དན་མྲག་(Kongeriget Danmark)ནི་ཡོ་རོབ་གླིང་གི་རྒྱལ་ཁབ་ཞིག་རེད། དེའི་རྒྱལ་ས་ནི་ཀའོ་པེན་ཧ་ཀེན་རེད།

ཏེན་མག་ལ་གཞུང་འབྲེལ་ཐོག་ཏེན་མག་རྒྱལ་པོའི་རྒྱལ་ཁབ་ཅེས་བརྗོད། ཏེན་མག་ནི་ཡོ་རོབ་བྱང་ཕྱོགས་རྒྱལ་ཁབ(Nordic country)ཅིག་ཡིན། སི་ཁཱན་དྲི་ནཱ་བི་ཡའི(Scandina vian) (ཡོ་རོབ་ཀྱི་རྒྱལ་ཁབ་ཁྱུ་ཞིག) རྒྱལ་ཁབ་རྣམས་ཀྱི་ཆེས་ལྷོ་ཕྱོགས་སུ་ཡོད་པ་དང་། ནོར་ཝེ་ཡི་ལྷོ་ཕྱོགས་དང་། སི་ཝེས་དན་གྱི་ལྷོ་ནུབ(ཟམ་པ་ཞིག་གིས་འབྲེལ་ནས་ཡོད།) ཏུ་ཡོད། ཏེན་མག་གི་ལྷོ་ཕྱོགས་ས་མཚམས་འཇར་མན་དང་འབྲེལ་ཡོད་ལ། ནུབ་ཕྱོགས་སུ་བྱང་རྒྱ་མཚོ་དང་ཤར་ཕྱོགས་སུ་བྷལ་དིག་རྒྱ་མཚོ་ཡོད། ཏེན་མག་ནི་སྤྱི་ཚོགས་བདེ་དོན་ཤུགས་ཆེ་ཞིང་ཡར་རྒྱས་ཕྱིན་ཚར་བའི་རྒྱལ་ཁབ་ཅིག་ཡིན། ༢༠༠༦དང༢༠༠༧ལོར་དཔྱད་ཞིབ་བྱས་ཏེ། ཏེན་མག་ནི། འཕྲོད་བསྟེན་དང་བདེ་དོན་དང་ཤེས་ཡོན་བཅས་ཀྱི་ཚད་གཞི་རྨང་བྱས་པའི་ཐོག་འཛམ་གླིང་སྟེང་གི་ཆེས་ལམ་ལྷོང་བྱུང་བའི་རྒྱལ་ཁབ་དེ་ཡིན་པར་བགྲངས།

ཏེན་མག་གི་རྒྱལ་སའི་གྲོང་ཁྱེར་ནི་སེ་ལན་དྲི་གླིང་ཕྲན་དུ་ཡོད་པའི(Copenhagen)ཁོ་ཕེན་ཧ་ཀེན་ཡིན།

ཆབ་སྲིད་ལམ་ལུགས།

རྩོམ་སྒྲིག

ཏེན་མག་ནི་རྩ་ཁྲིམས་རྗེས་མཐུན་གྱི་རྒྱལ་པོའི་སྲིད་དབང(རྒྱལ་ཁབ་ཀྱི་འགོ་གཙོ་ནི་གཏན་འབེབས་བྱས་པའི་དབང་ཚད་འགའ་ཡོད་པའི་རྒྱལ་པོ་ཡིན) ཞིག་ཡིན།རྒྱལ་མོ་མར་གྷི་རེ་ཐི་གཉིས་པ་ཡིན། ཏེན་མག་ནི་གྲོས་ཚོགས་ཀྱི་རྒྱལ་ཁབ་ཅིག་ཡིན་ཏེ། མི་དམངས་ཀྱིས་ཁོ་ཚོའི་ཚབ་དུ་ཐག་གཅོད་བྱེད་པའི་གྲོས་ཚོགས་བསྐོ་བཞག་བྱེད་པ་དང་། དེ་ལ་དམངས་གཙོའི་ལམ་ལུགས་ཀྱི་སྲིད་གཞུང་ཞིག་ཡོད་ལ། སྲིད་གཞུང་དེ་ལ་འོས་འདེམ་བྱུང་བའི་སྲིད་བློན་གྱིས་སྣེ་ཁྲིད་བྱེད།

