ཐུན་མོང་མ་ཡིན་པའི་གཏོར་མ་

༄༅། །༧ཇོ་ནང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་མཛད་པའི་«ཐུན་མོང་མ་ཡིན་པའི་གཏོར་མ་»ཞེས་བྱ་བའི་གཞུང་དང་ས་བཅད་སྦྲགས་མ་བཞུགས་སོ། །

༄༅། །༧ཇོ་ནང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་མཛད་པའི་«ཐུན་མོང་མ་ཡིན་པའི་གཏོར་མ་»ཞེས་བྱ་བའི་གཞུང་བཟང་འདི་ཉིད་འཆད་པ་ལ་གསུམ་སྟེ།

༡༽ཐོག་མར་དགེ་བ་ཀླད་ཀྱི་དོན་དང་།

༢༽བར་དུ་དགེ་བ་གཞུང་གི་དོན་དང་།

༣༽ཐ་མར་དགེ་བ་མཛད་བྱང་སོགས་སྨོས་པའོ། །

དང་པོ་ཐོག་མར་དགེ་བ་ཀླད་ཀྱི་དོན་ལ་གཉིས་ཏེ།

༡༽བསྟན་བཅོས་ཀྱི་མཚན་སྨོས་པ་ནི།

༄༅། །ཐུན་མོང་མ་ཡིན་པའི་གཏོར་མ་བཞུགས།

༢༽མཆོད་པར་བརྗོད་པ་ནི།

ཨོཾ་ཨཱཿཧཱུཾ་ཧོཿ

༣༽མཆོད་འབུལ་ལ་བསྐུལ་བ་ནི།

དཀོན་མཆོག་མཆོད་པ་ལ་རྟག་ཏུ་བརྩོན་པར་བྱའོ། །

གསུམ་པ་བར་དུ་དགེ་བ་གཞུང་གི་དོན་ལ་དྲུག་སྟེ།

དང་པོ་དབུལ་བྱ་མཆོད་རྫས་དག་ཚུལ་བསྟན་པ་ནི།

དེ་ལ་མཆོད་རྫས་ནི་བསད་ཤ་རྣམ་པ་ཐམས་ཅད་དུ་སྤངས་པ། དཀར་གསུམ་མངར་གསུམ་ལ་སོགས་པ་སྡིག་པ་དང་མ་འདྲེས་པ་ཅི་འབྱོར་པ་རྣམས།

