མཁས་དབང་དམུ་དགེ་བསམ་གཏན། རྩོམ་སྒྲིག

དམུ་དགེ་བསམ་གཏན་སི་ཁྲོན་ཞིང་ཆེན་ཟུང་ཆུ་རྫོང་ཁོངས་སུ་གཏོགས་པའི་དགེ་བ་བཅུ་ཚང་བའི་ཡུལ་དམུ་དགེ་ཞེས་བྱ་བའི་དགོན་འོག་སོག་པོ་རུ་ཟེར་བའི་རོང་སྡེ་དང་པོ་དེར་གྱོང་སྨད་ཚང་(གྲོང་སྨད་ཚང)ཞེས་ཁྱིམ་ཚང་གསུམ་ཡོད་པའི་ཡ་གྱལ་གྱོང་སྨད་འཁོར་ལོ་ཚང་ཡབ་བསོད་ནམས་དར་དང་ཡུམ་ཨ་ཚེ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་སྟག་ (༡༩༡༤)ལོར་ཧོར་ཟླ་བཅུ་གཅིག་པའི་ཡར་ངོ་ཞིག་ཏུ་སྐུ་བལྟམས། ཐལ་དགེ་བཤེས་བློ་བཟང་ཆོས་ལྡན་དཔལ་བཟང་པོའི་མདུན་ནས་ཀ་ཁ་སློབ་པའི་མགོ་བཟུང་སྟེ་སྐུ་ཞང་བདེ་ཆེན་དང་ཡབ་ཀྱི་དཻུང་ནས་ཀློག་དང་སྐྱབས་འགྲོ་ལྷུང་བཞག་སོགས་སྦྱངས་པ་མཛད། དགུང་གྲངས་བཅུ་གཅིག་ཐོག་བདེ་ཚང་ཁྲི་རྒན་བློ་བཟང་བསྟན་པའི་ཉི་མ་ལས་རབ་ཏུ་བྱུང་སྟེ་དགེ་ཚུལ་གྱི་སྡོམ་པ་མཉོས་ཏེ་མཚན་ལ་བློ་བཟང་བསམ་གཏན་ཞེས་གསོལ། དེ་མཚུངས་སུ་དམུ་དགེ་བཀྲ་ཤིས་འཁོར་ལོ་དགོན་དུ་ཆོས་གྲྭ་དང་ཚོགས་ལ་ཞུགས། དགེ་བཤེས་ཆེན་པོ་རྗེ་དཀོན་མཆོག་དགེ་འདུན་ཚང་བསྟེན་ནས་སློབ་གཉེར་མཛད།

ཨ་ཁུ་བློ་བཟང་བཀྲ་ཤིས་ཞེས་པའི་མཁས་པ་ཞིག་ཡོད་པ་དེའི་མདུན་ནས་ཡེ་གེ་དཀར་ནག་དང་དག་ཡིག་སོགས་སྦྱངས་པ་མཛད། དགུང་བཅུ་དགུར་གཞུང་རྒྱུགས་འབུལ་གནང་མཛདཔ་དང་ཆབས་ཅིག་འཛིན་གྲྭའི་སྐྱོར་དཔོན་དུ་བསྐོས། དེའི་ཕྱི་ལོ་རྒྱམ་ཁོ་སྤྲུལ་སྐུ་དང་ལྷན་དུ་ཕེབས་ཏེ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྨད་བྱུང་ཐོས་བསམ་གླིང་གི་ཆོས་གྲྭ་ལ་འཛིན་གྲྭ་དོན་བདུན་ཅུ་ནས་ཞུགས། མཁས་དབང་རབ་ཕུག་ཅུང་གསུམ་དུ་གྲགས་པའི་ནང་ཚན་མཀས་པའི་དབང་པོ་ཕྱུག་རྗེ་དཀོན་མཆོག་བསམ་འགྲུབ་ཅེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་ཡོངས་འཛིན་དུ་བསྟེན་ནས་ཐུགས་འཛིན་སྐྱོར་སྦྱང་སོགས་ཧུར་ཐག་མཛད། དེ་ནས་རིང་པོར་མ་ཐོགས་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་རིགས་པ་སྨྲ་བའི་གྲས་སུ་ཆུད་དེ་དམུ་དགེ་བསམ་གཏན་ཞེས་མཚན་ཡོངས་སུ་གྲགས།

དགུང་ལོ་ཉེར་བདུན་ཐོག་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་བསྒྲུབ་བྱ་བརྒྱ་ཕྲག་ཡོད་པའི་གྲས་སུ་བླ་ཁོ་རྡོ་རྗེ་འཆང་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོའི་ཞལ་སྔ་ལས་བསྙེན་པར་པར་རྗོགས། བླ་བྲང་དུ་ཕེབས་ནས་ལོ་དགུ་སོང་སྐབས་ཡབ་ཀྱི་བསུ་བར་ཕེབས་ཏེ་ཕ་ཡུལ་དུ་ལན་ཅིགག་ཕེབས་དགོས་ཞེས་ནན་གྱིས་ཞུས་པར་བརྟེན་སློབ་གཉེར་འཕྲོ་བསྐྱུར་ནས་ཕེབས་དགོས་བྱུང་། ཕ་ཡུལ་དུ་ཟླ་བ་བརྒྱད་ཞུགས་རྗེས་བླ་བྲང་དུ་ཕྱིར་ཕེབས་ནས་དབྱངས་ཅན་མ་དཀར་མོའི་བསྙེན་པ་ཞིག་བཏང་། དེ་རྗེས་སློབ་དཔོན་རིན་པོ་ཆེ་པཎྜི་ཊ་རྗེ་ༀ་འཁྱིལ་བ་འཇམ་དབྱངས་ལེགས་བཤད་དཔལ་བཟང་པོ་ལས་གསུམ་རྟགས་དང་དབྱངས་ཅན་སྒྲ་ཊཱིཀ་གི་རི་མོ་མཛུམ་ཁྲིད་རྫོགས་པར་གསན། དགུང་གྲངས་སོ་གཉིས་ཐོག་བླ་བྲང་ཕྱག་མཛོད་དབལ་མང་ཚང་ནས་ཨ་མཆོག་དགོན་རྒྱུད་པ་གྲྭ་ཚང་གི་ཨ་ཁུ་འཇམ་དབྱངས་ལྔ་ཕྲུག་གི་མདུན་ནས་རྒྱ་རྩིས་རི་མོ་ཆ་ཚང་སློབ་གཉེར་མཛད། དེ་རྗེས་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་པ་རྗེ་བཙུན་བློ་བཟང་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱན་མཚན་ལྷ་ས་ནས་རང་དགོན་དུ་ཕེབས་རྗེས་གྲྭ་ཚང་སོ་སོའི་སྒྲིག་ལམ་སོགས་ལ་དག་ཐེར་གནང་བ་དང་དུས་མཚུངས་བླ་བྲང་ཐུབ་བསྟན་ཕོ་བྲང་དུ་གྲྭ་ཆུང་གི་སློབ་གྲྭ་ཞིག་བཙུགས་གནང་དེ་དམ་པ་དེ་ཉིད་ཀྱང་དགེ་རྒན་དུ་བསྐོ་བཞག་གནང་བ་ཟད། སློབ་གྲྭའི་ཚོགས་འདུའི་ཐོག་འཇམ་དབྱངས་བཞད་པ་སྐུ་ངོ་མས་གསུང་བཤད་བཀའ་སློས་བསྩལ་སྐབས་“ཁོང་ཨ་ཁུ་བསམ་གཏན་ཡང་ཆོས་འཇིག་རྟེན་གཇིས་ཀར་རྣམ་དཔྱོད་ཆེ་བ་ཞིག་ཡིན་གཤིས་དགེ་རྒན་དུ་བསྐོ་ཞག་བྱས་པ་ཡིན་པས་ཁྱོད་རྣམས་ཀྱིས་བརྩི་བཀུར་དང་སྲུང་བརྩི་བྱེད་དགོས”ཞེསགསུངས། རྡོ་རམས་པ་བཏང་ནས་ལོ་གཉིས་དང་ཟླ་བ་བརྒྱད་སོང་བའི་མཚམས་ལ་བླ་བྲང་དུ་བཅིངས་འགྲོལ་ཐོབ། སྔ་དུས་ནས་གྲོང་ཁྱེར་ཆེ་སར་ཕེབས་འདོད་ཡོད་པ་ལྟར་རྫོང་གི་དཔོན་ཆེན་འགའ་ཞིག་གིས་ལན་གྲུར་ཕྱག་ལས་གནང་བར་ཕེབས་རྒྱུའི་ཞལ་སྐུལ་ཞུས། གུང་ཐང་རིན་པོ་ཆེ་ནས་ཀྱང་ཆེད་མངགས་མགྲོན་འབོད་ཀྱིས་སྤྱི་སྒེར་གྱི་དོན་དང་རིག་གནས་དང་ལོ་རྒྱུས་སོགས་ཀྱི་གསུང་འཕྲོས་མང་པོ་བསྩལ་བ་མ་ཟད། རྒྱ་ཡུལ་དུ་འགྲོ་ན་པེ་ཅིང་དུ་འགྲོ་ན་བཟང་། ངའི་ཚབ་བྱས་ཏེ་མོའོ་ཀྲུའུ་ཞི་དང་ཀྲུའུ་ཙུང་སིལིང་ལ་མཚམས་ཞུ་བྱས་ནས་སོང་ན་དམིགས་བསལ་གྱི་བལྟ་རྟོགས་ཡོད། འགྲོ་འགོ་ཚང་མ་ངས་གཏོང་གསུངས།