མངའ་ཁོངས་ཀྱི་ཁྱད་ཆོས།

རྩོམ་སྒྲིག

ས་ཁམས་རིག་པའི་ནང་ཏེན་མག་ནི་བྱང་ཕྱོགས་ཡོ་རོབ་ཀྱི་ས་ཆ་ཡིན་པ་དང་། ཏེན་མག་མི་རྣམས་ཀྱིས་ས་ཆ་དེར་འཚོ་གནས་བྱེད་ཀྱིན་ཡོད། ཆབ་སྲིད་ཀྱི་གནད་དོན་ཐད་ནས་བཤད་ན། ཏེན་མག་རྒྱལ་པོའི་རྒྱལ་ཁབ་ཀྱི་ཁོངས་སུ་ཨེད་ལན་ཐྲིག་རྒྱ་མཚོ་རུ་ཡོད་པའི་ཧྥ་རུ་གླིང་ཚོམ(Faroe Islands) དང་། བྱང་ཨ་རི་རུ་ཡོད་པའི་གྷི་རེན་ལན་དྲི(Greenland) གླིང་ཕྲན་གཉིས་ཀྱང་ཚུད་ཡོད། རྒྱལ་ཁབ་འདིའི་ཆ་ཤས་གསུམ་གྱི་སྐད་ཡིག་དང་རིག་གཞུང་མི་འདྲ་བ་ཡིན།

ལོ་རྒྱུས།

རྩོམ་སྒྲིག

དུས་རབས༡༠པའི་བེ་ཀེན(Viking) མི་རིགས་ཀྱི་དུས་སྐབས་སུ། རྒྱལ་པོ་ཧཱ་རལ་དྲི་བྷུལ་དུ་ཐི(Harald Bluetooth) ཡིས་ཏེན་མག་ཐོག་མར་གཅིག་གྱུར་བྱས་ཤིང་། ཏེན་མག་ཡི་ཤུའི་ཆོས་ལུགས་སུ་ཐོག་མར་བསྒྱུར། བེ་ཀེན་མི་རིགས་ཀྱིས་རྒྱལ་ཁབ་རྣམས་ལ་བཙན་འཛུལ་བྱེད་པ་མིང་དུ་གྲགས་ཡོད། དུས་རབས༡༡པའི་ནང་། ཏེན་མག་བེ་ཀེན་མི་རིགས་ཀྱིས་དུས་ཡུན་ཐུང་ངུ་ཞིག་གི་རིང་ཨིན་ལན(England) དབང་སྒྱུར་བྱས།

སྤྱི་ལོ༡༣༩༧ལོར། ཏེན་མག་དང་སི་ཝེས་དན། ནོར་ཝེ་གསུམ་རྒྱལ་མོ་གཅིག་ཡོད་པའི་རྒྱལ་ཁབ(རྒྱལ་ཁབ་དེ་ལ་ཀལ་མར་མཉམ་འབྲེལ་ཞེས་གྲགས།) རྐྱང་པ་ཞིག་ཏུ་གྱུར། ༡༥༢༣ལོར། སི་ཝེས་དན་ཡང་བསྐྱར་ལོགས་སུ་བུད་པ་དང་། ཏེན་མག་དང་ནོར་ཝེ་གཉིས(དེ་ལ་ཏེན་མག་ནོར་ཝེ་ཞེས་བརྗོད) (Denmark-Norway) མུ་མཐུད་དུ་མཉམ་གནས་བྱས་ཏེ་སྤྱི་ལོ༡༨༡༤བར་དུ་བསྡད། ཏེན་མག་ནོར་ཝེ་ཡིས་ཨེད་ལན་ཐྲིག་རྒྱ་མཚོ་རུ་ཡོད་པའི་གླིང་ཕྲན་མང་པོ་དབང་སྒྱུར་བྱས་ཡོད་ལ། དེའི་ཁོངས་སུ་ཧྥ་རུ་གླིང་ཚོམ་དང་འཁྱགས་གླིང་། (Iceland) གྷི་རེན་ལན་དྲི(Greenland) བཅས་ཚུད་ཡོད། སྤྱི་ལོ༡༩༤༤ལོར། འཁྱགས་གླིང་ཏེན་མག་ལས་རང་བཙན་ཐོབ།

