དགའ་བ་འཕེལ་གྱི་ཁྱིམ་རྒྱུད་ལོ་རྒྱུས།

བེ་རི་འཇིགས་མེད།

དགའ་བ་འཕེལ་གྱི་ཕ་མེས།

དང་པོ། ཧརྵ་རྒྱལ་རབས་ཀྱི་རྒྱལ་སྲིད་ཐོག་མར་གསར་འཛུགས་གནང་མཁན་ནི།པུཥྱབྷཱུཏི་སྟེ་རྒྱས་པའི་འབྱུང་གནས་ཞེས་པ་དེ་ཡིན།དེ་ནི་ཆོས་ལུགས་དབང་ཕྱུག་པའི་རྗེས་འབྲངས་ཡིན་པ་བཤད།རྒྱལ་རྒྱུད་དེ་ནས་རིམ་པར་བརྒྱུད་པའི་ཁྲོད་ནས་མཚན་སྙན་དབང་ཐང་ཆེ་ཤོས་ནི་པྲབྷཱཀརཝརྡྷན་སྟེ་འོད་ཟེར་འབྱུང་གནས་འཕེལ་ཉིད་ཡིན།དེ་ལ་མི་དམངས་ཚོས་ལྷག་པའི་རྒྱལ་པོ་ཆེན་པོ་ཞེས་པའི་མཚན་གནས་ཕུལ། ས་ཁྱོན་མི་ཆུང་བ་ཞིག་ལ་དབང་བསྒྱུར་བྱས་ཡོད་ཀྱང་དེའི་སྐོར་ལོ་རྒྱུས་ཞིབ་གསལ་འཁོད་པའི་ཡིག་ཆ་རྙེད་སོན་བྱུང་མེད།དེ་ལ་སྲས་གཉིས་དང་སྲས་མོ་གཅིག་བྱུང་བ་ནི་རཱཛྱཝརྡྷན་སྟེ་རྒྱལ་སྲིད་འཕེལ་དང་། ཧརྵཝརྡྷན་སྟེ་དགའ་བ་འཕེལ་གཉིས་དང་། སྲས་མོ་རཱཇཤྲཱི་སྟེ་རྒྱལ་སྲིད་དཔལ་མོ་བཅས་ཡིན།

གཉིས་པ། མེས་པོ་མེ་ཏོག་འཕེལ། འཇིགས་བྱེད་སློབ་དཔོན་གཉིས། མེ་ཏོག་འཕེལ་ཞེས་བྱ་བ་ནི་རྒྱལ་པོ་དགའ་བ་འཕེལ་གྱི་མེས་པོ་དང་པོ་ཡིན། ཆོས་ལུགས་དབང་ཕྱུག་གི་རྗེས་འཇུག་ཡིན། དེར་བརྟེན་ཁོང་གི་དུས་སུ་མི་དམངས་རྣམས་ཀྱང་ཁོང་ལྟར་དབང་ཕྱུག་གི་རྗེས་འཇུག་ཏུ་གྱུར། དེ་བཞིན་འཇིགས་བྱེད་སློབ་དཔོན་ཡང་དབང་ཕྱུག་གི་རྗེས་འཇུག་ཡིན་པས། ནམ་ཞིག་རྒྱལ་པོ་ལྷ་མོའི་ལྷ་ཁང་རྙིང་པའི་བྱང་གི་ཕྱོགས་སུ་ཁ་ཕྱོགས་པའི་སྐབས་དེར་འཇིགས་བྱེད་སློབ་དཔོན་དབང་ཕྱུག་གི་གཟུགས་སུ་དངོས་སུམ་དུ་མཇལ། དེ་ནས་ཁོང་རྣམ་པ་གཉིས་གཅིག་ཕན་ཚུན་གྱི་དགའ་དད་གུས་གསུམ་ལྡན་པའི་ཕན་ཚུན་མཛའ་བཤེས་སུ་གྱུར། འཇིགས་བྱེད་སློབ་དཔོན་གྱིས་སྒྲུབ་པའི་བྱ་བ་མཐའ་དག་ལ་རྒྱལ་པོ་མེ་ཏོག་འཕེལ་གྱིས་རམ་འདེབས་གནང་། དེ་བས་ནམ་ཞིག་ལྷ་མོ་དཔལ་མོ་བརྙེས་ནས་རྒྱལ་པོར་མཆོག་བསྩལ་བའི་སྐབས།རྒྱལ་པོས་འཇིགས་བྱེད་སློབ་དཔོན་གྱི་གྲུབ་པ་བརྙེས་པའི་མཆོག་སློང་། དེ་ལྟ་བུའི་བློས་བཏང་གི་བསམ་པ་ཆེན་པོ་དེ་ལ་ལྷ་མོ་དཔལ་མོ་ཐུགས་ཤིན་ཏུ་བརྙེས་ནས་ཁྱོད་ལ་སྔར་གྱི་རྒྱལ་པོ་དགའ་བའི་ཟླ་བ་ཞེས་བྱ་བ་ལྟ་བུའི་འཁོར་ལོས་བསྒྱུར་བའི་ཁྱིམ་རྒྱུད་འབྱུང་བར་འགྱུར་རོ་ཞེས་ལུང་བསྟན། མདོར་ན་རྒྱལ་པོ་མེ་ཏོག་འཕེལ་གྱི་ཉིན་མཚན་དུས་དྲུག་ཏུ་གཞན་ཕན་གྱི་བསམ་པ་བཟང་པོ་ཁོ་ན་ལྷུར་ལེན་མཁན་ཞིག་ཡིན་པ་འགྲེལ་བརྗོད་གནང་བ་དང་། འཇིགས་བྱེད་སློབ་དཔོན་ཀྱང་གྲུབ་པ་བརྙེས་པའི་དབང་ཕྱུག་གི་རྗེས་འཇུག་ཡིན་པ་བསྟན་ཡོད། གསུམ་པ། འོད་ཟེར་