དུང་དཀར་ཚིག་མཛོད་ཆེན་མོ་

དུང་དཀར་ཚིག་མཛོད་ཆེན་མོ།

བོད་ཀྱི་རྩོམ་རིག་གི་འཕེལ་རིམ་རགས་བཤད། བེ་རི་འཇིགས་མེད། སྔོན་གླེང༌། ལི་འཁྲིའི་ཐིག་ལེ་འཛུམ་པའི་དཀྱིལ་འཁོར་ལ།། ཆོས་ཀུན་གཅིག་ཏུ་འཆིངས་བའི་འོད་ཞགས་གསལ།། འགྲོ་བློའི་རྨོངས་པ་གཏུབས་པའི་མཚོན་རྣོན་གྱིས།། མུན་པའི་གཡུལ་ས་འཇོམས་པའི་མགོན་དེས་སྐྱོངས།། མཁས་པའི་བྱ་བ་ནམ་མཁའི་མཐའ་ལྟར་ཡངས།།ཤེས་བྱའི་རྣམ་གྲངས་སྐར་མའི་གྲངས་ལས་མང༌།།དེ་ཀོ་གཅིག་ཏུ་གསལ་བའི་མེ་ལོང་ནི།།རྩོམ་རིག་ཟླ་བའི་དཀྱིལ་འཁོར་འདི་ཁོ་ན།།ཞེས་གང་ཞིག་སྔོན་དུ་གླེང་བའི་གཏམ་གྱིས་མཚམས་སྦྱར་ནས་འདི་བོད་ཀྱི་རྩོམ་རིག་གི་འཕེལ་རིམ་རགས་ཙམ་གླེང་པ་ལ། དེ་ཡང༌། མཁས་པའི་བྱ་བ་ལ་མུ་མཐའ་མེད་ཅིང༌། ཤེས་བྱའི་རྣམ་གྲངས་ལ་རྫོགས་མཐའ་མེད། ནམ་མཁའི་སྐར་ཚོགས་དང་ཆུ་ཁའི་བྱེ་མ་ལྟ་བུའི་ཤེས་བྱའི་བྱེ་བྲག་ཤིན་ཏུ་མང་པོའི་ནང་ནས། རྩོམ་རིག་ནི། འཕགས་ཡུལ་གྱི་སྙན་ངག་པ་ཙན་དྲ་གོ་མས། གང་ཕྱིར་མཁས་པའི་ལས་གསུམ་ལས།།འཆད་རྩོད་ངག་ལ་མ་ངེས་པ།།སྲིད་ཕྱིར་མི་འཁྲུལ་རྩོམ་པ་སྟེ།།ཞེས་དང༌། རྗེ་ཙོང་ཁ་པ་ཆེན་པས།རིག་ལམ་རྣམ་པར་འབྱེད་པའི་རྣམ་དཔྱོད་དང༌།།གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང༌།།ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།།ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང༌།།ཞེས་དང༌། རྒྱ་ནག་གི་ཀོང་ཙེ་འཕྲུལ་གྱི་རྒྱལ་པོས། སྙན་ངག་མེད་ན་གཏམ་དུ་བྱ་བ་མེད།།ཞེས་དང༌། ཚན་རིག་པ་ཞིག་གིས། གལ་ཏེ་ངར་མི་ཚེ་ལྷག་མ་ཅུང་ཟད་ཡོད་ན་སྙན་ངག་གི་ཚིག་སྦྱོར་ལ་སྦྱོང་ངེས་ཡིན། ཞེས་སོགས། ཤེས་བྱའི་གནས་ལུགས་འཚོལ་མཁན་ནང་དོན་རིག་པའི་མཁས་པ་དང༌། དབང་པོའི་མངོན་སུམ་གྱི་སྤྱོད་ཡུལ་ལ་སྡེ་ཚན་ཆ་བགོས་ཀྱི་ཞིབ་འཇུག་བྱེད་མཁན་གྱི་ཚན་རིག་པས་མཚོན། འཇིག་རྟེན་འདིར་མཁས་པའི་མཚན་སྙན་དང༌། མཛད་པའི་ལག་རྗེས་ལྡན་པའི་གྲགས་ཅན་མི་སྣ་མང་པོས་རྩོམ་རིག་གི་འཇིག་རྟེན་ཉུལ་བ་ནི་མཁས་པའི་བྱ་བ་ཀུན་གྱི་ནང་ནས་རབ་དང་ཕུལ་དུ་བྱུང་བར་ངོས་འཛིན་གནང་འདུག ངོས་འཛིན་དེ་ལྟར་གནང་བའི་རྒྱུ་མཚན་རྒྱབ་ལྗོངས་དང་བཅས་པ་ཤེས་ནས། རྩོམ་རིག་གི་ངོ་བོ་དང་ནུས་པ། གྲུབ་ཆ་དང་རྒྱུ་རྐྱེན། ཕན་ནུས་དང་དབྱེ་སྒོ། བྱུང་རིམ་དང་འཕེལ་རིམ་བཅས། རིག་པའི་གཞུང་ལུགས་ཀྱི་སྒྲོམ་གཞི་ལྡན་པའི་ཐོག་ནས་ཤེས་དགོས་པ་ནི་མཁས་པའི་བྱ་བའི་ནང་མེད་ཏུ་མི་རུང་པའི་ཆོས་ཉིད་ཅིག་རེད་སྙམ། ༡ རྩོམ་རིག་གི་ངོ་བོ་དང་ནུས་པ།རྩོམ་རིག་ཅེས་པ་ནི། རྩོམ་པ་པོའི་བསམ་བློའི་ཀུན་རྟོག་ལ་དགའ་སྐྱོ་ཁྲོ་ཆགས་གང་ཞིག་གིས་གཡོ་འགུལ་ཐེབས་པ་ལས་བྱུང་བའི་ནང་བསམ་བློའི་འཆར་སྒོ་དེ་ཉིད། ཕ་རོལ་པོས་གོ་བ་ཇི་ལྟར་བ་བཞིན་ལེན་ཐུབ་པའི་སྒྱུ་རྩལ་གྱི་བརྡ་ཐབས་ཤིག་ཡིན། སྤྱིར་བཏང་རྩོམ་ཞེས་པ་ནི་བྱ་བ་གང་ཞིག་བྱེད་པའི་དོན་ལ་ཐད་ཀར་བཏགས་པའི་མིང་སྤྱིར་བཏང་པ་ཞིག་ཡིན་ལ། ཞེ་ཚིག་སྦྱར་ན་མཛད་དང་གནང་ཞེས་པ་དང་དོན་འདྲ་སྟེ། སྐྱེས་བུ་དམ་པའི་མཛད་པ་རེད་ཅེས་པ་ལྟ་བུས་ཤེས་ཐུབ་པས་སོ།། ཞེ་ཚིག་མ་སྦྱར་ན་བཟོ་བ་དང༌། ཡང་དོན་འདྲ་བས་དེས་ན། རྩོམ་ཞེས་པ་ནི་ཤོག་ཐོག་སྨྱུག་རྩེ་བཙུགས་པའི་ཆ་ཤས་ཁོ་ན་ལ་གོ་མི་དགོས་པ་སེམས་སོ།། འོན་ཀྱང་དུས་ཕྱིས་སམ་དེང་སང་ནི་རྩོམ་རིག་གི་ཐ་སྙད་གཙོ་བོ་འཇུག་ས་ནི། སྙན་ཚིག་དང་སྡེབ་སྦྱོར་གྱི་གཞི་རྐང་བརྟན་པོ་ལྡན་པའི་ཤོག་ཐོག་གི་ནག་རིས་ལ་གོ་བའི་སྲོལ་རྒྱུན་འབྱམས་སུ་ཀླས་ཟིན་པས། དེ་ཉིད་དབང་བཙན་པོའི་ལུགས་སུ་བྱས་ན་འཐད་དོ་སྙམ་དུ་སེམས་སོ།།ཡང་འགའ་ཞིག་གིས། རྩོམ་རིག་ཅེས་པའི་དོན་ནི། སྙན་རྩོམ། སྒྲུང་རྩོམ། ལྷུག་རྩོམ། ཟློས་གར་བཅས་པའི་ངག་གི་སྒྱུ་རྩལ་གྱི་རིག་པའི་གནས་ཏེ། བཅད་ལྷུག་སྤེལ་མ་གསུམ་གྱི་བདག་ཉིད་ཅན་གྱི་སྒྲ་ཡང་འཇུག་གི་སྙན་ངག་གི་དོན་དངོས་སོ།། ཞེས་བྲིས་འདུག