སྤྱི་ལོ༡༨༤༩ཟླ༦ཚེས༥ཉིན། ཏེན་མག་རྩ་ཁྲིམས་རྗེས་མཐུན་གྱི་རྒྱལ་པོའི་སྲིད་དབང་ཞིག་ཏུ་གྱུར་ཏེ། རྩ་ཁྲིམས་གཏན་ལ་ཕབ་ནས་རྒྱལ་པོའི་དབང་ཆ་བླངས་ཤིང་། ཏེན་མག་མི་སེར་དཀྱུས་མ་རྣམས་ལ་ཐོབ་ཐང་སྤྲད། ད་སྐབས་ཏེན་མག་ནང་ཟླ༦ཚེས༥ཉིན་ནི། གུང་སེང་ཉིན་མོ་ཞིག་ཡིན་ལ་རྩ་ཁྲིམས་ཉིན་མོ་ཞེས་ཀྱང་བརྗོད།

སྤྱི་ལོ༡༩༤༠ལོའི་ཟླ༤ཚེས༩ཉིན། འཇར་མན་ནཱ་རྫེ་ཡིས་ཏེན་མག་ལ་བཙན་འཛུལ་བྱས་པ་དང་། འཛམ་གླིང་འཁྲུག་ཆེན་གཉིས་པ་ཧྲིལ་པོའི་རིང་ནཱ་རྫེའི་མི་རྣམས་ཏེན་མག་ནང་དུ་བསྡད། སྤྱི་ལོ༡༩༤༣ལོའི་དམག་འཁྲུག་གི་སྐབས་སུ། ནཱ་རྫེའི་མིས་འཇིའུ་རིགས་རྣམས་འཛིན་བཟུང་བྱེད་དུས། ཏེན་མག་མི་རྣམས་ཀྱིས་འཇིའུ་རིགས༨༠༠༠ལྷག་ལ་རོགས་བྱས་ཏེ་ཏེན་མན་ནས་སི་ཝེས་དན་དུ་འབྲོ་རུ་བཅུག འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ། ཏེན་མག་རྒྱལ་ཁབ་བྱང་ཨེད་ལན་ཐྲིག་ཆིངས་ཡིག་སྒྲིག་འཛུགས(NATO) དང་ཡོ་རོབ་མཉམ་འབྲེལ་རྒྱལ་ཁག(European Union) གི་ཁོངས་མིར་གྱུར། གྷི་རེན་ལན་དྲི་གླིང་ཕྲན་དང་ཧྥ་རུ་གླིང་ཚོམ་གཉིས་ད་ཆ་ཏེན་མག་གི་ཆ་ཤས་ཡིན་པ་དང་། ཁོ་ཚོ་ལ་རང་ཉིད་ཀྱི་སྲིད་གཞུང་དང་ཚད་བཀག་དབང་ཚད་ཡོད།

སྲིད་གཞུང་དང་ཆབ་སྲིད།

རྩོམ་སྒྲིག

ཏེན་མག་ལ་དབང་ཆའི་ཡན་ལག་གསུམ་ཡོད་དེ། ཁྲིམས་འཛིན་ལྷན་ཁང(ཁྲིམས་ཁང་ཁག) དང་འཛིན་སྐྱོང་ལྷན་ཁང་། (སྲིད་བློན་དང་བཀའ་ཤག) ཁྲིམས་བཟོ་ལྷན་ཁང(ཏེན་མག་མི་དམངས་ཀྱི་གྲོས་ཚོགས) བཅས་གསུམ་ཡིན། ཏེན་མག་གི་ད་ལྟའི་སྲིད་བློན་ལཱར་སི་ལོག་རཱ་སི་མུ་སེན་ཡིན་ལ། ཁོང་སྤྱི་ལོ༢༠༡༥ལོའི་ཟླ༦པའི་ནང་འོས་འདེམ་བྱས།