གཉིས་པ་ཇི་ལྟར་སྔགས་ཀྱིས་བྱིན་གྱིས་བརླབ་ཚུལ་བསྟན་པ་ནི།

ཨོཾ་ཨཱཿཧཱུཾ་ཧོཿ ཞེས་བདུད་རྩིར་བྱིན་གྱིས་བརླབས་ནས།

གསུམ་པ་ཡུལ་གང་ལ་འབུལ་ཚུལ་བསྟན་པ་ལ་བཅོ་ལྔ་སྟེ།

༡༽བླ་མ་དཀོན་མཆོག་རྣམས་ལ་འབུལ་ཚུལ་ནི།

བླ་མ་དཀོན་མཆོག་ནམ་མཁའ་གང་བར་རྟག་ཏུ་བཞུགས་པ་ཐམས་ཅད་ལ་འབུལ་ལོ། །


༢༽གཟུགས་གཞན་རྣམ་པར་སྣང་མཛད་ལ་འབུལ་ཚུལ་ནི།

གཟུགས་ལ་བཞུགས་པའི་གཟུགས་གཞན་རྣམ་པར་སྣང་མཛད་ལ་འབུལ་ལོ། །

༣༽ཚོར་བ་གཞན་རིན་ཆེན་འབྱུང་ལྡན་ལ་འབུལ་ཚུལ་ནི།

ཚོར་བ་ལ་བཞུགས་པའི་ཚོར་བ་གཞན་རིན་ཆེན་འབྱུང་ལྡན་ལ་འབུལ་ལོ། །

༤༽འདུ་ཤེས་གཞན་འོད་དཔག་མེད་ལ་འབུལ་ཚུལ་ནི།

འདུ་ཤེས་ལ་བཞུགས་པའི་འདུ་ཤེས་གཞན་འོད་དཔག་མེད་ལ་འབུལ་ལོ། །

༥༽འདུ་བྱེད་གཞན་དོན་ཡོད་གྲུབ་པ་ལ་འབུལ་ཚུལ་ནི།

འདུ་བྱེད་ལ་བཞུགས་པའི་འདུ་བྱེད་གཞན་དོན་ཡོད་གྲུབ་པ་ལ་འབུལ་ལོ། །

༦༽རྣམ་ཤེས་གཞན་མི་བསྐྱོད་པ་ལ་འབུལ་ཚུལ་ནི།

རྣམ་ཤེས་ལ་བཞུགས་པའི་རྣམ་ཤེས་གཞན་མི་བསྐྱོད་པ་ལ་འབུལ་ལོ། །

༧༽ཡེ་ཤེས་གཞན་རྡོ་རྗེ་སེམས་དཔལ་ལ་འབུལ་ཚུལ་ནི།

ཡེ་ཤེས་ཀྱི་ཕུང་པོ་ལ་བཞུགས་པའི་ཡེ་ཤེས་གཞན་རྡོ་རྗེ་སེམས་དཔལ་ལ་འབུལ་ལོ། །

༨༽མིག་གཞན་སའི་སྙིང་པོ་ལ་འབུལ་ཚུལ་ནི།

མིག་ལ་བཞུགས་པའི་མིག་གཞན་སའི་སྙིང་པོ་ལ་འབུལ་ལོ། །

༩༽རྣ་བ་གཞན་ཕྱག་ན་རྡོ་རྗེ་ལ་འབུལ་ཚུལ་ནི།

རྣ་བ་ལ་བཞུགས་པའི་རྣ་བ་གཞན་ཕྱག་ན་རྡོ་རྗེ་ལ་འབུལ་ལོ། །

༡༠༽སྣ་གཞན་ནམ་མཁའི་སྙིང་པོ་ལ་འབུལ་ཚུལ་ནི།

སྣ་ལ་བཞུགས་པའི་སྣ་གཞན་ནམ་མཁའི་སྙིང་པོ་ལ་འབུལ་ལོ། །

༡༡༽ལྕེ་གཞན་འཇིག་རྟེན་དབང་ཕྱུག་ལ་འབུལ་ཚུལ་ནི།

ལྕེ་ལ་བཞུགས་པའི་ལྕེ་གཞན་འཇིག་རྟེན་དབང་ཕྱུག་ལ་འབུལ་ལོ། །

༡༢༽ལུས་གཞན་སྒྲིབ་པ་རྣམ་སེལ་ལ་འབུལ་ཚུལ་ནི།

ལུས་ལ་བཞུགས་པའི་ལུས་གཞན་སྒྲིབ་པ་རྣམ་སེལ་ལ་འབུལ་ལོ། །

༡༣༽ཡིད་གཞན་ཀུན་ཏུ་བཟང་པོ་ལ་འབུལ་ཚུལ་ནི།

ཡིད་ལ་བཞུགས་པའི་ཡིད་གཞན་ཀུན་ཏུ་བཟང་པོ་ལ་འབུལ་ལོ། །

༡༤༽གཟུགས་གཞན་གཟུགས་རྡོ་རྗེ་མ་ལ་འབུལ་ཚུལ་ནི།

གཟུགས་ལ་བཞུགས་པའི་གཟུགས་གཞན་གཟུགས་རྡོ་རྗེ་མ་ལ་འབུལ་ལོ། །

༡༥༽སྒྲ་གཞན་སྒྲ་རྡོ་རྗེ་མ་ལ་འབུལ་ཚུལ་ནི།

སྒྲ་ལ་བཞུགས་པའི་སྒྲ་གཞན་སྒྲ་རྡོ་རྗེ་མ་ལ་འབུལ་ལོ། །

༡༦༽དྲི་གཞན་དྲི་རྡོ་རྗེ་མ་ལ་འབུལ་ཚུལ་ནི།

དྲི་ལ་བཞུགས་པའི་དྲི་གཞན་དྲི་རྡོ་རྗེ་མ་ལ་འབུལ་ལོ། །

༡༧༽རོ་གཞན་རོ་རྡོ་རྗེ་མ་ལ་འབུལ་ཚུལ་ནི།

རོ་ལ་བཞུགས་པའི་རོ་གཞན་རོ་རྡོ་རྗེ་མ་ལ་འབུལ་ལོ། །

༡༨༽རོ་གཞན་རོ་རྡོ་རྗེ་མ་ལ་འབུལ་ཚུལ་ནི།

རེག་ལ་བཞུགས་པའི་རེག་གཞན་རེག་རྡོ་རྗེ་ལ་འབུལ་ལོ། །

༡༩༽ཆོས་གཞན་ཆོས་ཁམས་རྡོ་རྗེ་མ་ལ་འབུལ་ཚུལ་ནི།

ཆོས་ལ་བཞུགས་པའི་ཆོས་གཞན་ཆོས་ཁམས་རྡོ་རྗེ་མ་ལ་འབུལ་ལོ། །

༢༠༽དེ་བཞིན་ཆོས་ཉིད་རྣམ་ཤེས་དྲུག་དང༌ཆོས་ཉིད་རེག་པ་དྲུག་དང༌ཆོས་ཉིད་ཚོར་བ་དྲུག་དང༌ཆོས་ཉིད་ཁམས་དྲུག་དང༌ཆོས་ཉིད་རྟེན་འབྲེལ་བཅུ་གཉིས་ལ་སོགས་པ་ཆོས་ཉིད་འོད་གསལ་བའི་ཡེ་ཤེས་ཀྱི་ལྷ་ཚོགས་ཐམས་ཅད་ལ་འབུལ་ཚུལ་ནི།

