ནད་དུག་སེལ་ཐབས། རྩོམ་སྒྲིག

ད་བར་ཤེས་རྟོགས་བྱུང་བའི་ཏོག་དབྱིབས་ནད་རིགས་༡༩ འདི་འགོག་ཐབས་ཡག་ཤོས་ནི། རང་ཉིད་ལ་ནད་རིགས་འདི་མ་འགོས་པ་བྱ་ཕྱིར་མི་གཞན་དང་ཉེ་སར་འགྲོ་རྒྱུ་མེད་པ་དང་། རང་གཞན་གྱིས་རེག་པའི་དངོས་རྫས་དང་ལག་པ་སོགས་ཀྱི་སྟེང་ནད་དུག་མེད་པ་བཟོ་ཕྱིར་གཙང་སྦྲ་བྱེད་རྒྱུ་དེ་གཉིས་ཡིན་ལ། དེའི་སྟེང་སྤྱི་བྱིངས་ཀྱི་རང་ཉིད་ཀྱི་ལུས་པོའི་བདེ་ཐང་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་ཡང་བསྣོན་མི་ཆོག་པ་མེད། ཏོག་དབྱིབས་ནད་རིགས་༡༩ ཞེས་པ་འདི་ནད་དུག་SARS-CoV-2 ཞེས་པ་དེ་ལས་འབྱུང་བཞིན་ཡོད་སྟབས་གཙང་སྦྲ་ཐབས་ལམ་ལ་བརྟེན་ནས་ཏོག་དབྱིབས་ནད་དུག་མེད་པ་བཟོ་རྒྱུ་དེ་ཤིན་ཏུ་གལ་འགངས་ཆེ་བ་ལགས་ན། ལག་པ་ཡང་སེ་བཀྲུ་རྒྱུ། སྒོ་དང་སྐས་རྫེག་སོགས་ཀྱི་ལག་གཟུང་ཕྱིས་རྒྱུ། སྔ་དགོང་དུ་མགོ་ལུས་ཡོངས་རྫོགས་བཀྲུ་རྒྱུ་ནི་སྣང་མེད་གཏོང་མི་རུང་བ་ཡིན་པས། འདིར་འགོག་ཐབས་ཀྱི་ཐབས་ལམ་འགའ་ཤེས་རིམ་པར་བརྗོད་ན།

༼ ལག་པ་བཀྲུ་ལུགས་དང་དེའི་དགོས་པ། ༽

ཆེད་ལས་པས་བརྗོད་ཡག་ལ་རང་ཉིད་ཀྱིས་ཉུང་མཐའ་སྐར་ཆ་༢༠ རིང་ཆུ་དང་དག་རྫས་ཀྱིས་སོ་སོའི་ལག་པ་བཀྲུས་པ་ཡིན་ན། ནད་དུག་གང་དག་ལག་པར་འགོས་ཡོད་པ་དེ་ཚོ་དག་འགྲོ་བར་བཤད། དེ་ཡང་། ནད་དུག་འདི་ནི་སྤྲི་དཀར་protein རང་བཞིན་ཅན་གྱི་ཕྱི་ལྤགས་ཀྱིས་བཏུམ་ནས་ཡོད་པར་བརྟེན། ཆུ་དང་དག་རྫས་ཀྱིས་དག་པའི་མ་ཚད། བརླན་གཤེར་དང་དག་རྫས་ཀྱི་ནུས་པས་ནད་དུག་གི་ཕྱི་ལྤགས་ཞིག་སྟེ་ནད་དུག་གི་རང་བཞིན་འཐོར་འགྲོ་བ་ཡིན། ཅི་སྟེ་རང་ཉིད་ལག་པ་བཀྲུ་བྱེད་ཀྱི་ཆུ་སོགས་ཀྱི་མཐུན་རྐྱེན་ཉེ་སར་མེད་པའི་དུས། ལག་པ་གཙང་སེལ་བྱེད་རྒྱུའི་དག་རྫས་འདག་འདག་འདྲ་པོ་དབྱིན་སྐར་དུ་Hand Sanitizer ཧེན་ས་ནི་ཀྲའི་ཛར་ཟེར་བ་དེ་རིགས་མཉམ་ཁྱེར་བྱས་ཏེ་བེད་སྤྱོད་བྱས་ན་ཕན་འདོགས་ཆེ། དེ་ཡང་ལག་པ་གཙང་སེལ་ནང་ཨལ་ཀོ་ཧོལ་ alcohol 酒精 (བཟི་རྫས) བརྒྱ་ཆ་62% – 71% ཡོད་དགོས་པར་བཤད་ཀྱི་ཡོད་ལ། མ་ཟད་དེས་ལག་པ་ཕྱིས་པའམ་བཀྲུ་བའི་དུས་སུ་ཕྱོགས་ཚང་མར་ཁྱབ་པ་བྱས་རྗེས་ལག་པ་ཡག་པོར་སྐམ་རུ་འཇུག་དགོས་པ་གལ་ཆེ་པོ་ཡིན། དེའི་སྟེང་རབ་བྱུང་ན་ཤ་གསོས་ཡག་པོ་དེ་འདྲས་ལག་པར་བདག་གཅེས་བྱས་ན། ལག་པ་ཡང་ཡང་བཀྲུས་པ་ལས་ལག་པར་ཟེར་ཁ་བྱུང་སྟེ་དེའི་བར་ནད་དུག་ལྷག་པ་ལས་ཀྱང་སྔོན་འགོག་ཐུབ་པར་བརྗོད་མཁན་ཡང་འདུག

