དགའ་བ་འཕེལ་གྱི་དམག་འཐབ་དང་འཛིན་སྐྱོང་།

བེ་རི་འཇིགས་མེད།


དགའ་བ་འཕེལ་གྱི་དམག་འཐབ་མགོ་འཛུགས་བྱས་པ་ནི་ སྤྱི་ལོ 606 སྟེ་སྲིད་ཁྲི་ལ་འཁོད་མ་ཐག་ནས་དམག་འཐབ་མགོ་འཛུགས་བྱས་པ་ཞིག་ཡིན། དེ་ནི་གཞན་ལ་བཙན་འཛུལ་དང་འདོད་རྔམས་ཀྱིས་མ་ཡིན་པར། ཕུ་བོ་དང་ནུ་མོའི་དགྲ་ཤ་མི་རྩོད་ཀ་མེད་ཀྱིས་དམག་འཐབ་ཀྱི་བྱ་བ་ལ་ཞུགས་པ་ཞིག་ཡིན། དེ་ཡང་ཕྱི་ལོ་བརྒྱ་ཕྲག་ལྔ་པའི་མཇུག་ནས་ཧུཎའི་དམག་འཁྲུགས་ཀྱི་ཤུགས་རྐྱེན་ལས་གུཔྟའི་རྒྱལ་རྒྱུད་ཉམས་རྒུད་སོང་པ་དང་། རྒྱ་གར་ལྷོ་བྱང་གཉིས་སུ་སླར་ཡང་རྒྱལ་ཕྲན་སིལ་མའི་རྒྱལ་ཁབ་མང་པོར་གྱུར། ཐང་རྒྱལ་རབས་ཀྱི་ལོ་ཙཱ་བ་ཧྱན་ཙང་རྒྱ་གར་ཕེབས་པའི་ལམ་ཡིག་ཏུ། སྐབས་དེར་རྒྱ་གར་ལ་རྒྱལ་ཕྲན་བདུན་ཅུ་ལྷག་ཙམ་ཡོད་པ་འཁོད་འདུག དེ་དག་རྒྱ་ནག་གི་ཀྲོན་གོ་དུས་རབས་སྐབས་ནང་བཞིན་ཕན་ཚུན་དམག་འཁྲུགས་བསྟུད་མར་ལངས་ཤིང་། གཅིག་གྱུར་གྱི་རང་བཞིན་ལྡན་པའི་ཆབ་སྲིད་དང་འཛིན་སྐྱོང་མེད་ནས་མི་ལོ་བརྒྱ་པྲག་ལྷག་གི་རྗེས། གོང་མ་ཧརྵཝརྡྷན་སྟེ་དགའ་བ་འཕེལ་ཞེས་པ་འདི་ཉིད་བྱུང་ཞིང་། དེ་ནི་རྒྱ་གར་བྱང་ཕྱོགས་ཐྰནེཤྭར་(ལྡི་ལི་དང་ཉེ་བའི་Lucknow ཡིན) ས་གནས་ཀྱི་པུཥརྡབྷཱུཏི་རྒྱུད་པ་ནས་ཡིན། ཐྰནེཤྭར་ཟེར་བའི་གྲོང་ཁྱེར་དེང་དུས་ཀྱི་དིལླཱིའི་བྱང་ཕྱོགས་སུ་ཀུརུཀྵེཏྲ་ཡི་ཉེ་འགྲམ་དུ་ཡོད་པ་ཡིན། དེང་སང་དེ་ས་གནས་ཆེན་པོ་གང་ཡང་མིན་མོད། ཕྱི་ལོ་བརྒྱ་ཕྲག་བདུན་པའི་ནང་གནད་ཆེ་བའི་རྒྱལ་ས་ཞིག་ཡིན། ཁོང་རྒྱལ་སྲིད་ལ་འཁོད་མ་ཐག་ཆེས་ཛ་དྲག་གིས། རང་གི་སྲིང་མོ་རྒྱལ་སྲིད་དཔལ་མོ་རི་བོ་འབིགས་བྱེད་ཀྱི་ནགས་གསེབ་ཏུ་བྲོས་ཡིབ་ཏུ་གནས་པ་དེ་སྐྱོབ་པ་དང་། རང་གི་གཅེན་པོ་དང་། སྲིང་མོའི་ཟླ་བོ་གཉིས་གསོད་མཁན་ལ་དགྲ་ཤ་ལེན་རྒྱུ་དེ་རེད། དེར་བརྟེན་ཁོང་གིས་དཔུང་འཇུག་དང་པ་བྱེད་ས་ནི། མ་ལ་ཝའི་རྒྱལ་ཁམས་སུ་ཕལ་རྒོལ་གྱིས་ཕས་ཀྱི་རྒོལ་བའི་བློན་ངན་དེའི་ཕྱོགས་གཏོགས་དང་བཅས་པ་རྩ་མེད་རང་བཞིན་གྱིས་རྡུང་བརྡེགས་བཏང་བ་ནས་མགོ་བཙུགས་ཏེ། རྒྱ་གར་བྱང་རྒྱུད་ཡོངས་སུ་དམག་ཆེ་དྲང་རྒྱུའི་མགོ་འཛུགས་བྱས། དམག་འཁྲུགས་ཀྱི་དུས་ཡུན་ནི་སྤྱི་ལོ་༼༦༠༦ནས་༦༡༢༽བར་མི་ལོ་དྲུག་གི་རིང་ལ་ཡིན། དམག་འཁྲུག་བྱ་ཡུལ་གྱི་རྒྱལ་ཁབ་གཙོ་བོ་ནི་པཱཾ་ཛྭ་སོགས་ལྔ་ཡིན། དམག་གི་ཆ་རྐྱེན་དང་གོ་མཚོན་དཔུང་གྲངས་ནི་གླང་པོ་ཆེའི་དམག་༥༠༠༠རྟ་དམག་༢༠༠༠༠རྐང་དམག་༢༠༠༠༠ཙམ་ཡོད་ཅིང་། མི་ལོ་དྲུག་གི་རིང་ལ་དམག་འཁྲུག་བསྟུད་མར་བྱས། དེའི་རིང་དམག་མི་ཚོའི་ལུས་ནས་ཁྲབ་མི་ཕུད། རྟའི་སྒ་མི་བཤུས་པའི་ཚད་ཀྱིས་དྲག་འཐབ་བྱས་ཏེ་རྒྱ་གར་བྱང་ཕྱོགས་ཀྱི་རྒྱལ་ཕྲན་ལྔ་ཙམ་དབང་དུ་བསྒྱུར། དེའི་སྐོར་ཧྱན་ཙང་གི་ལམ་ཡིག་ལས། ལན་ཅིག་རྒྱལ་པོ་ཚུལ་ཁྲིམས་ཉི་མས་ཕུ་བོའི་ཤ་ཁོན་ལེན་པར་བསམ་ཏེ་གླང་པོ་ཆེ་ལྔ་སྟོང་རྟ་ཁྲི་ཕྲག་གཉིས། དཔུང་བུ་[57a1]ཆུང་ཁྲི་ཚོ་གཉིས་བཏེགས་ཏེ་རྒྱ་གར་པ་ནས་བཟུང་མ་རུང་མ་དད་པའི་ལོག་སྲེད་ཅན་རིས་མེད་པར་དམག་རྒྱབ་ཆིབས་ཀྱི་སྒ་མི་བསལ་དམག་མིའི་གོ་ཆ་མི་བགྲོལ་བར་ལོ་དྲུག་གི་རིང་[57a2]བཏུལ་པར་མཛད་པས། རྒྱ་གར་གྱི་ཕྱོགས་ལྔ་ཀ་དབང་དུ་བསྔུས་མངའ་འོག་ཏུ་བཅུགས་ཏེ། གླང་པོ་ཆེའི་དཔུང་རྟ་པ་ཁྲི་ཕྲག་འབུམ་འཕེལ་བར་གྱུར་ཏོ་ དེ་ནས་བཟུང་ལོ་སུམ་ཅུའི་རིང་ལ་གོ་མཚོན་མི་བསྒྲུལ་[57a3]རྒྱལ་ཁྲིམས་ཞི་དུལ་བདེ་འཇགས་ཀྱིས་གནས་སོ། ། ཞེས་གསུང་། ལམ་ཡིག་དེའི་ནང་རྒྱ་གར་གྱི་ཕྱོགས་ལྔ་ཞེས་པ་ནི་གོང་དུ་གསལ་བའི་རྒྱལ་ཕྲན་ལྔ་པོ་དེ་ཡིན་པ་རྒྱ་གར་ལོ་རྒྱུས་ཚིག་མཛོད་ཤེས་བྱ་ཀུན་ཁྱབ་མཛོད་དུ་གསལ་བ་ལྟར་ཡིན། འཕགས་པའི་ཡུལ་གྱི་བྱུང་བ་བརྗོད་པ་ལས་ཀྱང་། དགའ་བ་འཕེལ་དེ་ཉིད་དྲག་པོའི་དཔུང་དམག་ཆེན་པོ་དང་བཅས་ཤར་ཕྱོགས་ནས་ནུབ་ཕྱོགས་བར་དུ་བསྐྱོད་དེ་ལོ་དྲུག་ཙམ་ གྱི་ནང་དུ་རྒྱ་གར་བྱང་ཕྱོགས་ཀྱི་རྒྱལ་ཕྲན་ལྔ་དབང་དུ་བསྡུས་པ་དེ་ལྔ་ནི། པཾཇྰབ་དང་། ཀཱནྱ་ཀུབྫ་དང་། བངྒཱལ་དང་། མིཐིལྰ་དང་། ཨུརཱིསྰ་བཅས་རེད། ། ཞེས་གསལ། དམག་འཐབ་གཡུལ་འགྱེད་ཀྱི་བྱ་བ་ལ་རྒྱལ་པོ་འདི་ཉིད་དམིགས་བསལ་ཐབས་ཇུས་བཀོད་སྒྲིག་གཞན་ལས་མཁས་པའི་བློ་གྲོས་ལྡན་ཚུལ་ཡང་སྙན་ངག་མཁས་ཁོང་གི་མདུན་ན་འདོན་བཱ་ཎ་བྷ་ཊྚའི་ཧརྵའི་སྤྱོད་པའི་ནང་འཁོད་པ་ལྟར་ཡིན། གོང་གསལ་དུས་རབས་བདུན་པའི་སྐབས་ཀྱི་རྒྱལ་ཕྲན་ལྔ་པོ་དེ་དག་གི་ས་གནས་གང་དང་གང་དུ་ཡིན་པའི་ངོས་འཛིན་རགས་ཙམ་ཞུ་ན། ༡ ཀཱནྱ་ཀུབྫ་ནི། ༢ པཱཾ་ཛ་བ། ༣ བངྒ་ལ། ༤ མི་ཐི་ལཱ། ༥ ཨུ་རི་སཱ། བཅས་ཡིན་ཞིང་། དེ་དག་གི་ས་གནས་ངོ་སྤྲོད་ནི་འོག་ཏུ་རེ་རེ་བཞིན་གསལ་བར་བཀོད་ཡོད་པས་དེ་ལ་གཟིགས་དགོས། དེ་ཡང་ཐོག་མ་རང་གི་སྲིང་མོའི་མཛའ་བོ་རྒྱལ་པོ་ཁྱིམ་གྱི་གོ་ཆའི་རྒྱལ་ས་ཀཱ་ནྱ་ཀུ་བྫའམ་ཀནྣཽ་ཛཱི་གྲོང་ཁྱེར་དེ་བཞིན་བངྒ་ལའི་རྒྱལ་པོ་ཟླ་བའི་ཡན་ལག་གིས་བཙན་འཛུལ་བྱས་པ་དེ་ཉིད་མཐའ་བསྐྲད་བཏང་སྟེ། ཀ་ནྣཽ་ཛའི་རྒྱལ་ཁམས་རང་དབང་སླར་གསོ་བྱས་པ་དང་ཆབས་གཅིག རྒྱལ་པོ་དེའི་རྒྱལ་སྲས་མེད་པས་བློན་འབངས་ཚོའི་འདོད་པ་བཞིན་རྒྱལ་སྲིད་འཐོར་ཞིག་མི་འགྲོ་བའི་ཆེད། ཀནྣཽ་ཛ་དང་སྠཱ་ནེ་ཤྭ་ར་གཉིས་ཀའི་སྲིད་དབང་་མཉམ་འབྲེལ་གྱི་རྒྱལ་སྲིད་དབང་དུ་བསྒྱུར། དེ་ནས་རིམ་པར་བཞིན་རྒྱལ་ཕྲན་གཞན་དང་གཞན་ལ་དཔུང་འཇུག་བྱས་ཏེ་རྣམ་པར་རྒྱལ་བའི་རྒྱལ་མཚན་བསྟུད་མར་མཁའ་དབྱིངས་སུ་བསྒྲེངས། མི་ལོ་དྲུག་གི་ནང་རྒྱལ་ཕྲན་བཞི་གཅིག་གྱུར་གྱི་རང་བཞིན་ལྡན་པའི་རྒྱལ་ཁབ་གསར་འཛུག་བྱས། གོང་དུ་རྒྱལ་ཕྲན་ལྔ་ཞེས