འབྱུང་གནས་འཕེལ་དང་གྲགས་ལྡན་མ། རྒྱལ་པོ་མེ་ཏོག་འཕེལ་གྱི་རྒྱུད་པའི་ཁྲོད་ནས་རྒྱལ་པོ་འོད་ཟེར་འབྱུང་གནས་འཕེལ་ཞེས་བྱ་བ་དེ་ནི་སྙིང་སྟོབས་ཆེན་པོ་ཞིང་། ཁོང་གི་དུས་སུ་སི་ནྡྷ། དྲི་ཟའི་གནས། གུ་རྫ་ར། ལཱ་ཊ་དང་། མཱ་ལ་བ་ལ་སོགས་ལ་དབང་བསྒྱུར་བྱས། སྔར་དབང་ཕྱུག་གི་གནས་ཞེས་བྱ་བའི་གྲོང་དེ་ཕྱིས་སུ་རྒྱ་སྐྱེད་བཏང་ནས་བདག་ཉིད་ཆེན་པོའི་རྒྱལ་པོ་ཞེས་བྱ་བའི་སྒོ་བྱང་དང་།དབུ་རྨོགས་ཐོགས། རྒྱལ་པོ་འོད་ཟེར་འབྱུང་གནས་འཕེལ་ཞེས་བྱ་བ་དེ་ཇི་ཙམ་གྱིས་དབང་ཐང་བཙན་པ་དེ་ཙམ་གྱིས་སྙིང་རྗེའི་རང་གཟུགས་ཅན་ཞིག་ཡིན། ཁོང་གིས་མཱ་ལ་བཱ་ཡི་རྒྱལ་པོ་བཅོམ་པའི་རྗེས།རྒྱལ་པོ་དེའི་གཞོན་ནུ་རྣམས་ལ་གནོད་འཚེ་བསམ་པ་ཙམ་ཡང་བཅངས་མེད། ཁོང་གི་བཙུན་མོའི་མཚན་ལ་གྲགས་ལྡན་མ་ཞེས་བྱ། དགའ་བའི་སྤྱོད་པ་ཞེས་བྱ་བའི་རྟོགས་བརྗོད་འདིའི་ནང་དུ་ཆུང་མའི་རྣམ་འགྱུར་གཤའ་མ་དེ་གྲགས་ལྡན་མའི་ངོ་ཐོག་ནས་ར་སྤྲོད་གནང་ཡོད། གྲགས་ལྡན་མ་ལས་རྒྱལ་པོ་དགའ་བ་འཕེལ་དང་རྒྱལ་སྲིད་འཕེལ། རྒྱལ་སྲིད་དཔལ་མོ་བཅས་མིང་སྲིང་གསུམ་བཙས། རྒྱལ་པོ་འོད་ཟེར་འབྱུང་གནས་འཕེལ་གྱིས་རང་གི་བུ་མོ་རྒྱལ་སྲིད་དཔལ་མོ་མཽ་ཁ་རིའི་རིགས་ལས་ཆད་པ་མཛེས་པའི་གོ་ཆ་ཞེས་བྱ་བའི་བུ་རྒན་པ་གཟའ་ཡི་གོ་ཆའི་ཆུང་མར་བྱིན། དེ་ནས་རྒྱལ་པོས་རང་གི་བུ་རྒན་པ་རྒྱལ་སྲིད་འཕེལ་ཧཱུཎའི་དམག་ལ་རྫངས། རྒྱལ་པོ་དགའ་བ་འཕེལ་ཡང་མཉམ་དུ་ཕྱིན། འོན་ཀྱང་རྒྱལ་པོ་དགའ་བ་འཕེལ་རྔོན་ལ་དགའ་བས་ཧི་མ་ལ་ཡའི་འདབས་སུ་རྔོན་བྱས་ནས་བཞུགས། དེའི་ཚེ་རྒྱལ་པོ་འོད་ཟེར་འབྱུང་གནས་འཕེལ་མྱ་ངན་ལས་འདའ་བ་དང་ཉེ་བས།ཁོང་གི་ཆུང་མ་གྲགས་ལྡན་མ་སེམས་སྡུག་ཆེན་པོས་རང་གི་མཛའ་བོ་མ་གཤེགས་པའི་སྔོན་དུ་ལྕེབས། དེ་ནི་རྒྱ་གར་གྱི་སྲོལ་རྒྱུན་དུ་ཆུང་མའི་བྱ་སྤྱོད་རླབས་ཆེན་པོ་ཞིག་ལ་ངོས་འཛིན་བྱེད། དེ་ནས་མཐར་(སྤྱི་ལོ 605) རྒྱལ་པོ་མྱ་ངན་འདས། བཞི་པ། རྒྱལ་སྲིད་འཕེལ། དགའ་བའི་སྤྱོད་པའི་ནང་དུ་རྒྱལ་སྲིད་འཕེལ་ནི་ཡབ་ཡུམ་གྱི་བཀའ་ལ་བརྩི་པ། ཕུ་ནུའི་མཛའ་གཤེས་ལ་བརྩེ་བ་ཟབ་པ། གཡུལ་སར་ལ་དཔའ་མཛངས་ལྡན་པའི་ཕོ་རབ་ཅིག་ཡིན་པ་ངོ་སྤྲོད་གནང་ཡོད། རྒྱལ་སྲིད་འཕེལ་ཁོང་གི་ཡབ་ཀྱི་བཀའ་བཞིན་ཧཱུ་ཎའི་བཙན་འཛུལ་ལ་ཕར་རྒོལ་བྱེད་པའི་དམག་སར་ཕྱིན་པ་དང་། གཅུང་པོ་དགའ་བ་འཕེལ་ཡང་མཉམ་དུ་ཡོད་ཀྱང་ཁོང་ཧི་མ་ལ་ཡའི་འདབས་སུ་རྔོན་བྱས་ནས་མཐར་ཕྱིར་ཕོ་བྲང་དུ་ལོག