དགེ་འདུན་ཆོས་འཕེལ།


མི་སྣའི་རགས་སྤྲོད
འཁྲུངས་འདས་ལོ ༡༩༠༣ལོར་ནས་༡༩༥༡་ལོར་ཧོར་ཟླ༨་པའི་ཚེའི་༡༤ཉིན
ཕ་ཡུལ རེབ་གོང་ཞོ་འོང
ཡབ་ཡུམ ཡབ་སྔགས་འཆང་རྡོ་རྗེ། ཡུམ་པད་མ་སྐྱིད
མཚན་གཞན རྡོར་བྲག་སྤྲུལ་སྐུ
མཚན་སྙན་གྲགས རྩོམ་པ་པོ་གྲགས་ཅན། གངས་བོད་མི་ཆོས་རིང་ལུགས་པ་གྲགས་ཅན། བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་གྲགས་ཅན།
མཁས་དབང་

ལོ་རྒྱུས

༡༩༠༧ ལོར་ཡབ་ཀྱི་མདུན་ནས་འབྲི་ཀློག་སྦྱངས།

༡༩༡༠ ལོར་ཡབ་འདས་ནས་རང་གི་བླ་བྲང་དུ་ཞུགས།

༡༩༡༡ ལོར་དགེ་འདུན་བསྟན་འཛིན་མདུན་དུ་གྲྭ་གྲས་སུ་ཞུགས་ཏེ་ཡེ་གེ་བསླབས། སུམ་རྟགས་དང་། སྙན་ངག བརྡ་དག་སོགས་ཕྱིན་པར་སྦྱངས།

༡༩༢༡ ལོར་དུ་དྷི་ཚ་དགོན་པར་བསྡུས་གྲྭ་དང་རིགས་ལམ་སྐོར་ལ་ཐོས་བསམ་བྱས།

༡༩༢༣ ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཚད་མའི་གཞུང་ལ་སྦྱངས།

༡༩༣༡ ལོར་སྐུ་འབུམ་བརྒྱུད་དེ་ལྷ་སར་ཕེབས།

༡༩༣༤ ལོར་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཀླུ་འབུམ་ཁང་ཚན་དུ་ཞུགས་ནས

རྗེ་ཤེས་རབ་རྒྱ་མཚོའི་དྲུང་དུ་མདོ་སྔགས་གཞུང་ལུགས་ཀུན་ལ་སྦྱངས་ཏེ་མཁས་པའི་སྙན་གྲགས།

༡༩༣༨ ལོར་རྒྱ་གར་གྱི་རི་མ་མཁས་པ་གཅིག་དང་དཔར་འདེབས་མཁན་གཅིག་བཅས་ལྷན་དུ་བོད་དུ་བྱོན་ཏེ་ས་སྐྱ་

སོགས་དབུས་གཙམ་གི་དགོན་རྙིང་ཁག་ཏུ་རྒྱ་དཔེ་བཞུགས་པའི་དཔེ་ཐོ་ཞིབ་ཚགས་བཀོད་དེ་ཕྱིར་རྒྱ་གར་དུ་སླེབས་ཤིང་།

༡༩༣༩ ལོར་ནས་༡༩༤༡ལོར་དེབ་ཐེར་སྔོན་པོ་ཨུརུ་སུའི་རི་མོ་བ་རོལ་རིག་ཅེས་པ་དང་མཉམ་དུ་དབྱིན་ཡིག་ཏུ་བསྒྱུར།

༡༩༤༢ ལོར་བོད་ཀྱི་ལོ་རྒྱུས་སྐོར་རེ་འགའ་བསྒྱུར་གནང་མཛད་ལ། ཁྱད་པར་དུ་ཏུན་ཧོང་ནས་ཐོན་པའི་ཡིག་ཆ་སོགས་རྩ་ཆེ་བའི་སྐོར་བསྡུ་རུབ་