༼ དངོས་རྫས་གཙང་སྦྲ་བྱེད་ལུགས། ༽

ལག་པ་ལས་གཞན་ཁང་པ་དང་གསང་སྤྱོད་ཀྱི་སྒོའི་ལག་གཟུང་གི་མཚོན་པའི་དངོས་རྫས་ཀྱི་རིགས་ལ་གཙང་སྦྲ་བྱ་རྒྱུ་དེ་ཡང་། ཁྱིམ་མི་མང་པོ་ཡོད་སའི་ཁྱིམ་ཚང་ན་དམིགས་བསལ་གྱི་བསལ་བློ་གཏོང་དགོས་སའི་གནས་དོན་ཞིག་ཡིན། དངོས་རྫས་གཙང་མ་བཟོ་ཕྱིར་དག་རྫས་ཀྱི་རིགས་མི་ནོར་བ་ཉོ་རྒྱུ་ཡང་སྔོན་འགྲོ་ཆ་རྐྱེན་ཡིན་པར་སོང་། འདིར་རྫས་རིགས་གང་གིས་ནད་དུག་འདི་རིགས་མེད་པ་བཟོ་གི་ཡོད་པ་རོབ་ཙམ་བརྗོད་པར། (1) བཟི་རྫས་སམ་ཨོལ་ཀོ་ཧོལ་ alcohol 62-71% བར་དང་། (2) 0.5% Hydrogen Peroxide 雙氧水ཧའི་ཌོ་ལྗན་་པེ་རོ་སི་ཌི། (3) 0.1% sodium hypochlorite 次氯酸鈉 སོ་ཌེ་ཡམ་་ཧའི་པོག་ལོ་རའི་ཌེ་འབོད་པའི་རྫས་རིགས་དེ་དག་གི་ནད་དུག་སེལ་ཐུབ་པར་གྲགས། རྫས་རིགས་དེ་དག་ལས་རྫས་རིགས་ཕྱི་མ་གཉིས་པོ་དེ་གསང་སྤྱོད་སོགས་གཙང་མ་བཟོ་ཆེད་ཀྱི་དག་རྫས་མང་པོའི་ནང་ཡོང་གི་ཡོད་ཅིང་། གཟབ་དགོས་པ་ཞིག་ལ་གསང་སྤྱོད་སོགས་བཀྲུ་བྱེད་ཀྱི་དག་རྫས་Bleach 漂白水ཟེར་བར་དུག་རྫས་ཤུགས་ཆེ་ཡོད་སྟབས་བེད་སྤྱོད་བྱེད་དུས་ལག་ཤུབས་གྱོན་རྒྱུ་དང་ཁ་རས་རྒྱག་རྒྱུ་སོགས་ཀྱང་མ་བརྗེད་པ་བྱེད་དགོས། ཆེད་ལས་པས་ཚུའུ་white vinegar 白醋དང་ཨ་རག་vodka ལ་ནད་དུག་འདི་སེལ་བའི་ནུས་མེད་པས། དེའི་རིགས་བེད་སྤྱོད་ཀྱིས་ནད་དུག་འགོག་པར་ཡིད་ཆེས་རྒྱུ་མེད་པར་བཤད་ཀྱི་ཡོད་ལ། ལྷག་པར་ལག་པ་གཙང་བྱེད་ hand sanitizer ཅི་སྟེ་ཚོང་ཁང་ནང་རྫོགས་ཟིན་པ་དང་། རྫུན་མ་ཚོང་མཁན་མང་བ་སོགས་ཀྱི་དཀའ་ངལ་ཡོད་ན། རང་རང་སོ་སོའི་ཁྱིམ་དུ་སྦྱོར་བ་ཚད་ལྡན་བྱས་ནས་བཟོས་ནའང་མི་ཐུབ་པ་གང་ཡང་མེད། འོན་ཀྱང་སྦྱོར་བ་ཚད་ལྡན་མ་བྱུང་ན་ཕན་མེད་དུ་འགྱུར་བའི་ཉེན་ཁ་ཡང་ཡོད་འདུག ཡང་སྨན་པ་མང་པོར་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་བཅུད་སྨན་སི་Vitamin C 維他命C བྱ་བས་ཕན་ནུས་འཐོན་གྱི་ཡོད་མེད་ཀྱི་སྐོར་ལ་དྲི་བ་མང་པོ་འབྱུང་བཞིན་ཡོད་པའི་དེའི་སྐོར་མདོ་ཙམ་གླེང་ན།