དེ་ནས་གང་ཐང་རིན་པོ་ཆས་བླ་བྲང་དུ་གསོལ་སྟོན་བཤམས་ཏེ་ཕྱག་མདུད་ལྷ་དར་བཀྲ་ཤིས་པའི་ཚིགས་བཅད་དང་བཅས་ལྷོ་འཇམ་དཔལ་གཞོན་ནུའི་དྲུང་ཆེན་མཁན་པོའི་མཚན་བཏགས་གནང་བ་མ་ཟད། ན་བཟའ་སོག་ཆས་ཆ་ཚང་དང་། ལམ་དངུལ་སྒོར་སུམ་བརྒྱ་ལྔ་བཅུ། མཚམས་ཞུ་ལ་འབུལ་རྒྱུའི་གུར་གུམ་དང་གླ་རྩི་འབོར་ཆེན་བཅས་དང་། སྐད་བསྒྱུར་ལ་ཡིན་ཅི་ཡོན་ཟེར་བའི་རྒྱ་རིགས་ཤིག་གཏོང་གནང་མཛད། དེ་ནས་བཞོན་པ་སོགས་གླས་ནས་ ཕེབས་རྡོག་ཐོན་ཏེ་ཀ་ཅུ་མཁར་དུ་ཕེབས་སྐབས་ཡ་ཧན་ཀྲང་གིས་གཙོ་འཛིན་བྱས་ནས་ཚོགས་འདུ་ཞིག་འཚོགས་པ་དེར་ཞུགས་ནས་གསུང་བཤད་ཀྱང་གནང་། དེ་ནས་རླངས་འཁོར་ལ་ཞུགས་ནས་ལན་གྲུར་ཕེབས་སྐབས་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་མཇལ། ཀན་སུའུ་ཞིང་ཆེན་འཐབ་ཕྱོགས་གཅིགགྱུར་པུའི་པུའུ་ཀྲང་ཧྥན་མིང་ནས་སྣེ་ལེན་གཟབ་རྒྱས་ཞུས། དགུང་གྲངས་སོ་བདུན་པ་ལྕགས་སྟག་(༡༩༥༠)ལོར་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་ཤིན་ཅང་གི་དཔོན་རིགས་ཁ་ཤས་བཅས་དང་མཉམ་དུ་གནམ་གྲུར་བཞུགས་ནས་པེ་ཅིང་དུ་ཕེབས། ཐོག་མར་དགེ་བཤེས་རིན་པོ་ཆེ་དང་ལྷན་དུ་མགྲོན་ཁང་དུ་བཞུགས་ཤིང་། དེ་ནས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་དང་རྒྱལ་ཁབ་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཅིག་ལྕོགས་ལི་ཝུའི་ཧན་དང་། མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཨུ་ལན་ཧྥུ། མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་གི་ཀྲུའུ་རེན་ཡང་ཅིན་རེན་བཅས་རྟག་ཏུ་དག་བཤེས་རིན་པོ་ཆེའི་སྐུ་གམ་དུ་གྲོས་མོལ་ལམ་བློ་འདྲི་ཞུ་བར་འོང་བ་དང་སྐབས་བསྟུན་ཡང་ཅིང་རེན་གྱིས་དམ་པ་འདི་ཉིད་ལ་སི་ཁྲོན་དང་། ཤིས་ཁམས། བོད་ལྗོངས་བཅས་ད་དུང་བཅིངས་འགྲོལ་གཏོང་རྒྱུ་ཡིན་པས་བོད་ཡིག་ལས་དོན་གལ་འགངས་ཤིན་ཏུ་ཆེ་བར་བརྟེན་ལས་བྱེད་པའི་སྐྱིད་སྡུག་ལ་འཛུལ་ཞུགས་གནང་ཚེ་དགོས་མཁོ་ཧ་ཅང་ཆེན་པོ་ཡོང་རྒྱུ་ཡིན་ཚུལ་བརྗོད་པར་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་ནས་ཀྱང་ངེས་པར་ཁས་ལོངས། ལས་བྱེད་པ་བྱས་ནས་བསྟན་འགྲོའི་དོན་ཅི་ནུས་རེ་བྱེད་དགོས་ཞེས་བཀའ་སློབ་ཕེབས་སྟབས་ཞལ་ཁས་བཞེས་ནས་རྡོ་རྗེ་ཚེ་བརྟན་དང་། ཕུན་བཀྲ། བསོད་ནམས་རྒྱ་མཚོ་ཧོང་མེན་ཤིན་སོགས་དང་ལྷན་དུ་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཁང་གི་སི་གསུམ་པའི་ནང་ཕྱག་ལས་གནང་སྟེ་《མི་དམངས་བརྙན་པར་》 སོགས་ལ་བསྒྱུར་ཞུས་མཛད། ལྕགས་ཡོས་(༡༩༥༡)ལོར་ང་ཕོད་སོགས་བོད་ས་གནས་སྲིད་གཞུང་གི་འཐུས་མི་རྣམས་པེ་ཅིང་དུ་འབྱོར་ཏེ་བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུའི་གྲོས་མཐུན་དོན་ཚན་བཅུ་བདུན་འཇོག་སྐབས་གྲོས་ཐུན་པར་ཞུས་ཀྱི་ལས་དོན་ནང་བཞུགས། དགུང་གྲངས་སོ་དགུ་པ་ (༡༩༥༢) ལོར་སྐུ་ཁམས་ཅུང་མི་བདེ་བ་སོགས་ཀྱི་དབང་གིས་ཕ་ཡུལ་དུ་ཕེབས། ཟུང་ཆུ་རྫོང་ཏང་གི་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་དམུ་དགེའི་རང་སྐྱོང་སྲིད་གཞུང་འཛུགས་གནང་མཛད་པ་དང་སྦྲགས་ཚོགས་འདུ་དུ་མར་ཞུགས་ཏེ་དྲིལ་བསྒྲགས་མཛད། དགུང་གྲངས་བཞི་བཅུར་ཕེབས་པ་ཆུ་སྦྲུལ་ (༡༩༥༣)ལོར་ཀུན་མཁྱེན་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་དཔལ་བཟང་པོའི་གསུང་ཤོག་འབྱོར་ཏེ་ལྷ་རམས་པ་དཀོན་མཆོག་བསྟན་འཛིན་དང་དམ་པ་དེ་ཉིད་དམུ་དགེ་བཀྲ་ཤིས་འཁོར་ལོ་དགོན་གྱི་མཚན་ཉིད་དགེ་རྒན་དུ་བསྐོ་བཞག་གནང་། དགུང་གྲངས་ཞེ་གཉིས་པ་ཤིང་མོ་ལུག་ (༡༩༥༥) ལོའི་བོད་ཟླ་གཉིས་པར་ལྷ་རྒྱལ་གླིང་སྲིད་གཞུང་ནས་གདན་ཞུས་བྱས་པ་ལྟར་ཕེབས་ཏེ་ལྷ་རྒྱལ་གླིང་སྲིད་གཞུང་རིག་གནས་ཁོའི་ཁོ་ཀྲང་གཞོན་པ་དང་མིང་ཀྱཱང་གསར་འགྱུར་ཁང་གི་བོད་ཡིག་གསར་འགྱུར་རྩོམ་སྒྲིག་གི་ལས་འགན་གཅིག་ལྕོགས་གནང་།