མཛད་དེ་བོད་ཀྱི་ལོ་རྒྱུས་ཤིག་འབྲི་བའི་དགོངས་པ་ཤར།

༡༩༤༥ ལོར་ཕྱིར་ལྷ་སར་ལོག ལོ་རྒྱུས་འབྲི་བའི་མཐུན་རྐྱེན་འཛོམས་ཐོག་ཧོར་ཁང་བསོད་ནམས་དཔལ་འབར་དང་ཆབས་ཅིག་ར་མ་སྒང་གི་རྡོ་རིང་ཡི་གེ་ངོ་བཤུས་དང་ལྡེབས་རིས་སོཊ་ལ་ཞིབ་འཇུག་བྱས།

༡༩༤༦ ལོར་ཟླ་བཞི་པའི་ནང་བཀའ་ཤག་དང་དབྱིན་ཇི་བའི་མ་ཉེས་ཁ་གཡོག་གི་དབང་གིས་བཙོན་དུ་བཟུང་སྟེ་ལོ་གསུམ་ཙམ་ལ་སྡོད་

དགོས་བྱུང་།

༡༩༤༩ ལོར་བཙོན་གྲོལ་བྱུང་མོད་ཐུགས་རབ་ཏུ་སྐྱོ་སྟེ་ཆང་རག་སོགས་ཚད་མེད་དུ་བཏུང་ལ། སྤྱོད་ལམ་སོགས་ལ་ཆ་འཇོག་མེད་པ་ཞིག་