༼ བཅུད་སྨན་སི་Vitamin C 維他命Cདང་ལུས་པོའི་བདེ་ཐང་། ༽

རྒྱུན་ལྡན་འཚོ་བའི་འཕྲོད་འགོས་ནད་གང་གིས་མནར་བའི་ཚེ་རྨངས་གཞིའི་སོ་སོའི་ལུས་པོ་བདེ་ཐང་ནི་རྩ་བའི་ཆ་རྐྱེན་ལྟ་བུ་ཞིག་ཏུ་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་ཡིན། དེ་མཚུངས་ད་ལེན་གྱི་ཏོག་དབྱིབས་ནད་རིགས་༡༩ དེ་ཡང་རྨངས་གཞི་ལུས་པོའི་བདེ་ཐང་སྐྱོ་བའི་རིགས་སྤྱི་དང་། ལྷག་པར་གློ་བ་ཐང་པོ་རང་མེད་པའི་རིགས་ལ་དམིགས་བསལ་གྱི་འཚབ་ཆེན་ནད་གཞི་སྐྲུན་ཐུབ་ཀྱི་ཡོད། ནད་རིགས་འདི་ཐོག་ལ་དངོས་སུ་ཕན་འབྲས་བྱུང་སྨན་འདི་ཡིན་ཟེ་གསལ་པོ་མེད་ནའང་། སྨན་པ་གཙོ་བྱས་པའི་འབྲེལ་ཡོད་འཕྲོད་བསྟེན་གྱི་ལས་ཀ་བྱེད་པའི་མི་སྣ་མང་པོས་བཅུད་སྨན་སི་གི་ཐོག་ལ་དོ་སྣང་ཆེན་པོ་ཡོང་གི་ཡོད། ཆེད་ལས་པ་མང་པོས་བཅུད་སྨན་སི་ལ་ནད་དུག་འགོག་གསོད་ཐུབ་པའི་ནུས་པ་ཡོད་པར་མངོན་གསལ་ར་སྤྲད་ཐུབ་པ་ཡོད་པར་ཁས་ལེན་བྱེད་ཀྱི་མེད་ནའང་། བཅུད་སྨན་དེས་མིའི་གཟུགས་པོའི་ནང་ནད་འགོག་གི་ནུས་པའི་ཤུགས་ཚད་སྤར་བའི་རང་བཞིན་ལས་ཕན་འདོགས་ཡོང་སྲིད་པར་བསམ་མཁན་མང་པོ་ཡིན། འོན་ཀྱང་རྒྱ་མིའི་སྨན་པའི་རུ་ཁག་གཅིག་ནས་བཅུད་སྨན་སི་དེ་ཆེད་བསྔགས་ཏོག་དབྱིབས་ནད་དུག་དེའི་སྨན་གྱི་ཁུངས་སུ་བཞག་ཡོད་ཅིང་། ཁོང་ཚོའི་བརྗོད་གསལ་བཅུད་སྨན་སི་གིས་གློ་བ་ལ་གནོད་སྐྱོན་འཕོག་པ་དང་། གློ་བ་གཉན་ཁ་རྒྱས་པ་སོགས་འཇོམས་པའི་ནུས་པ་འཐོན་པར་བཤད། ཆེད་ལས་པ་མང་པོས་མུས་མཐུན་བྱེད་མིན་ལ་མ་ལྟོས་པར་རུ་ཁག་དེས་སྔོན་ཚུན་ནས་བཅུད་སྨན་སི་བཏང་བསྡད་ན་ཅི་སྟེ་ནད་ཕོག་པ་སོགས་འབྱུང་ན་མྱུར་བར་དྲག་བསྐྱེད་ཡོང་བ་དང་། ནད་གཞི་ལྕི་པོ་མི་ཕོག་པའི་ཁྱད་ཆོས་ཡོད་པར་བཤད་འདུག ཅུང་ཟད་གཟབ་དགོས་པ་ཞིག་ལ་བཅུད་སྨན་སི་གཏོང་ཚད་མང་དྲག་ལ་གྲོད་པ་ན་བ་དང་བཤལ་བ། མཁལ་མར་རྡོ་འཆག་པ་སོགས་མ་གཏོགས། གཏོང་ཚད་རྒྱུན་ལྡན་ལྟར་བྱུང་ན་གནོད་སྐྱོན་ཆེན་པོ་གང་མེད་པར་རྩིས་ཀྱི་ཡོད།