དགུང་གྲངས་ཞེ་ལྔ་པ་ས་ཁྱི་(༡༩༥༨)ལོའི་ཟླ་བ་བརྒྱད་པར་རང་སྐྱོང་སྲིད་གཞུང་ལྷ་རྒྱལ་གླིང་ནས་འབར་ཁམས་སུ་སྤོས་སྟབས་ལྷན་དུ་གནས་སྤོ་མཛད། དགུང་གྲངས་ཞེ་དྲུག་ལ་ཕེབས་པ་ས་ཕག་ (༡༩༥༩)ལོའི་ལུགས་རྙིང་གི་ལོ་གསར་ནས་སྐྱ་ཆས་མི་བཞེས་ཀ་མེད་བྱུང་བ་དང་། ལོ་དེའི་ཟླ་བ་ལྔ་པར་པེ་ཅིང་དུ་རྒྱ་བོད་ཤན་སྦྱར་ཚིག་མཛོད་དང་མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བསྡུས་དེབ་དང་པོའི་བསྒྱུར་ཞུས་མཛད་པར་ཕེབས་ཏེ་ཟླ་ཤས་རིང་རྗེ་ཚེ་ཏན་ཞབས་དྲུང་དང་ལྷན་དུ་ཁང་མིག་གཅིག་ནང་བཞུགས། བཅུ་པའི་ཚེས་གཅིག་གི་རྒྱལ་སྟོན་མཛད་གཟིགས་སོགས་བྱེད་སྒོ་ཁག་ལ་ཞུགས་རྗེས་ཁྲེན་དུར་ཕྱིར་ཕེབས། དགུང་གྲངས་ང་གསུམ་པ་མེ་རྟ་ (༡༩༦༦)ལོར་རིག་གནས་གསར་བརྗེ་ཞེས་པའི་གོད་ཆག་ཆེན་པོ་དེ་ལངས་ནས་ལོ་དེའི་སྤྱི་ཟླ་བཅུ་པར་དམར་སྲུང་དམག་ཅེས་པས་སྐུ་ཆས་ཡོད་ཚད་འཕྲོག་བཅོམ་བྱས་མཐར་སྐུ་ལ་ཆོས་གོས་སྣམ་སྦྱར་དང་། སྐུ་རྒྱབ་ཏུ་འཇམ་སྡུད་བཟང་གསུམ་ཕྱག་དཔེ། ཕྱག་དཔུང་གཡས་གཡོན་དུ་བཀའ་གདམས་གླེགས་བམ་གྱི་ཤོག་གྲངས་ཁ་ཤས་རེ། ཕྱག་ཏུ་ཕྱག་ཕྲེང་ཞིག་དང་ཇོ་བོའི་རྣམ་ཐར་ཆེན་པོའི་དུམ་བུ་ཞིག་བཅས་གསོལ་ནས་མི་ཚོགས་ཁྲོད་འབོད་ཚིག་འུར་དིར་གྱི་ངང་ཁྲོམ་སྐོར་དུ་བཙན་ཁྲིད་ཞུས། དེ་ནས་ལོ་གཅིག་དང་ཉིན་བཅུ་གཉིས་རིང་རྫི་འགག་འབོ་གྱོའི་ཁོག་ཏུ་དམ་པོ་ཏ་ཏོས་ཟེར་བའི་རུ་ཁག་སྔོན་ཐོན་གྱི་ནང་དུ་ངལ་རྩོལ་གནང་དགོས་བྱུང་ཞིང་། དེའི་རིང་ངལ་ལས་ལྕི་ཁར་འབྲུ་རིགས་སོགས་ཀྱིས་མི་འདང་བར་རྟ་ཤ་སོགས་གང་བྱུང་བཞེས་དགོས་བྱུང་།

དགུང་གྲངས་ང་བཞིར་ཕེབས་པ་མི་ལུག་ (༡༩༦༧)ལོར་འབར་ཁམས་སུ་ཕེབས་ནས་སློབ་སྦྱོང་དང་ངལ་རྩོལ་འདྲེས་མའི་ངང་བཞུགས། དགུང་གྲངས་དྲུག་ཅུ་བཞེས་པ་ཆུ་གླང་ (༡༩༧༣)ལོའི་ཧོར་ཟླ་གསུམ་པར་བཅིངས་འགྲོལ་ཐོབ། ཤིང་ཡོས་ (༡༩༧༥)ལོར་ཁྲེན་དུར་ཕེབས་ཏེ་བོད་རྒྱ་ཚིག་མཛོད་ཆེན་མོ་བཟོ་རྒྱུའི་གཞི་བཏིང་། མེ་སྦྲུལ་ (༡༩༧༧)ལོའི་ཟླ་བ་བཅུ་གཉིས་པར་ཟི་ཁྲོན་ཞིང་ཆེན་སྲིད་གྲོས་སྐབས་བཞི་པའི་རྒྱུན་ལས་ཨུ་ཡོན་དུ་བདམས་ཐོན་བྱུང་བ་དང་། དེའི་ཕྱི་ལོ་རང་སྐྱོང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པར་བདམས། ལྕགས་སྤྲེལ་ (༡༩༨༠)ལོའི་སྤྱི་ཟླ་དང་པོར་པེ་ཅིན་དུ་གྲངས་ཉུང་མི་རིགས་སྐད་ཡིག་ཚན་རིག་གྲོས་བསྡུར་ལ་ཞུགས་ཏེ་ཉིན་བཅུ་གཉིས་རིང་རྩོད་གླེང་མཛད་མཐར་དེ་སྔ་མའོ་ཙེ་ཏུང་གསུང་རྩོམ་སློབ་སྦྱོང་འཛིན་གྲྭ་ཟེར་བ་ཞིག་བཙུགས་པ་དེས་བོད་ཡིག་བཅོས་སྒྱུར་བྱེད་དགོས་ཞེས་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་རྩ་བརླག་གཏོང་བའི་ཡིག་ཆ་གནད་བསྡུས་ཟེར་བ་དེ་རྩིས་མེད་དུ་གཏོང་ཐུབ་པ་བྱུང་བ་དང་སྦྲགས་གནད་བསྡུས་ཀྱི་དགག་ཡིག་མཐའ་དཔྱད་ཟེར་བ་ཞིག་ཆེད་མངགས་རྩོམ་འབྲི་གནང་ནས་ཚིག་མཛོད་ཁང་གི་ལས་བྱེད་ཡོངས་ལ་ཚར་གཅིག་ཁྲིད་གནང་མཛད། དགུང་གྲངས་རེ་དགུ་པ་ཆུ་ཁྱི་ (༡༩༨༢)ལོའི་ཟླ་བ་བདུན་པའི་ཚེས་གཉིས་ཉིན་ལྷ་ས་སྨན་རྩིས་ཁང་གི་གདན་ཞུས་ལྟར་གནམ་གྲུའི་ཐོག་ལྷ་སར་ཕེབས་ཏེ་ཀྲུང་གོ་གནམ་རིག་སྐར་རྩིས་ཀྱི་ཚོགས་འདུར་ཞུགས་ཐོག་སྐར་རྩིས་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་གཞོན་པར་བདམས། གཙུག་ལག་ཁང་གི་ཐོག་ཁང་དུ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་རིན་པོ་ཆེར་ནང་མཇལ་ཞུས། ཟླ་ངོ་བཞི་ཙམ་རིང་གདན་ས་སེ་འབྲས་དགེ་གསུམ་དང་ལྷ་ལྡན་གཙུག་ལག་ཁང་། ཕོ་བྲང་པོ་ཏ་ལ། བཀྲས་ལྷུན། ས་སྐྱ། ཡུམ་བུ་བླ་སྒང་། ཆོས་རྒྱལ་བང་སོ་སོགས་ལ་གནས་གཟིགས་ཕེབས། ལོ་དེའི་སྤྱི་ཟླ་བཅུ་གཉིས་པའི་ནང་གྲངས་ཉུང་མི་རིགས་དང་ཆོས་ལུགས་མི་སྣ་དྲུག་བཅུ་ལྷག་གི་ལྟ་སྐོར་ཚོགས་པའི་ཚོགས་གཙོ་གནང་སྟེ་རང་རྒྱལ་གྱི་ལྷོ་ཕྱོགས་ཞིང་ཆེན་དགུའི་གྲོང་ཁྱེར་ཆེ་ཁག་ལ་ལྟ་སྐོར་དུ་ཕེབས།

དགུང་གྲངས་དུན་ཅུར་ཕེབས་པ་ཆུ་ཕག་(༡༩༨༣)ལོའི་ཟླ་གསུམ་པར་པེ་ཅིན་དུ་ཕེབས་ནས་ཀྲུང་དབྱང་མི་རིགས་སློབ་གྲྭའི་གནའ་ཡིག་ཟབ་སྦྱོང་འཛིན་གྲྭར་《སྙན་ངག་ཡང་གསལ་སྣང་མཛོད་》སློབ་ཁྲིད་མཛད། དེ་རྗེས་ཁྲང་རྡ་དང་། ཏཱ་ཐུང་། རི་བོ་རྩེ་ལྔ། སྐུ་འབུམ། བླ་བྲང་སོགས་སུ་གནས་གཟིགས་ཕེབས་རྗེས་ཕྱིར་འབར་ཁམས་སུ་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ་སུམ་ཅུ་འཁོར་བའི་དགའ་སྟོན་དུ་ཕེབས་ཞུགས་མཛད། ད་ནས་ལོ་ངོ་བཅུ་གྲངས་རིང་དམ་པ་དེ་ཉིད་ཀྱིས་མདོ་སྨད་ཀྱི་ཡུལ་གྲུ་གང་སར་ཕེབས་ཏེ་སློབ་ཁྲིད་དང་ཆོས་འཁོར་རྒྱ་ཆེར་བསྐོར་གནང་མཛད་དེ། ཕུལ་བྱུང་གི་སློབ་མ་དུ་མ་གསོ་སྐྱོང་གནང་མཐར་དགུང་གྲངད་བརྒྱད་ཅུར་ཕེབས་པ་རབ་གནས་ཆུ་བྱ་ལོའི་ཧོར་ཟླ་གསུམ་པ་ཕྱི་མ་ཤོལ་ཟླའི་ཚེས་བཅོ་ལྔ་(༡༩༩༣ལོའི་ཟླ་༥ཚེས་༦)ཉིན་སྟེ་རེས་གཟའ་ཕུར་བུ། རྒྱུ་སྐར་ས་རི། ནམ་ལངས་ཀྱི་དུས་སུ་ཆུ་ཚོད་བདུན་དང་སྐར་མ་ཉེར་ལྔའི་ཐོག་སེང་གེ་ཉལ་སྟབས་ཀྱིས་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་ཕེབས་པའི་ཚུལ་བསྟན། མཛད་རྣམ་ཞིབ་ཙམ་གཟིགས་འདོད་ཚེ་དམ་པ་འདི་ཉིད་ཀྱི་གསུང་འབུམ་པོད་དང་པོའི་ནང་《རྩོམ་པ་པོ་རང་གི་བྱུང་བ་བརྗོད་པ་རང་གསལ་ཨཱ་དར་ཤ་》ཞེས་བྱ་བར་གཟིགས། གསུང་རྩོམ་ལྕགས་དཔར་མ་པོད་དྲུག་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་ཞུས་ཡོད་པ་ལགས་སོ། །

གསུང་རྩོམ་དང་སྤྱི་ཚོགས་ལས་དོན་སྐོར་ལ། རྩོམ་སྒྲིག

དམ་པ་ཁོང་གི་སྐུ་ཚེ་ཧྲིལ་བོར་འཆད་རྩོད་རྩོམ་གསུམ་དང་མཁས་བཙུན་བཟང་གསུམ། གྲུབ་པའི་གོ་འཕང་བརྙེས་པ་དང་བཅས་པའི་སྒོ་ནས་བསྟན་འགྲོའི་དོན་མཛད་དེ། སྔ་རྗེས་སུ《བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་།》《བརྡ་སྤྲོད་བློ་གསལ་དགའ་སྟོན།》《ཤེས་བྱའི་རྣམ་གྲངས་བློ་གསལ་རིགས་སྒོ།》《ཤེས་བྱའི་རྣམ་གྲངས་བློ་གསལ་རིགས་མཛོད།》《དབྱངས་ཅན་སྒྲ་མདོའི་ཚིག་འགྲེལ་ཟླ་བའི་འོད་ཟེར།》《སྙན་འགྲེལ་ཡང་གསལ་སྣང་མཛོད།》《བོད་ཀྱི་ཡི་གེ་སྤྱི་རྣམ་བློ་གསལ་འཇུག་ངོགས།》《དབྱངས་གསལ་གྱི་བརྡ་ཆད།》《ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་ཚིག་འགྲེལ་ཐུབ་བསྟན་ཡར་རྒྱས།》སོགས་བོད་ཀྱི་རིག་གཞུང་ཞིབ་འཇུག་ཐད་ཀྱི་དཔྱད་འབྲས་ཁྱོན་སྡོམ་པོད་དྲུག་གི་བདག་ཉིད་ཅན་རྩོམ་གནང་མཛད་ཡོད་པ་དང་། ཁོང་ཉིད་ཀྱི་གསུང་རྩོམ་ཁྲོད་མདོ་སྔགས་རིག་གནས་དང་བཅས་ཀུན་ལ་མཁོ་བའི་དཔེ་རྒྱུན་ཤིན་ཏུ་མང་ལ། བཀའ་པོད་ལྔ་དང་། རྒྱུད་སྡེ་བཞི། གཞན་རྣམ་ཐར་དང་ལོ་རྒྱུས། སྙན་ངག བརྡ་སྤྲོད་སོགས་བོད་ཀྱི་རིག་གནས་བང་མཛོད་འདི་ཉིད་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་གཏོང་བའི་ལྡེ་མིག་ལྟ་བུར་གྱུར་ཡོད། ལྷག་པར་ཏུ《ཤེས་བྱའི་རྣམ་གྲངས་བློ་གསལ་རིགས་སྒོ།》དང《བརྡ་སྤྲོད་བློ་གསལ་དགའ་སྟོན།》ལྟ་བུའི་གསུང་རྩོམ་གྱིས་བོད་ཀྱི་དཔྱད་གཞིའི་ཡིག་རིགས་ཀྱི་དགོས་མཁོ་བསྐངས་པ་དང་། སྦྱངས་སྟོབས་ཀྱི་ཡོན་ཏན་འཐོབ་པར་འདོད་པ་དག་གི་བློ་གྲོས་ཀྱི་སྒོ་མོ་ཕྱེས་པ་མ་ཟད། རྗེས་འཇུག་ཉམས་ལེན་དུ་སྐུལ་མ་མཛད་པ་བཅས་ནུས་པ་དང་དགེ་མཚན་བླ་མེད་ཐོན་ཡོད། གཉིས། སྲིད་དོན་གཉེར་ཚུལ། ༡༩༥༠ ལོར་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་ལྷན་དུ་པེ་ཅིན་དུ་གཤེགས་ཏེ་ཀྲུང་དབྱང་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་ནས《ཀྲུང་གོ་མི་དམངས་ཆབ་སྲིད་བཞུགས་མོལ་ཚོགས་འདུའི་རྩ་འཛིན》དང《བོད་ཞི་བའི་བཅིངས་འགྲོལ་གྱི་ཆིངས་ཡིག་དོན་ཚན་བཅུ་བདུན་མ》སོགས་ཡིག་ཆ་གཙོ་གྲས་ཀྱི་ཞུ་ཆེན་ལོ་ཙཱ་བའི་འགན་བཞེས་པ་དང་། ༡༩༥༦ ལོ་ནས《མོའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བཏུས》པོད་དང་པོ་ནས་གསུམ་པའི་བར་གྱི་བོད་ཡིག་པར་མར་ཞུ་དག་མཛད་པ་དང་སྦྲགས་བོད་རྒྱ་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་གི་ལས་ཀར་ཞུགས། སྔ་རྗེས་སུ་ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་དང་། ཀྲུང་གོ་མཐོ་རིམ་ནང་བསྟན་སློབ་གླིང་གི་ཞིབ་འཇུག་པ་སོགས་ཀྱི་ འགན་གཅིག་ལྕོགས་སུ་བཞེས། གསུམ། བསྟན་པ་དང་འགྲོ་བའི་དོན་མཛད་དེ་གདུལ་བྱ་བསྐྱངས་ཚུལ། དུས་ཀྱི་འཕོ་འགྱུར་གྱི་དབང་གིས་དམ་པ་ཁོང་གིས་ཀྱང་བློས་མི་དཔག་པའི་མནར་གཅོད་དང་སྐུ་ཚེགས་གྲངས་མེད་མྱངས་པ་མ་ཟད། སྐབས་དེའི་གསུང་རྩོམ་པོད་གཉིས་ཡོད་པའང་རྩ་སྟོངས་སུ་གྱུར། སྲིད་ཇུས་རིམ་གྱིས་ལྷོད་ཡངས་སུ་སོང་རྗེས་བོད་ཀྱི་ཆོས་དང་རིག་གནས་ལ་ཉམས་ཉེས་ཆེན་པོ་ཐེབས་པ་ཐུགས་ཀྱིས་མ་བཟོད་པར《བོད་ཀྱི་ཡི་གེ་ སྤྱི་རྣམ་བློ་གསལ་འཇུག་ངོགས།》གཙོས་གདུལ་བྱའི་བློ་ཁ་དང་བསྟུན་ནས་བརྡ་སྤྲོད་པའི་བསྟན་བཅོས་འགའ་གསར་རྩོམ་གནང་སྟེ་ཁྱུང་མཆུ་དང་ཀླུ་ཆུ། མཛོད་དགེ རྔ་བ་སོགས་ཡུལ་གྲུ་དུ་མ་ནས་བོད་ཡིག་གསོ་སྦྱོང་འཛིན་གྲྭ་བཙུགས་ཤིང་། སྐལ་ལྡན་ཕོ་མོ་རྣམས་ལ་རིག་གནས་དང་འབྲེལ་བའི་ཆོས་ཀྱི་བག་ཆགས་ཟབ་མོ་བཞག་སྟེ་མི་རིགས་སློབ་གསོའི་ལས་དོན་ལ་ཉེ་བར་མཁོ་བའི་དགེ་རྒན་མང་པོ་གསོ་སྐྱོང་མཛད་དེ་བོད་ཀྱི་སྐད་ཡིག་སློབ་གསོའི་སླར་གསོ་དང་འཕེལ་རྒྱས་ལ་མཛད་རྗེས་གང་ལེགས་བསྐྲུན། གཞན་མདོ་སྨད་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་དང་ཨ་མཆོག་མཚན་ཉིད་དགོན། དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན། ཆབ་མདོ་དགོན་ཆེན། རྔ་ཡུལ་སྒོ་མང་དགོན་སོགས་ཆོས་སྡེ་བགྲང་ལས་འདས་པར་མདོ་སྔགས་རིག་གནས་སྐོར་གྱི་དབང་ལུང་མན་ངག་སྤེལ་ཏེ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཡོངས་འཛིན་འཇམ་དབྱངས་རྒྱ་མཚོ་དང་ཤེས་རབ་རྒྱ་མཚོ། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་སློབ་གཙོ་བསེ་ཚང་བློ་བཟང་དཔལ་ལྡན། གུང་ཐང་སྐུ་ཕྲེང་དྲུག་པའི་ཡོངས་འཛིན་དཔལ་ལྡན་རྒྱ་མཚོ། ཀྲུང་གོ་མཐོ་རིམ་ནང་བསྟན་སློབ་གླིང་གི་སྤྲུལ་སྐུ་འཇམ་པོ། རྔ་བ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྟག་ཚ་སྤྲུལ་སྐུ། དམུ་དགེ་དགོན་པའི་དགེ་བཤེས་བསླབ་གསུམ་རྒྱ་མཚོ་སོགས་བསྟན་པའི་འཕེལ་རྒྱས་དང་བརྒྱུད་འཛིན་ལ་རང་གི་ནུས་པས་སྲིད་ཞུ་གང་ལེགས་བསྒྲུབས་ཏེ་སྐྱེས་ཆེན་དམ་པ་མང་པོ་དྲིན་གྱིས་བསྐྱངས། ༡༩༨༠ ལོ་ནས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ། ལྷོ་ནུབ་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན་སོགས་ཀྱིས་གདན་ཞུ་ལྟར་སློབ་གྲྭ་དེ་དག་ནས་སྒྲ་དང་སྙན་ངག ལོ་རྒྱུས། སྐར་རྩིས། གསོ་བ་རིག་པ། ཚད་མ་རིག་པ་སོགས་ཀྱི་འཆད་ཁྲིད་ལན་མང་མཛད་དེ་བུ་སློབ་མང་པོ་བསྐྱངས་པ་ལ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་དབུ་ཁྲིད། བོད་ཀྱི་ལོ་རྒྱུས་རིག་པ་སྨྲ་བ་སྐུ་ཞབས་རྒྱལ་མོ་འབྲུག་པ་དང་། མཚོ་སྔོན་མཚོ་ལྷོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། བོད་ཀྱི་སློབ་གསོ་སྨྲ་བ་སྐུ་ཞབས་བན་དེ་བཀྲ་ཤིས། བོད་ཀྱི་དེང་རབས་སྙན་ངག་གི་དེད་དཔོན། མགོ་ལོག་ཁུལ་མི་རིགས་སྐད་ཡིག་ལས་དོན་གཞུང་སྒྲུབ་ཁང་གི་དབུ་ཁྲིད། སྐབས་ལྔ་བའི་རྒྱལ་ཡོངས་ཀྱི་ཕུལ་ཏུ་བྱུང་བའི་ ཆེད་ལས་ལག་རྩལ་མི་སྣ་སྐུ་ཞབས་འཇུ་སྐལ་བཟང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་ བོད་རིག་པའི་སློབ་གླིང་གི་དབུ་ཁྲིད། འབུམ་རམས་པའི་མཛུབ་སྟོན་དགེ་རྒན། རྒྱལ་ཁབ་རིམ་པའི་ཆེད་ལས་མཁས་པ་བན་གོའམ་དབྱངས་ཅན་སྒེག་པའི་བློ་གྲོས། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ངང་ཚང་འབུམ་སྐྱབས། སློབ་དཔོན་ཆེན་མོ་རིན་ཆེན་མཚོ། སློབ་དཔོན་ཆེན་མོ་གཙུག་ཏོར་རྒྱལ་སོགས། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་ལམ་ལུགས་དང་སཾ་བོད་སྐད་ཡིག་ཡིག་ཚགས་སྐོར་གྱི་ཞིབ་འཇུག་པ་ཆེན་མོ། གསང་བདག་གམ་ཚངས་སྲས་དགྱེས་པའི་ལང་ཚོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པའི་སློབ་གླིང་གི་སློབ་དཔོན་ཆེན་མོ། ཏུན་ཧོང་ཡིག་རྙིང་སྐོར་གྱི་ཆེད་མཁས། ཁ་སྒང་བཀྲ་ཤིས་ཚེ་རིང་ངམ་དབྱངས་ཅན་དགའ་བའི་བློ་གྲོས། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན། བོད་ཀྱི་ཡིག་རྙིང་ཆེད་མཁས་སྐུ་ཞབས་ལྷ་མཆོག་རྒྱལ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་གོ་ཤུལ་གྲགས་པ་འབྱུང་གནས། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་སློབ་དཔོན་ཆེན་མོ་ཡུམ་པ་སོགས་བློ་གཟུ་བོར་གནས་ཤིང་། བློ་གྲོས་ཀྱི་ནོར་དང་ལྡན་པའི་སློབ་བུ་དག་ཀྱང་དགེ་བའི་བཤེས་གཉེན་ཁོང་གི་ཐུགས་ཁུར་དང་མཛུབ་ཁྲིད་འོག་རིག་པའི་གཉོམ་ལག་རྒྱས་པ་ཁོ་ནའོ། ། མདོར་ན། དམ་པ་ཁོང་ལ་མཚོན་ན་གཞན་ཕན་གྱི་ཐུགས་རྗེ་དང་། བྱམས་སེམས་གྱི་ཞི་བདེས་ཐུགས་ཡོངས་སུ་གཏམས་ཤིང་། སྒྲ་དང་སྙན་ངག ལོ་རྒྱུས། ཚད་མ། གསོ་རིག སློབ་གསོ་སོགས་བོད་ཀྱི་རིག་གནས་མ་དར་བ་ནས་དར་བར་བྱེད་ཅིང་། དར་བ་རྣམས་དག་ཀྱང་འཕེལ་བ། ཉམས་པ་རྣམས་གསོ་བར་བྱེད་པ་སོགས་བསྟན་པ་དང་འགྲོ་བའི་དོན་ལ་སྨན་པའི་ལེགས་མཛད་ཀྱི་འཕྲིན་ལས་ས་སྟེང་ཡོངས་ལ་བར་མེད་དུ་ཁྱབ་ཡོད།

གངས་ལྗོངས་ཉི་གཞོན་དྲ་བ་ནས་དྲངས་པ་ལྟར་ན། རྩོམ་སྒྲིག

ཧ་ཅང་ཕྱུག་པོའི་ཁྱིམ་དུ་མི་སྐྱེ་ཞིང་། །ཧ་ཅང་དབུལ་བོའི་ཁྱིམ་དུ་མི་སྐྱེ་བར། །བར་མ་དག་གི་ཁྱིམ་དུ་སྐྱེ་བར་ཤོག། ཅེས་གསུངས་བ་བཞིན་རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ་དཔལ་བཟང་པོའམ་ཡོངས་གྲགས་སུ་མཁས་དབང་དམུ་དགེ་བསམ་གཏན་དུ་འབོད་པའི་དམ་པ་གང་ནི། སི་ཁྲོན་ཞིང་ཆེན་ཟུང་ཆུ་རྫོང་གི་ཁོངས་སུ་གཏོགས་པ་དམུ་དགེ་ཞེས་བྱ་བའི་དགོན་འོག་སོག་པོ་རུ་ཟེར་བའི་རོང་སྡེར་ཡབ་དགེ་འདུན་སྐྱབས་དང་ཡུམ་ཨ་ཚེ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བའི་ཤིང་ཕོ་སྟག(༡༩༡༤ལོར)གི་ལོའི་ཧོར་ཟླ་བཅུ་གཅིག་པའི་ཡར་ངོ་ཞིག་ལ་རྨི་ལྟས་བཟང་བོ་དུ་མ་དང་བཅས་ཏེ་འབྱོར་བ་འབྲིང་ཙམ་གྱི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས། ཆུང་དུས་སུ་ཡབ་ཀྱི་མདུན་ནས་ཀ་ཁའི་སྦྱོར་ཀློག་དང་སྐྱབས་འགྲོ་ཁྲིད་སོགས་རྟེན་འབྲེལ་གྱི་སྒོ་འཕར་ཕྱེས་ཏེ་ཐོས་པའི་ཤེས་རབ་འཚོལ་འགོ་བརྩམས། རྩེད་འཇོའི་སྐབས་སུའང་འཆད་ཉན་སྒོམ་སྒྲུབ་ཀྱི་བཟོ་ལྟ་ལྷུན་ཆགས་སུ་འདུག་སྐད།

༡༩༢༥ལོར(དགུང་ལོ་བཅུ་གཅིག)བདེ་ཚང་ཁྲི་རྒན་བློ་བཟང་བསྟན་པའི་ཉི་མ་ལས་རབ་ཏུ་བྱུང་སྟེ་མཚན་ལ་བློ་བཟང་བསམ་གཏན་ཞེས་གསོལ་ནས་དམུ་དགེ་བཀྲ་ཤིས་འཁོར་ལོ་དགོན་དུ་ཆོས་གྲྭར་ཞུགས་པ་དང་ཐོག་མར་ཕར་ཕྱིན་སོགས་གཙོས་བློ་རྟགས་དང་ཡིག་གཟུགས་ལ་ཐོས་བརྩོན་རྒྱ་ཆེར་མཛད། དམུ་དགེ་བཀྲ་ཤིས་འཁོར་ལོ་དགོན་ནི་རྗེའི་སློབ་མ་སྔ་ཚར་བཞིའི་ནང་ཚན། ཚ་ཁོ་བ་ངག་དབང་གྲགས་པའི་དཔལ་གྱིས་ཕྱག་འདེབས་མཛད། རྗེས་སུ་སྟོང་འཁོར་སྐུ་ཕྲེང་གསུམ་གྱིས་རིམ་པར་བསྐྱངས། དེ་རྗེས་དགོན་པ་ཀུན་མཁྱེན་འཇིགས་མེད་དབང་པོ་ལ་ཕུལ་ཏེ། འགྲེལ་བ་བཞི་སྦྲགས་གནང་ནས་རྒྱུད་གྲྭ་བཙུགས། དེའི་ཕྱིར་བླ་བྲང་དགོན་གྱི་དགོན་ལག་ཏུ་གྱུར། ཀུན་མཁྱེན་སྐུ་ཕྲེང་གསུམ་པ་འཇིགས་མེད་རྒྱ་མཚོའི་དུས་སུ་མཚན་ཉིད་བཙུགས་པས་སྔ་གཞུག་ཏུ་དགེ་བའི་བཤེས་གཉེན་མང་པོ་བྱུང་ནས་དགོན་པ་ལྷག་ཏུ་དར། དེ་དུས་ཀྱི་སྤྱི་ལོ་༡༩༢༦ལོར་དམུ་དགེ་དགོན་དུ་ཆིབས་བསྒྱུར་གནང་བའི་ཀུན་མཁྱེན་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན་སོགས་ཀྱི་མདུན་ནས་འཇིགས་བྱེད་དང་ཀུན་རིགའཇམ་དབྱངས་དཀར་པོའི་རྗེས་གནང་སོགས་ཀྱིས་མཚོན་པའི་དབང་ལུང་ཁྲིད་གསུམ་མང་དུ་ཞུས་པ་དང་། སྤྱི་ལོ་༡༩༣༣ལོར(དགུང་ལོ་བཅུ་དགུ་བ)བསྡུས་གྲྭ་དང་བློ་རྟགས་སོགས་ལ་ཅུང་ཟད་སྦྱངས་པས་གཞུང་རྒྱུགས་འབུལ་གནང་མཛད་པ་དང་ཆབས་ཅིག་འཛིན་གྲྭའི་སྐྱོར་དཔོན་དུ་བསྐོས་ཏེ་བཤད་སྒྲུབ་བསྟན་པའི་དུང་ཆེན་འབུད་འགོ་བརྩམས། སྤྱི་ལོ་༡༩༣༤ལོར་རྒྱམ་ཁོ་སྤྲུལ་སྐུ་དང་ལྷན་དུ་མདོ་སྨད་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་རྨད་བྱུང་ཐོས་བསམ་གླིང་གི་ཆོས་གྲྭར་ཞུགས། ལོ་དེའི་དབྱར་ཁར་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་ཉི་མ་བླ་བྲང་དུ་ཕེབས་ནས་དུས་འཁོར་དབང་ཆེན་གསུངས་པ་དང་ཁོང་ཉིད་ནས་ཀྱང་ཚེ་དབང་གི་ལུང་མནོས།མཁས་པའི་དབང་པོ་རྗེ་དཀོན་མཆོག་བསམ་འགྲུབ་ཚང་ཡོངས་འཛིན་དུ་བསྟེན་ནས་ཐུགས་འཛིན་སྐྱོར་སྦྱངས་སོགས་ལ་ཧུར་ཐག་མཛད་པས་རིང་བོར་མ་ཐོགས་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་རིགས་པ་སྨྲ་བའི་གྲས་སུ་ཆུད་དེ་དམུ་དགེ་བསམ་གཏན་ཞེས་མཚན་ཡོངས་སུ་གྲགས།

      རང་ལོ་ཉེར་གསུམ་ཡར་མར་ལ་བླ་ཁོ་རྡོ་རྗེ་འཆང་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་པོ་ལས་དབྱངས་ཅན་སྒྲ་མདོ་དང་ལམ་རིམ་ཆེན་མོ་སོགས་བཀའ་ཆོས་ལེགས་པར་གསན། ལྷག་པར་དུ་ལམ་རིམ་ཐེངས་ལྔར་གསན་པས་ངེས་འབྱུང་བླ་ལྷག་སྐྱེས་ཏེ། ༡༩༤༡ལོར(དགུང་ལོ་ཉེར་བདུན་པར)རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་མཆོག་གི་ཞལ་སྔ་ནས་བསྙེན་པར་རྫོགས་ཏེ་ཕར་ཕྱིན་མཐའ་དཔྱོད་དང་དྲང་ངེས་ལེགས་བཤད་སྙིང་བོའི་དཔེ་ཁྲིད་ཞུས་པ་མ་ཟད། སྨན་བླ་དང་བདེ་གསང་འཇིགས་གསུམ་སོགས་བཀའ་དབང་མང་དུ་གསན། ལོ་དེའི་དགུན་ཁར་ཕར་ཕྱིན་དམ་བཅའ་ལ་ཞུགས་པ་དང་ཨ་ཁུ་སྨོན་ལམ་གྱི་མདུན་ནས་དབུ་མ་ལུང་རིགས་སྒྲོན་མེ་སོགས་ཁྲིད། ༡༩༤༣ལོར་དགེ་བཤེས་ཀྱི་མིང་རྟགས་བླངས་པ་དང་ཡབ་ཀྱི་དགོངས་པ་ལྟར་ཕ་ཡུལ་དུ་ཐེངས་ཤིག་འགྲོ་དགོས་བྱུང་སྟབས། དམུ་དགེ་དགོན་དུ་རྟགས་གསལ་གསུངས་བ་དང་། ཨ་ཞང་བློ་བཟང་ཆོས་ལྡན་མཆོག་ཐུགས་དགྱེས་ནས་མ་འོངས་པར་རང་དགོན་ཐུགས་ལ་འཛིན་དགོས་པ་ཡང་ཡང་གདམས། དེ་རྗེས་སླར་ཡང་བླ་བྲང་དུ་ཕེབས་པ་དང་ཨོཾ་འཁྱིལ་བ་འཇམ་དབྱངས་ལེགས་བཤད་ཚང་ལ་མཇལ་ནས་སུམ་རྟགས་དང་དབྱངས་ཅན་སྒྲ་མདོ། སྐད་གཉིས་ཤན་སྦྱར། རིགས་ལྡན་མཆོད་པའི་འོད་སྣང་སོགས་སྒྲ་དང་སྙན་ངག རྩིས། དབུ་མ། མཛོད་སོགས་རིག་པའི་གནས་བཅུ་ལ་ཐོས་པ་རྒྱ་ཆེར་མཛད་མཐར་ཐོན་མི་གཉིས་པ་ཞེས་མཁས་པའི་སྙན་གྲགས་ས་ཆེན་ཡོངས་ལ་ཁྱབ། ༡༩༤༦ལོར་དགེ་བཤེས་རྡོ་རམས་པའི་དམ་བཅའ་བཞག་སྟེ་གདུལ་བྱ་མང་པོ་དྲིན་གྱིས་བསྐྱངས་པ་དང་བླ་མ་རྗེ་དཀོན་མཆོག་བསམ་འགྲུབ་དཔལ་བཟང་པོའི་མདུན་ནས་འདུལ་བ་མདོའི་རྩའི་བཤད་ལུང་ཟླ་གཅིག་རིང་གསན།