ཏུ་ཆགས།

༡༩༥༡ ལོ་དུས་ཙམ་ན། བཞེས་རག་སོགས་ཀྱི་རྐྱེན་པས་ལུས་ལ་ཆུ་སྐྲང་གསོག

༡༩༥༡ ལོའི་ཟླ༨ ཚེས༡༤ ཙམ་དུ་ལྷ་ས་རུ་སྐུ་གཤེགས།

དང་པོ། སྐུ་འཁྲུངས་པ་དང་བོད་དུ་སློབ་གཉེར་བྱས་པའི་སྐོར།

རྩོམ་སྒྲིག

ཁོང་ནི་ཡོངས་གྲགས་སུ། ༡༩༠༣ ལོར་རེབ་གོང་ཞོ་འོང་དཔྱི་ས་ཞེས་པར་ཡབ་སྔགས་འཆང་རྡོ་རྗེ་དང་ཡུམ་པདྨ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། རྡོར་བྲག་སྤྲུལ་སྐུ་ཡང་འབོད་པར་བཤད། དགུང་གྲངས་བཞི་ཙམ་ནས་ཡབ་ཀྱི་མདུན་དུ་འབྲི་ཀློག་སྦྱངས་ཤིང་། ཐོས་བསམ་ལ་ཐོག་མར་འཇུག་པར་བཤད ། ལོ་གྲངས་བདུན་པའི་དུས་སུ་ཡབ་འདས་པར་གྱུར་པས་རང་གི་བླ་བྲང་དུ་བཞུགས། དགུང་ལོ་བརྒྱད་དགུའི་སྟེང་དགེ་འདུན་བསྟན་འཛིན་ཞེས་པའི་སར་ཡི་གེ་བསླབས་ཤིང་རིམ་བཞིན་དགོན་པའི་གྲྭ་གྲས་སུ་ཞུགས་ཏེ་སུམ་རྟགས་དང་། སྙན་ངག བརྡ་དག་སོགས་ལ་གསན། དགུང་ལོ་བཅོ་ལྔ་ཙམ་དུ་ངྷི་ཚ་དགོན་པར་ཕེབས་ཏེ་བསྡུས་གྲྭ་དང་རིགས་ལམ་སྐོར་ལ་ཐོས་བསམ་བྱས །དེ་རྗེས་དགུང་གྲངས་བཅུ་བདུན་ཙམ་དུ་བླ་བྲང་བཀྲ་ཤིས་འཁྱིལ་དུ་བཞུགས་ཏེ་ཚད་མའི་གཞུང་ལ་སྦྱངས་པ་མཛད་ཅིང་། རྩོད་པའི་དུས་སུ་རིགས་ལམ་ཕྲ་མོ་དག་ལ་བརྟེན་ནས་འཇམ་བཞད་ཡིག་ཆ་ཡང་ཁས་མི་ལེན་པ་རང་གིས་ཅི་བསམ་སྨྲས་པ་སོགས་ཀྱིས་རྐྱེན་བྱས་ཏེ། དགོན་པའི་གྲྭ་པ་ཚོ་དང་འགལ་བ་དྲག་པོ་བྱུང་ནས་ས་དེ་དང་འབྲལ་དགོས་པ་བྱུང་། དགུང་གྲངས་ཉེར་ལྔ་ཙམ་ན་སྐུ་འབུམ་བརྒྱུད་དེ་ལྷ་སར་ཕེབས། དེ་རུ་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཀླུ་འབུམ་ཁང་ཚན་དུ་ཞུགས་ནས་རྗེ་ཤེས་རབ་རྒྱ་མཚོའི་དྲུང་དུ་སློབ་གཉེར་བྱས། མདོ་སྔགས་གཞུང་ལུགས་ཀུན་ལ་སྦྱངས་ཏེ་མཁས་པའི་སྙན་པ་ཀུན་ཏུ་ཁྱབ་པར་གྱུར ། དེ་ནས་ཁོང་གི་རྒྱལ་ཁམས་གསེར་ཐང་ལས། འབྲས་སྤུངས་སུ་ལོ་བདུན་ཙམ་སོང་བ་ན། རྒྱ་གར་ནས་པཎྜི་ཏ་ར་ཧུ་ལ་བྱ་བ་ཞིག་བོད་དུ་བྱོན་པ་དང་འཕྲད་ནས་འགྲོ་བའི་སྐུལ་མ་བཏབ་པ་བཞིན་འདོད་ཐོག་ཏུ་སྨིན་ཏེ་ཆས་སོ། ། ཞེས་པ་ལྟར། དམ་པ་འདི་དེ་རུ་འདུག་འདོད་དེ་འདྲ་མེད་པ་དང་། ཁྱད་པར་ཕྱི་རོལ་གྱི་ཡུལ་གྲུ་ལ་རྒྱུས་ལོན་གྱི་འདོད་པ་ཆེ་བས། སྔ་ཕྱིར་འཕན་ཡུལ་དང་སྟག་ལུང་། ར་སྒྲེང་། རྒྱལ་རྩེ། ཞ་ལུ། བཀྲ་ཤིས་ལྷུན་པོ་སོགས་སུ་གནས་གཟིགས་སུ་ཕེབས་ཤིང་། དེ་ནས་ལེགས་སྦྱར་སྐད་སྦྱོང་བའི་མགོ་ཚུགས་ལ ། དེ་འཕྲོར་རྒྱ་གར་ལ་བྱོན། རྒྱ་གར་དུ་ལེགས་སྦྱར་སྐད་ལ་བྱང་ཆུབ་པར་གྱུར་ཅིང་། ཆོས་ཀྱི་ཚིགས་སུ་བཅད་པ་དང་། ར་མ་ཡ་ཎའི་རྟོགས་བརྗོད ། བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར། དཔལ་ལྡན་ནག་པོའི་གླུ་སོགས་བོད་ཡིག་ཏུ་བསྒྱུར། ༡༩༣༨ ལོར་རྒྱ་གར་གྱི་རི་མོ་མཁས་པ་གཅིག་དང་། དཔར་འདེབས་མཁན་གཅིག་བཅས་ལྷན་དུ་བོད་དུ་བྱོན་ཏེ་ས་སྐྱ་སོགས་དབུས་གཙང་གི་དགོན་རྙིང་ཁག་ཏུ་རྒྱ་དཔེ་བཞུགས་པའི་དཔེ་ཐོ་ཞིབ་ཚགས་བཀོད་དེ་ཕྱིར་རྒྱ་གར་དུ་སླེབས་ཤིང་། དེ་ག་ནས་ཨུ་རུ་སུའི་རི་མོ་བ་རོལ་རིག་ཅེས་པ་དང་མཉམ་དུ༼དེབ་ཐེར་སྔོན་པོ།༽དབྱིན་ཡིག་ཏུ་བསྒྱུར་རོགས་མཛད་དེ་ལོ་གསུམ་ལྷག་བཞུགས།