༼ ནད་དུག་འགོག་ཐབས་ཀྱི་དོན་བསྡུ། ༽

མདོར་དོན་ཏོག་དབྱིབས་ནད་རིགས་༡༩ འགོག་ཐབས་རྣམས་ཚིགས་བཅད་ཀྱིས་རིམ་པར་འགོད་ན།

དང་པོ་ལག་པའི་གཙང་སྦྲ་ཡིན། ། གཉིས་པ་དངོས་པོའི་གཙང་སྦྲ་ཡིན། ། ཆུ་དང་དག་རྫས་ཡག་དག་པ། ། སྤྱད་ནས་གཙང་སྦྲ་བསྟེན་པར་བྱ། །

གསུམ་པ་མི་དང་འདོམ་གང་སར། ། བཅར་བར་མི་བྱ་རབ་བྱུང་ན། ། ལག་པར་ཤུབ་དང་ཁ་ལ་རས། ། ཡང་དག་ལམ་ནས་གྱོན་པར་བྱ། །

བཞི་པ་ལུས་སེམས་བདེ་བར་ཞོགས། ། ལྔ་པ་མདོང་ལ་རེག་མི་བྱ། ། དྲུག་པ་ཁྱིམ་དུ་སྡོད་པར་བྱ། ། བདུན་པ་གནས་ཚུལ་གསར་ཤེས་གྱིས། །

ཅི་སྟེ་ནད་པར་གཡོག་དགོས་ན། ། དམིགས་བསལ་སློབ་སྦྱོང་ལེན་པར་བྱ། ། ཁ་པར་སྨྱུ་གུ་ཤོག་དངུལ་སོགས། ། ལག་ཏུ་ལེན་ཚེ་གཟབ་པར་བྱ། །