རྒྱ་སྐད་ཐོག་ཝིན་ཞུའེ་(文学)ཞེས་ཝིན་ནི་རྩོམ་དང༌། ཞུའེ་ནི་རིག་པ་སྟེ། བོད་སྐད་ཐོག་རྩོམ་རིག་ཞེས་པ་འདི་ཐོབ་པ་ཡིན། དེང་རབས་བོད་ཀྱི་སྨྱུག་ཐོག་པ་འགའ་ཞིག་གིས་རྒྱ་ཡི་ཝུན་ཞུའོ་དང་བོད་ཀྱི་སྙན་ངག་རིག་པ་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་འདོད་པ་ནི། རྩོམ་པ་པོའི་དགོངས་ཚུལ་ཙམ་ལས་གནས་ལུགས་དངོས་ལ་རེག་པའི་བཤད་པ་ཡིན་མིན་མི་ཤེས། ནུབ་ཕྱོགས་པ་འགའ་ཞིག་གིས་རྩོམ་རིག་ལ་ཁྱབ་ཆེ་ཆུང་གཉིས་སུ་ཕྱེས་ཏེ། ཁྱབ་ཆེ་བའི་དབང་དུ་བྱས་ན་ཤོག་ཐོག་ཡི་གེ་ཕབ་ཚད་ལ་རྩོམ་རིག་ཟེར་བ་དང༌། ཁྱབ་ཆུང་བའི་དབང་དུ་བྱས་ན་དུས་བྱེ་བྲག་པ་དང་ཡུལ་བྱེ་བྲག་པ། སྐད་ཡིག་བྱེ་བྲག་དང་བརྗོད་གཞི་བྱེ་བྲག་པ་གང་ཞིག་གི་ཐོག་ནས་བྲིས་པའི་ཡི་གེ་ལ་གོ་དགོས་ཚུལ་བཤད་འདུག རྒྱ་གར་གྱི་གནའ་བོའི་མཁས་པ་ཚད་ལྡན་ཁ་ཅིག་ནི། སྒྲ་དོན་མཉམ་བསྲེས་ཀྱི་རིག་པ་ལ་རྩོམ་རིག་ཏུ་འདོད། མདོར་བསྡུས་ན་རྩོམ་རིག་ནི་ངག་གིས་བསྡུས་པའི་སྒྱུ་རྩལ་གྱི་རིག་པ་ཞིག་ལ་ཟེར་ཞིང༌། རིག་པ་དེ་ཉིད་ཀྱི་ཚབ་མཚོན་ནུས་པའི་ཡི་གེ་ལ་རྩོམ་ཡིག་ཟེར་བ་ཡིན། དེའི་གོ་དོན་དང་དབྱེ་བ། རྩོམ་ལུགས་སོགས་ཀྱི་རྣམ་གཞག་བསྟན་པའི་ངག་རིག་ལ་རྩོམ་རིག་གི་གཞུང་ཟེར། རྩོམ་རིག་གི་ནུས་པ་ནི། ལུས་ལ་སྲོག་གིས་འཁྱུད་པ་དང༌། སྲོག་ལ་དབུགས་ཀྱིས་འཁྱུད་པ་ལྟར། རྩོམ་པ་པོས་དམིགས་ཡུལ་གང་ཞིག་བཟུང་ནས་བྲིས་པའི་རྩོམ་ཡིག་དེ་སུ་ཞིག་གིས་ཀློག་པ་ན། རྩོམ་པ་པོའི་བསམ་བློའི་ནང་གི་དགའ་སྡང་ཁྲོ་ཆགས་ཀྱི་རྣམ་པ་གང་ཞིག་འཕྱོ་ཡོད་པ་དེའི་ཤུལ་ནས་ཀློག་པ་པོའི་བསམ་བློ་ཡང་ཤུགས་མ་ཐུབ་ཀྱིས་ཁ་ཤོར་ནས་འགྲོ་བ་མ་ཟད་ཀློག་པ་པོའི་སེམས་ཁོང་དུ་རྩོམ་པ་པོའི་ཚོར་བ་གསོན་པོ་ཞུགས་ནས། རྩོམ་པ་པོའི་བསམ་བློའི་ཚབ་མཚོན་བྱས་ཏེ་དགའ་སྡང་ཁྲོ་ཆགས་ཀྱི་ཚོར་བ་བརྗེན་པས་རང་བློ་ཡོངས་སུ་བསྒྱུར་འགྲོ་བ་དེ། རྒྱ་ནག་གི་རྩོམ་པ་པོ་ཁ་ཅིག་གིས་སྙན་ངག་གི་སྲོག་ཏུ་འདོད་ཅིང༌། རང་རེའི་རྩོམ་རིག་མཁས་པ་ཚོས་དེ་འདྲ་འདོད་མཁན་ཡོད་མེད་ད་ཕན་མ་མཐོང་མོད། འདི་ལ་རྩོམ་རིག་གི་ནུས་པ་ཞེས་འགྲེལ་བཤད་བྱས་ན་འོས་ཤིང་འཚམ་པར་སེམས། དཔེར་ན། སྟོན་པ་ཐུགས་རྗེ་ཅན་གྱི་ལུང་སྡེ་བཞི་ཉན་པ་དང་ཀློག་པ་ལས། ཉན་མཁན་དང་ཀློག་མཁན་ཚོ་འཁོར་བ་ལ་ཞེན་པ་ལོག་ནས་ཐར་པ་ལ་ཡིད་སྨོན་ཤོར་བ་དང༌། སྲོང་བཙན་སྒམ་པོའི་ལོ་རྒྱུས་ཀློག་པས་མི་རིགས་ཀྱི་སྤོབས་པ་སླེབས་པ་དང༌། ཞྭ་སྒབ་པའི་རྒྱལ་རབས་ཀློག་ནས་རྒྱ་བོད་ཀྱི་དབྱེ་མཚམས་ལ་དོ་སྣང་སླེབས་པ། དགེ་འདུན་ཆོས་འཕེལ་གྱི་འདོད་པའི་བསྟན་བཅོས་ལ་བརྟེན་ནས་འདོད་སྲེད་ཀྱི་མེ་ལྕེ་འཕྱུར་བ་ལྟ་བུས་མཚོན་ནུས་པ་ཞིག་རེད་སྙམ། དོན་བསྡུས་ན། རྩོམ་ཡིག་དེ་དང་དེའི་ནུས་པ་ལ་བརྟེན་ནས་ཀློག་པ་པོའི་སེམས་ཁམས་ལ་རྩོམ་པ་པོའི་མངོན་འདོད་ཀྱི་བརྗོད་གཞིའི་སྲོག་རྩ་ཞུགས་པ་ཡིན་ཞེས་བརྗོད་ན་མི་འཚམ་པ་མེད་སྙམ། ༢ རྩོམ་རིག་གི་གྲུབ་ཆ་དང་རྒྱུ་རྐྱེན།རྩོམ་རིག་གི་གྲུབ་ཆ་ལ་ཕྱི་ནང་གཉིས་སུ་ཕྱེས་པའི་ནང་གི་གྲུབ་ཆ་ནི། བརྗོད་གཞི་ཡིན་ལ་བརྗོད་གཞི་དེ་ཉིད་སྲོག་རྩ་ཡང་ཡིན། སྲོག་རྩ་འདི་ཉིད་མེད་ན་ཚིག་སྦྱོར་རྐྱང་པའི་རྩོམ་ཡིག་ཚད་ལྡན་ཞིག་གྲུབ་ཐབས་མེད། བརྗོད་གཞིའི་ཐད་ཤེས་བྱ་དང་ཡིན་ཆ་མཉམ་ཡིན་པས་ཞིབ་མོ་རྣམ་འཐགས་ཀྱིས་བཤད་ན་རྫོགས་མཐའ་མེད། རི་མོ་མཛུབ་མོ་བསྟན་ཙམ་ཞུས་ན། བསླབ་པ་གསུམ་དང་རིག་བྱེད་བཞིས་བསྡུས་པའི་དམ་པའི་ཆོས་དང་འཇིག་རྟེན་སྲིད་ལུགས་ཀྱི་རིག་གཞུང་ཡོངས་རྫོགས་རྩོམ་རིག་གི་གྲུབ་ཆ་ཡིན། ཕྱིའི་རྩོམ་རིག་གི་གྲུབ་ཆ་ནི། མིང་ཚིག་ཡི་གེ་གསུམ་གྱིས་བསྡུས་པའི་སྐད་ཆ་དང་སྡེབ་སྦྱོར་མངོན་བརྗོད་བཅས་ཡིན། རྩོམ་རིག་གི་རྒྱུ་རྐྱེན་ནི། རྩོམ་པ་པོས་རྩོམ་ཡིག་མ་བྲིས་པའི་སྔོན་དུ་དགའ་སྐྱོ་ཁྲོ་ཆགས་ཀྱི་ཚོར་སྣང་གང་ཞིག་མངོན་དུ་ཕྱོགས་པ་དེ་རྩོམ་རིག་གི་དངོས་ཀྱི་རྒྱུ་རྐྱེན་ཡིན་ལ། དེའི་འབྱུང་རྐྱེན་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་དགའ་སྡུག་གི་ཚོར་བའི་ཟ་འཁྲུག་སློང་བྱེད་ཀྱི་འཕོ་འགྱུར་རིགས། ལོ་ལེགས་ལྗང་འཁྲུངས་དང༌། མུ་གེ་དམག་འཁྲུགས། དགྲ་འདུལ་གཉེན་སྐྱོང་གིས་བསྡུས་སོགས་ཀྱིས་བསྡུས་པའི་འགྱུར་འགྲོའི་རིགས་དེ་ཚོ་ཤུགས་ཀྱི་རྒྱུ་རྐྱེན་ཡིན། དེར་བརྟེན་རྒྱུ་རྐྱེན་དེ་དག་ལ་ཚོར་བས་འགྲོགས་འགྲོས་ཇི་ཙམ་བྱས་པ་དེ་ཙམ་གྱིས་རྩོམ་རིག་གི་རྒྱུ་རྐྱེན་མང་དུ་འགྲོ་བ་ཆོས་ཉིད་ཡིན། ༣ རྩོམ་རིག་གི་ཕན་ནུས་དང་དབྱེ་སྒོ།རྩོམ་རིག་གི་ཕན་ནུས་ནི། རྩོམ་པ་པོས་བླང་དོར་ལེགས་ཉེས་གང་ཞིག་རྩོམ་གྱི་སྒྲོམ་གཞི་གང་ཞིག་གི་ནང་དུ་བསྡུས་ནས་བརྩམས་པ་དེས་ཀློག་པ་པོའི་བསམ་བློའི་ནང་གི་ལྟ་གྲུབ་དང་ལྷན་སྐྱེས་ཀྱི་སྐྱོན་ཆ་ལ་སྨན་དང་ནད་བཞིན་ཕྱི་རོལ་ལ་མི་མངོན་པའི་ནུས་ཤུགས་ལ་བརྟེན་ནས་ཐེར་འདོན་བྱེད་པ་བརྒྱུད་དེ་བསམ་བློའི་གོམ་ཁ་གཞན་དུ་བསྒྱུར་ནུས་པ་དེ་བཞིན་དུ། དམག་གི་ནུས་ཤུགས་དང༌། དཔོན་པོའི་དབང་ཚད། མཛེས་མའི་བསླུ་བྲིད་སོགས་སུས་ཀྱང་མི་ནུས་པའི་ཚད་ཀྱིས་ནུས་པ་ལྡན་པའི་ལོ་རྒྱུས་དང་རྒྱུ་མཚན་མང་བ་དེ་རིགས་གཞན་དུ་བཤད་པར་བྱ། རྩོམ་རིག་གི་དབྱེ་སྒོ་ནི། གོང་དུ་བཤད་པའི་རྩོམ་རིག་གི་གོ་དོན་གྱི་སྒྲོམ་གཞི་དེ་ལས་མི་འགོང་པའི་ཐོག་ནས་ནང་གསེས་རྟོག་ཞིབ་ནན་པོའི་ལུགས་སུ་བྱས་ན། རྩོམ་རིག་ལ་རིག་གནས་ཆེ་ཆུང་བཅུས་བསྡུས་པའི་རྩོམ་རིག་གི་དབྱེ་སྒོ་ཤིན་ཏུ་མང༌། སྡོམ་ཚིག་གཞན་ཞིག་གི་ཐོག་ནས་བཤད་ན། གཞུང་ལུགས་རྩོམ་རིག་དང་སྒྱུ་རྩལ་རྩོམ་རིག་གཉིས་སུ་ཕྱེ་ནས་འཆད་ན་བདེ་བར་སྙམ། དང་པོ་གཞུང་ལུགས་རྩོམ་རིག་ནི། སྒྲ་ཚད་གསོ་བཟོ་ནང་རིག་གིས་བསྡུས་པའི་ཤེས་བྱའི་རྣམ་བཞག་གང་ཞིག་གི་རྒྱུ་དང༌། ངོ་བོ། དབྱེ་བ། བྱེད་ལས། ནུས་པ་སོགས་ཀྱི་སྒྲོམ་གཞི་བརྟན་པོ་བསླངས་ནས་རྩོམ་པའི་གཞུང་ལ་ཟེར། དཔེར་ན། གཞུང་བཀའ་པོད་ལྔའི་རྩ་བ་དང༌། སྨན་གཞུང༌། རྩིས་གཞུང༌། སྙན་ངག་རྩ་བ་ལྟ་བུ། སྒྱུ་རྩལ་རྩོམ་རིག་ནི། རྩོམ་པ་པོས་བརྩམ་གཞིའི་ས་བོན་གང་ཞིག་བརྗོད་གཞིར་བཟུང་བ་དེ་ཉིད་ལ་བསམ་བློའི་བཀོད་སྒྲིག་སྔོན་དུ་བཏང་ནས་དོན་གྱི་གོ་རིམ་དང་ཚིག་གི་ཉམས་འགྱུར་འདྲ་མིན་སྤྱོད་དེ་ཀློག་པ་པོའི་བསམ་བློའི་ངོར་གསོན་ཉམས་ལྡན་པའི་དགའ་སྐྱོ་ཁྲོ་ཆགས་ཀྱི་ཚོར་སྣང་འདྲེན་ཐུབ་པའི་རིག་ལ་ཟེར། དེ་ལ་དབྱེ་ཞིབ་རག་ཙམ་བྱས་ན། སྙན་རྩོམ། སྒྲུང་རྩོམ། ལྷུག་རྩོམ། འབོལ་རྩོམ། དཔྱད་རྩོམ་སོགས་ཡན་ལག་དང་ཉིང་ལག་གི་དབྱེ་སྒོ་ཤིན་ཏུ་མང༌།༤ རྩོམ་རིག་གི་བྱུང་རིམ་དང་འཕེལ་རིམ་དངོས།རྩོམ་རིག་ནི་འགྲོ་བ་མིའི་ནང་གི་བསམ་བློའི་འཆར་སྒོ་དང༌། ཕྱི་རོལ་འཇིག་རྟེན་གྱི་ཁོར་ཡུག དེ་ལ་བརྟེན་པའི་སྲོག་ཆགས་སོགས་སྣོད་བཅུད་ཀྱི་བཀོད་པ་དང༌། རང་བྱུང་འབྱུང་བའི་གནས་བབ་ལ་བལྟས་པའི་དགའ་ནས་རྒོད་ཤོར་པ་དང༌། སྡུག་ནས་ངུ་དགོས་པ། འཇིགས་ནས་འདར་དགོས་པ། ཆགས་ནས་འཁྱུད་ཤོར་པ། བཙོག་ནས་སྐྱུགས་བྲོ་བ། ཡ་མཚན་ནས་ཧ་ལས་པ་སོགས། ཕྱི་རོལ་ཡུལ་གྱི་འཕོ་འགྱུར་ལ་བརྟེན་ནས་ནང་སེམས་པའི་ངོས་སུ་ཚོར་བའི་རླབས་རིས་དགའ་སྐྱོ་ངེས་མེད་ཅི་རིགས་སྣ་ཚོགས་པ་དེ་ཉིད་ལུས་ངག་གི་རྣམ་འགྱུར་ཐོག་ནས་འགྲོ་བ་མིའི་རིགས་གཞན་དང་གཞན་གྱི་གོ་བར་བྱེད་ནུས་པའི་བརྡ་ཐབས་དེ་ཡིན་ཞིང༌། བརྡ་ཐབས་དེ་ཉིད་ལུས་ཀྱི་རྣམ་འགྱུར་གྱི་སྒོ་ནས་ཕྱི་རོལ་ལ་ཐོན་པ་ནི་ལུས་ཀྱི་བརྡ་ཐབས་སམ་རྣམ་འགྱུར་དང་འགྲོགས་པའི་སྒྱུ་རྩལ་ཡིན་ལ། བརྡ་ཐབས་དེ་ཉིད་ངག་ཐོག་ནས་བརྗོད་པ་དེ་ཉིད་ངག་རྩོམ་ཡིན། དེ་ཉིད་ཤོག་ཐོག་ཏུ་རི་མོའི་ཟོལ་གྱིས་ཕབ་ན་རྩོམ་ཡིག་ཡིན་པས། རྩོམ་རིག་ཡིན་ན་རྩོམ་ཡིག་ཡིན་དགོས་པ་མི་སེམས་སོ།། དེར་བརྟེན་གོ་ལ་ཧྲིལ་པོ་འདིའི་སྒང་ལ་འགྲོ་བ་མིའི་འཕེལ་རིམ་མགོ་ཚུགས་པ་ནས་རྩོམ་རིག་གི་བྱུང་རིམ་ཡང་མགོ་ཚུགས་པ་སེམས་སོ།། འོན་ཀྱང་དེ་དུས་རྩོམ་རིག་ལ་རིག་པའི་གཞུང་ལུགས་ཀྱི་རྨང་གཞི་ལྡན་པའི་གོ་རིམ་དང་སྒྲིག་བཀོད་ནི་ཕལ་ཆེར་ཡོད་མི་སྲིད་སྙམ།རྒྱ་མཚོའི་འཇིམ་རྡུལ་ལས་མཆེད་ཅིང་འཕེལ་བའི་སྲོག་ཆགས་ཀྱི་ཁྲོད་ནས་སྤྲ་སྤྲེལ་མི་རུ་འགྱུར་བའི་དུས་རབས་ནས་མགོ་བཙུགས་ཏེ། ཟས་སུ་ཤིང་འབྲས་ཟ་བ་དང་གོས་སུ་ཤིང་ལོ་གྱོན་པའི་དུས་རབས་སྐབས་ནས་བཟུང༌། རུས་ཆེན་བཞི་རུ་གྱེས་པ་དང༌། དེ་ཡང་གང་སར་ཚོམ་བུ་ཚོམ་བུར་བྱས་ནས་འཚོ་སྡོད་བྱེད་པའི་ཡ་ཐོག་བསྐལ་བའི་ནང་སྤྲ་སྤྲེལ་ལས་མཆེད་པའི་ཡང་མེས་ཚོ་དགའ་ནས་ཧ་ཧ་ཞེས་དགོད་པ་དང༌། སྡུག་ནས་ཧུ་ཧུ་ཞེས་ངུ་བ། འཕྱ་ནས་ཧོ་ཧོ་ཞེས་བརྗོད་པ། ཁྲོ་ནས་ཧི་ཧི་ཞེས་སྒྲོག་པ། ཚོགས་ཀྱི་ནང་དུ་སྤྲོ་བ་བཏེགས་པའི་གླུ་ཨ་ལ་ལ་དང་ཐ་ལ་ལ་མོ་ཞེས་གཏོང་བ། གཡུལ་འགྱེད་པའི་སར་ཁོང་ཁྲོ་འབར་བའི་ཉམས་ཨ་ཧི་ཧི་དང་ཀི་ཧི་ཧི་ཞེས་མཛེར་བ་ཀུན་ཀྱང་ལུས་ཀྱི་སྤྱོད་ལམ་དང་འགྲོགས་པའི་དགའ་སྐྱོ་ཁྲོ་ཆགས་ཀྱི་རྣམ་པར་མངོན་གསལ་དོད་པའི་རྩོམ་རིག་བྱུང་རིམ་གྱི་ཐོག་མའི་ས་བོན་སྨིན་ས་དེ་ཡིན་ངེས་སྙམ།རྡོ་ཆས་རྙིང་པའི་དུས་རབས་དང་རྡོ་ཆས་གསར་པའི་དུས་རབས་སྐབས་སུ་རྡོ་དང་ཤིང་གི་ངོས་སུ་ཉི་ཟླ་འཆར་ནུབ་དང་གྲངས་ཀ་མཚོན་པའི་རི་མོ་འབྲི་ཤེས་པ་བྱུང་བ་ནས། རིམ་བཞིན་རི་མོའི་ཐོག་ནས་སེམས་ཀྱི་ཚོར་སྣང་མཚོན་པའི་དབྱིབས་རིས་ཀྱང་དར་བ་སེམས། མངའ་མཛད་བཅུ་གཉིས་ཀྱིས་བོད་ས་དབང་བསྒྱུར་བྱས་པའི་རིང་ལ་གདོད་མའི་བོན་གྱི་ལམ་སྲོལ་དང་འབྲེལ་བའི་སྒྲུང་ལྡེའུ་བོན་གསུམ་གྱི་རིག་པའི་འཕེལ་རིམ་མགོ་ཚུགས་པ་དང་མཉམ་དུ་འགྲོགས་ནས་ཡིག་ཐོག་མེད་པ་མ་གཏོགས་ངག་ཐོག་ནས་སྒྲུང་རྩོམ་དང་གདོད་མའི་བོན་གྱི་གཏོ་བཅོས་དང་ལྷ་མཆོད་འདྲེ་རྡུང་གི་རྣམ་པ་ངག་སྒྲོས་ནས་དར་བའི་རྩོམ་རིག་སྣ་ཚོགས་ཡོད་པ་སྨོས་མ་དགོས་པ་རེད་སྙམ། དེ་རྗེས་རྒྱལ་ཕྲན་བཅུ་གཉིས་དང་སིལ་མ་བཞི་བཅུའི་སྐབས་རྣམས་སུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཞུང་ལུགས་ཡོངས་ཀྱི་མ་ཕྱི་ཡི་གེའི་སྲོལ་ཡང་ཐོག་མར་གཤེན་རབ་ཀྱིས་བཏོད་པ་བཤད་དེ། མདོ་གཟེར་མིག་ལས་སྟོན་པ་གཤེན་རབ་མི་བོ་ཡིས།དཔའ་བོ་འབྲུ་ལྔའི་ས་བོན་ལས།།ཡིག་འབྲུ་སུམ་ཅུ་རྩ་བརྒྱད་སྤེལ།།རིན་ཆེན་སྣ་ལྔའི་གླེགས་བམ་ལ།།སྒོ་བཞི་མཛོད་ལྔའི་བོན་སྡེ་བྲིས།།ཞེས་དང༌། ཡིག་འབྲུ་སུམ་ཅུས་བོན་གྱི་ཁོག་པ་དབུབ།།འགོ་ཡིས་ལམ་དྲངས་ཤད་ཀྱིས་མདོ་ཡང་བཅད།།ཚེག་གིས་བར་ཕྱེ་མི་འཁྲུགས་གསལ་བར་སྙོམས།།གུག་འགྲེང་ན་རོ་ཞབས་འཁྱུད་ཡ་ར་ལྟ།།སྐབས་སྦྱོར་དོན་དུ་ཡན་ལག་རྒྱས་པར་བཏགས།།ཞེས་འབྱུང་བས་སོ།།བོན་གྱི་སྟོན་པས་ཡི་གེ་ཙམ་དུ་མ་ཟད་བཟོ་རིག་འབུམ་སྡེ་གསུམ། སྒྲ་རིག་འབུམ་སྡེ་གསུམ། ཚད་མ་རིག་པའི་མཚན་ཉིད་སྡེ་བདུན། གསོ་རིག་འབུམ་སྡེ་གསུམ། ནང་རིག་འབུམ་སྡེ་གསུམ་བཅས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གཞུང་ལུགས་རྒྱ་མཚོ་ལྟར་ཟབ་ཅིང་ཡངས་པ་དུ་མ་གཏན་ལ་ཕབ། བོན་གྱི་མཛད་པ་བཅུ་གཉིས་བསྟན། ཐེག་པ་རིམ་དགུ་གསུངས། གསོན་པོ་རྣམས་ཀྱི་ལྷ་སྒོ་ཕྱེས། ཤི་བོ་རྣམས་ཀྱི་དུར་སྒོ་བཅད། སྐལ་བ་མཉམ་པའི་གདུལ་བྱ་རྣམས་གཡུང་དྲུང་བོན་གྱི་ལམ་ལ་བཀོད། མ་འོངས་བོན་བསྟན་བོད་དུ་དར་བའི་ཆེད་ཀོང་ཡུལ་དུ་ཕེབས་ཏེ་གཡུང་དྲུང་བོན། བོན་སྒོ་བཞི་མཛོད་ལྔ་སོགས་གསུངས། བོན་གྱི་རིང་ལུགས་འཛིན་པའི་སློབ་ཚོགས་ནམ་མཁའི་སྐར་ཚོགས་ལྟར་འདུལ་བར་མཛད་པའི་ནང་ནས་གདུང་འཚོབ་མུ་ཚོ་ལྡེམ་དྲུག ཏ་ཟིག་གི་མཁས་པ་དམུ་ཙ་ཏྲ་ཧེ། ཁྲི་ཐོག་སྤར་ཙ། འགུ་ཧུ་ལི་སྤར་ཡ། རྒྱ་གར་གྱི་མཁས་པོ་ལྷ་བདག་སྔགས་དྲོ། རྒྱ་ནག་གི་མཁས་པ་ལགས་ཏང་རྨངས་པོ། ཁྲོམ་གྱི་མཁས་པ་གསེར་ཐོག་ལྕེ་འབྱམས། བོད་ཀྱི་མཁས་པ་ལྡེམ་བོན་གྱིམ་ཚ་རྨ་ཆུང༌། མི་ཉག་གི་མཁས་པ་ལྕེ་ཚ་ཁར་གུ། སུམ་བའི་མཁས་པ་མུ་སྤུངས་གསལ་ཏང༌། ཞང་ཞུང་གི་མཁས་པ་ཤ་རི་དབུ་ཆེན་སོགས་ཀྱིས་རིམ་པར་བཞིན་གཡུང་དྲུང་བོན་གྱི་རིང་ལུགས་འདི་ཉིད་དར་བར་བཤད།དེ་དག་གི་ནང་ནས་བོད་ཀྱི་མཁས་པ་ལྡོམ་བོན་གྱིམ་ཚ་རྨ་ཆུང་སོགས་ཀྱིས་བོན་གྱི་ཆོས་རིག་དང་འབྲེལ་བའི་རྩོམ་རིག་གི་རྣམ་གཞག་དུ་མ་སྤེལ་ཡོད་སྲིད་ཀྱང༌། ཁོ་བོས་ད་ཕན་འདི་དང་འདི་ཞེས་ངོས་འཛིན་ཞུ་ཤེས་ཀྱི་མེད། སྐབས་དེར་གཤེན་ཀྱི་ཐུགས་སྲས་ཤ་རི་དབུ་ཆེན་གྱིས་སྒྲ་གཞུང་མཛད་པ་དེའི་སྒྲ་འགྲེལ་དང་རྒྱུད་པ་ད་ལྟའི་བར་དུ་ཡོད་འདུག་པ་འདིའི་ཐོག་ནས། སྐབས་དེ་དུས་ནས་རྩོམ་རིག་ཡིག་ཐོག་ཏུ་ཕབ་རྒྱུའི་ལམ་སྲོལ་ཙམ་མ་ཟད་རིག་པའི་གཞུང་ལུགས་ཀྱི་སྒྲོམ་གཞི་ཡོད་པའི་རྩོམ་རིག་གི་རྨང་གཞི་ཡང་དེ་དུས་ནས་མགོ་འཛུགས་ཟིན་པའི་ར་སྤྲོད་བྱེད་ཐུབ་སྙམ། (༡) གདོད་མའི་རྩོམ་རིག་གི་འཕེལ་རིམ།སྤྱི་རྩོམ་རིག་ལ་དབྱེ་སྒོ་དུ་མ་ཡོད་པའི་ནང་ནས་འདིར་སྒྱུ་རྩལ་རྩོམ་རིག་འབུར་དུ་བཏོན་ཅིང་རྩོམ་རིག་གཞན་རྣམས་མགོ་སྨྲས་པ་ཙམ་རེ་བྱས་ནས་འཆད་པར་འདོད་དེ། དེ་ཡང་གདོད་མའི་རྩོམ་རིག་ཅེས་པ་ནི། བོད་རང་གི་བསྐལ་པ་ཡར་ཐོག་གི་སྐབས་ནས་རང་ཆས་སུ་ཡོད་པའི་རྩོམ་རིག་དེ་ལ་ཟེར། གོང་དུ་བཤད་པའི་བོན་གྱི་སྒོ་བཞི་མཛོད་ལྔ་བསྟན་པའི་གཞུང་ཀུན་གདོད་མའི་རྩོམ་རིག་ཡིན་པ་བཤད་མ་དགོས། སྒྱུ་རྩལ་གྱི་དབང་དུ་བྱས་ན་ཏུན་ཧོང་ཡིག་ཆ་ལས། ཆབ་ཆབ་ནི་ཕ་རོལ་ན།། ཡར་ཆབ་ཀྱི་ཚུར་རོལ་ན།། མྱྀ་བུ་ནི་མྱྀའི་བུ་སྟེ།། ལྷ་ཡི་ནི་སྲས་པོ་བཞུགས།། རྗེ་བདེན་གྱི་བཀོལ་དུ་དགའ།། སྒ་བདེན་གྱི་ནི་བསྟད་དུ་དགའ།། ཞེས་དབའ་དབྱི་ཚབ་དང་ཉུང་ཀུང་ཙེ་གཉིས་འཕེར་རྒྱལ་ལ་ངོ་ལོག་ནས་གནམ་རུ་སྲོང་བཙན་ལ་མགོ་འདོགས་ཞུ་རྩིས་སྐབས་ཀྱི་ཚིག་སྦྱོར་དེ་དག་སྔར་ནས་ངག་རྩོམ་ཐོག་གྲུབ་ཟིན་པ་ཞིག་ཐོན་མིའི་ཡི་གེ་དར་རྗེས་སུ་གཞི་ནས་ཡིག་ཐོག་ཏུ་བཀོད་པ་ཡིན་ཚུལ་དགེ་འདུན་ཆོས་འཕེལ་གྱི་དེབ་ཐེར་དཀར་པོར་བཤད་པ་ལྟར་ཡིན། འདིས་མཚོན་ཏུན་ཧོང་ཡིག་རྙིང་སྔ་ཕྱི་ཁག་ནས་ཐོན་པའི་གནའ་བོའི་སྒྱུ་རྩལ་རྩོམ་རིག་ཤིན་ཏུའང་མང་དེ་རིགས་བོད་ཀྱི་གདོད་མའི་རྩོམ་རིག་ཡིན་ཞིང༌། རྩོམ་རིག་གི་སྒྲོམ་གཞི་འདི་ཉིད་ཐོན་མིའི་བོད་ཡིག་དར་བའི་རྗེས་སུ་གྲ་གང་རྒྱས་དང་གཏིང་ཇེ་ཟབ་ཏུ་སོང་བ་མ་ཟད། བཙན་པོ་རིམ་བྱོན་གྱི་ཆབ་སྲིད་ཀྱི་ཚོགས་ཆེན་དང་གསང་པའི་ལས་འགུལ། ཐུགས་སྤྲོ་རྒྱས་སྤྲོས་སོགས་གང་སར་བེད་སྤྱོད་གཏང་རྒྱུ་མེད་ཐབས་མེད་པ་ཞིག་ཏུ་གྱུར། དཔེར་ན། སྲོང་བཙན་གྱི་སྐབས། སེངྒེ་མྱི་ཆེན་གྱིས་མདུང་མི་ཐེབས་གཅིག་གིས་འབྲོག་མོ་ཐང་གང་འཐོར། ཞེས་དང༌། སེ་མ་ཀས་བཙན་པོ་ལ་གཡུ་ཆུང་སོ་བདུན་དང་མཉམ་དུ། མགུལ་གླུའི་ཆ་འཕྲིན་ཕུལ་བ་དེ་ཉིད། ཆབ་སྲིད་ཀྱི་ཡོ་བྱད་ལ་མེད་ཐབས་མེད་པའི་གདོད་མའི་རྩོམ་རིག་གི་ནང་ནས་སྒྲུང་ལྡེའུ་བོན་གསུམ་གྱི་ནང་གི་ལྡེའུ་ཞེས་པ་དེ་ཡིན། དེས་ན་ལྡེའུ་ཡང་གདོད་མའི་རྩོམ་རིག་གི་གདན་གྲལ་ངེས་ཅན་གཟུང་མཁན་གྱི་ཤེས་རིག་གལ་ཆེ་ཞིག་ཡིན་པ་དེ་ཡང་ཚོད་དཔག་བྱེད་ཐུབ་སྙམ། དེ་དག་དུས་ཕྱིས་ཡིག་ཐོག་ཏུ་ཕབ་པ་ལས་དང་པོ་ཉིད་ནས་ཡིག་ཐོག་མེད་པར་ངག་ཐོག་ནས་ཕན་ཚུན་ཤགས་འགྱེད་པ་ཡིན་པས་ངག་རྩོམ་ཡིན་ཞེས་བརྗོད་ན་མི་རུང་བ་མེད་སྙམ། ཐོན་མིས་བོད་ཡིག་བརྩམས་རྗེས་སུ་རྒྱལ་པོ་ལ་ཕུལ་བའི་ཡིག་ཕུད་དང་བློན་པོ་རྣམས་ཀྱིས་ང་རྒྱལ་འཇོམས་པའི་གསུང་མགུར་དེ་རིགས་དོན་དངོས་ཐོག་བྱུང་མྱོང་པ་ཞིག་ཡིན་མིན་ཁ་ཚོན་གཅོད་མི་ཐུབ་མོད། གལ་ཏེ་བྱུང་མྱོང་བ་ཞིག་ཡིན་ན་དེ་དག་ལས་གསུང་མགུར་དེ་རིགས་གདོད་མའི་སྙན་ངག་ཐོན་མིས་ཡིག་ཐོག་ཏུ་ཕབ་པ་ཐེངས་དང་པོ་དེ་ཡིན་རྒྱུ་རེད་སྙམ། སྲོང་བཙན་ནས་རིམ་པར་བརྒྱུད་བཙན་པོའི་རྒྱལ་རབས་སིལ་བུར་མ་འཐོར་གྱི་བར་དུ་བཙན་པོ་དང་གྲོས་ལ་དབང་བའི་མདུན་ན་འདོན་ཚོས་ཕན་ཚུན་གཏམ་དང༌། ཤགས་འགྱེད་པ། ཟུར་ཟ་བྱེད་པ་སོགས་ཀྱི་སྐབས་སུ་བོད་རང་གི་གདོད་མའི་སྙན་ཚིག་གི་ཐོག་ནས་ལན་འདེབས་གནང་ཚུལ་ཏུན་ཧོང་ཡིག་རྙིང་ལ་བརྟེན་ནས་ཤེས་ཐུབ་པ་ཞིག་ཡིན། བཙན་པོའི་རྒྱལ་རབས་སིལ་འཐོར་སོང་པའི་རྗེས་ནས་མི་ལའི་མགུར་འབུམ་དང༌། རྗེ་དགེ་འདུན་གྲུབ་པའི་གསུང་མགུར། ཤར་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་སོགས་སྤྱི་ཚོགས་ཁོག་ཡུག་ཁྲོད་མཁས་པའི་མཚན་སྙན་ངེས་ཅན་ཡོད་པའི་སྐྱེས་ཆེན་དུ་མའི་གསུང་རྒྱུན་ཡིག་ཐོག་ཏུ་འཁོད་པ་དང༌། དེ་བཞིན་ལ་སྟོད་དང་མདོ་སྟོད་སྨད་ཁུལ་གྱི་ཕལ་བའི་སྤྱི་ཚོགས་ཁྲོད་དུ། གཞས་དང་མགུར་མོ་ཞེས་ད་ལྟའི་བར་དུ་རྒྱུན་མ་ཆད་པ་ཡོད་པ་མ་ཟད། རྒན་པོ་རྒན་མོ་ཁ་བདེ་བ་འགའ་རེས། ལ་ཡས་ཀྱིས་ཁ་ཤགས་འགྱེད་དེ་རྒྱལ་ཕམ་དབྱེ་ཐག་མི་ཆོད་བར་ཉིན་མཚན་སྦྲེལ་ནས་ཤགས་འགྱེད་པའི་ལོ་རྒྱུས་ཀྱང་ཡོད། གདོད་མའི་རྩོམ་རིག་སྒྱུ་རྩལ་གྱི་བྱུང་རིམ་དང་འཕེལ་རིམ་ཐོག་རྒྱ་གར་བའི་རིག་གཞུང་གིས་གདན་ཐོབ་གསར་པ་བཟུང་བ་ནས་མགོ་བཙུགས་ཏེ། རྩོམ་རིག་འདི་ཉིད་མཁས་པའི་གདན་གྲལ་ལ་ས་མིག་དེ་ཙམ་མ་རག་ནས། དམངས་ཁྲོད་དུ་འཕྲིན་ལས་དམིགས་བསལ་བ་རྒྱས་རྒྱུའི་མགོ་འཛུགས་བྱས་ནས་ད་ལྟའི་བར་དུ་མཇུག་མ་བསྡུས་པར་ཡོད