གཉིས་པ། སྐུ་ཚེ་སྨད་ཀྱི་སྐོར།

རྩོམ་སྒྲིག

༡༩༤༢ ལོ་ནས་བཟུང་བོད་ཀྱི་ལོ་རྒྱུས་ལ་སྤྲོ་བ་རྒྱས་ཏེ་རྒྱའི་ཡིག་ཚང་ལས་བོད་ཀྱི་ལོ་རྒྱུས་སྐོར་རེ་འགའ་བསྒྱུར་གནང་མཛད་ལ། ཁྱད་པར་དུ་ཏུན་ཧོང་ནས་ཐོན་པའི་ཡིག་ཆ་སོགས་རྩ་ཆེ་བའི་སྐོར་བསྡུ་རུབ་མཛད་དེ་བོད་ཀྱི་ལོ་རྒྱུས་ཤིག་འབྲི་བའི་དགོངས་པ་ཤར་ཏེ། སྤྱི་ལོ༡༩༤༥ ལ་ཕྱིར་ལྷ་སར་ལོག ལོ་དེར་ལོ་རྒྱུས་འབྲི་བའི་མཐུན་རྐྱེན་འཛོམས་ཐོག་ཧོར་ཁང་བསོད་ནམས་དཔལ་འབར་དང་ཆབས་ཅིག་ར་མ་སྒང་གི་རྡོ་རིང་ཡི་གེ་ངོ་བཤུས་དང་ལྡེབས་རིས་སོཊ་ལ་ཞིབ་འཇུག་བྱས་མོད། ༡༩༤༦ ལོའི་ཟླ་པ་བཞི་པའི་ནང་བཀའ་ཤག་དང་དབྱིན་ཇི་བའི་མ་ཉེས་ཁ་གཡོག་གི་དབང་གིས་བཙོན་དུ་བཟུང་སྟེ་ལོ་གསུམ་ཙམ་ལ་སྡོད་དགོས་བྱུང་། དེའི་རིང་ལ་ལུས་སེམས་གཉིས་ཀྱི་ཐད་མནར་བར་བྱས་པས། ༡༩༤༩ ལོར་བཙོན་གྲོལ་བྱུང་མོད་ཐུགས་རབ་ཏུ་སྐྱོ་སྟེ་ཆང་རག་སོགས་ཚད་མེད་དུ་བཏུང་ལ། སྤྱོད་ལམ་སོགས་ལ་ཆ་འཇོག་མེད་པ་ཞིག་ཏུ་ཆགས་ཤིང་། ཁོང་གི་གསུང་ལས། འཛམ་གླིང་ན་དཀོན་པའི་བཻཌཱུརྱའི་རིན་པོ་ཆེ་ཞིག་རྡོ་ལ་བརྡབས་སོང་། ཟེར་བ་ལྟར་གྱུར། དེ་རྗེས་བཀའ་ཤག་གིས་རྒྱལ་རབས་དེབ་ཐེར་དཀར་པོ་དེའི་མཇུག་བསྐྱངས་དགོས་པར་བཀའ་ཕབ་ཀྱང་། རྐྱེན་དེ་དག་གིས་ཁོང་གི་གསུང་རྩོམ་གྲགས་ཅན་དེ་ཡང་མཇུག་མ་གྲུབ་པར་ང་ཚོའི་མཐོང་ཆོས་སུ་གྱུར་པ་འདི་ལྟར་ལགས།