༣ ཏོག་དབྱིབས་ནད་རིགས་༡༩ དེ་ཉེན་འཚབ་ཆེ་ཆུང་དང་། དེའི་ནད་རྟགས་སྐོར། རྩོམ་སྒྲིག

ཏོག་དབྱིབས་ནད་རིགས་གསར་མ་དེའི་སྐོར་ལ་ཞིབ་ཕྲའི་རི་མོ་འཁོད་པའི་གྲུབ་དོན་ད་བར་ཤེས་རྟོགས་བྱུང་མེད་ནའང་། ཐོ་འགོད་བྱུང་བའི་གྲངས་འབོར་དང་རྒྱུད་རིམ་ལ་གཞིགས་ན། ཏོག་དབྱིབས་ནད་དུག་གསར་མ་འདིས་་ནད་རྟགས་ཙམ་ཡང་གསལ་པོ་མི་མངོན་པའི་ནད་གཞི་ཅུང་ཟད་དེ་འདྲ་ནས་འཆི་བའི་སྲོག་ལ་ཐུག་པའི་ནད་གཞི་ལྕི་པོ་དེ་འདྲ་བར་བསྐྲུན་ཐུབ་ཀྱི་ཡོད་ལ། རྒྱ་ནག་གི་ཐོ་ལ་བལྟས་ན་ནད་པ་བརྒྱ་ཆ་༡༦ ཙམ་ལ་ནད་གཞི་ཤིན་ཏུ་ལྕི་པོ་ཕོག་སྲིད་པར་བརྗོད་ཀྱི་ཡོད། ཏོག་དབྱིབས་ནད་རིགས་༡༩ འགོ་ཉེན་ཡོད་པའི་གང་ཟག་ནི་ཕར་ཚུར་བགྲུད་བཞུད་བྱེད་མཁན་དང་། སྨན་ཞབས་སོགས་སྤྱི་བྱིངས་ཀྱི་ནད་པར་འཁྲིས་སུ་བལྟ་སྐྱོང་བྱེད་མཁན། དེ་བཞིན་སྨན་ཁང་དུ་ཡང་ཡང་བསྐྱོད་དགོས་པའི་ནད་པ་སོགས་ཡིན་ལ། ནད་གཞི་འདིས་ཉེན་འཚབ་ཆེན་པོ་བཟོ་ཉེན་ཡོད་པ་ནི། ལོ་ན་འཐོན་པོར་སླེབས་པའི་རིགས་དང་། གཅོང་ནད་ཅན་གྱི་རིགས། དཔེར་ན། སྙིང་ནད། ཅི་ནེ་ནད་པ། གློ་བ་ནད་པ། རེག་དུག་HIVནད་པའི་རིགས། དེའི་སྟེང་ནད་རིགས་འདིས་བུད་མེད་སྦྲུམ་མའི་ཚོར་ཡང་ནད་གཞི་ཉེན་འཚབ་ཆེན་པོ་བཟོ་སྲིད་པར་བཤད། ཏོག་དབྱིབས་ནད་རིགས་འདིས་འཆམ་ནད་དཀྱུས་མ་ལྟར་སྣ་ཁུང་དགག་པ། སྣ་མཆུ་འཛགས་པ། ཚིགས་ན་བ་སོགས་ཀྱི་ནད་རྟགས་འདོན་སྲིད་པ་མ་ཚད། ནད་རྟགས་ཤུགས་དྲག་པ་ཚ་བ་རྒྱས་པ་དང་། གློ་རྒྱག་པ། དབུགས་གཏོང་ལེན་དཀའ་བ་སོགས་ཡང་ཡང་ཡོང་གི་ཡོད། ཡིན་ནའང་། མི་ཁ་ཤས་ལ་ནད་རྟགས་མེད་པ་དང་། ཁ་ཤས་ལ་ནད་རྟགས་ཕྲ་མོ་ལས་མེད་པ་ཡོང་སྟབས། རང་ཉིད་ལ་ནད་རིགས་འདི་ཡོད་མིན་ལ་མ་ལྟོས་པར། རང་ཉིད་བསྡད་སའི་ཉེ་འཁོར་དུ་ནད་རིགས་དེ་རིགས་ཡོད་པའམ། རང་ཉིད་ཕྱི་ནས་ཚུར་ཡོང་མ་ཐག་པ་ཡིན་ན་སྤྱི་ཚོགས་ཀྱི་ནང་མི་འགྲོ་བར་ནང་དུ་བསྡད་རྒྱུ་ཤིན་ཏུ་གལ་ཆེ་བ་ཡིན། ཁོ་བོས་གང་ཐུབ་ཀྱིས་གཞིས་བྱེས་བོད་རིགས་ཀུན་ལ་ཕན་རེས་གསར་འགྱུར་བརྒྱུད་ལམ་དང་། ཨ་རིའི་གཞུང་འབྲེལ་དྲ་བ་སོགས་ནས་བྱུང་བའི་ཤེས་བྱ་བསྡུ་རུབ་ཀྱིས་འདིར་བཀོད་པ་དེ་ལྟར་ཡང་། ད་དུང་གསལ་ཁ་མི་འཐོན་པ་དང་ཆད་ལྷག་ཏུ་སོང་བའི་ཤེས་བྱ་མང་དག་ལུས་ཡོད་པ་ཚོར་ཞིང་། རིང་མིན་ཉིན་རེ་ནས་ཉིན་རེར་གནས་ཚུལ་གསར་པ་འཐོན་རྒྱུ་ངེས་པས་ཀུན་གྱིས་དེའི་ཐོག་དོ་སྣང་ཡོད་པ་གནང་རོགས། གྲོགས་པོ་སྙིང་པ་མི་འཆི་དགའ་ལྡན་པ། ར་ས་ཕོ་ཉས་༢༠༢༠། ༣། ༢༠ བྲིས།

དཔྱད་གཞིའི་ཡིག་ཆེ། རྩོམ་སྒྲིག

“COVID-19: A History of Coronavirus.” Lab Manager. Accessed March 19, 2020. https://www.labmanager.com/lab-health-and-safety/covid-19-a-history-of-coronavirus-22021.

“Transmission of Coronavirus Disease 2019 (COVID-19).” Centers for Disease Control and Prevention. Centers for Disease Control and Prevention, March 4, 2020. https://www.cdc.gov/coronavirus/2019-ncov/prepare/transmission.html.

Gray, Richard. “Covid-19: How Long Does the Coronavirus Last on Surfaces?” BBC Future. BBC, March 17, 2020. https://www.bbc.com/future/article/20200317-covid-19-how-long-does-the-coronavirus-last-on-surfaces.

“COVID-19: What We Know so Far about the 2019 Novel Coronavirus.” n.d. COVID-19: What We Know so Far about the 2019 Novel Coronavirus - UChicago Medicine. Accessed March 20, 2020. https://www.uchicagomedicine.org/forefront/prevention-and-screening-articles/wuhan-coronavirus.

Weisbaum, Herb. 2020. “Many Common Household Cleaning Products Can Kill the Coronavirus If You Use Them Properly.” NBCNews.com. NBCUniversal News Group. March 17, 2020. https://www.nbcnews.com/better/lifestyle/many-common-household-cleaning-products-can-kill-coronavirus-if-you-ncna1160271.

“Why Vitamin C Won't 'Boost' Your Immune System against the Coronavirus.” n.d. LiveScience. Purch. Accessed March 20, 2020. https://www.livescience.com/coronavirus-vitamin-c-myth.html.

Lichtenstein, Karina, and MedicineNet Health News. 2020. “Can Vitamin C Prevent and Treat Coronavirus? - MedicineNet Health News.” MedicineNet. MedicineNet. March 9, 2020. https://www.medicinenet.com/script/main/art.asp?articlekey=228745.

“Situation Summary.” 2020. Centers for Disease Control and Prevention. Centers for Disease Control and Prevention. March 18, 2020. https://www.cdc.gov/coronavirus/2019-ncov/cases-updates/summary.html?CDC_AA_refVal=https://www.cdc.gov/coronavirus/2019-ncov/summary.html.

“If You Are at Higher Risk.” 2020. Centers for Disease Control and Prevention. Centers for Disease Control and Prevention. March 18, 2020. https://www.cdc.gov/coronavirus/2019-ncov/specific-groups/high-risk-complications.html.

Harvard Health Publishing. n.d. “Coronavirus Resource Center.” Harvard Health. Accessed March 20, 2020. https://www.health.harvard.edu/diseases-and-conditions/coronavirus-resource-center.

“Coronavirus Cases:” n.d. Worldometer. Accessed March 21, 2020. https://www.worldometers.info/coronavirus/.

</ref></ref></ref>

  1. ^