་པ་འདི་བཞིན་ཡིན་ནོ། །(༢) སྲོལ་རྒྱུན་རྩོམ་རིག་གི་འཕེལ་རིམ།སྲོལ་རྒྱུན་རྩོམ་རིག་གི་གཞི་འཛིན་ས་གཙོ་བོ་མེ་ལོང་མ་ནི། སྤྱི་ལོ་དུས་རབས་བདུན་པའི་དུས་དཀྱིལ་༦༥༠ཡན་མན་ལ་བྱུང་བའི་དབྱུག་པ་ཅན་ཞེས་འཕགས་ཡུལ་གྱི་སྙན་ངག་མཁན་ཞིག་གིས་སྔོན་གྱི་མཁས་པ་ཚོའི་སྙན་གཞུང་རྣམས་ཀྱི་ལེགས་ཆ་གཅིག་ཏུ་བསྡུས་ནས་བསྒྲིགས་པའི་གཞུང་ཞིག་ཡིན། དེ་ཉིད་སྤྱི་ལོ་དུས་རབས་བཅུ་གསུམ་པའི་ནང་ཆོས་རྗེ་ས་པཎ་དང་འགྲོ་མགོན་འཕགས་པའི་བཀའ་དྲིན་ལ་བརྟེན་ནས་སྲོལ་རྒྱུན་གྱི་རྩོམ་རིག་འདི་ཉིད་བོད་དུ་དར་སྲོལ་ཆེ་བའི་མགོ་ཚུགས། དེའི་གོང་དུ་སྲོལ་རྒྱུན་རྩོམ་རིག་བོད་ལ་མ་དར་བ་མིན་ཏེ། ས་པཎ་གྱི་མཁས་འཇུག་ཏུ། མེ་ལོང་མའི་ཚིག་མང་པོ་བགྲངས་པར་མཐོང་ཞིང༌། ད་དུང་ཁ་གསལ་དུ་བཏང་ནས་བཤད་ན། ཐོན་མིའི་ཡིག་ཕུད་དང༌། སྲོང་བཙན་གྱི་མ་ཎི་བཀའ་འབུམ། ཀ་ཆེམས་ཀ་ཁོལ་མ་སོགས་ནས་རིམ་པར་བརྒྱུད། བཀའ་ཐང་སྡེ་ལྔ་སོགས་རྒྱ་གར་མཁས་པའི་རིག་གཞུང་བོད་དུ་དར་བའི་སྲོལ་ཐོག་མར་བྱུང་བ་ནས། བོད་ཀྱི་གདོད་མའི་རྩོམ་རིག་གི་ཟུར་དུ་རྒྱ་གར་བའི་རྩོམ་སྲོལ་གྱི་ཁྲིའུ་ཆུང་ཆུང་ཞིག་གསར་དུ་སྒྲིག་དགོས་བྱུང་འདུག་པ་ལོ་རྒྱུས་ཐོག་ནས་གསལ་པོ་ཤེས་ཐུབ། དེ་དག་གི་སྐབས་སུ་མེ་ལོང་མ་རྩོམ་གྲུབ་མིན་ཇི་ལྟར་ཡང༌། མེ་ལོང་མའི་ཁུངས་གཏུགས་ས་རྒྱ་གར་བའི་རྩོམ་རིག་གི་གཞུང་ར་མེ་ཤོ་དང་གྲོང་མཁར་བའི་གཞུང་རྣམས་ཡོད་པ་དེ་དག་མེ་ལོང་མའི་རྩོམ་གཞུང་དང་རྒྱས་བསྡུས་ཙམ་ལས་ཁོག་མཐུན་པས། བོད་ཀྱི་སྔ་རྩོམ་དེ་དག་མེ་ལོང་མའི་རྩོམ་གཞུང་དང་ཁོག་མཐུན་པ་ཞེས་བརྗོད་ན་མི་རུང་བ་མེད་དོ་སྙམ།དེར་བརྟེན་གསུང་རབ་བོད་བསྒྱུར་གྱི་མགོ་ཚུགས་པ་ནས་སྲོལ་རྒྱུན་རྩོམ་རིག་བོད་དུ་དར་མགོ་ཚུགས་པ་ཡིན༌། ཤོངས་ལོས་མེ་ལོང་མ་བོད་བསྒྱུར་ཞུས་ཤིང་དཔང་ལོས་ཊཱིཀྐ་བརྩམས་ནས་འཆད་ཉན་གྱིས་གཏན་ལ་ཕབ་པ་ནས་རྩོམ་གཞུང་གི་རྨང་གཞི་བརྟན་པོར་ལྡན་པའི་རྩོམ་སྲོལ་འདི་བཞིན་ཧ་ཅང་གི་དར་རྒྱས་ཆེར་སོང་བར་མ་ཟད། ཤོངས་ལོས་དཔག་བསམ་འཁྲི་ཤིང་བོད་བསྒྱུར་མཛད་པའི་རྗེས་ནས་རྩོམ་གཞུང་འདིའི་ཐོག་ནས་སངས་རྒྱས་དང་བྱང་སེམས། བླ་མ་དང་སྐྱེས་བུ་དམ་པ་སོགས་ཀྱི་རྣམ་ཐར་རྟོགས་བརྗོད་ཀྱང་ཇེ་མང་དུ་སོང་བ་སྣང༌།མདོར་ན་སྲོལ་རྒྱུན་སྙན་རྩོམ་ནི། གོང་དུ་བཤད་པ་ལྟར་རྒྱ་གར་བའི་རྩོམ་རིག་གི་གཞུང་མེ་ལོང་མའི་རྩོམ་སྒྲོས་དང་མཐུན་པའི་སྙན་ཚིག་ལ་ཟེར་ཞིང༌། འདི་ཉིད་ཐོན་མིའི་ཡིག་ཕུད་རྩོམ་པ་ནས་ས་པཎ་བར་རིམ་པར་བྱུང་ཞིང༌། དེ་ཡང་བོད་སིལ་བུའི་དུས་རབས་སྐབས་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྤྲིངས་ཡིག་དང༌། ལོ་ཆེན་རིན་ཆེན་བཟང་པོའི་རིག་བྱེད་མཐའ་དག་རྗེས་སུ་བསྟན་པའི་འགྱུར་བྱང་སྨོན་ཚིག བཀའ་བདམས་ཕ་ཆོས་བུ་ཆོས། ས་ཆེན་གོང་མ་རྣམ་ལྔའི་བཀའ་འབུམ་སོགས་ལས་བྱུང་པའི་ཚིགས་བཅད་རྩོམ་ཡིག་བཅས་ལ་གཟིགས་ན། སྐབས་དེ་དག་ཏུ་སྲོལ་རྒྱུན་སྙན་ངག་གི་འཕེལ་ཤུགས་ཇི་ཙམ་ཞིག་ཏུ་སླེབས་ཡོད་པ་ཤེས་ཐུབ་ངེས་ཡིན་སྙམ། བོད་བླ་མའི་དུས་རབས་ནས་མགོ་བཙུགས་ཏེ། འགྲོ་མགོན་འཕགས་པ་ནས་བཟུང་སྙན་རྩོམ་གྱི་སྲོལ་རྒྱུན་འདི་ཉིད་སྤང་ལ་ཤ་མོ་བརྡོལ་བ་བཞིན་གློ་བུར་དུ་འཕེལ་ཤུགས་ཤིན་ཏུ་མགྱོགས་པ་བྱུང་འདུག་སྟེ། ཤོངས་དཔང་མཁས་པས་སྙན་གཞུང་འདི་ཉིད་བསྒྱུར་ཞིང་འཆད་ཉན་གྱི་གཏན་ལ་ཕབ་པ་དང༌། དེ་ནས་བོ་དོང་ཕྱོགས་ལས་རྣམ་རྒྱལ་དང༌། ཞང་ཞུང་ཆོས་དབང་གྲགས་པ། སྡེ་སྲིད་རིན་སྤུངས་པ་ངག་དབང་འཇིགས་གྲགས། ཀརྨ་པ་མི་བསྐྱོད་རྡོ་རྗེ། འཇམ་ཁ་བ། སྨན་གྲོལ་ཡབ་སྲས། གོང་ས་ལྔ་པ་ཆེན་པོ། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ། ཀུན་མཁྱེན་འཇིགས་མེད་དབང་པོ། ལོ་ཆེན་དྷརྨ་ཤྲིའ། ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ། རྫ་དཔལ་སྤྲུལ་རིན་པོ་ཆེ། འཇམ་མགོན་མི་ཕམ་རྣམ་རྒྱལ་རྒྱལ་མཚན། བྲག་དཀར་པཎྜི་ཏ་བློ་བཟང་དཔལ་ལྡན། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ། དུང་དཀར་བློ་བཟང་འཕྲིན་ལས། བྱེས་འབྱོར་དུ་བ་གཞིས་ཕུན་ཚོགས་དབང་རྒྱལ། འགོས་ལོ་བཞི་པ་ཝཱར་དགེ་པདྨ་རྒྱལ་མཚན(སྙན་ངག་བཤད་པ་པོ་ཡིན་ཡང་རྩོམ་པ་པོ་མིན)། དེང་གི་གཞོན་སྐྱེས་ཁྲོད་ནས་འཇུ་སྐལ་བཟང༌། ཧོར་གཙང་འཇིགས་མེད། མགོ་ལོག་འཇིགས་མེད་བློ་གྲོས། དབྲ་ཁྱུང་སྐལ་བཟང་ནོར་བུ་སོགས་རིམ་པར་བྱུང་པ་དག་གིས་མཚོན། སྲོལ་རྒྱུན་སྙན་ངག་གི་འཕེལ་རིམ་རླུང་རླབས་ཀྱིས་གཡོ་བའི་རྒྱ་མཚོ་བཞིན་འཕྱོ་བས། དེང་སང་གི་བར་བོད་འདི་སྙན་ངག་གི་ཞིང་ཁམས་རེད། ཅེས་ཕྱི་རྒྱལ་མི་རིགས་ཚོས་བསྔགས་བརྗོད་བྱས་དང་བྱེད་བཞིན་པའང་དོན་ལ་གནས་པའི་བསྔགས་བརྗོད་ཅིག་རེད་སྙམ། རང་རེ་བོད་ཀྱི་སྙན་འགྲེལ་མི་ཉུང་བ་ཞིག་གི་ནང༌། སྙན་ངག་མེ་ལོང་མ་བོད་བསྒྱུར་མ་བྱས་པའི་སྔོན་དུ་བོད་ལ་སྙན་ངག་མེད་པ་བཤད་པ་ནི། དེའི་གོང་དུ་བོད་ལ་སྙན་ངག་གི་གཞུང་མེད་པ་ལ་དགོངས་པ་ཡིན་གྱི། སྙན་ངག་མེད་པ་མིན་ཏེ། སྙན་ངག་ནི་མིའི་སྤྱི་ཚོགས་འཚོ་བའི་ནང་དགའ་སྐྱོ་ཁྲོ་ཆགས་ཀྱི་འགྱུར་འགྲོས་གང་ཞིག་ལ་བརྟེན་ནས་བསམ་བློའི་འཕོ་འགྱུར་དེ་ཉིད་ངག་ཐོག་ནས་ཐོན་པའི་སྒྱུ་རྩལ་ཞིག་ཡིན་པས། དེ་ནི་འགྲོ་བ་མིའི་འཕེལ་རིམ་དང་དཔུང་པ་མཉམ་གཤིབ་ཀྱིས་བྱུང་བ་ལས་གློ་བུར་ཐོལ་བྱུང་གིས་ཡོང་ཐབས་ག་ལ་ཡོད། དེས་ན་གོང་དུ་བགྲང་པ་ལྟར་མེ་ལོང་མ་བོད་བསྒྱུར་མ་བྱས་པའི་སྔོན་ནས་བོད་ལ་བོད་རང་གི་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་དགའ་སྡུག་ཁྲོ་ཆགས་ཀྱི་བསམ་བློ་དང་རྣམ་པ་མཚོན་པའི་གདོད་མའི་སྙན་ཚིག་ཇི་ཙམ་ཞིག་དར་ཁྱབ་ཟིན་པ་གོང་དུ་བཤད་པས་ཤེས་ནུས་སྙམ།(༣) རང་མོས་སྙན་ངག་གམ་རྩོམ་རིག་གསར་པའི་འཕེལ་རིམ།རང་མོས་སྙན་ངག་ནི། སྤྱི་ལོ༡༨༨༥ལོར་ཨ་རིའི་སྙན་ངག་པ་ཝལཌ་ཝཊ་མནWalt Whitman, 1819-1892 ཡིས་《རྩྭ་ལོའི་ཚོམ་བུ》Leaves of Grass ཞེས་པའི་སྙན་ཚིག་ཕྱོགས་སྒྲིག་གི་དེབ་གསར་དུ་བརྩམས་ཏེ། སྙན་ངག་གསར་པའམ་རང་མོས་སྙན་ངག་གི་རྩོམ་སྲོལ་གསར་དུ་བཏོད། རྩོམ་པ་པོ་ཁོང་གིས་སྙན་རྩོམ་འདི་ཉིད་འགྲེམས་སྤེལ་བྱས་ཀྱང་ཉོ་མཁན་ལྟ་ཅི་སྐབས་དེར་སྤྲོད་ནའང་ལེན་མཁན་མེད་པའི་ཚོད་དུ་གྱུར། ད་དུང་མི་མང་པོ་ཞིག་གིས་ཁོ་པ་ཨ་རིའི་རྩོམ་རིག་ལ་རྨ་འབྱིན་མཁན་དང་འཐུས་ཤོར་གཏོང་མཁན་ཞིག་ཏུ་ངོས་འཛིན་གྱིས། རྩོམ་པ་པོ་ཁོང་རྒྱུན་ལྡན་རྩོམ་སྒྲིག་ཁང་ཞིག་གི་ནང་དུ་ལས་ཀ་བྱེད་མཁན་ཡིན་ཡང་དེ་ནས་དགོངས་པ་ཞུ་དགོས་བྱུང་སྟེ། མི་ཚེ་མཐའ་མཇུག་རང་ཉིད་ཀྱི་སྐྱེས་ཡུལ་གྲོང་གསེབ་ཆུང་ཆུང་ཞིག་ཏུ་བསྐྱལ་ནས་འཇིག་རྟེན་འདིར་གྱེས་མཇལ་ཞུས། ཁོང་འཇིག་རྟེན་གཞན་དུ་གཤེགས་ནས་མི་རིང་བར་ཨ་རིའི་གཞོན་སྐྱེས་བསམ་བློ་བ་དང་རྩོམ་པ་པོ་ཁག་གཅིག་གིས། རྩྭ་ལོའི་ཚོམ་བུར་ཉམས་ཞིབ་བྱས་ཏེ། དེ་སྔོན་དེབ་དེར་རྒོལ་རྡུང་ཐེབས་པའི་རྒྱུ་རྐྱེན་ནི། སྐབས་དེའི་ཨ་རིའི་མང་ཚོགས་ཀྱི་བསམ་བློའི་གནས་ཚོད་ཀྱིས་རྩྭ་ལོའི་ཚོམ་བུའི་སྒྱུ་རྩལ་གྱི་གནས་ཚོད་ལ་རྗེས་མ་བསྙེགས་པས་ཡིན་པ་ལས། 《རྩྭ་ལོའི་ཚོམ་བུ》འི་སྐྱོན་ཆ་མ་ཡིན་པར་ངོས་འཛིན་བྱས་པར་མ་ཟད། དེ་ཉིད་འཐད་ཕྱོགས་སྒྲུབ་པའི་རྩོམ་ཡིག་མང་པོ་འགྲེམས་སྤེལ་བྱས། དེ་ལ་བརྟེན་ནས་རྩོམ་སྲོལ་འདི་ཉིད་ལ་བསམ་བློ་བ་མང་པོ་ཞིག་གིས་ལྟ་ཚུལ་ཡང་དག་པའི་རྒྱབ་སྐྱོར་ཐོབ། འཛམ་གླིང་ཤར་ནུབ་ཀྱི་རྩོམ་པ་པོ་མང་པོ་ཞིག་གིས་ཀྱང་དོ་སྣང་ཆེན་པོ་བྱས་པར་མ་ཟད། རང་རང་གི་སྐད་ཡིག་ཐོག་ཏུ་བསྒྱུར་ཏེ། སྔ་ཕྱིར་སྐད་ཡིག་ཉི་ཤུ་ལྷག་ཏུ་བསྒྱུར། དུས་རབས་ཉི་ཤུ་པའི་ནང་སྙན་རྩོམ་འདི་ཉིད་རྒྱ་སྐད་ཐོག་ཏུ་བསྒྱུར་པར་མ་ཟད་རྒྱའི་རྩོམ་པ་པོ་ལུའུ་ཞུན་སོགས་ཀྱིས་རྩོམ་སྲོལ་འདི་ཉིད་གཞིར་བཞག་སྟེ་དུས་དེབ་དང་ཚགས་ཤོག་འདྲ་མིན་ཐོག་རྩོམ་ཡིག་མང་པོ་སྤེལ་བར་རྒྱ་ནག་གི་རྩོམ་པ་པོ་མང་པོ་ལས་དགའ་བསུ་ཐོབ། རྒྱ་ནག་ཆབ་སྲིད་ཀྱི་དུས་འགྱུར་སྐབས་རྩོམ་སྲོལ་འདིའི་ཐོག་རབ་རིབ་སྙན་ངག་ཅེས་པ་དང་བསྲེས་ནས་རྩོམ་ཡིག་འདྲ་མིན་བྲིས་པ་ལས་རྩོམ་པ་པོའི་བརྗོད་དོན་ངོ་མ་དེ་སྐབས་སྟོབས་ཀྱིས་གོ་བ་ལེན་དགོས་པ་དེས་མ་གཏོགས་གཞན་དང་གཞན་གྱིས་གོ་བ་ལེན་མི་ཐུབ་པ་དང༌། སྲིད་དོན་ཕྱོགས་ཁ་གཞན་དང་གཞན་གྱི་ལག་འོག་ཏུ་ཤོར་ན་འགྲེལ་བཤད་གཞན་དང་གཞན་དུ་ཁ་བསྒྱུར་ཆོག་པའི་ཐབས་ལ་བརྟེན་ནས་མང་ཚོགས་ནང་ངན་སྲོལ་ཐེར་འདོན་དང༌། སྐྱོན་ཡོན་ཡོ་སྲོང་གིས་སྐབས་དེའི་དབང་འཛིན་པ་ཚོར་ཟུར་ཟ་དང་སྐྱོན་བརྗོད་བྱེད་ཐབས་ཀྱི་མཚོན་ཆ་ལྟ་བུ་ཞིག་ཏུ་བེད་སྤྱོད་བྱས་པས། མང་ཚོགས་ནང་ཕན་རླབས་ངེས་ཅན་རེ་བྱུང༌།ལོ་རབས་བརྒྱད་ཅུ་པའི་ནང༌། དོན་གྲུབ་རྒྱལ་གྱིས་གོང་གསལ་རྩོམ་རིག་གསར་པ་དེ་དག་ལ་དཔེ་བལྟས་ནས་《ལང་ཚོའི་རྦ་ཆུ》ཞེས་པ་གསར་རྩོམ་བྱས། དེ་ནས་རིམ་པར་བཞིན་བོད་ཀྱི་གཞོན་སྐྱེས་ཚོའི་ཁྲོད་ནས་རྩོམ་རིག་གསར་པ་འདི་ཉིད་སྤང་ལ་ཤ་མོ་བརྡོལ་བ་ལྟར་དར་ཁྱབ་ཏུ་ཕྱིན་ནས་བོད་ས་སྟོད་སྨད་གང་སར་རྩོམ་རིག་འདི་ཤིན་ཏུ་དར་བ་བྱུང༌། སྙན་ངག་པ་ལྗང་བུ་སོགས་ཀྱི་རང་མོས་སྙན་ངག་ཐོག་རྒྱ་ནག་གི་རབ་རིབ་སྙན་ངག་བསྲེས་ནས་འབྲི་བའི་རྩོམ་སྲོལ་དམ་འཛིན་གྱིས་སྙན་རྩོམ་གང་མང་བྲིས་པ་ནས། རབ་རིབ་ཀྱི་རང་མོས་སྙན་རྩོམ་ཡང་བོད་དུ་དར་སྲོལ་ངེས་ཅན་ཞིག་བྱུང་སྣང༌། སྙན་ངག་འདི་རིགས་ཀྱི་བརྗོད་དོན་རྩོམ་པ་པོ་རང་ཉིད་ལའང་དུས་རབས་འཆར་ཡན་གྱི་རི་མོ་དང༌། འཆར་ཡན་གྱི་བསམ་བློ་ལྟར་འདི་དང་འདི་ཞེས་ངོས་འཛིན་གསལ་པོ་ཞིག་མེད་པ་འདྲ། དེར་བརྟེན་བོད་ཀྱི་རྩོམ་པ་པོ་རྒན་གྲས་ཁག་གཅིག་གིས་རྩོམ་སྲོལ་འདི་ཁུངས་དང་ལུང་གང་ཡང་མེད་པའི་འཆལ་རྩོམ་དང༌། སྡེབ་སྦྱོར་དང་ཚིག་རྒྱན་ཚད་ལྡན་ཕར་ཚོད། མཐའ་ན་གོ་རྒྱུ་གང་ཡང་མེད་པས་སྨྱོན་པའི་ཚིག་དང་འདྲ་ཚུལ་གྱི་ཀྱལ་ཀ་ཡང་མང་པོ་གནང་ཡོད་ལ། གཞོན་སྐྱེས་ཁག་གཅིག་གིས་དེ་ལ་གདོང་ལེན་གྱིས་རྩོམ་རིག་རྙིང་པ་ལ་སྒྲོམ་གཞི་རྗེས་ལུས་དང༌། བསམ་བློ་རྗེས་ལུས་སོགས་ཀྱི་སྐྱོན་འཛུགས་གང་ནུས་བྱས། བྱེས་འབྱོར་ཁྲོད་དུ་དབྱིན་ཡིག་མཁྱེན་མཁན་མང་བ་དང༌། ཨ་རིའི་སྙན་ངག་ པ་ཝལཌ་ཝཊ་མན་ Walt Whitman, 1819-1892 ཡིས་《རྩྭ་ལོའི་ཚོམ་བུ》Leaves of Grass ཞེས་པའི་རྩོམ་ཡིག་དེ་ཉིད་དབྱིན་ཡིག་རང་གི་ཐོག་ཏུ་རྒྱ་གར་སོགས་ཕྱི་རྒྱལ་ཡུལ་གྲུ་དུ་མར་ལག་མི་ཐོགས་པར་ཡོད་ནའང་བོད་བསྒྱུར་གནང་རྒྱུའི་དོ་སྣང་མ་བྱུང་བ་འདྲ། རྒྱ་གར་དུ་རྩོམ་སྲོལ་འདི་ཉིད་ཐོག་མར་ཁུར་མཁན་ནི་པདྨ་འབུམ་སོགས་བོད་ཀྱི་གཞོན་སྐྱེས་གསར་འབྱོར་བ་ཁག་གཅིག་ཡིན། པདྨ་འབུམ་རང་ཉིད་རང་མོས་སྙན་ངག་པ་ཞིག་ཡིན་མིན་མི་ཤེས་ཀྱང༌། བོད་ནས་ཉམས་ཞིབ་སློབ་ཐོན་པ་ཚད་ལྡན་ཞིག་ཡིན་པས། སྙན་ངག་གསར་པའི་ངོ་བོ་དང༌། ཁྱད་ཆོས་སོགས་ལ་དཔྱད་པ་ཞིབ་མོ་བྱས་ཏེ། 《མི་རབས་གསར་པའི་སྙིང་ཁམས་ཀྱི་འཕར་ལྡིང》ཞེས་པའི་རྩོམ་སྲོལ་གསར་པའི་ཐོག་དཔྱད་རྩོམ་ཡང་བྲིས། རྩོམ་ཡིག་འདི་ལ་བྱེས་འབྱོར་མཁས་པ་རྒན་གྲས་འགའ་ཞིག་གིས་ཡ་མཚན་ནས་ལྟ་བ་དང༌། ཉུང་ཤས་ཤིག་གིས་ཁུངས་ལུང་མེད་པའི་རྩོམ་ཡིག་རང་དུ་ངོས་འཛིན་གྱིས་མང་ཚོགས་གསེབ་ཁ་རྡུང་གཏོང་པ་སོགས་ཀྱང་བྱུང༌། གང་ལྟར་ཡང་རྩོམ་སྲོལ་དེ་ཉིད་ད་ལྟར་བྱེས་འབྱོར་ཁྲོད་དུའང་ཤུགས་ཆེར་དར་བཞིན་པ་སྣང༌།རྩོམ་རིག་གསར་པ་ནི་རང་མོས་སྙན་ཚིག་ཙམ་མིན་པར་ཚིག་སྙན་ལྷུག་སྙན་ཚིག་ཀྱང་མནའ་རྩོམ་དང་གནམ་ས་ལྟ་བུའི་ཁྱད་པར་ཡོད་པ་དེ་ཡང་འདིར་ངེས་པར་དུ་ཤེས་དགོས་པ་ཞིག་ཡིན། འདིར་ཚིག་ལྷུག་གསར་རྩོམ་གྱི་དཔེ་མཚན་ཙམ་ཞིག་རྩོམ་དེབ་གཞན་དེའི་ཐོག་ཏུ་འགོད་པ་ལས་ཤེས་དགོས།མདོར་ན་བོད་གཞིས་བྱེས་གཉིས་ཀར་ད་ལྟའི་འཛམ་གླིང་ཤར་ནུབ་མཁས་པ་དུ་མས་བསམ་བློའི་སྤྲོ་འཁྱམས་བྱེད་ན་སྔ་ན་མེད་པའི་རྩོམ་རིག་ཤེས་བྱའི་མཛེས་ལྗོངས་འདི་ཉིད་དཔྱིད་དུས་ཀྱིས་སྔུན་བསུས་ཏེ། དབྱར་དུས་ཀྱི་ལང་ཚོ་མངོན་པར་བརྟས་པ་ལྟར་ཀུན་གྱིས་མཐོང་ཆོས་སུ་ཡོད་པ་འདི་བཞིན་ཏེ། རྩོམ་རིག་གསར་རྙིང་འདི་གཉིས་ཀྱི་ཐོག རྙིང་ལུགས་མཁྲེགས་འཛིན་དང༌། དེང་ལུགས་ཨ་གསར་གྱི་མཐའ་གཉིས་ལ་ཞེན་པའི་འཆིངས་ཐག་ཡོངས་སུ་བཅད་དེ་རྩོམ་རིག་གསར་རྙིང་གཉིས་ཀའི་ཐོག་ནས་སྙིགས་འདོར་བཅུད་ལེན་དང་དགོས་མཁོ་ལག་བསྟར་ཐུབ་པ་ཞིག་གནང་ཐུབ་ན། ནོར་བུ་རང་ལག་ཏུ་ཡོད་པའི་སྐབས་ཡིན་པས་སུ་ལའང་འགྲམ་ཆུ་ལྡང་མི་དགོས་པ་འདུག་སྙམ། ཝཱ་ཎཱ་མཐོ་སློབ་ཀྱི་རིག་རླབས་རྩོམ་རིག་ཟབ་སྦྱོང་ཐེངས་དང་པོའི་སྐབས་ཀྱི་གཏམ་བཤད་དུ་བྲིས་སོ།། སྤྱི་ལོ ༢༠༠༥ ཟླ ༡༠ ཚེས ལ།