རྒྱལ་མོ་མཱ་གྷི་རེ་ཐི་གཉིས་པ། ཏེན་མག་ནི་རྒྱལ་པོའི་རྒྱལ་ཁབ་ཅིག་ཡིན་པ་དང་། དེ་ལ་རྒྱལ་པོའམ་རྒྱལ་མོ་གང་རུང་ཞིག་ཡོད། ད་ལྟའི་རྒྱལ་མོ་ནི་རྒྱལ་མོ་མཱ་གྷི་རེ་ཐི་གཉིས་པ་ཡིན། མཱ་གྷི་རེ་ཐི་གཉིས་པ་ལ་དབང་ཚད(ཁོ་མོས་གལ་ཆེན་ཐག་གཅོད་གང་ཡང་བྱེད་ཀྱིན་མེད) ཆེན་པོ་མེད་པ་དང་མཚོན་དོན་ཙམ་གྱི་བྱེད་ལས་ཡོད། སྤྱི་ལོ༡༨༤༩ལོར། ཏེན་མག་རྩ་ཁྲིམས་རྗེས་མཐུན་གྱི་རྒྱལ་པོའི་སྲིད་དབང་ཞིག་ཏུ་གྱུར། ལོ་ངོ་བཞི་རེའི་ནང་གྲོས་ཚོགས་འོས་འདེམ་བྱེད་ཀྱི་ཡོད་པ་དང་། འོས་ཐོབ་མཁན་ནི་གྲོས་ཚོགས་ནང་འོས་ཤོག་དང་རྐུབ་སྟེགས་མང་ཤོས་འཐོབ་མཁན་གྱི་ཚོགས་པ་དེའམ། ཡང་ན་མཉམ་སྡེབ་ཚོགས་པ་ཡིན། འོས་བསྡུ་འགྲུབ་པའི་རྗེས་སུ། མོས་མཐུན་ཡོད་པའི་ཚོགས་པ་འགའ་མཉམ་པོར་འདུས་ཏེ་ཐུན་མོང་སྲིད་གཞུང་ཞིག་གྲུབ་པ་དང་།ཚོགས་པ་ཆེས་ཆེ་ཤོས་ཀྱི་སྣེ་ཁྲིད་པ་སྲིད་བློན་དུ་འགྱུར་གྱིན་ཡོད།

སི་ཁཱན་དྲི་ནཱ་བི་ཡའི(Scandinavian)རྒྱལ་ཁབ་རྣམས་ཀྱི་ཆེས་ཆུང་ཤོས་ཏེན་མག་ཡིན། ཏེན་མག་གི་ཁྱིམ་མཚེས་རྒྱལ་ཁབ་རྣམས་ནི། འཇར་མན(ལྷོ།) དང་སི་ཝེས་དན།(ཤར།) ནོར་ཝེ།(བྱང་།) དབྱིན་ཇི།(ནུབ།) བཅས་ཡིན། ཏེན་མག་གི་ཆ་ཤས་ཆེ་ཤོས་ཇུད་ལན་དྲི(Jutland)ཕྱེད་གླིང་ཕྲན་མ་གཏོགས། རྒྱལ་ཁབ་ཀྱི་མཐའ་ཚང་མ་རྒྱ་མཚོ་ཡིས་བསྐོར་ཡོད་པ་དང་། ས་སྟེང་དུ་འཇར་མན་དང་འབྲེལ་ནས་ཡོད། ཤར་ལྷོ་རུ་བྷལ་ཐྲིག་རྒྱ་མཚོ་དང་ནུབ་ཏུ་བྱང་རྒྱ་མཚོ། བྱང་དུ་སི་ཀཱ་གྷི་རག་རྒྱ་མཚོ། བྱང་ཤར་དུ་ཀཱ་དི་གྷེད་རྒྱ་མཚོ་བཅས་ཡོད། ཏེན་མག་གི་ནུབ་ཕྱོགས་ཆ་ཤས་ཇུད་ལན་དྲི་ཕྱེད་གླིང་ཕྲན་ཡིན་ལ། འཇར་མན་དང་ས་མཚམས་འབྲེལ་ནས་ཡོད། དེ་ནི་ཏེན་མག་གི་གླིང་ཕྲན་མིན་པའི་ཆ་ཤས་གཅིག་པུ་དེ་ཡིན། དེ་བྱིངས་ཀྱི་ཏེན་མག་ནང་མི་འཚོ་གནས་བྱེད་ཡོད་སའི་གླིང་ཕྲན༧༦དང་། གླིང་ཕྲན་ཆུང་ཆུང་མང་པོ་ཡོད། གླིང་ཕྲན་རྣམས་ལས་ཆེས་ཆེ་ཤོས་ནི(Zealand)ཙེ་ལན་དྲི་དང་ཧྥུ་ནན(Funen)ཡིན། ཤར་ཕྱོགས་སུ་བྷལ་ཐྲིག་རྒྱ་མཚོ་རུ་ཡོད་པའི་བྷོན་ཧོ་ལིམ(Bornholm)གླིང་ཕྲན་ཡོད། ཏེན་མག་རྒྱལ་ཁབ་གང་ལ་གང་འཚམས་ཁོད་སྙོམས་པོ་ཡོད། རི་བོ་ཆེས་མཐོ་ཤོས་ནི་མཱོ་ལི་ཧོ་ཇི(Møllehøj)ཡིན་པ་དང་། མཐོ་ཚད་ལ་སྤྱི་ཁྲུ༡༧༠.༨༦ཡོད། རི་བོ་ཆུང་ཆུང་དང་མཚོ། མཚོ་གླིང་། ནགས་ཚལ། ཞིང་ས་བཅས་མང་པོ་ཡོད། ཏེན་མག་གི་མཚོ་འགྲམ་རིང་ཚད་ལ་སྤྱི་ལེ༧༣༡༤ཡོད་པ་དང་། མཚོ་ངོགས་ལས་སྤྱི་ལེ༦༠ལྷག་གི་མཚམས་སུ་འཚོ་གནས་བྱེད་པའི་མི་གཅིག་ཀྱང་མེད།