སྐབས་དེར་རྒྱལ་པོ་འོད་ཟེར་འབྱུང་གནས་འཕེལ་བསྙུན་གཞི་ལྕི་མོས་ཟིན། དེ་དོན་དགའ་བ་འཕེལ་གྱིས་རང་གི་ཕུ་བོ་རྒྱལ་སྲིད་འཕེལ་ལ་ཕོ་ཉ་མངགས་ནས་རིམ་གྱིས་ཕྱིར་ལོག། འོན་ཀྱང་དགའ་བ་འཕེལ་གྱི་བློ་ངོར་རང་ཉིད་ཀྱི་ཕུ་བོས་ཡབ་རྒྱལ་པོ་མྱ་ངན་ལས་འདས་པ་ཤེས་ན།སངས་རྒྱས་བཅོམ་ལྡན་འདས་ལྟར་ངེས་པར་འབྱུང་ནས་དབེན་གནས་སུ་གཤེགས་ན་ཇི་ལྟར་བྱ་སྙམ་པ་ལ་སོགས་པའི་བློ་དྭོགས་འདྲ་མི་འདྲ་དུ་མ་བྱུང་ཚུལ་སོགས་ཀྱིས། ཕུ་ནུའི་མཛའ་བཤེས་ཟབ་མོ་ཡོད་པ་མཚོན་ནུས་པ་དང་། ད་དུང་དོགས་པ་དེའི་ཐོག་ནས་རྒྱལ་སྲིད་འཕེལ་ཉིད་ཀྱང་དང་པོ་ཉིད་ནས་སངས་རྒྱས་ལ་དད་པ་དང་དང་བ་གཙང་མ་ཡོད་པ་དེ་ཡང་མཚོན་ཐུབ་པ་ཡིན། དེ་སྔའི་དཔེ་རྙིང་ཞིག་གི་ནང་དུ་རྒྱལ་སྲིད་འཕེལ་དེ་སྐྱེས་བུ་དམ་པ་ཞིག་ཡིན་པར་བཤད་མོད། འོན་ཀྱང་དངོས་སུ་རྒྱལ་སྲིད་འཕེལ་དེ་གཡུལ་ས་ནས་ཕྱིར་འཁོར་བ་དང་རང་གི་ནུ་བོ་དགའ་བ་འཕེལ་ལ་ད་ནི་རྒྱལ་སྲིད་ཀྱི་བྱ་བ་ཁྱོད་ཀྱིས་བཟུང་།བདག་ནི་ད་ནས་བཟུང་ལུས་ལ་གོ་ཆ་མི་ཐོགས་གོ་ཞེས་སྨྲས་ནས་མཚོན་ཆ་དོར། དེའི་ཚེ་སླར་ཡང་ཕོ་ཉ་ཞིག་བྱུང་ནས་ཡབ་རྒྱལ་པོ་དངོས་སུ་མྱ་ངན་ལས་འདས་ཚུལ་དང་། མཱ་ལ་བའི་རྒྱལ་པོ་མ་རུངས་པ་དེས་གཟའ་ཡི་གོ་ཆ་བཅོམ་སྟེ་རྒྱལ་སྲིད་དཔལ་མོ་ཡང་རྒྱལ་ས་ཀཱ་ནྱ་ཀུ་བྫའི་བཙོན་དུ་བཟུང་ཞེས་སྙན་དུ་གསོལ། དེ་ཐོས་པས་རྒྱལ་སྲིད་འཕེལ་ཤིན་ཏུ་ཁྲོས་ཏེ་རང་གི་ནུ་བོ་དགའ་བ་འཕེལ་ལ་ཁྱོད་ཀྱིས་ཁྲི་བཟུང་།བདག་གིས་མཱ་ལ་བའི་རྒྱལ་པོའི་རིགས་དང་བཅས་པ་བཅོམ་ནས་ཕྱིར་ལོག་པར་བྱའོ༎ ཞེས་གསུངས།དེ་ལ་ནུ་བོ་དགའ་བ་འཕེལ་གྱིས་བདག་ཀྱང་ཕུ་བོ་དང་མཉམ་དུ་གཡུལ་སར་འཁྲིད་པར་བྱ་ཞེས་ཞུ་བ་ཕུལ། འོན་ཀྱང་རྒྱལ་སྲིད་འཕེལ་གྱིས་ནུ་བོ་ལ།ཁྱོད་ནི་ཕོ་བྲང་ན་བཞུགས་ཤིག།བདག་ངེས་པར་དུ་དགྲ་བོ་ཡོངས་སུ་བཅོམ་ནས་དུས་ཀྱི་རྭ་བ་ལ་མི་འདའ་བར་ཕྱིར་འཁོར་ངེས་ཡིན་ཞེས་གསུངས་གཡུལ་ས་ལ་ཆས་སོ༎ རྒྱལ་སྲིད་འཕེལ་གཡུལ་ལས་རྒྱལ་ཡང་མཱ་ལ་བའི་བློན་པོ་ཞིག་གིས་བསླུ་བྲིད་ཀྱིས་སྲོག་འཕྲོགས་སོ༎ རྒྱལ་པོ་དགའ་བ་འཕེལ་རང་ཉིད་ཀྱི་ཕུ་བོ་ལ་ཡིད་ཆེས་དང་དད་པ་ཧ་ཅང་ཆེ་བས།ཁོང་གཡུལ་སར་འདས་པ་ཐོས་མ་ཐག་རྒྱལ་སྲིད་ཀྱི་ཁྲི་ལ་ཆགས་སེམས་མེད་པར་གང་མགྱོག་ཅི་མགྱོག་གིས་བློན་པོ་མ་རུངས་པ་དེའི་སྲོག་ལ་རྒོལ་ཐུབ་ན་བདག་རང་ཉིད་འཆི་བའི་འཇིག་པ་ལ་ནམ་ཡང་མི་ཞུམ་ཟེར། དེ་ལྟར་དགའ་བའི་སྤྱོད་པའི་ནང་དུ་རྒྱལ་སྲིད་འཕེལ་བློ་དྲི་མས་མ་འབག་པ་མཛའ་བརྩེ་ལྡན་པ་ཞིག་ཡིན་པའི་ངོ་སྤྲོད་གསལ་པོ་གནང་ཡོད། ལྔ་