རྣམ་ཤེས་དྲུག་དང༌། རེག་པ་དྲུག་དང༌། ཚོར་བ་དྲུག་དང༌། ཁམས་དྲུག་དང༌། རྟེན་འབྲེལ་བཅུ་གཉིས་ལ་སོགས་པ་ཆོས་ཐམས་ཅད་ལ་བཞུགས་པའི་ཆོས་ཉིད་འོད་གསལ་རྣམ་པ་ཐམས་ཅད་པ་ཡེ་ཤེས་ཀྱི་ལྷ་ཚོགས་ཐམས་ཅད་ལ་འབུལ་ལོ། །

བཞི་པ་གཏོར་མ་འབུལ་སྐབས་དམིགས་རིམ་ཇི་ལྟར་གསལ་གདབ་ཚུལ་ནི།

སྙམ་དུ་བསམ་ཞིང་ངག་ཏུ་ཡང་བརྗོད་པས། ལྷ་ཐམས་ཅད་ཀྱིས་ལོངས་སྤྱོད་པར་བསམ་ཞིང་མཉེས་པར་གྱུར་ཅིག །ཅེས་ཀྱང་བརྗོད་དོ། །

ལྔ་པ་འདི་ནི་ཐུན་མཚམས་རྣལ་འབྱོར་གྱི་ཡ་གྱལ་ཟས་ཀྱི་རྣལ་འབྱོར་གྱི་ཉམས་ལེན་དུ་བསྟན་པ་ནི།

འདི་ནི་ཁ་ཟས་ཀྱི་རྣལ་འབྱོར་ཟབ་མོ་མདོར་བསྡུས་པའོ། །

དྲུག་པ་སླར་ཡང་མཆོད་ཡུལ་རྒྱས་པར་སྤྲོས་ནས་གསལ་བཏབ་ཚུལ་ནི།

རྒྱས་པར་ན་སྐྲ་ལ་བཞུགས་པའི་སྐྲ་གཞན་དང༌། བ་སྤུ་ལ་བཞུགས་པའི་བ་སྤུ་གཞན་ལ་སོགས་པ་གཞན་རིགས་ཀྱི་དབྱེ་བ་རྒྱས་པར་ཤེས་པ་རྣམས་ཀྱིས་མང་པོ་དཔག་ཏུ་མེད་པ་ཚད་མེད་པ་ཡང་གསལ་བཏབ་ནས་མཆོད་པ་འབུལ་ཞིང༌། འདོད་དོན་གསོལ་བ་ཡང་གདབ་བོ། །སྨོན་ལམ་འདིའང་བཏབ་བོ། །

གསུམ་པ་ཐ་མར་དགེ་བ་མཇུག་གི་དོན་གསུམ་ལ་གཉིས་ཏེ།

༡༽མཛད་བྱང་སྨོས་པ་ནི།

ཁ་ཟས་ཀྱི་རྣལ་འབྱོར་འདི་ནི། རྒྱལ་ཁམས་པས་བཀོད་པའོ།། །།

༢༽སྨོན་ཚིག་བརྗོད་པ་ནི།

མངྒ་ལཾ། བྷ་ཝན་ཏུ།

(མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༤༢༡ སྤར་མ་དང་འཛམ་ཐང་པར་མ་ཡིན།)

ཞེས་པའང་གནས་མཆོག་ཝཱ་རཱ་ཎ་སཱིར་ཁྲ་འགུ་བཛྲ་བིདྱཱ་གཙུག་ལག་སློབ་གཉེར་ཁང་དུ། ཕྱི་ལོ་༢༠༢༠ ཟླ་༩ སྤྱི་ཚེས་༢༦ དང་བོད་ཚེས་༡༠ ཉིན་མོའི་དུས་བཟང་དང་སྟབས་བསྟུན་ཏེ་ཐུན་མཚམས་སུ་གུས་དོལ་པོ་པ་གཞན་སྟོང་འཇིགས་མེད་གུ་ཡངས་ནས། ༧ཇོ་ནང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་མཛད་པའི་«ཐུན་མོང་མ་ཡིན་པའི་གཏོར་མ་»ཞེས་བྱ་བའི་གཞུང་བཟང་འདི་ཉིད་ལ་ས་བཅད་སྟབས་བདེ་ཞིག་ཁ་སྣོན་བགྱིས་པའི་དགེ་རྩའི་མཐུས། རྫོགས་ལྡན་ལུགས་ཀྱི་བདེ་གཤེགས་སྙིང་པོའི་ཆོས་ཚུལ་རྣམས་མ་ནོར་བར་ཇི་བཞིན་ཡོངས་སུ་རྫོགས་པར་བདག་གཞན་ཀུན་གྱིས་རྟོགས་ཤིང་། མཐར་གཞན་སྟོང་ཨེ་ཝཾ་མ་ནིང་གི་གོ་འཕང་ཆེན་པོ་འཐོབ་པར་སྨོན་ནོ།།    །།