་པ་བངྒ་ལའི་རྒྱལ་པོ་ཀ་ནྣཽ་ཛ་ནས་གཡུལ་སར་རྡུང་བརྡེགས་དང་ཕམ་ཉེས་ཚབ་ཆེར་བཏང་སྟེ་ཕྱིར་བངྒ་ལའི་ཡུལ་དུ་མཐའ་བསྐྲད་བྱས་པ་ལས་ཁོ་པའི་རྒྱལ་ས་དང་འཕྲོགས་པའི་དོན་མིན་པར་ཤེས་དགོས། གོང་གསལ་རྒྱལ་ཁམས་དེ་དག་ལ་དབང་བསྒྱུར་བྱས་རྗེས། སྤྱི་ལོ་༦༡༢ ནས་དགའ་བ་འཕེལ་གྱི་དམགས་ཤུགས་དེ་སྔོན་ལས་ལྡབ་མང་པོས་ཆེ་བར་གྱུར་ཏེ། གླང་ཆེན་གྱི་དམག་འབུམ་ཕྲག་དང་རྟ་དམག་འབུམ་ཕྲག་བར་འཕེལ་ཏེ། ཧྱན་ཙང་གིས་རྒྱ་གར་ལམ་ཡིག་ལས། རྒྱ་གར་གྱི་ཕྱོགས་ལྔ་ཀ་དབང་དུ་བསྔུས་མངའ་འོག་ཏུ་བཅུགས་ཏེ། གླང་པོ་ཆེའི་དཔུང་རྟ་པ་ཁྲི་ཕྲག་འབུམ་འཕེལ་བར་གྱུར་ཏོ།། ཞེས་གསུངས་པ་ལྟར་རོ༎ དགའ་བ་འཕེལ་གྱི་དམག་དཔུང་གི་ངོ་བོ་དང་སྒྲིག་འཛུགས། ཆ་རྐྱེན་བཅས་ཀྱི་ཐད། དགའ་བ་འཕེལ་ལ་དཔུང་དམག་ཆེན་པོ་ཡོད་པའི་ནང་རྟ་དམག་དང་། གླང་ཆེན་དམག་སྡེ་དང་། རྐང་དམག་བཅས་ཡོད། དཔུང་དམག་དེ་ཚོ་ལ་སྦྱོང་བརྡར་ཧ་ཅང་ཡག་པོ་ཡོད་པ་དང་། དངུལ་ཕོགས་འཆར་ཅན་ཆག་མེད་སྤྲོད་སྲོལ་ཡོད། མདོར་ན་དམག་འཁྲུག་གི་ཡོ་ཆས་དང་དཔུང་དམག་ལེགས་པོ་ཡོད། ཧྱན་ཙང་གི་རྒྱ་གར་ལམ་ཡིག་ལས་ (སྤྱི་ལོ་༦༡༢) ནས་དམག་མཚམས་བཞག་སྟེ། དེ་ནས་བཟུང་ལག་ཏུ་མཚོན་མི་འཆང་ལུས་ལ་ཁྲབ་མི་གོན། རྟ་ལ་སྒ་མི་བརྒྱབ་པའི་སྒོ་ནས་ཞི་བདེའི་ལྷིང་འཇགས་ཀྱིས་སྐྱོང་ཚུལ་བཤད་དེ། དེ་ཉིད་ལས། དེ་ནས་བཟུང་ལོ་སུམ་ཅུའི་རིང་ལ་གོ་མཚོན་མི་བསྒྲུལ་[57a3]རྒྱལ་ཁྲིམས་ཞི་དུལ་བདེ་འཇགས་ཀྱིས་གནས་སོ། ། ཞེས་འཁོད་པ་ནི་དེ་སྔོན་མི་ལོ་དྲུག་གི་རིང་ཛ་དྲག་དམག་འཁྲུག་དང་བསྡུར་ན་ལྷིང་འཇག་གི་ཚོད་དུ་བཤད་པ་ཙམ་ཡིན་གྱི། དེ་ནས་བཟུང་དམག་འཁྲུག་གཏན་ནས་མ་བྱས་པའི་དོན་མིན་ཏེ། །ཧྱན་ཙང་དང་ཧརྵ་དང་མཇལ་འཕྲད་བྱུང་བའི་ལོ་ནི་སྤྱི་ལོ་ (༦༤༢) ཡིན། དེ་ནི་དགའ་བ་འ་ཕེལ་གྱི་དམག་འཁྲུག་ལོ་དྲུག་བྱས་པའི་རྗེས་སྤྱི་ལོ་༦༡༢ ནས་བརྩིས་པའི་ལོ་སུམ་ཅུ་སོང་བ་ཡིན་པས། གོང་གིས་མི་ལོ་སུམ་ཅུ་རིང་ལ་ཞེས་པ་ཡིན་ལ། དེའི་རིང་དམག་འཐབ་བསྟུད་མར་བྱས་ཀྱང་། སྐབས་དང་སྟོབས་ལ་བསྟུན་ནས་དམག་འཁྲུག་ཡང་ཡང་བྱུང་ཡོད་པ་ནི་ལོ་རྒྱུས་གཞན་དང་གཞན་ནས་གསལ། དེ་རྗེས་གུ་ཛ་རཱ་ཏི་ལ་དཔུང་འཇུག་བྱས་ཏེ་དབང་དུ་བསྡུས། ཡུལ་དེའི་རྒྱལ་པོ་ལ་ས་གནས་རང་སྐྱོང་གི་གོ་གནས་སྤྲོད་ནས་བཞག དེ་ནས་བལླ་བྷིའི་རྒྱལ་ཁབ་ལ་དཔུང་འཇུག་བྱས་ཏེ་ཆམ་ལ་ཕབ། ཡུལ་དེའི་རྒྱལ་པོ་འཇིགས་མེད་སྡེ་ལ་ཁྲིམས་མགོ་རང་སྐྱོང་གི་རྒྱལ་ཕྲན་རྒྱལ་པོའི་གོ་གནས་སྤྲད། དེར་ལྟར་༦༢༠ཡན་མན་རྒྱ་གར་བྱང་ཕྱོགས་ཀྱི་རྒྱལ་ཕྲན་ཕལ་ཆེ་བ་དབང་བསྒྱུར་བྱས། སྤྱི་ལོ་༦༢༠ ནས་ཁོང་གིས་རྒྱ་གར་ས་ཁྱོན་ཡོངས་རྫོགས་དབང་བསྒྱུར་གནང་རྒྱུའི་འཆར་འགོད་ཀྱིས་དཔུང་ཆེན་ལྷོ་ལ་བསྒྱུར་རྒྱུའི་མགོ་འཛུགས་བྱས། ལྷོ་ཕྱོགས་ཌཀྐནའི་ཡུལ་དུ་དམག་འཐབ་ཐོག་མར་དེ་བྱས་ནས་ཡུལ་དེ་དབང་བསྒྱུར་བྱས། དེ་རྗེས་དཔུང་ཆེན་ལྷོ་ཕྱོགས་རི་བོ་འབིགས་བྱེད་ཀྱི་བར་དུ་བསྐྱོད་དེ། ལྷོ་ཕྱོགས་ཀྱི་ཅཀྱལའི་རྒྱལ་ཁབ་ལ་དཔུང་འཇུག་བྱས་ཀྱང་། ཡུལ་དེའི་རྒྱལ་པོ་པུལཀེཤིན་གཉིས་པས། ཚུར་རྒོལ་གྱི་དྲག་འཐབ་ཤུགས་ཆེར་བྱས་པས། དགའ་བ་འཕེལ་གྱི་དཔུང་ཆེ་ལ་ཕམ་ཉེས་ཚབ་ཆེར་ཐེབས། དེ་སྔོན་བྱང་ཕྱོགས་ནས་གཡུལ་སར་བསྟུད་མར་གཡུལ་ལས་རྣམ་པར་རྒྱལ་པའི་ཁེངས་པ་དྲེགས་པ་ཡང་རྫོགས་ལྒང་ཕུག་སུབས་པ་ལྟར་གྱུར། དེ་ནས་བཟུང་གཞན་ལ་བཙན་འཛུལ་གྱི་དམག་འཐབ་བྱེད་མཚམས་བཞག་ཏེ། མཽ་རྱའི་རྒྱལ་པོ་ཨ་ཤོ་ཀ་དང་ཕྱོགས་འདྲ་བར་ཚེ་སྨད་ཞི་བ་ཁོ་ནས་རྒྱལ་ཁབ་བསྐྱངས། སྤྱི་ལོ་༦༣༧ ལོར་བངྒ་ལའི་རྒྱལ་པོ་ཟླ་བའི་ཡན་ལག་གྲོངས་པ་དང་བངྒ་ལའི་དམག་འཁྲུགས་མི་དགོས་པའི་སྒོ་ནས་དབང་དུ་བསྡུས།