     ༡༩༥༡ལོར་པེ་ཅིན་དུ་ཕེབས་ནས་བོད་ཞི་བའི་བཅིངས་འགྲོལ་གཏོང་རྒྱུའི་གྲོས་མཐུན་དོན་ཚན་བཅུ་བདུན་པའི་ཡིག་སྒྱུར་པར་ཞུས་ཀྱི་ལས་དོན་ནང་ཞུགས།

    ༡༩༥༥ལོར་ལྷ་རྒྱལ་གླིང་སྲིད་གཞུང་ནས་གདན་ཞུས་བྱས་པ་ལྟར་ལྷ་རྒྱལ་གླིང་སྲིད་གཞུང་རིག་གནས་ཁྲོའོ་ཡི་ཁྲོའོ་ཀྲང་གཞོན་པ་དང་མིན་ཀྱཱང་གསར་འགྱུར་ཁང་ངམ་དེང་གི་རྔ་བ་ཉིན་རེའི་ཚགས་པར་ཁང་གི་བོད་ཡིག་གསར་འགྱུར་རྩོམ་སྒྲིག་གི་ལས་འགན་གཅིག་ལྕོགས་སུ་གནང་།

    ༡༩༥༨ལོ་ནས་བཟུང་སྐབས་དེའི་སྲིད་ཇུས་ཀྱི་དབང་གིས་ངལ་རྩོལ་དུ་ཞུགས་པའི་ཞོར་དུ་པེ་ཅིན་ནས《རྒྱ་བོད་ཤན་སྦྱར་ཚིག་མཛོད》དང《མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་ བསྡུས》དེབ་དང་པོ་སོགས་བསྒྱུར་ཞུས་མཛད།

    ༡༩༦༥ ལོར་ཁྲིན་ཏུའུ་ནས《བོད་རྒྱ་ཚིག་མཛོད་ཆེན་མོ》པར་བསྐྲུན་གྱི་རྨང་བཏིང་བ་དང《སློབ་ཆུང་ཚིག་མཛོད》སོགས་ཀྱང་རྩོམ་བསྒྲིགས་མཛད།

    ༡༩༧༧ལོར་སི་ཁྲོན་ཞིང་ཆེན་གྱི་སྐབས་བཞི་བའི་སྲིད་གྲོས་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་འདུར་ཞུགས་པ་ལ་རྒྱུན་ལས་ཨུ་ཡོན་དུ་བདམས་ཐོན་བྱུང་།

     ༡༩༨༠ ལོར་པེ་ཅིང་དུ་གྲངས་ཉུང་མི་རིགས་སྐད་ཡིག་རིག་ཚན་གྲོས་སྡུར་གྱི་ཚོགས་འདུར་ཞུགས་ནས《གནད་བསྡུས》ལ་དགག་པ་མཐར་ཕྱིན་པ་བྱས་པས་དུང་དཀར་ཚང་གིས་ཆབ་ཤོག་འབྱོར་ཏེ་བསྟོད་བསྔགས་ཐོབ།

     ༡༩༨༡ལོར་ཁོང་ཉིད་ཀྱིས་དམུ་དགེ་དགོན་པ་ཞིང་ཆེན་རིམ་པའི་རིག་གནས་བདག་སྐྱོང་གི་གྲས་སུ་ཚུད་དུ་བཅུག་པ་མ་ཟད། སྔ་གཞུག་ཏུ《དབྱངས་ཅན་ཞལ་ལུང་ཉི་མ་འབུམ་གྱི་འོད་ཅན》དང《བོད་ཀྱི་རིག་གནས་དར་ཚུལ་མདོར་བསྡུས་བཤད་པ》སོགས་བརྩམས་ཆོས་དུ་མ་བརྩམས།

     ༡༩༨༢ལོར་བོད་ལྗོངས་སྨན་རྩིས་ཁང་དུ་ཕེབས་ནས་དེ་གར་སློབ་ཁྲིད་གནང་བ་དང་ཆབས་ཅིག་པཎ་ཆེན་སྐུ་ཕྲེང་བཅུ་བར་ནང་མཇལ་ཞུས།

     ༡༩༨༣ལོར་ཀན་ལྷོ་ཀླུ་ཆུ་ནས་ཉིན་བཅོ་ལྔའི་རིང་སློབ་མ་ཉིས་བརྒྱ་ལྷག་ལ《བོད་ཀྱི་ཡི་གེ་སྤྱི་རྣམ་བློ་གསལ་འཇུག་ངོགས》དང《བརྡ་སྤྲོད་བློ་གསལ་དགའ་སྟོན། 》《དབྱངས་ཅན་སྒྲ་མདོའི་ཚིག་འགྲེལ་ཟླ་བའི་འོད་ཟེར》སོགས་སློབ་ཁྲིད་མཛད།

     ༡༩༨༥ ལོར་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་ཡིག་སྡེ་ཁག་དུ་ཉིན་བཅོ་ལྔའི་རིང་ལ་སྙན་ངག་གི་སློབ་ཁྲིད་མཛད།

     ༡༩༨༦ལོར་ནུབ་བྱང་མི་རིགས་སློབ་ཆེན་དུ་ཟླ་གཉིས་ལྷག་གི་རིང་ལ་ཞིབ་འཇུག་སློབ་མར་སྒྲའི་སློབ་ཁྲིད་གནང་བ་དང་ཞོར་དུ་བོད་ཀྱི་སློབ་མ་རྣམས་དང་ལན་ཀྲུའུ་གྲོང་ཁྱེར་གྱི་བོད་ཀྱི་ལས་བྱེད་མི་སྣ་རྣམས་ལ་ལྷན་དུ་བོད་ཀྱི་ལོ་རྒྱུས་ཀྱི་སློབ་ཁྲིད་མཛད།

     ༡༩༨༧ ལོར《བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང》བརྩམས་གྲུབ་གནང་།

     ༡༩༨༩ ལོར《རང་གི་བྱུང་བ་བརྗོད་པ་རང་གསལ་ཨཱ་དརྴ》བརྩམས་གྲུབ་གནང་།

     ༡༩༩༠ལོར་པེ་ཅིན་དུ་ཕེབས་ནས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་ཡིག་སྡེ་ཁག་ལ་བོད་ཀྱི་ལོ་རྒྱུས་སོགས་ཀྱི་འཆད་ཁྲིད་རྒྱས་པ་མཛད། ལོ་དེར་ཆབ་མདོ་དགོན་པར་ཕེབས་སྐབས་སུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ཉིན་བཅོ་ལྔ་ལྷག་གི་རིང་ལ་བློ་གསལ་རིགས་སྒོའི་སློབ་ཁྲིད་མཛད་ནས་དེ་གའི་དགེ་སློབ་རྣམས་ཀྱིས།། བསིལ་ལྡན་གངས་ཀྱི་ར་བ་ན།། ལྔ་རིག་ཟུང་གི་རིག་པའི་གནས།། ཡོངས་སུ་མཁྱེན་པའི་པཎི་ཏ།། བདག་པོ་ཉིད་ལས་གཞན་ན་སུ།། ཞེས་པའི་བསྟོད་བསྔགས་ཡང་ཡང་ཕུལ།

     ༡༩༩༡ལོར་ཨ་ལགས་ཡོངས་འཛིན་རྡོ་རྗེ་འཆང་གི་རྣམ་ཐར་བརྩམས་གནང་མཛད། ན་བ་ལེགས་ན་ན་བར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་པ་ལྟར་དུ། ༡༩༩༣ལོའི་ཟླ་ལྔ་པའི་ཚེས་དྲུག་ཉིན་ལ(དགུང་ལོ་བརྒྱད་ཅུ)སྐུ་བསྙུངས་ནས་དམུ་དགེ་དགོན་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན།།