གསུམ། ཚེ་ལས་འདས་པ།

རྩོམ་སྒྲིག

༡༩༥༡ ལོ་དུས་ཙམ་ན། བཞེས་རག་སོགས་ཀྱི་རྐྱེན་པས་ལུས་ལ་ཆུ་སྐྲང་གསོག་ཅིང་། ཉིན་ཞིག་ན་རང་གི་སྐུ་ཟླ་ཚེ་བརྟན་གཡུ་སྒྲོན་ལ་སྡེ་བ་གཞུང་གིས་ཕྱིར་སྤྲད་པའི་གསུང་རྩོམ་ལྕགས་སྒམ་གང་པོ་བཅོལ་གདམས་བྱེད་ཞོར། གསུང་རྩོམ་དག་ཧོར་ཁང་བསོད་ནམས་དཔལ་འབར་ལ་སྐུར་དགོས་པར་གདམས ། ༡༩༥༡ ལོའི་ཟླ༨ ཚེས༡༤ ཙམ་དུ་ལྷ་ས་རུ་སྐུ་གཤེགས་སོ ། །


བཞི། བརྩམས་ཆོས་ཀྱི་སྐོར།

རྩོམ་སྒྲིག

ཁོང་གིས་བརྩམས་གནང་མཛད་པའི་སྐོར་ལ་མང་པོ་ཞིག་བོར་བརླག་ཏུ་གྱུར་ཚར་བར་བཤད་ཅིང་། ཕལ་ཆེ་བའི་མིང་ཞིག་བཀོད་ན།༼ ཕྱི་རོལ་པའི་གྲུབ་མཐའི་རྣམ་གཞག༽༼དེབ་ཐེར་དཀར་པོ།༽༼ཀླུ་སྒྲུབ་དགོངས་རྒྱན།༽༼རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ།༽༼ སིངྒ་ལའི་ལམ་ཡིག༽༼རྒྱ་གར་གནས་ཆེན་བརྒྱད་ཀྱི་ལམ་ཡིག༽ ༼འདོད་པའི་བསྟན་བཅོས།༽༼རྒྱ་གར་གནས་ཡིག༽༼འཛམ་གླིང་རྒྱས་བཤད།༽༼ ཧི་མ་ལ་ཡའི་བསྟན་བཅོས།༽༼སྒྲའི་ཟིན་བྲིས།༽སྙན་ངག་སོགས་མང་དུ་འདུག་ལ། བོད་འགྱུར་སྐོར་ལ༼ ཆོས་ཀྱི་ཚིགས་སུ་བཅད་པ།༽༼ར་མ་ཡ་ཎའི་རྟོགས་བརྗོད།༽༼ ལེགས་ལྡན་ནག་པོའི་གླུ༽བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར་༽ དབྱིན་འགྱུར་སྐོར་ལ༼ དེབ་ཐེར་སྔོན་པོ། ༽༼ སྤྱོད་འཇུག་ཆེན་མོ། ༽སོགས་ཡོད་པ་ཞིབ་ཏུ་མ་སྤྲོས་སོ། །

དཔྱད་གཞིའི་དཀར་ཆག

རྩོམ་སྒྲིག

ད་དུང་གཟིགས།

རྩོམ་སྒྲིག

དགེ་འདུན་ཆོས་འཕེལ་ནི། བོད་རེབ་གོང་ཞོ་འཕོང་དུ་ཡབ་ཨ་ལགས་རྒྱལ་པོའི་སྲས་སུ་སྐུ་འཁྲུངས། ཡབ་གཤེགས་པའི་རྗེས་སུ་གཡའ་མ་བཀྲ་ཤིས་འཁྱིལ་དུ་ཆོས་ཞུགས་བྱས། དེར་སུམ་རྟགས་དང་སྙན་ངག་སོགས་སྦྱངས། དགུང་ལོ་བཅོ་ལྔ་ནས་ལྡི་ཚ་བཀྲ་ཤིས་ཆོས་སྡིངས་སུ་ཞུགས་ཏེ། བསྡུས་གྲྭ་ནས་བཟུང་སྟེ་མཚན་ཉིད་ཀྱི་གཞུང་ལ་སློབ་གཉེར་གནང་། དགུང་ལོ་བཅུ་དགུའི་སྐབས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་དགེ་འདུན་ཆོས་འཕེལ་གསོལ། བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་ཚད་མ་དང་ཕར་ཕྱིན་ལ་སྦྱངས་པ་མཛད། དགུང་ལོ་ཉེར་ལྔའི་སྐབས་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་སོགས་བསྟེན་ནས་གཞུང་བཀའ་པོད་ལྔ་ལ་སྦྱངས་པས་མཁས་པའི་གྲགས་པ་ཕྱོགས་སུ་ཁྱབ། དགུང་ལོ་སུམ་ཅུའི་སྐབས་པཎྜི་ཏ་ར་ཧུ་ལས་གདན་ཞུས་ལྟར་རྒྱ་གར་དུ་ཕེབས། ཝ་ར་ནཱ་སི་སོགས་ལས་ལེགས་སྦྱར་གྱི་སྐད་ལ་སྦྱངས། སིང་ག་ལའི་སཾ་སྐྲི་ཏའི་སློབ་གྲྭ་ཆེན་མོ་ཞིག་ཏུ་ལོ་གཅིག་ལྷག་ལ་སློབ་གཉེར་མཛད་པས་མཁས་པའི་ཡང་རྩེར་སོན། པཎྜི་ཏ་ར་ཧུ་ལ་དང་མཉམ་དུ་བོད་ལ་ཕེབས་ནས་ས་སྐྱ་སོགས་དགོན་གནས་རྙིང་པ་རྣམས་སུ་རྒྱ་དཔེ་ཇི་ཙམ་བཞུགས་པ་གཟིགས་ཞིབ་ཐོག་དཔེ་ཐོ་དཀར་ཆག་ཞིབ་ཚགས་བཀོད་དེ་སླར་ཡང་རྒྱ་གར་དུ་ཕེབས། དགུང་ལོ་ཞེ་གཉིས་པར་ཁྲི་བྱང་རིན་པོ་ཆེ་དང་ཀ་ཤོད་པ་གཉིས་ཀས་གདན་འདྲེན་ཞུས་པ་ལྟ་བོད་དུ་ཕྱིར་ཕེབས། དགུང་ལོ་ཞེ་བཞི་པར་བཙོན་དུ་བཅུག ། དགུང་ལོ་ཞེ་དྲུག་པར་བཙོན་ཁང་ནས་བཏང་རྗེས་སློབ་མ་སྐོར་ཞིག་ལ་སློབ་ཁྲིད་མཛད་ནས་དུས་འདའ་བར་མཛད། ཁོང་ནི་ཤེས་རབ་ཆེ་ཞིང་། ཐོས་རྒྱ་ཆེ་བ། མདོ་སྔགས་རིག་གནས་གང་ལའང་མཁས་པའི་རྩེར་སོན་པ་ཞིག་སྟེ། ཁོང་གིས་འཆད་རྩོད་རྩོམ་པའི་མཛད་པའི་གྲགས་སྙན་འཛམ་གླིང་དུ་ཁྱབ་ཡོད། ༡༩༥༡ ལོའི་ཧོར་ཟླ་བརྒྱད་པའི་ཚེས་༡༤ དགོང་དྲོ་དུས་ཚོད་བཞི་པ་ཙམ་ལ་ལྷ་ས་དགའ་རུ་ཤར་དུ་སྐུ་གཤེགས་སོ། །ད་ལྟ་ཁོང་གི་གསུང་རྩོམ་ལག་སོན་བྱུང་བ་ཆོས་ཚན་ཉེར་བཞི་བཞུགས་ལ། བསྒྱུར་རྩོམ་ལ་ཆོས་ཚན་དགུ་བཞུགས།

ཕྱི་ཕྱོགས་དྲ་མཐུད།

རྩོམ་སྒྲིག