གནམ་གཤིས།

རྩོམ་སྒྲིག

ཏེན་མག་གི་གནམ་གཤིས་ནི་ལྷགས་པ་ཚ་པོ་དང་ཆར་མང་པོ་འབབ་ཀྱིན་ཡོད། དགུན་དུས་སུ་ཧ་ཅང་གྲང་མོ་མིན་ལ། ལོ་མང་ཆེ་བར་གཟའ་འཁོར་འགའ་ལས་ཁ་བ་བབས་མེད། ལོ་ངོ་བཅུ་རེའམ་ཡང་ན་དེ་ཙམ་གྱི་ནང་གླིང་ཕྲན་རྣམས་ཀྱི་མཐའ་འཁོར་གྱི་རྒྱ་མཚོ་ལ་དར་ཆགས་ཡོད་མོད། འོན་ཀྱང་། དགུན་ཟླ་མང་ཆེ་བར་དར་ཆགས་མེད།གནམ་གཤིས་དང་ས་བབ་གཉིས་དགུན་དུས་ལུས་རྩལ་ལ་འཚམ་པོ་མེད་པ་རེད། དབྱར་ཟླ་མང་ཆེ་བ་ཧ་ཅང་ཚ་པོ་མིན། མི་རྣམས་ཀྱིས་རྟག་ཏུ་ཆར་པ་དང་རླུང་གི་ཆེད་དུ་གོན་པ་གྲ་སྒྲིག་བྱས་ཡོད། ཉི་མ་ཧ་ཅང་ཚ་བའི་དུས་སྐབས་ཀྱང་མང་པོ་ཡོད་མོད། འོན་ཀྱང་། མི་སུ་གང་གིས་ཀྱང་ནམ་ཞིག་ཏུ་འགྱུར་ལྡོག་དེ་འབྱུང་གིན་ཡོད་པ་སྔོན་དཔག་ཐུབ་ཀྱིན་མེད། ཕྱི་རོལ་གྱི་ལས་ཀ་བྱེད་དུ་འགྲོ་བར་ལོ་དེའི་དུས་ཚོད་ལེགས་ཤོས་ནི་ཟླ་ལྔ་པ་དང་དྲུག་པ་ནས་དབྱར་གཞུང་བར་དུ་ཡིན།


སྒྱུར་མཁན། ནོར་བུ།    མཐོ་བོད་འཕྲིན་སྟེགས་ནས་དྲངས།
"https://bo.wikipedia.org/w/index.php?title=དན་མྲག&oldid=136370"ལས་སླར་རྙེད་སོང།