པ། དགའ་བ་འཕེལ། སྔར་དགའ་བ་འཕེལ་གྱི་མེས་པོ་དང་པོ་མེ་ཏོག་འཕེལ་གྱི་སྤྱོད་པ་བཤད་པའི་སྐབས་སུ་དཔལ་མོས་ཁྱོད་ཀྱི་བརྒྱུད་པ་ལ་དགའ་བའི་ཟླ་བ་ལྟ་བུ་འཁོར་ལོས་བསྒྱུར་བ་རྒྱལ་པོ་ཞིག་བྱུང་བ་འགྱུར་རོ་ཞེས་ལུང་གིས་ཟིན་པ་ལྟར་དགའ་བ་འཕེལ་ནི་སྔར་ནས་ལུང་གིས་ཟིན་པའི་རྒྱལ་པོ་ཞིག་ཡིན་པ་ར་སྤྲོད་ཐུབ། དཔེར་ན་སློབ་དཔོན་བཱ་ཎ་བྷ་ཊྚ་ཡིས་ཡུམ་གྲགས་ལྡན་མའི་ལྷུམས་སུ་བཞུགས་པའི་གནས་སྐབས་སུ་གྲགས་ལྡན་མའི་བློ་ལ་ཆུ་བོ་ཆེན་པོ་བཞི་གཅིག་ཏུ་བསྡུས་པའི་ཆུས་འཁྲུས་ཤིག་བྱ་རྒྱུ་བྱུང་ན་ཅི་མ་རུང་། དེ་བས་དེའི་འཇུག་ངོགས་ན་འཆམ་རྒྱུ་བྱུང་ན་ཅི་མ་རུང་ལ་སོགས་པའི་སྣང་བ་ངོ་མཚར་ཅན་སྣ་ཚོགས་བྱུང་བ་དང་། ད་དུང་དགའ་བ་འཕེལ་མ་བཙའ་བའི་གོང་ནས་བྲམ་ཟེའི་རྩིས་མཁན་ཞིག་གིས་ལུང་བསྟན་པ་ལ་སོགས་པ་འགྲེལ་བརྗོད་གནང་ཡོད། དགའ་བ་འཕེལ་དེ་ཆུང་བྱིས་པའི་དུས་ནས་བློ་སྟོབས་ཆེ་བ་གཡུལ་གྱི་བྱ་བ་ལ་དགའ་བ་ལ་སོགས་པའི་མཐོང་སྣང་བྱུང་བ། རྒྱལ་པོ་འོད་ཟེར་འབྱུང་གནས་འཕེལ་གྱིས་རང་ཉིད་ཀྱི་ཕུ་བོ་ཧཱུ་ཎའི་དམག་ཏུ་བརྫངས་པ་ལ་དགའ་བ་འཕེལ་གྱིས་རང་ཉིད་ཀྱང་མཉམ་འགྲོ་བའི་གསོལ་བ་འདེབས་པས་རྒྱལ་པོས་བཀའ་ཐོབ། དེའི་སྐབས་སུ་དགའ་བ་འཕེལ་ནི་བྱིས་པ་ལོ་༡༤ནས་༡༥བར་མཚམས་ཤིག་ཡིན། རང་ཉིད་ཆུང་ངུའི་དུས་ནས་གཡུལ་ལ་དགའ་བ་དང་། དཔའ་སྟོབས་ཆེ་བའི་རང་གཤིས་ཀྱིས་ཕུ་བོའི་མཉམ་དུ་ཆས་པ་ཡིན། འོན་ཀྱང་ཡབ་བསྙུན་གཞི་བཞེས་པ་ནས་བཟུང་དགའ་བ་འཕེལ་དེ་བྱིས་པའི་སྤྱོད་པ་དོར་བའི་དམིགས་བསལ་གྱི་རྣམ་འགྱུར་ཞིག་གསལ་བཤད་བྱས་ཡོད། སྤྱིར་རང་ཉིད་བྱིས་རྩེད་ཀྱི་སྣང་བ་ཞིག་འཁུར་ནས་ཧི་མ་ལ་ཡའི་འདབས་ནས་རྔོན་རྒྱབ་ནས་སྡོད་པའི་སྐབས་ཡབ་སྙུན་གཞི་བཞེས་པ་ཐོས་པ་དང་འཕྲལ་དུ་རྒྱལ་ཁང་ལ་ལོག་པ་དང་། ལམ་བར་དུ་ཡབ་དང་དེ་མ་ཉིད་དུ་འཕྲད་རྒྱུའི་སྨོན་ལམ་དང་རེ་འདུན་འབའ་ཞིག་ལས་གཞན་གྱི་བསམ་པ་ཙམ་ཡང་མེད་པའི་འགྲེལ་བརྗོད་དེ་ནས་ཕ་མ་དང་བུ་ཕྲུག་གི་མཛའ་བརྩེ་རྣམ་འགྱུར་གསལ་བཤད་བྱས་ཡོད། དགའ་བ་འཕེལ་ཕོ་བྲང་ལ་འབྱོར་བ་དང་འཕྲལ་དུ་སུ་ཥེ་ཎ་ཞེས་བྱ་བའི་སྨན་རྗེའི་དྲུང་ནས་ཡབ་ཀྱི་བསྙུན་གཞི་ཇི་ལྟར་ཡིན་ཞེས་དྲིས་པ་དང་། དེ་ལ་སུ་ཥེ་ཎ་གྱིས་སྙན་པོའི་གསལ་བཤད་བྱས་ཏེ་དགའ་བ་འཕེལ་ཡབ་ཀྱི་དྲུང་དུ་སོང་། ཁོང་གིས་ཡབ་ཀྱི་གནས་སྟངས་ཞན་པོ་ཡོད་པ་མཇལ། ཡབ་ཀྱིས་དགའ་བ་འཕེལ་མཐོང་བ་དང་། ཀྱཻ་བུ། ཁྱོད་སྐུ་རིད་པ་མ་ཡིན་ནམ་ཞེས་དྲིས་པར་བླུན་པོས་དགའ་བ་འཕེལ་ཉིན་གསུམ་ཟ་འཐུང་གི་ཁོམ་པ་མ་བྱུང་བར་རྒྱལ་ཁང་དུ་ཕྱིར་ལོག་གོ་ཞེས་གསོལ་བས་ཡབ་མགྲིན་པ་བསྣག་བཞིན་ནམ་ཁྱོད་ཟ་མ་བཟས་བ་དུས་དེའི་ཚེ་བདག་ཀྱང་ནད་གསོ་བའི་སྨན་སྤྱད་པར་མི་བྱའོ་ཞེས་སྨྲས། དེ་ནི་ཕས་བུ་ལ་བརྩེ་བའི་གསལ་བཤད་ཞིག་ཡིན་ཟེར། ཕ་བཟང་གྱི་བུ་བཟང་ནི་འདི་ལྟ་བུའི་དཔེར་འོས་པ་ཞིག་ཡིན་ཟེར། མ་ཟད་སྨན་དཔྱད་པ་ར་སཱ་ཡ་ན་ཞེས་བྱ་བ་དེས་རྒྱལ་པོ་བསྙུན་གཞི་ལྕི་མོས་ཟིན་པར་མ་བཟོད་ནས་རང་ཉིད་མེའི་ནང་ལྕིབས་སོ༎ ད་དུང་སློབ་དཔོན་བཱ་ཎ་བྷ་ཊྚ་ཡིས་དགའ་བ་འཕེལ་གྱི་ཡོན་ཏན་ཐོག་མར་བཤད་ཟིན་པ་ལྟར་ཡུམ་གྲགས་ལྡན་མ་མེ་ལ་ལྕེབས་ལ་སོགས་པའི་མྱ་ངན་གྱི་རྣམ་འགྱུར་ཇི་ལྟར་ཡིན་པ་དེ་ཁོང་ཙམ་མ་ཡིན་པར་གྲོང་བློན་འབངས་རིགས་དང་འཚོ་ཐབས་ཀྱི་རིས་སུ་མ་འཆིས་པ་ཀུན་གྱིས་དགའ་བ་འཕེལ་གྱི་མྱ་ངན་ལ་བལྟས་ནས།ཤིན་ཏུ་སྡུག་བསྔལ་བར་གྱུར་པའི་སྐོར་གྱི་འགྲེལ་བརྗོད་གཟབ་མོ་གནང་ཡོད། དེ་བས་རང་གི་ཕུ་བོ་དམག་ལ་བཞུགས་པ་ཁོང་གི་འཕྲིན་སྤྲིངས་པའི་རྗེས།ཕྱིར་མ་འཁོར་བའི་བར་གྱི་དུས་མཚམས་དེའི་ནང་དགའ་བ་འཕེལ་གྱི་བློ་ངོར་ཕུ་བོ་སངས་རྒྱས་ཀྱི་སྤྱོད་པ་ལྟར་དབེན་པའི་ནགས་ཁྲོད་དུ་གཤེགས་པ་མ་ཡིན་ནམ་ལ་སོགས་པའི་རྟོག་འཆར་འདྲ་མི་འདྲ་བ་བྱུང་བ་ཡང་།ཕུ་ནུའི་འདུ་ཤེས་ཟབ་པ་ཡོད་པ་མཚོན་ཐུབ་པར་བྱས་ཡོད་ཟེར། སློབ་དཔོན་གྱི་དགའ་བའི་སྤྱོད་པའི་ནང་དུ་དེ་ལྟ་བུའི་ཕ་མ་ཕུ་ནུ་ལ་སོགས་ཀུན་ལ་གུས་བརྩེ་ཆེ་བའི་བཟང་སྤྱོད་ཞིག་གི་སྒོ་ནས་དགའ་བ་འཕེལ་དེ་འགྲེལ་བརྗོད་གནང་ཐབས་གནང་་ཡོད་དོ༎ དེ་ལྟར་སྔར་དགའ་བའི་འཕེལ་གྱི་རང་ཉིད་ཀྱི་ཕུ་བོ་ལ་བསམ་ཚུལ་ཇི་ལྟར་བཟུང་བ་དེ་བཞིན་དུ་ཕུ་བོ་དམག་ནས་ཕྱིར་ཡབ་ཀྱི་གམ་དུ་འཁོར་བ་དང་། རང་ཉིད་ཀྱི་བྲོ་བོར་ནས་རྒྱལ་གཞེས་ཀྱང་དགའ་བ་འཕེལ་ལ་བཏད། འོན་ཀྱང་མཐར་ཁྱིམ་གྱི་གོ་ཆ་བཀུམ་པ་དང་།རྒྱལ་སྲིད་དཔལ་མོ་དགྲ་བོས་བཟུང་བ་ཤེས་ནས་ནུ་བོ་ལ་རང་ཉིད་དམག་ཏུ་འགྲོ་བའི་བགྲོས་གླེང་། ནུ་བོ་དགའ་བ་འཕེལ་གྱིས་ཀྱང་མཉམ་དུ་འགྲོ་རྒྱུ་ཞུ་བ་འབུལ་ཀྱང་རྒྱལ་སྲིད་འཕེལ་གྱིས་ཁྱོད་མི་དགོས་པར་བདག་གིས་དགྲ་ཐམས་ཅད་བཅོམ་ཏེ་ནུ་མོ་ཕྱིར་འཁྲིད་ཡོང་བའི་དམ་བཅའ་བྱས། ངལ་བ་སྤུ་ཙམ་མེད་བཞིན་དུ་དགྲ་རྣམས་ཀུན་བཅོམ་ན་ཡང་ཕ་རོལ་གྱི་བླུན་པོའི་བསླུ་བྲིད་འོག་ཏུ་རྒྱལ་སྲིད་འཕེལ་གྱི་སྲོག་ཤོར། དེ་དགའ་བ་འཕེལ་གྱིས་ཤེས་པ་དང་། འཕྲལ་དུ་དམག་ཏུ་ཆས། ལམ་བར་དུ་སངས་རྒྱས་ཀྱི་དགེ་འདུན་ཞིག་དང་གཞལ་མཇལ་ནས་དགེ་འདུན་དེའི་སློབ་མས་རྒྱལ་སྲིད་དཔལ་མོ་ག་ལ་བའི་གནས་ཚུལ་རྣམས་ཞུས། དགའ་བ་འཕེལ་འཕྲལ་དུ་དེ་གར་ཕེབས་ནས་རྒྱལ་སྲིད་དཔལ་མོ་ཕྱིར་ཕོ་བྲང་དུ་འཁྲིད་ཡོང་། དེ་ལྟར་སློབ་དཔོན་བཱ་ཎ་བྷ་ཊྚ་མཆོག་ནས་རྒྱལ་པོ་དགའ་བ་འཕེལ་གྱི་སྤྱོད་པ་ཀུན་ལ་ལེགས་པར་རྟགས་ནས་ཐོག་མ་ཉིད་ནས་འཇིགས་པ་བྲལ་བ། བློ་སྟོབས་ཆེ་བ། རང་གི་ལས་ལ་བརྩོན་པ། ཀུན་ལ་བྱམས་བརྩེ་ལྡན་པ་ཞིག་ཡིན་པའི་ར་སྤྲོད་གསལ་པོ་གནང་ཡོད། སློབ་དཔོན་བཱ་ཎ་ནས་དགའ་བའི་སྤྱོད་པ་ཞེས་མཛད་པ་དེས་སྤྱི་ཚོགས་ཀྱི་ཁྲོད་དགའ་བ་འཕེལ་སྣང་བརྙན་བཟང་པོ་ཞིག་སྐྲུན་པ་ཡིན་ཟེར་དེ་ནི་ནོངས་ལས་མ་འདས། ཇི་ལྟར་ཞེ་ན་རྒྱ་གར་གྱི་ལོ་རྒྱུས་ཁྲོད་ན་རྒྱལ་པོ་དགའ་བ་འཕེལ་ནི་རྒྱ་གར་གཞན་དག་དང་མི་འདྲ་བ་ལྷན་སྐྱེས་ཀྱིས་དུས་རྟག་ཏུ་ཆོས་ལུགས་དང་གྲུབ་མཐའ་ལ་སོགས་པ་རྣམ་པ་ཐམས་ཅད་ལ་ཕྱོགས་འཛིན་གྱི་བསམ་པ་དང་འབྲལ་བ། ཀུན་ལ་བུ་གཅིག་ལྟར་བྱམས་པ་ཞིག་ཡིན། དེ་མིན་སློབ་དཔོན་བཱ་ཎས་རང་དགའ་ཕྱོགས་འཛིན་གྱིས་འཁྱོག་བཤད་དེ་འདྲ་ཡང་མཛད་མི་སྲིད། དགའ་བ་འཕེལ་ལ་བསྟོད་པ་དེ་ལྟར་མཛད་པ་དེ་ཡང་རང་བཞིན་ཡིན། དགའ་བ་འཕེལ་གྱི་སྤྱོད་པ་ཞེས་བྱ་བའི་གཞུང་དེའི་ཐོག་མ་ཉིད་ནས་ཁོང་གི་སྤྱོད་པའི་ངོ་སྤྲོད་ཇི་ལྟར་གནང་བ་དེ་ནས་མཚོན་ཐུབ། སློབ་དཔོན་བཱ་ཎས་དགའ་བ་འཕེལ་གྱི་ངོ་སྤྲོད་གནང་སྟངས་ཀྱི་སྒྲོམ་གཞི་དེ་རྒྱུད་ནས་དགའ་བ་འཕེལ་གྱི་རང་བཞིན་ཡོད་དོ་ཅོག་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་པ་ཊའི་རི་མོ་ལྟར་གསལ་པོ་ཆགས་ཡོད། དྲུག་པ། རྒྱལ་སྲིད་དཔལ་མོ། ཁོ་མོ་ནི་རྒྱལ་པོ་དགའ་བ་འཕེལ་གྱི་ནུ་མོ་ཡིན། ཁོ་མོ་ཆུང་བྱིས་པའི་དུས་ནས་ཟློས་གར་ལ་སོགས་པའི་སྒྱུ་རྩལ་ལ་བྱང་ཆུབ་པ་ཞིག་དང་། འོད་ཟེར་འབྱུང་གནས་འཕེལ་གྱིས་གཟའ་ཡི་གོ་ཆའི་ཆུང་མར་སྟེར། རྒྱལ་པོ་འོད་ཟེར་འབྱུང་གནས་དགོངས་པ་རྫོགས་པ་དང་། ཁོ་མོར་ཡང་བྱོས་ཉེས་ནང་ལྷུང་ནས་དགྲས་བཙོན་དུ་བཟུང་། མཱ་ལ་བའི་རྒྱལ་པོ་གཟའ་ཡི་གོ་ཆ་བཀུམ་ནས་རྒྱལ་སྲིད་དཔལ་མོ་ཀཱ་ནྱ་ཀུ་བྫ་ཞེས་བྱའི་བཙུན་ཏུ་བཅུག འོན་ཀྱང་ཁོ་མོ་དེ་ནས་ཐར་སྟེ་བི་ནྡྷྱཱ་ཅ་ལ་ཞེས་བྱ་བའི་ནགས་ཚལ་དུ་ཕྱིན་ནས་མེར་ལྕེབས་པར་བརྩམ་པའི་སྐབས་སུ་རྒྱལ་པོ་དགའ་བ་འཕེལ་དེ་གར་འབྱོར། རང་ཉིད་ཀྱི་ཕུ་བོའི་དང་འཕྲད་པས་སྨྲེ་ངག་འདོན་བཞིན་རང་ཉིད་ཀྱི་སྐྱོ་བའི་གནས་ཚུལ་དག་ཞུས། རྒྱལ་པོ་དགའ་བ་འཕེལ་གྱིས་མཆི་བ་ལྷུང་བཞིན་བློ་སྟོབས་སྐྱེས་ནས་རང་ཉིད་ཀྱི་བསམ་པ་བཟུང་ཞིག་ཞེས་སྨྲས། སྤྱིར་དེའི་དུས་སུ་རྒྱལ་སྲིད་དཔལ་མོ་དེ་ཤིན་ཏུ་མྱ་ངན་གྱི་གནས་སུ་འགྱར་བ་སྐབས་ཤིག་དང་དེ་བས་འཆི་ལ་ཁད་པའི་སྐབས་ན་རྒྱལ་པོ་དགའ་བ་འཕེལ་གྱི་སྲོག་ལས་ཐར་བ་བྱས་མོད། འོན་ཀྱང་ཁོ་མོ་བཙོན་ལས་ཕྱིར་བྲོས་པའི་རྒྱུ་མཚན་གཙོ་བོ་དེ་རང་ཉིད་ཀྱི་ཚེ་ལས་འདས་པའི་ཁྱོ་བོའི་ཆ་ལ་བུད་མེད་ཞིག་གི་སྤྱོད་པ་བཟུང་ནས་མེ་ལ་ལྕེབས་པའི་སླད་དུ་ཡིན། འདི་ནི་རྒྱ་གར་གྱི་ད་བར་བུད་མེད་ཚུལ་བཟང་པོ་ཅག་གིས་རྒྱུན་འཛིན་བྱས་པའི་རིག་གཞུང་ཆེན་པོ་ཞིག་དང་། དེ་ཡང་རྒྱལ་སྲིད་དཔལ་མོས་དེ་ལྟ་བུའི་རིག་གཞུང་འདི་ལ་སྲུང་སྐྱོབས་དང་གུས་བརྩི་ཞུས་པའི་རྣམ་འགྱུར་གསལ་པོ་ཞིག་ཀྱང་ཡིན་ཟེར། མཐར་ནང་པའི་དགེ་སློང་ཉིན་བྱེད་བཤེས་གཉེན་དང་འཕྲད་པས་རྒྱལ་སྲིད་དཔལ་མོ་དགའ་བ་འཕེལ་ལ་རང་ཉིད་ཀྱི་ཁོང་གི་དྲུང་དུ་སྡོད་ཆོག་པའི་ཞུ་བ་ཕུལ། བུད་མེད་ཡུག་ཟ་མ་ཞིག་ལ་མཚོན་ན་རང་ཉིད་ཀྱི་སྤྱོད་པ་གཙང་མ་སྲུང་བའི་ལས་ལྷག་པའི་འགན་འཁྲི་གཞན་གང་མེད་ཟེར། འོན་ཀྱང་དགའ་བ་འཕེལ་གྱིས་སྔ་ས་ནས་རང་ཉིད་ཀྱི་ཕུ་བོའི་དགྲ་ལན་སློག་རྒྱུའི་དམ་བཅའ་ཕུལ་ཟིན་པས་དགེ་སློང་ཉིན་བྱེད་བཤེས་གཉེན་ལ་ཇི་ལྟར་དགྲ་ལས་རྣམ་པར་རྒྱལ་བའི་དུས་དེ་ཉིད་དུ་རང་ཉིད་དང་རང་ཉིད་ནུ་མོ་གཉིས་པོ་ཁྱོད་ཀྱི་གམ་དུ་ངུར་སྨྲིག་གི་གོས་འཆང་བར་འགྱུར་གྱིས་ད་མ་ཡིན་ནོ་ཟེར་བས་དེ་ལ་རྒྱལ་སྲིད་དཔལ་མོ་ཅང་སྨྲ་མ་ནུས་པར་ལུས་སོ༎ དེ་ལྟར་སློབ་དཔོན་བཱ་ཎས་མཛད་པའི་རྒྱལ་པོ་དགའ་བ་འཕེལ་གྱི་སྤྱོད་པ་ཞེས་བྱ་བའི་རྟོགས་བརྗོད་དེ་བཞིན་སྙིང་པོར་བསྡུས་ནས་བཀོད་པའི་དུམ་མཚམས་དེ་ཙམ་ན་རྫོགས་སོ༎

དགའ་བ་འཕེལ་གྱི་སྤྱོད་པ་འདི་དུས་ནམ་ཞིག་ལ་བྲིས་པ། དགའ་བ་འཕེལ་གྱི་སྤྱོད་པ་ཞེས་པ་འདི་ནི། སློབ་དཔོན་སྙན་ངག་པ་བཱ་ཎ་བྷ་ཊྚ་ཡིས་བརྩམས་པ་ཡོངས་གྲགས་ཀྱི་དེབ་གཉིས་ཏེ། དགའ་བའི་སྤྱོད་པ་དང་། ཀ་དམྦ་རཱི་གཉིས་ལས་སྔ་མ་དེ་ཡིན་ཞིང་། དེ་ནི་ཁོང་གི་སྐུ་ཚེ་སྟོད་ལ་བརྩམས་པའི་སྙན་ངག་གི་བསྟན་བཅོས་གྲགས་ཅན་ཞིག་ཡིན། རྩོམ་པའི་ལོ་ཚིགས་ཚོད་དཔག་བྱས་ན་སྤྱི་ལོ་༦༠༧་ཡན་མན་ལ་བརྩམས་གྲུབ་པ་ཚོད་དཔག་བྱེད་ཐུབ་སྟེ། བསྟན་བཅོས་འདིའི་ནང་དགའ་བ་འཕེལ་གྱི་ཁྱིམ་རྒྱུད་མེས་པོ་ནས་མགོ་བཙུགས་ཏེ། དགའ་བ་འཕེལ་གྱིས་རང་གི་གཅུང་མོ་རྒྱལ་སྲིད་དཔལ་མོ་མ་ལ་ཡའི་ནགས་ཁྲོད་ནས་སྐྱོབ་པའི་བར་སྙན་འཇེབས་རང་བཞིན་ལྡན་པའི་སྒོ་ནས་གསལ་བར་བསྟན་ཅིང་། དེའི་ཚུན་ཆད་ཀྱི་ལོ་རྒྱུས་གཟི་བརྗིད་འབུར་དུ་ཐོན་པའི་དམག་ཐབས་དེ་དག་ཚིག་འབྲུ་གཅིག་ཀྱང་མི་གསལ་བས་སོ༎ རྒྱུ་མཚན་དེ་ལ་བརྟེན་ནས་དགའ་བའི་སྤྱོད་པ་ནི་སྤྱི་ལོ་༦༠༧ཡན་ཆད་ཡོངས་སུ་བརྩམས་གྲུབ་པ་ཐག་གཅོད་ཐུབ་སྙམ། དགའ་བའི་སྤྱོད་པ་ཇི་ལྟར་རྩོམ་པ་དང་། ཅིའི་ཕྱིར་བརྩམས་པ། དུས་ནམ་ཞིག་བརྩམས་པ་བཅས་ཀྱི་སྐར་ལ། གཞུང་དེ་ཉིད་ཀྱི་དཔྱད་བརཛྷོད་ལས།དེ་ནས་ནམ་ཞིག་སློབ་དཔོན་བཱ་ཎ་རང་ཉིད་ཀྱི་གྲོང་ན་ཕྱིར་ལོག་པའི་ཚེ་གཉེན་ཉེ་འདུ་དང་གྲོགས་ཁྱིམ་མཚེས་རྣམས་ཀྱིས་དགའ་བ་ཆེན་པོས་བ སུ་བ་མཛད། དེ་གར་ཁོང་གིས་ཁྱོད་རྣམས་སྔར་བཞིན་བྲམ་ཟེའི་ཆོ་ག་དང་མཆོད་པའི་བྱ་བ་རྣམས་རྒྱུན་གཏར་གྲུབ་བཞིན་འཆིས་སམ་ཞེས་པ་ལ་གྲོང་གི་མི་དང་གཉེན་ཉེ་འདུ་ཚོས་འཆིས་ལགས་སོ་ཞེས་ཞུས། དེ་ལྟར་སྙན་ངག་དང་སྒྲ་ལ་སོགས་པ་སྔར་བཞིན་སྦྱོང་ལགས་སམ་དྲིས་པས་དེ་དེ་བཞིན་ནོ་ཟེར། དེ་ལྟར་མཚན་གཅིག་ན་ཁོང་རྣམས་ཕྱོགས་གཅིག་ཏུ་འཛོམས་ནས་ཕན་ཚུན་གྱི་གཏམ་བྱེད་པའི་ཚེ་གྲོང་པའི་མི་རྣམས་ཀྱི་བཱ་ཎ་ཁྱོད་ཀྱི་རྒྱལ་པོ་དགའ་བའི་ལྷའི་རྣམ་ཐར་ཤེས་སམ། ཤེས་ཚེ་འདི་གར་གྲོང་གི་མི་རྣམས་ལ་འཆད་དུ་གསོལ་ཞེས་རེ་བ་སྟོན། དེ་ལ་སློབ་དཔོན་བཱ་ཎ་བདག་གིས་ད་ལྟ་ནི་མ་ཤེས་པས་ཞུ་ཚོད་མ་འཁྱེལ་ཞེས་ལན་ཐོབས། དེ་ནས་ནམ་ཕྱི་ཉིན་དེ་རང་ལ་ཁོང་གི་ད་ནི་རྒྱལ་པོ་དགའ་བ་འཕེལ (हर्षवर्धन)་གྱི་རྟོགས་བརྗོད་ཞིག་ངེས་བརྩམས་དགོས་པར་དགོངས་ན། རང་ཉིད་འབད་པ་ཡོད་དགུ་རྩ་དྲུག་སྟོན་བཞིན་དགའ་བའི་སྤྱོད་པ (हर्षचरितम्)་ཞེས་བྱ་བའི་ལེགས་སྦྱར་གྱི་སྐད་ཐོག་ལ་སྙན་ངག་གི་རྟོགས་བརྗོད་འདི་མཛད། སློབ་དཔོན་བཱ་ཎ་བྷ་ཊྚ་(བྷག་ར་ཐ་)དབང་ཕྱུག་གནས་སྟེ་དགའ་བ་འཕེལ་གྱི་རྒྱལ་ས་ནས་རང་གི་ཕ་ཡུལ་གྲོང་གསེབ་ཆུང་ཆུང་དེར་ཕྱིར་ལོག་རྗེས། གྲོང་མི་རྒན་གཞོན་ཚོས་དགའ་བ་འཕེལ་གྱི་ལོ་རྒྱུས་དྲིས་པས། དེས་རྒྱུད་བསྐུལ་བྱས་ནས་དགའ་བ་འཕེལ་གྱི་སྤྱོད་པ་ཞེས་པ་འདི་འབྲི་འདོད་སྐྱེས་ཤིང་བྲིས་པ་ཞིག་ཡིན། དེ་ནི་དགའ་བ་འཕེལ་ཁྲི་ལ་འཁོད་ནས་རང་གི་སྲིང་མོ་རྒྱལ་སྲིད་འཕེལ་སྐྱོབ་ཅིང་མཱ་ལ་ཝ་ལ་དམག་འཐབ་དངོས་གཞི་མ་བྱས་པའི་སྔོན་ལ་ཡིན་པ་གསལ་བཤད་ཐུབ་སྟེ། དེའི་ཕན་གྱི་ལོ་རྒྱུས་མི་གསལ་བས་སོ༎ འཕོང་བ་ཞིག་ལ་དེའི་རྗེས་ཀྱི་ལོ་རྒྱུས་རྣམས་འཕྲོ་འཐུད་ནས་འབྲི་རྒྱུར་འབད་བརྩོན་མ་བྱས་པ་བསྐྱུར་ནས། ཀ་ད་མྦ་རཱི་རྟོག་སྒྲུང་འབྲི་རྒྱུར་མགོ་འཐོར་སོང་བ་དེས་དེའི་ཕན་ཆད་ཀྱི་ལོ་རྒྱུས་རྣམས་གཞུང་འདི་ནས་རྙེད་ཐབས་མེད་པར་གྱུར།