དེབ་ཐེར་སྔོན་པོ་སྟོད་

༅། ། བོད་གངས་ཅན་ཡུལ་དུ་ཆོས་དང་ཆོས་སྨྲ་ཇི་ལྟར་བྱུང་བའི་རིམ་པ་བསྟན་པའི་དེབ་ཐེར་སྔོན་པོ་ཞེས་བྱ་བ་བཞུགས་སོ། །

༄༅། ། སངས་རྒྱས་ལ་ཕྱག་འཚལ་ལོ། ། གང་ཞིག་གཅིག་མིན་དུ་མ་ཡང་མིན་རང་དང་གཞན་ལ་ཕན་པ་ཕུན་ཚོགས་ཆེན་པོའི་གཞིར་གྱུར་པ། ། དངོས་མེད་ཉིད་མིན་དངོས་པོ་མ་ཡིན་ནམ་མཁའ་བཞིན་དུ་རོ་མཉམ་རྟོགས་པར་དཀའ་བའི་རང་བཞིན་ཅན། ། གོས་པ་མེད་ཅིང་རྣམ་འགྱུར་མེད་པ་ཞི་ཞིང་མི་མཉམ་མཉམ་ལ་ཁྱབ་པ་རབ་ཏུ་སྤྲོས་མེད་པ། ། སོ་སོ་རང་གིས་རིག་བྱ་རྒྱལ་བ་རྣམས་ཀྱི་ཆོས་སྐུ་དཔེ་མེད་དེ་ལ་བདག་ནི་ཕྱག་འཚལ་ལོ། ། གང་ཞིག་འཇིག་རྟེན་ལས་འདས་བསམ་གྱིས་མི་ཁྱབ་ལེགས་བྱས་བརྒྱ་ཡི་བདག་ཉིད་འབྲས་བུ་འབྱོར་བ་ནི། ། རྣམ་པ་སྣ་ཚོགས་ཆེན་པོ་འཁོར་གྱི་ནང་དུ་བློ་ལྡན་རྣམས་ཀྱི་དགའ་བའི་རྒྱུར་ནི་རྒྱས་མཛད་ཅིང༌། ། འཇིག་རྟེན་ཀུན་ཏུ་དམ་པའི་ཆོས་སྒྲ་རྒྱ་ཆེན་རྒྱུན་མི་ཆད་པར་རབ་ཏུ་སྤྲོ་མཛད་སངས་རྒྱས་ཀྱི། ། ལོངས་སྤྱོད་རྫོགས་སྐུ་འདི་ནི་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་གནས་པ་དེ་ལ་བདག་ནི་ཕྱག་འཚལ་ལོ། ། གང་ཞིག་སེམས་ཅན་ཐམས་ཅད་སྨིན་པའི་སླད་དུ་འགའ་ཞིག་ཏུ་ནི་མེ་བཞིན་འབར་བར་སྣང་བྱེད་ལ། ། ལ་ལར་རྫོགས་པར་བྱང་ཆུབ་ཆོས་ཀྱི་འཁོར་ལོ་སླར་ཡང་རབ་ཏུ་ཞི་བར་ཡང་ནི་གང་སྟོན་པས། ། སྲིད་པ་གསུམ་གྱི་འཇིགས་པ་འཕྲོག་ཅིང་སྣ་ཚོགས་ཐབས་ཚུལ་རྣམས་ཀྱིས་རྣམ་པ་དུ་མར་རབ་འཇུག་པ། ། ཐུབ་པ་རྣམས་ཀྱི་སྤྲུལ་སྐུ་དོན་ཆེན་ཕྱོགས་བཅུ་རྣམས་སུ་རྗེས་སུ་སོན་པ་དེ་ལ་ཕྱག་འཚལ་ལོ། ། འཇིག་རྟེན་གསུམ་གྱི་སྤྱོད་པ་ལས་གྲོལ་ནམ་མཁའ་མཉམ་པར་གནས་པ་དངོས་པོ་ཀུན་གྱི་རང་བཞིན་ཏེ། ། དག་པ་ཞི་ཞིང་རྣམ་པར་དབེན་ལ་མཆོག་ཏུ་ཞི་བའི་རང་བཞིན་རྣལ་འབྱོར་རྣམས་ཀྱིས་རྟོགས་བྱ་ཉིད། ། རྟོགས་པར་དཀའ་ཞིང་རྣམ་པར་དཔྱད་དཀའ་རང་དང་གཞན་ལ་ཕན་པ་ཁྱབ་ཅིང་མཚན་མེད་རྣམ་རྟོག་དང༌། ། བྲལ་བ་གཅིག་པུའི་སྐུ་ནི་རྒྱལ་བ་རྣམས་ཀྱི་མི་མཉམ་མཉམ་པ་བདེ་བའི་སྐུ་ལ་ཕྱག་འཚལ་ལོ། ། ༡.༢མང་པོས་བཀུར་བའི་གདུང་རབས་ཀྱི་སྐབས། དེ་ལྟར་སྐུ་བཞི་ལ་ལེགས་པར་སྦྱར་བ་དང་བོད་ཀྱི་སྐད་གཉིས་ཀྱིས་མཆོད་པར་བརྗོད་ནས་ཐོག་མར་འོ་སྐོལ་གྱི་སྟོན་པ་འདིའི་གདུང་རབས་བྲི་བར་བྱ་སྟེ། དེ་ཡང་ལུང་ལས། སྟོན་པ་སེར་སྐྱ་ན་བཞུགས་པའི་ཚེ་ཤཱཀྱ་རྣམས་གང་ལས་སྐྱེས། །ཐོག་མ་གང་ཡིན། །སྔོན་གྱི་རིགས་རྒྱུད་གང་ཡིན་ཞེས་འདྲི་ན། ཇི་སྐད་ལུང་བསྟན། ཚུར་སྟོན་པ་ལ་ཞུའོ་ཟེར་ནས་སྟོན་པ་ལ་ཞུས་པས། སྟོན་པས་ཤཱཀྱི་རིགས་རྒྱུད་བཤད་ན་མུ་སྟེགས་པ་རྣམས་བདག་ཉིད་ལ་བསྟོད་ཅིང་ཤེས་པའི་གནས་ཡོད་ཀྱི། མཽངྒལ་གྱིས་ནུས་པ་དེ་སྟོན་དུ་གཞུག་གོ་སྙམ་སྟེ། མཽངྒལ་གྱི་བུ་ང་རྒྱབ་བསྙུང་བས་རེ་ཞིག་དེ་བསལ་གྱི། ཁྱོད་ཀྱིས་ཤཱཀྱའི་སྔོན་གྱི་རིགས་རྒྱུད་ལས་བརྩམས་ཏེ་སྤོབས་པར་གྱིས་ཤིག །དེས་ཅང་མི་སྨྲ་བས་ཁས་བླངས་ཏེ། སྟོན་པ་རྣམ་སྦྱར་བལྟབ་སྟེ་འཕངས་སུ་སྔས་བཅུག་སྟེ་མནལ་ལོ། མཽངྒལ་གྱི་བུས་ཤཱཀྱའི་སྔོན་གྱི་རིགས་རྒྱུད་མཐོང་བའི་ཏིང་ངེ་འཛིན་ལ་ཞུགས་ནས། དེ་ལས་ལངས་ཏེ་སྟན་བཤམས་པ་ལ་འདུག་ནས་ཤཱཀྱ་རྣམས་ལ་སྨྲས་པ། འཇིག་རྟེན་འདི་ཞིག་པའི་ཚེ་སེམས་ཅན་ཕལ་ཆེར་འོད་གསལ་གྱི་ལྷར་སྐྱེས་ནས་སོགས་བསྐལ་པ་དང་པོ་འཆགས་པའི་ཚུལ། རྒྱལ་པོ་དང་པོ་བྱུང་བའི་བར་རྒྱས་པར་བཤད་ནས། །རྒྱལ་པོ་མང་པོས་བཀུར་བའི་ཚེ་མི་རྣམས་ཀྱི་མིང་སེམས་ཅན་ཞེས་བྱ། དེའི་བུ་འོད་མཛེས་ཏེ་དེའི་ཚེ་མི་ལ་ཚུར་ཤོག་ཤོག་ཅེས་ཟེར། དེའི་བུ་དགེ་བ་དེའི་ཚེ་མི་ལ་རྨེ་བ་ཅན། དེའི་བུ་དགེ་མཆོག་དེའི་ཚེ་མི་ལ་སྤྲིན་མགྲིན། དེའི་བུ་གསོ་སྦྱོང་འཕགས་དེའི་ཚེ་མི་ལ་ཏཱ་ལའི་རྐང༌། དེའི་སྤྱི་བོར་ཤ་རྨེན་ཅིག་བྱུང་བ་ལས་ང་ལས་ནུ་དེ་ཡི་ཚེ་མི་ལ་ཡིད་ལས་སྐྱེས། རྒྱལ་པོ་དྲུག་ཏུ་མི་ཚེ་ལོ་དཔག་ཏུ་མེད་པ་ཡིན་ནོ། ང་ལས་ནུའི་བརླ་གཡས་པར་ཤ་རྨེན་བྱུང་བ་ལས་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཛེས་པ། དེའི་བརླ་གཡོན་པར་ཤ་རྨེན་ཅིག་བྱུང་བ་ལས་འཁོར་ལོས་སྒྱུར་བ་ཉེ་མཛེས། ཉེ་མཛེས་ཀྱི་རྐང་པ་གཡས་པར་ཤ་རྨེན་ཅིག་བྱུང་བ་ལས་འཁོར་ལོས་སྒྱུར་རྒྱལ་མཛེས་ལྡན། དེའི་རྐང་པ་གཡོན་པར་ཤ་རྨེན་ཅིག་བྱུང་བ་ལས་ཉེ་མཛེས་ལྡན་ཏེ། དེ་བཞི་ནི་གླིང་བཞི་ནས་གཅིག་གི་བར་ལ་དབང་བའི་འཁོར་ལོས་སྒྱུར་རྒྱལ་ལོ། ཉེ་མཛེས་ལྡན་གྱི་བུ་བཟང་པོ་ནས་ཀུན་ནས་འོད་ཟེར་གྱི་བར་མིང་སྨོས་པ་སུམ་ཅུ། ཀུན་ནས་འོད་ཟེར་གྱི་བུ་བརྒྱུད་ལ་རྒྱལ་པོ་བརྒྱ་ཐམ་པ་ཡུལ་གྲུ་འཛིན་དུ་བྱུང་ངོ༌། ཐ་མ་དགྲ་འདུལ་ཞེས་བྱའོ། །དགྲ་འདུལ་གྱི་བུ་བརྒྱུད་ལ་རྒྱལ་པོ་ལྔ་ཁྲི་བཞི་སྟོང་ཡུལ་དམག་གིས་མི་ཚུགས་པར་བྱུང་སྟེ། ཐ་མ་ལ་རྒྱལ་བ་ལས་རྒྱལ་པོ་ཞེས་བྱའོ། །དེའི་བུ་བརྒྱུད་ལ་རྒྱལ་པོ་དྲུག་ཁྲི་སུམ་སྟོང་ཡུལ་བ་ར་ཎཱ་སིར་བྱུང་སྟེ་ཐ་མར་རྒྱལ་པོ་བཟོད་དཀའ་ཞེས་བྱའོ། །དེའི་བུ་བརྒྱུད་ལ་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་ཀ་བི་ལའི་གྲོང་དུ་བྱུང་སྟེ། །ཐ་མ་ཚངས་བྱིན་ནོ། དེའི་བུ་བརྒྱུད་ལ་རྒྱལ་པོ་སུམ་ཁྲི་ཉིས་སྟོང་གླང་པོ་ཆེའི་གྲོང་དུ་བྱུང་སྟེ། ཐ་མ་བལ་བུ་ཅན་ནོ། །དེའི་བུ་བརྒྱུད་ལ་རྒྱལ་པོ་སུམ་ཁྲི་ཉིས་སྟོང་གྲོང་ཁྱེར་བྲང་གིས་ཉལ་དུ་བྱུང་སྟེ། ཐ་མ་ཚན་པོ་ཆེ་འདུལ་ལོ། །དེའི་བུ་བརྒྱུད་ལ་རྒྱལ་པོ་སུམ་ཁྲི་ཉིས་སྟོང་གྲོང་ཁྱེར་མ་རྒྱལ་བ་ལས་རྒྱལ་བར་བྱུང་སྟེ། ཐ་མ་བརྒྱ་བྱིན་ཞེས་བྱའོ། །དེའི་བུ་བརྒྱུད་ལ་རྒྱལ་པོ་སུམ་ཁྲི་ཉིས་སྟོང་གྲོང་ཁྱེར་ཀ་ནྱ་ཀུབ་ཛར་བྱུང་སྟེ། ཐ་མ་རྒྱལ་བདེ། དེའི་བུ་བརྒྱུད་ལ་རྒྱལ་པོ་ཁྲི་བརྒྱད་སྟོང་གྲོང་ཁྱེར་ཙམྤར་བྱུང་སྟེ། ཐ་མ་ཀླུའི་ལྷ་ཞེས་བྱའོ། །དེའི་བུ་བརྒྱུད་ལ་རྒྱལ་པོ་ཉི་ཁྲི་ལྔ་སྟོང་གྲོང་ཁྱེར་ཏཱ་ལའི་ཕྲེང་དུ་བྱུང་སྟེ། ཐ་མ་མིའི་ལྷའོ། །དེའི་བུ་བརྒྱུད་ལ་རྒྱལ་པོ་ཁྲི་ཉིས་སྟོང་གྲོང་ཁྱེར་ར་མ་ལིར་བྱུང་སྟེ། ཐ་མ་རྒྱལ་པོ་རྒྱ་མཚོའི་ལྷ་ཞེས་བྱའོ། །དེའི་བུ་བརྒྱུད་ལ་རྒྱལ་པོ་ཁྲི་བརྒྱད་སྟོང་གྲོང་ཁྱེར་བ་སོའི་གྲོང་དུ་བྱུང་སྟེ། ཐ་མ་བློ་གྲོས་བཟང་པོ། དེའི་བུ་བརྒྱུད་ལ་རྒྱལ་པོ་ཉི་ཁྲི་ལྔ་སྟོང་རྒྱལ་པོའི་ཁབ་ཏུ་བྱུང་སྟེ། ཐ་མ་མུན་སེལ་ལོ། དེའི་བུ་བརྒྱུད་ལ་རྒྱལ་པོ་ཉི་ཁྲི་བ་ར་ཎཱ་སིར་བྱུང་སྟེ། ཐ་མ་རྒྱལ་པོ་དབང་ཕྱུག་ཆེན་པོའི་སྡེའོ། །དེའི་བརྒྱུད་ལ་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་གྲོང་ཁྱེར་རྩྭ་ཅན་དུ་བྱུང་སྟེ། ། ཐ་མ་རྒྱ་མཚོའི་སྡེའོ། །དེའི་བརྒྱུད་ལ་རྒྱལ་པོ་སྟོང་གྲུ་འཛིན་དུ་བྱུང་སྟེ། ཐ་མ་དཀའ་ཐུབ་སྤྱོད་དོ། །དེའི་བརྒྱུད་ལ་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་གྲོང་ཁྱེར་རྩྭ་ཅན་དུ་བྱུང་སྟེ། ཐ་མ་སའི་གདོང་ངོ༌། །དེའི་བརྒྱུད་ལ་རྒྱལ་པོ་འབུམ་བ་ར་ཎཱ་སིར་བྱུང་སྟེ། ཐ་མ་སའི་བདག་པོའོ། །དེའི་བརྒྱུད་ལ་རྒྱལ་པོ་འབུམ་དམག་གིས་མི་ཚུགས་པར་བྱུང་སྟེ། ཐ་མ་རྒྱལ་པོ་ས་འཛིན་ནོ། །དེའི་བརྒྱུད་ལ་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་མི་ཐི་ལར་བྱུང་སྟེ། ཐ་མ་ལྷ་ཆེན་པོའོ། །དེའི་བརྒྱུད་ལ་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་མི་ཐི་ལར་བྱུང་སྟེ། ཐ་མ་མུ་ཁྱུད་དོ། །མུ་ཁྱུད་ཀྱི་བརྒྱུད་ལ་མིང་སྨོས་པ་ཞེ་དགུ། ཐ་མ་ཤིང་རྟ་སྲ་བ། དེའི་བརྒྱུད་ལ་རྒྱལ་པོ་བདུན་ཁྲི་བདུན་སྟོང་གྲོང་ཁྱེར་ཀུན་སྣང་དུ་བྱུང་སྟེ། ཐ་མ་ནམ་མཁའི་བདག་པོ། དེའི་བུ་ཀླུ་མཉམ་སྐྱོང་གི་བུ་བརྒྱུད་ལ་རྒྱལ་པོ་བརྒྱ་ཐམ་པ་བ་ར་ཎཱ་སིར་བྱུང་སྟེ། ཐ་མ་ཀྲྀ་ཀྲིའོ། དེས་འོད་སྲུང་གི་དྲུང་དུ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དགའ་ལྡན་དུ་སྐྱེསསོ། །དེའི་བུ་ལེགས་སྐྱེས། དེའི་བརྒྱུད་ལ་རྒྱལ་པོ་བརྒྱ་ཐམ་པ་གྲུ་འཛིན་དུ་བྱུང་སྟེ། ཐ་མ་རྣ་བ་ཅན་ནོ། དེ་ལ་བུ་གཽ་ཏ་མ་དང་བྷ་ར་དྷྭ་ཛ་གཉིས་ལས། གཽ་ཏ་མ་རབ་ཏུ་བྱུང་བ་ལ་མོས་པས་ཡབ་ལ་ཞུས་པས་གནང་སྟེ། དྲང་སྲོང་མདོག་ནག་པོ་ལ་རབ་ཏུ་བྱུང་ནས་བདག་དགོན་པའི་ཟས་ཀྱིས་འཚོ་བར་མི་ནུས་ཀྱིས་གྲོང་འདབ་ཏུ་གནསསོ། །དེས་གནང་སྟེ་ལོ་མའི་སྤྱིལ་པོ་བརྩིགས་ཏེ་གནསསོ། །དེའི་ཚེ་སྐྱེས་བུ་གཡོན་ཅན་པདྨའི་རྩ་ལག་གིས་སྨད་འཚོང་མ་བཟང་མོ་ལ་དགའ་མགུར་སྤྱད་པའི་ཕྱིར་གོས་རྒྱན་བསྐུར་རོ། །དེར་མི་གཞན་ཞིག་པ་ན་ལྔ་བརྒྱ་ཐོགས་ནས་བྱུང་བ་དང་མངག་གཞུག་མ་པདྨའི་རྩ་ལག་ཅན་མངགས་ཏེ་དེ་དང་དགའ་མགུར་སྤྱད། དེ་དེ་ཉིད་ལ་སོང་བ་དང༌། ཡང་མངག་གཞུག་མ་མངགས་ཏེ་སྐབས་ཡོད་དོ་ཞེས་སྨྲས་པས། སྐད་ཅིག་ལ་སྐབས་ཡོད་དང་སྐད་ཅིག་ལ་སྐབས་མེད་དོ་ཟེར་རམ། བུ་མོ་དེ་དེ་དང་རེག་མི་འཕྲོད་པ་ཞིག་པས་སྐབས་མ་མཆིས་པ་ལགས་མོད་ཀྱི་དེ་ཁྱོད་ཀྱི་གོས་རྒྱན་གྱོན་ནས་གཞན་དང་སྤྱོད་དོ། དེ་མི་བཟོད་པ་སྐྱེས་ཏེ། སོང་ལ་སྐྱེད་མོས་ཚལ་ག་གེར་ཤོག་བྱོས་ཤིག །དེས་དེ་ལ་སྨྲས་ཏེ་སོང་བ་དང༌། དེས་ཁྱོད་ཁོ་བོའི་གོས་རྒྱན་གྱིས་སྐྱེས་པ་གཞན་དང་དགའ་མགུར་སྤྱོད་པ་རིགས་སམ། དེ་བདག་གིས་ནོངས་ཀྱི་བཟོད་པ་མཛོད་ཅིག །དེ་བསད་དོ། བུ་མོས་ཇོ་མོ་བསད་དོ་ཞེས་ཀུ་ཅོ་བཏོན་ཏེ་སྐྱེ་བོ་ཀུན་གྱིས་རྒྱུགས་པ་དང༌། པདྨའི་རྩ་ལག་སྐྲག་སྟེ་རལ་གྲི་ཁྲག་ཅན་གཽ་ཏ་མའི་དྲུང་དུ་བཞག་ནས་སྐྱེ་བོའི་ནང་དུ་ཞུགསསོ། །སྐྱེ་བོ་དེས་མཐོང་ནས་རབ་བྱུང་འདིས་བཟང་མོ་བསད་དོ་ཞེས། ཁྱེད་རབ་བྱུང་དྲང་སྲོང་གི་རྒྱལ་མཚན་ཐོགས་ནས་འདི་འདྲ་བའི་ལས་བྱེད་དམ། ཅི་བྱས། འདིའོ། ཁོ་བོ་སྡིག་པ་ཞི་བས་འདི་འདྲའི་ལས་མི་བྱེད་དོ་ཞེས་སྨྲས་ཀྱང་མ་ཉན་པར་དེའི་ལག་པ་ཕྱིན་ཀ་ལོག་ཏུ་བཅིངས་ནས་རྒྱལ་པོ་ལ་ཕུལ་ཏེ། འདིས་བཟང་མོ་དང་དགའ་མགུར་སྤྱད་ནས་བཀུམ་མོ། རྒྱལ་པོ་ནི་མི་རྟོག་པས་གསལ་ཤིང་ལ་ཁོལ་ཅིག་ཟེར་ནས་དེ་ལྟར་བྱསསོ། །དྲང་སྲོང་མདོག་ནག་པོ་དུས་དུས་སུ་དེར་འགྲོ་བས་སོང་ནས་དེ་མ་མཐོང་བ་དང་བཙལ་བས་གསལ་ཤིང་ལ་གཤོན་པར་མཐོང་ནས། བུ་ཅི་ཡིན། ལས་ལགས་མོད། རྨ་མ་ཕྱུང་ངམ། ལུས་ཀྱི་རྨ་ཕྱུང་སྟེ་སེམས་ཀྱིས་མ་ཡིན་ནོ། ཇི་ལྟར་ཤེས། བདེན་པའི་ཚིག་གིས་བདག་གི་ལུས་ཀྱི་རྨ་ཕྱུང་གི་སེམས་ཀྱིས་མ་ཡིན་ན་མཁན་པོའི་ལྤགས་པའི་མདོག་གསེར་གྱི་མདོག་ཏུ་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ་གསེར་མདོག་ཏུ་གྱུར་ཏེ་ཡིད་ཆེསསོ། །གཽ་ཏ་མས་མཁན་པོ་བདག་གི་འགྲོ་བ་ནི་གང༌། སྐྱེ་བ་ནི་གང༌། བུ་བྲམ་ཟེ་ན་རེ་བུ་མེད་པ་ལ་འགྲོ་བ་མེད་དོ་ཟེར་ན། བུ་བསྐྱེད་པའི་ནུས་པ་ལྟ་ཡོད་དམ། བདག་གཞོན་ནུ་ནས་རབ་ཏུ་བྱུང༌། བུད་མེད་ཀྱི་རྒྱུས་ཀྱང་མ་འཚལ་ན། ལྟ་ག་ལ་མཆིས། བུ་སྔོན་སྤྱད་པའི་ཡུལ་དྲན་པར་གྱིས་ཤིག །གནད་འཆད་པའི་ཚོར་བས་ཉེན་ན་ཡུལ་དྲན་པར་ག་ལ་འགྱུར། དེས་རྫུ་འཕྲུལ་གྱི་རྫི་ཆར་ཆེན་པོ་ཕབ་སྟེ་ཆར་པའི་ཐིགས་པ་ལུས་ལ་ཕོག་ཅིང་རླུང་གྲང་མོས་ལུས་ལ་རེག་པས་སྡུག་བསྔལ་མནན་ནས། སྔོན་གྱི་ཡུལ་དྲན་པར་བྱས་ཏེ་འཁྲིག་པའི་འདོད་ཆགས་དྲན་ནས་ཁུ་བ་ཁྲག་དང་འདྲེས་པ་གཉིས་ལྷུང་ངོ༌། །དེ་གཉིས་སྒོ་ང་གཉིས་སུ་གྱུར་ནས་ཉི་མའི་འོད་ཟེར་གྱིས་སྨིན་ནས་བརྟོལ་བ་དང་ཁྱེའུ་གཉིས་བྱུང་སྟེ། དེ་དང་ཉེ་བའི་བུ་རམ་ཤིང་གསེབ་ཏུ་ཞུགསསོ། །གཽ་ཏ་མ་ཉི་མའི་འོད་ཟེར་གྱིས་ཤིན་ཏུ་ཚ་ནས་ཤིའོ། །དྲང་སྲོང་འོངས་ནས་ཉེ་འཁོར་ལ་བལྟས་པས། སྒོང་ལྐོགས་མཐོང་ནས་བཙལ་བས་བུ་རམ་ཤིང་གི་ཚལ་ན་ཁྱེའུ་གཉིས་འདུག་པ་མཐོང་སྟེ། དེ་དེའི་བུ་རུ་ཤེས་ཏེ་གནས་སུ་ཁྲིད་ནས་མནུན་བསྙོད་དེ་གསོས་པས། ཉི་མའི་འོད་ཀྱིས་སྨིན་པར་བྱས་པས་ཉི་མའི་རིགས། གཽ་ཏ་མའི་བུ་ཡིན་པས་གཽ་ཏ་མ། རང་གི་ཡན་ལག་ལས་སྐྱེས་པས་ཡན་ལག་སྐྱེས། བུ་རམ་ཤིང་གི་ཚལ་ནས་རྙེད་པས་བུ་རམ་ཤིང་པ་ཞེས་བཏགསསོ། །དུས་གཅིག་ན་རྒྱལ་པོ་བྷ་ར་དྷཱ་ཛ་བུ་མེད་པར་ཤི་ནས། བློན་པོ་རྣམས་གྲོས་བྱས་ནས་སུ་རྒྱལ་པོར་དབང་བསྐུར། འདི་ནི་གཅེན་ནོ། །དེ་དྲང་སྲོང་གི་དྲུང་དུ་སོང་ནས་གཽ་ཏ་མ་གང་དུ་མཆིས། ཁྱེད་ཀྱིས་བསད་དོ། བདག་ཅིག་གིས་མཐོང་བ་ཡང་མི་དྲན་ན་ཇི་ལྟར་བསད། དྲན་པར་བྱའོ་ཞེས་རྒྱས་པར་བཤད་པས། སྡིག་པ་སྤྱོད་པ་དེའི་མིང་ཙམ་ཡང་བསྒྲགས་པ་མ་ལགས་ཀྱི། ཞོག་ཅིག །སྡིག་པ་ཅི་བྱས། འདིའོ། །དེ་སྐྱོན་མེད་པར་ཁྱོད་ཀྱིས་བསད་པའི་རྒྱུ་མཚན་རྒྱས་པར་བཤད་པ་དང༌། ཁྱིའུ་དེ་གཉིས་ཕྱོགས་དེར་འོངསསོ། །འདི་སུའི་བུ། དེ་ཁོ་ནའི་བུའོ། དེ་མཐོང་ནས་ངོ་མཚར་སྐྱེས་ཏེ་དེ་གཉིས་ཁྲིད་ནས་ཕུ་བོ་རྒྱལ་སྲིད་ལ་དབང་བསྐུར་རོ། དེའང་བུ་མེད་པར་ཤི་ནས་ནུ་བོ་རྒྱལ་སྲིད་ལ་དབང་བསྐུར་རྒྱལ་པོ་བུ་རམ་ཤིང་པ་ཞེས་པར་གྱུར། དེའི་བུ་བརྒྱུད་ལ་རྒྱལ་པོ་བུ་རམ་ཤིང་པ་བརྒྱ་ཡུལ་གྲུ་འཛིན་དུ་བྱུང༌། དེའི་ཐ་མ་བུ་རམ་ཤིང་པ་འཕགས་སྐྱེས་པོ། དེ་ལ་བུ་བཞི་སྟེ། སྐར་མདའ་གདོང་དང༌། ལག་རྣ་དང༌། གླང་པོ་ཆེ་འདུལ་དང༌། རྐང་གདུབ་ཅན་ནོ། དུས་གཅིག་ན་དེའི་བཙུན་མོ་དམ་པ་ཤི་ནས་ཡིད་ཁོང་དུ་ཆུད་ནས་འདུག་པ་ལ། བློན་པོས་དྲིས་པས་རྒྱས་པར་སྨྲས་པ་དང༌། བཙུན་མོ་གཞན་བཙལ། གཞོན་ནུ་རྒྱལ་སྲིད་འདོད་པས་སུའི་བུ་སྟེར། བདག་ཅག་གིས་བཙལ་ལོ། ཇི་ཙམ་ན་རྒྱལ་པོ་གཞན་ཞིག་གི་བུ་མོ་གཟུགས་བཟང་བ་ཞིག་མཐོང་ནས། རྒྱལ་པོ་དེ་ཙ་ན་སོང་སྟེ་བཀྲ་ཤིས་པར་གྱུར་ཅིག་ཅི་སློང༌། བུ་རམ་ཤིང་པ་འཕགས་སྐྱེས་པོ་བཙུན་མོ་དམ་པ་གུམ་པས་སྲས་མོ་སློང་ངོ༌། རུང་མོད་ཀྱི་དམ་ཞིག་བཅའ་སྟེ། ངའི་བུ་མོ་ལ་ཁྱེའུ་བྱུང་ན་རྒྱལ་སྲིད་དུ་འཇོག་ན་སྦྱིན་ནོ། བགྱིའོ་ཞེས་གསོལ་ནས། བུ་རམ་ཤིང་པ་འཕགས་སྐྱེས་པོ་ལ་སྨྲས་པས། ཕུ་བོ་བཞག་ནས་ནུ་བོ་རྒྱལ་སྲིད་ལ་ཇི་ལྟར་བཞག །དོན་འདི་ལ་ངེས་པ་མ་མཆིས་ཏེ། བུ་ཚ་འབྱུང་བའི་ངེས་པའང་མེད། བྱུང་ནའང་བུ་དང་བུ་མོ་གང་འབྱུང་གི་ངེས་པའང་མ་མཆིས་སོ་ཞེས་སྨྲས་པས། དེ་བླངས་ཏེ་དགའ་མགུར་སྤྱད་པས་བུ་གཅིག་བྱུང་བ། མ་སྐྱེས་པ་ནས་རྒྱལ་སྲིད་འདོད་པས་རྒྱལ་སྲིད་དགའ་ཞེས་མིང་བཏགསསོ། །དེ་ཆེར་སྐྱེས་པ་དང་རྒྱལ་སྲིད་ལ་མ་བཞག་པ་ཞང་པོས་ཐོས་ནས་ཚིག་རྩུབ་པོ་དང་བཅས་པས་སྤྲིངས་པ། ཁྱོད་སྔོན་ཁས་བླངས་བཞིན་བྱེད་ན་ལེགས། མི་བྱེད་ན་མཐུ་བསྐྱེད་ལ་སྡོད་ཅིག །ཁོ་བོ་འོ་ནིར་འོངས་ལ་ཡུལ་འཁོར་བུར་མར་བརླག་གོ་ཞེས་སྤྲིངས་པ་དང༌། འདི་ལ་ཇི་ལྟར་རྒྱལ་སྲིད་དགའ་རྒྱལ་པོར་དབང་བསྐུར་མོད། ཕུ་བོ་བཞག་ནས་ནུ་བོ་དང་བསྐུར་བ་འོས་པ་མ་ཡིན་ནོ། རྒྱལ་པོ་དེ་ནི་སྟོབས་དང་ལྡན་པས་འདི་དབང་བསྐུར་ལ་གཞོན་ནུ་རྣམས་སྤྱུག་ཏུ་གསོལ། ཉེས་པ་མེད་པར་ཇི་ལྟར་སྤྱུག །བདག་ཅག་ནི་བློན་པོ་ལགས་པས་ལྷའི་དོན་སེམས་ཤིང་ཉེས་པ་མེད་པའང་སྤྱུག །ཡོད་པའང་འཇོག་གོ །ཅང་མི་སྨྲ་བ་དང་བློན་པོ་རྣམས་གྲོས་བྱས་ཏེ་གཞོན་ནུ་རྣམས་རྒྱལ་པོའི་ཐུགས་ཕྱུང་བའི་ཐབས་བྱའོ་ཞེས་བགྲོས་ནས། སྐྱེད་མོས་ཚལ་བྱི་དོར་བྱས་པ་རི་མོ་སྣ་ཚོགས་བྲིས་པ་ཞིག་ཏུ་རྩེད་ཆས་སྣ་ཚོགས་བཤམས་ཏེ་སྒོར་བྱུང་བ་དང༌། གཞོན་ནུ་རྣམས་ཀྱིས་དྲིས་པ། སུའི་ཚལ། ལྷའི་འོ། །ལོག་པར་བརྩམས་པས་ཞུགས་ཤིག །དེ་དག་སྐྱེད་མོས་ཚལ་དུ་རྩེ་བ་དང༌། བློན་པོས་རྒྱལ་པོ་སྤྱན་དྲངས་ཏེ་འོངས་པས། ཀུ་ཅོའི་སྒྲ་ཐོས་ནས་ཅི་ཡིན། གཞོན་ནུ་རྣམསསོ། །ངས་གཞོན་ནུ་སྤངསསོ། །ལྷ་མི་སྤོང་བར་གསོལ། སྤྱུག་པར་བགྱིའོ། གྱིས་ཤིག །དེ་རྣམས་སྤྱུག་པར་བྱས་པ་དང༌། རྒྱལ་པོའི་རྐང་པ་ལ་གཏུགས་ཏེ། བདག་ཅག་འཁོར་གྱི་སྐྱེ་བོ་དང་ལྷན་ཅིག་མཆིས་ན། མི་དགག་པར་གསོལ། གྱིས་ཤིག །དེ་ནས་དེ་རྣམས་ལ་དགའ་བའི་འཁོར་གྱི་སྐྱེ་བོའི་ཚོགས་དང་ལྷན་ཅིག་ཆས་ཏེ། ཞག་བདུན་དུ་གྲུ་འཛིན་གྱི་སྒོ་ཕྱེ་ནས་སྐྱེ་བོའི་ཚོགས་སོང་བ་དང༌། བློན་པོས་སྒོ་མ་བཀུམ་ན་གྲུ་འཛིན་སྟོངས་ པར་འགྱུར་རོ། སྒོ་ཆོད་ཅིག་བཅད་དོ། ། དེ་ནས་དེ་རྣམས་རང་རང་གི་སྲིང་མོ་ཁྲིད་ནས་མཐར་གྱིས་གངས་རི་དང་ཉེ་བ་ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ་དྲང་སྲོང་སེར་སྐྱའི་བསྟི་གནས་དང་ཉེ་བ་ཞིག་ཏུ་ལོ་མའི་སྤྱིལ་པོ་བཏབ་སྟེ་གནས་བཅས་ནས་རི་དྭགས་བསད་ཅིང་འཚོའོ། །དེ་དག་དུས་གསུམ་དུ་སེར་སྐྱའི་བསྟི་གནས་སུ་འགྲོ་འོ། །དེ་རྣམས་ལང་ཚོ་དར་འདོད་ཆགས་ཀྱིས་ཉེན་ནས་སྐྱ་བོ་སེང་སེང་པོར་གྱུར་པ་དང༌། སེར་སྐྱས་དྲིས་པས་ཇི་ལྟར་ཡིན་པ་སྨྲས་པས། རང་རང་གི་སྲིང་མོ་སྤོངས་ལ། མས་དབེན་གྱི་སྲིང་མོ་བསྟེན་ཅིག །རུང་ངམ། རྒྱལ་རིགས་རྒྱལ་སྲིད་སྟོངས་པ་ལ་རུང་ངོ༌། །དེ་རྣམས་དྲང་སྲོང་གི་ཚིག་ཚད་མ་ཡིན་སྙམ་ནས། མས་དབེན་གྱི་སྲིང་མོ་དང་ལྷན་ཅིག་སྤྱད་པས་བུ་དང་བུ་མོ་མང་པོ་བཙས་ཏེ་ཆེན་པོར་གྱུར་པ་དང༌། བསམ་གཏན་གྱི་ཚེར་མ་སྒྲ་ཡིན་པས། སེར་སྐྱས་སེམས་རྩེ་གཅིག་པ་མ་ཐོབ་པ་དང༌། སེར་སྐྱས་མཐོང་གིས། འགྲོའོ། །ཅིའི་ཕྱིར། འདིའི་ཕྱིར་རོ། ཁྱེད་འདི་ཉིད་དུ་བཞུགས་ཤིག །བདག་ཅག་གནས་གཞན་དུ་མཆིའོ། ས་ཕྱོགས་ཕོག་ཅིག །དྲང་སྲོང་དེས་གསེར་གྱི་བྱ་མ་བུམ་བླངས་ཏེ། ཆུ་རྒྱུན་གྱིས་གྲོང་ཁྱེར་གྱི་རྣམ་པ་བྲིས་ནས། དེ་རྣམས་ཀྱིས་གྲོང་ཁྱེར་བརྩིས་པས་སེར་སྐྱའི་གཞི་ཞེས་གྲགསསོ། །དེར་དེ་རྣམས་འཕེལ་བར་གྱུར་ནས་དོག་པས་འཕེལ་བར་མ་གྱུར་པ་དང༌། ལྷས་དེ་རྣམས་ཀྱི་སེམས་ཤེས་ནས་ཕྱོགས་གཞན་ཞིག་བསྟན་པས། དེར་གྲོང་ཁྱེར་བརྩིགས་པས་ལྷས་བསྟན་ཞེས་བྱའོ། དེ་རྣམས་ཚོགས་ནས་བདག་ཅག་སྤྱུག་པ་དེ་རིགས་མཉམ་པ་ལས་ཆུན་མ་བླངས་པས་གྱུར་གྱི། དེར་སུས་ཀྱང་རིགས་མཉམ་པ་ལས་ཆུན་མ་བླང་བར་མི་བྱའོ། །གཅིག་ཁོ་ནས་ཆོག་ཤེས་པ་བྱའོ་ཞེས་བཅསསོ། །དེའི་ཚེ་རྒྱལ་པོ་འཕགས་སྐྱེས་པོས་བུ་རྣམས་དྲན་ཏེ། དེ་རྣམས་གང་ན་འདུག །བློན་པོས་རྒྱས་པར་བཤད་པས༏ གཞོན་ནུ་རྣམས་སྲིང་མོ་དང་ལྷན་ཅིག་བྱེད་ཕོད་དམ། རྔོ་ཐོགས་ལགསསོ། །ཀྱེ་མ་གཞོན་ནུ་རྣམས་ནི་ཕོད་པའོ་ཞེས་དབང་ཆེན་པོས་ཚིག་ཏུ་བརྗོད་པས་ཕོད་པ་ཞེས་གྲགས་ཏེ་ཤཱཀྱ་ཞེས་བྱའོ། དེ་ནས་རྒྱལ་པོ་འཕགས་སྐྱེས་པོ་ཤི་ནས་རྒྱལ་སྲིད་དགའ་དབང་བསྐུར། དེའང་བུ་མེད་པར་ཤི་ནས་སྐར་མདའ་གདོང་དང༌། ལག་རྣ་དང༌། གླང་པོ་ཆེ་འདུལ་རྣམས་བསྐོས་པས་ཀྱང༌བུ་མེད་པར་ཤི་ནས། རྐང་གདུབ་ཅན་རྒྱལ་པོར་གྱུར་ཏེ། དེའི་བུ་གནས་འཇོག །དེའི་བུ་ས་ཁྱིམ་ནས་བརྒྱུད་པ་རྒྱལ་པོ་ལྔ་ཁྲི་ལྔ་སྟོང་སེར་སྐྱར་བྱུང་ངོ༌། དེའི་ཐ་མ་རྒྱལ་པོ་ཤིང་རྟ་བཅུ་པ་སོགས་མིང་སྨོས་པ་བཅུ་གཉིས་བྱུང་བའི་ཐ་མ་གཞུ་བརྟན། དེ་ལ་བུ་སེང་གེའི་འགྲམ་དང་སེང་གེ་སྒྲ་གཉིས་ཏེ་སེང་གེའི་འགྲམ་ནི་འཛམ་བུའི་གླིང་ན་གཞུ་ཐོགས་རྣམས་ཀྱི་མཆོག་གོ །དེ་ལ་བུ་བཞི་སྟེ། ཟས་གཙང་དང༌། ཟས་དཀར་དང༌། བྲེའོ་ཟས་དང༌། བདུད་རྩི་ཟསསོ། །བུ་མོ་གཙང་མ་དང༌། དཀར་མོ་དང༌། བྲེའོ་མ་དང༌། བདུད་རྩི་མའོ། །ཟས་གཙང་ལ་བུ་བཅོམ་ལྡན་འདས། ཅུང་དགའ་བོ། ཟས་དཀར་ལ་རྒྱལ་བ་དང༌། རྒྱལ་པོ་བཟང་ལྡན་ནོ། །བྲེའོ་ཟས་ལ་མིང་ཆེན་དང༌། མ་འགགས་པའོ། །བདུད་རྩི་ཟས་ལ་ཀུན་དགའ་བོ་དང་ལྷ་སྦྱིན་ནོ། །གཙང་མའི་བུ་ལེགས་པར་རབ་སད་དོ། །དཀར་མོའི་བུ་ཕྲེང་བ་ཅན། བྲེའོ་མའི་བུ་བཟང་ལེན། བདུད་རྩི་མའི་བུ་དགེ་འཕེལ་ལོ། །བཅོམ་ལྡན་འདས་ཀྱི་སྲས་སྒྲ་གཅན་ཟིན་ཏེ། དེས་མང་པོས་བཀུར་བའི་བརྒྱུད་རྫོགས། དེ་ལ་ཟས་གཙང་ཡན་དུ་ས་ཡ་ཆིག་འབུམ་ཉི་ཁྲི་ཆིག་སྟོང་ལྔ་བརྒྱ་བཅུ་བཞི་རྣམས་བྱུང་ངོ༌། ། འཇིག་རྟེན་གདགས་པར་ནི། །མང་པོས་བཀུར་བ། དེའི་བུ་འོད་མཛེས། དེའི་བུ་དགེ་བ། དེའི་བུ་དགེ་མཆོག །དེའི་བུ་གསོ་སྦྱོང་འཕགས། དེའི་བུ་སྤྱི་བོ་སྐྱེད། འདིས་གླིང་བཞི་ལ་དབང་བསྒྱུར་དེའི་བུ་མཛེས་པས་གླིང་གསུམ། དེའི་བུ་ཉེ་མཛེས་ཀྱིས་གླིང་གཉིས། དེའི་བུ་མཛེས་ཅན་གྱིས་གླིང་གཅིག །དེའི་བུ་མཛེས་ལྡན་ཡང་གླིང་གཅིག་ལ་དབང་ངོ༌། དེ་མན་ཆད་འཁོར་ལོས་སྒྱུར་བ་ཐམས་ཅད་གླིང་གཅིག་དབང་བར་བཤད་ལ། མཛེས་ལྡན་གྱི་བུ་བཏང་བ། དེའི་བུ་བཏང་ཟུང༌། དེའི་བུ་ཤ་ཀུ་ནི། དེ་ནས་ཤ་ཀུ་ནི་ཆེན་པོ། ཀུ་ཤི། ཉེ་བའི་ཀུ་ཤི་ ཀུ་ཤི་ཆེན་པོ། ལེགས་མཐོང༌། ལེགས་མཐོང་ཆེན་པོ། གནོད་སེལ། གསེར་མདོག །སྐལ་ལྡན། ངན་སྤོང༌། ལྷུན་པོ། ངེས་འགྲོ། རབ་ཏུ་སྒྲ་གྲགས། རབ་ཏུ་སྒྲ་གྲགས་ཆེན་པོ། བདེ་བྱེད། ཕྱོགས་བདག །རྡུལ་བཟང༌། རྒྱས་བྱེད། ལྷ་ཆེན་པོ། དེའི་བུ་བརྒྱུད་བརྒྱ་ཁྲི་བཞི་སྟོང་གིས་འདྲེས་པའི་གྲོང་ཁྱེར་དུ་རྒྱལ་སྲིད་བསྐྱངས། དེའི་འོག་ཏུ་མུ་ཁྱུད། རྒྱལ་བ་པ། ལྷུན་པོ། འཇིགས་བྱེད་ཤིང་རྟ། ཤིང་རྟ་བརྒྱ་པ། ཤིང་རྟ་བཅུ་པ། དེའི་འོག་ཏུ་ལྔ་འཛིན་གྱི་རྒྱལ་པོ་ལྔ་སྟོང༌། དེའི་འོག་ཏུ་ཀ་ལིངྐའི་རྒྱལ་པོ་ལྔ་སྟོང༌། དེའི་འོག་ཏུ་ཨཏྨ་ཀའི་རྒྱལ་པོ་བདུན་སྟོང༌། དེའི་འོག་ཏུ་སྒྲ་མི་སྙན་གྱི་རྒྱལ་པོ་བརྒྱད་སྟོང༌། དེའི་འོག་ཏུ་ཐོད་པ་ཅན་གྱི་རྒྱལ་པོ་དགུ་སྟོང༌། དེའི་འོག་ཏུ་གླུ་དབྱངས་ཀྱི་རྒྱལ་པོ་ཁྲི། དེའི་འོག་ཏུ་མ་ག་དྷའི་རྒྱལ་པོ་ཁྲི་ཆིག་སྟོང༌། དེའི་འོག་ཏུ་ཏ་མ་ལིབྷའི་རྒྱལ་པོ་ཁྲི་ལྔ་སྟོང༌། བུ་རམ་ཤིང་པ། དེའི་བུ་བརྒྱུད་ལ་རྒྱལ་པོ་སྟོང་དང་ཆིག་བརྒྱ། དེའི་འོག་ཏུ་འཕགས་སྐྱེས་པོ། དེ་ལ་བུ་བཞིན་འབར་དང༌། ལག་རྣ་ཅན་དང༌། གླང་ཆེན་འདུལ་དང༌། རྐང་གདུབ་ཅན་དེ་བཞིའོ། །རྐང་གདུབ་ཅན་གྱི་བུ་རྐང་གདུབ་ཅན་ཞབས། དེའི་བུ་གནས་འཇིག །དེའི་བུ་བ་ལང་གནས། དེའི་བུ་སེང་གེ་འགྲམ། དེའི་བུ་ལ་ཟས་གཙང་དང༌། ཟས་དཀར་དང་བྲེའོ་ཟས་དང༌། བདུད་རྩི་ཟས་དང་བཞིའོ། ཟས་གཙང་གི་སྲས་བཅོམ་ལྡན་འདས། བཅོམ་ལྡན་འདས་ཀྱི་སྲས་སྒྲ་གཅན་ཟིན་ནོ། །འདི་ནི་ཆོས་མངོན་པ་ལས་བཏུས་པའི་རྒྱལ་པོའི་རབས་ཏེ། བདག་ཉིད་ཆེན་པོ་རྣམས་ཀྱི་ཡི་གེ་རྒྱས་པ་ལས་བཏུས་སོ་ཞེས་བྱུང་ངོ༌། །འདི་ལ་མང་པོས་བཀུར་བ་ནས་ཟས་གཙང་ཡན་དུ་རྒྱལ་པོ་འབུམ་ཕྲག་གཅིག །ལྔ་ཁྲི་ལྔ་སྟོང་གཅིག་བརྒྱ་ཞེ་དགུའོ། ། ཡང་འཇིག་རྟེན་གདགས་པ་དེ་ཉིད་ལས། འདུལ་བ་ལས་བྱུང་བའི་རྒྱལ་པོའི་རབས་བྲིས་པ་ནི་འདི་ཡིན་ཏེ། མང་པོས་བཀུར་བ། འོད་མཛེས། དགེ་བ། དགེ་མཆོག །གསོ་སྦྱོང་འཕགས། ང་ལས་ནུ། མཛེས་པ། ཉེ་མཛེས། མཛེས་ཅན། མཛེས་ལྡན། རྒྱས་བྱེད། སྲེད་པ། མི་སྲིད། བཏང་བ། བཏང་ཟུང༌། ལུས་ཐུལ། གསེར་མདོག །ངན་སྤོང༌། ཤིང་རྟ་སྡུ་གུ་ཅན། དུག་ཅན། དུག་ཅན་ཆེན་པོ། ཤ་ཀུ་ནི། ཤ་ཀུ་ནི་ཆེན་པོ། ཀུ་ཤི ཉེ་བའི་ཀུ་ཤི ཀུ་ཤི་ཆེན་པོ། རྒྱས་བྱེད། རྒྱས་བྱེད་ཆེན་པོ། ལེགས་མཐོང༌། ལེགས་མཐོང་ཆེན་པོ། གནོད་སེལ། ཉེ་བའི་གནོད་སེལ། རྨ་བྱ། ངེས་འགྲོ། བདེ་བྱེད། རབ་འདུལ། རབ་ཏུ་སྒྲ་གྲགས། རབ་གདུང་ལྡན། འོད་བྱེད། ལྷུན་པོ། རི་རབ། ལྷུན་པོ་ལྡན། མེ་ལྕེ། མེ་ལྕེའི་ཕྲེང༌། མེ་ལྕེ་ལྡན། དེའི་བུ་བརྒྱུད་རྒྱལ་པོ་འབུམ་གྱིས་གྲུ་འཛིན་དུ་རྒྱལ་སྲིད་བསྐྱངས། དེའི་འོག་ཏུ་དགྲ་འདུལ། དེའི་བུ་བརྒྱུད་རྒྱལ་པོ་ལྔ་ཁྲི་བཞི་སྟོང་གིས་འཐབ་མེད་དུ་རྒྱལ་སྲིད་བསྐྱངས། དེའི་འོག་ཏུ་མ་ཕེབས་འབེབས། དེའི་བུ་བརྒྱུད་ཀྱི་རྒྱལ་པོ་དྲུག་ཁྲི་སུམ་སྟོང་གིས་བ་ར་ཎཱ་སིར་རྒྱལ་སྲིད་བསྐྱངས། དེའི་འོག་ཏུ་བཟོད་པར་དཀའ་བ། དེའི་བུ་བརྒྱུད་ཀྱི་རྒྱལ་པོ་ཁྲི་བཞི་སྟོང་གྲོང་ཁྱེར་འདར་འཛིན་དུ་བྱུང༌། དེའི་འོག་ཏུ་རྒྱལ་པོ་ཚངས་པས་བྱིན། དེའི་བུ་བརྒྱུད་ཀྱི་རྒྱལ་པོ་སུམ་ཁྲི་ཉིས་སྟོང་གིས་གླང་ཆེན་གནས་སུ་རྒྱལ་སྲིད་བཟུང༌། དེའི་འོག་ཏུ་གླང་པོས་བྱིན། དེའི་བུ་བརྒྱུད་ལྔ་སྟོང་གིས་གྲོང་ཁྱེར་རྡོ་འཇོག་ཏུ་རྒྱལ་སྲིད་བཟུང༌། དེའི་འོག་ཏུ་རྒྱལ་པོ་བལ་པུ། དེའི་བུ་བརྒྱུད་སུམ་ཁྲི་ཉིས་སྟོང་གིས་ཨུར་ཤར་རྒྱལ་སྲིད་གཟུང༌། དེའི་འོག་ཏུ་ཚན་ཆེན་ཐུབ། དེའི་བུ་བརྒྱུད་སུམ་ཁྲི་ཉིས་སྟོང་གིས་གྲོང་ཁྱེར་མ་ཕེབས་འབེབས་སུ་རྒྱལ་སྲིད་བསྐྱངས། དེའི་འོག་ཏུ་རྒྱལ་པོ་རྒྱལ་བ་པོ། དེའི་བུ་བརྒྱུད་ཁྲི་ཉིས་སྟོང་གིས་ཀནྱ་ཀུབ་ཛར་རྒྱལ་སྲིད་གཟུང༌། དེའི་འོག་ཏུ་རྒྱལ་བའི་སྡེ། དེའི་བུ་བརྒྱུད་ཁྲི་བརྒྱད་སྟོང་གིས་གྲོང་ཁྱེར་ཙམྤར་རྒྱལ་སྲིད་བསྐྱངས། དེའི་འོག་ཏུ་རྒྱལ་པོ་ཀླུ་ལྷ། དེའི་བུ་བརྒྱུད་ཉི་ཁྲི་ལྔ་སྟོང་གིས་ཏ་མ་ལིཔྟའི་གྲོང་ཁྱེར་དུ་རྒྱལ་སྲིད་གཟུང༌། དེའི་འོག་ཏུ་རྒྱལ་པོ་མི་ལྷ། དེའི་བུ་བརྒྱུད་ལ་རྒྱལ་པོ་ཁྲི་ཉིས་སྟོང་ཏ་མ་ལིཔྟར་བྱུང༌། དེའི་འོག་ཏུ་རྒྱལ་པོ་དུག་ཅན་པའི་ལྷ།དེའི་བུ་བརྒྱུད་ལ་རྒྱལ་པོ་ཁྲི་བརྒྱད་སྟོང་སོ་ལྡན་དུ་བྱུང༌། དེའི་འོག་ཏུ་བློ་བཟང༌། དེའི་བུ་བརྒྱུད་ཉི་ཁྲི་ཆིག་སྟོང་གིས་རྒྱལ་པོའི་ཁབ་ཏུ་རྒྱལ་སྲིད་བསྐྱངས། དེའི་འོག་ཏུ་མུན་སེལ། །དེའི་བུ་བརྒྱུད་ལ་རྒྱལ་པོ་བརྒྱ་ཐམ་པ་བ་ར་ཎཱ་སིར་བྱུང༌། དེའི་འོག་ཏུ་དབང་ཆེན་སྡེ། དེའི་བུ་བརྒྱུད་བརྒྱད་ཁྲི་བཞི་སྟོང་ཀུ་ཤི་ལྡན། དེའི་འོག་ཏུ་རྒྱ་མཚོ་ལྷ། དེའི་བུ་བརྒྱུད་སྟོང་གིས་གྲུ་འཛིན་དུ་རྒྱལ་སྲིད་བསྐྱངས། དེའི་འོག་ཏུ་དཀའ་ཐུབ་སྤྱོད། དེའི་བུ་བརྒྱུད་བརྒྱད་ཁྲི་བཞི་སྟོང་གིས་ཀུ་ཤི་ལྡན་དུ་རྒྱལ་སྲིད་ཟུང༌། དེའི་རྗེས་སུ་ས་གཙོ། །དེའི་བུ་བརྒྱུད་སྟོང་གིས་བ་ར་ཎཱ་སིར་རྒྱལ་སྲིད་གཟུང༌། དེའི་རྗེས་སུ་ས་བདག །དེའི་བུ་བརྒྱུད་སྟོང་གིས་འཐབ་མེད་དུ་རྒྱལ་ས་གཟུང༌། དེའི་འོག་ཏུ་ས་འཛིན། དེའི་བུ་བརྒྱུད་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་འདྲེས་པའི་གྲོང་ཁྱེར་དུ་བྱུང༌། དེའི་རྗེས་སུ་རྒྱལ་པོ་ལྷ་ཆེན་པོ། དེའི་བུ་བརྒྱུད་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་གྲོང་ཁྱེར་འདྲེས་པར་བྱུང༌། དེའི་འོག་ཏུ་ངེས་འཕེལ། དེའི་བུ་མུ་ཁྱུད། དེའི་བུ་མུ་ཁྱུད་བརྟན། དེའི་བུ་ཚན་པོ་ཆེ། དེའི་བུ་ཟ་བ། དེའི་བུ་ཉེ་ཟ། དེའི་བུ་ཟ་བ་ཅན། དེའི་བུ་ཟ་ལྡན། དེའི་བུ་གྱ་ནོམ་སྣང༌། དེའི་བུ་མཉམ་ལྟ། དེའི་བུ་ཐོས་པའི་སྡེ། དེའི་བུ་ཆོས་ཀྱི་སྡེ། དེའི་བུ་རྟོགས་པ། དེའི་བུ་རྟོགས་ཆེན། དེའི་བུ་རྟོགས་སྡེ། དེའི་བུ་མྱ་ངན་མེད། །དེའི་བུ་མྱ་ངན་བྲལ། དེའི་བུ་འཚམས་བརྟན། དེའི་བུ་རྒན་འཚམས། དེའི་བུ་དུནྡུམ་ར། དེའི་བུ་སྐྱ་རེང༌། དེའི་བུ་ཕྱོགས་བདག །དེའི་བུ་རྡུལ་བཟང༌། དེའི་བུ་བདེ་བྱེད། དེའི་བུ་ཀུན་དགའ་བོ། དེའི་བུ་མེ་ལོང་ཞལ། དེའི་བུ་སྐྱེང་བ་པོ། དེའི་བུ་རྒྱལ་བ་ཁྱུ་མཆོག །དེའི་བུ་བཟའ་བཏུང་ལྡན། །དེའི་བུ་བཟའ་བཏུང་མོད། དེའི་བུ་ཐུབ་མེད། དེའི་བུ་གཞན་གྱིས་མི་ཐུབ་པ། དེའི་བུ་བརྟན་པོ། །དེའི་བུ་རབ་བརྟན། དེའི་བུ་སྟོབས་པོ་ཆེ། དེའི་བུ་གཞོན་པ་ཆེ། དེའི་བུ་བློ་བཟང༌། དེའི་བུ་གཞོན་བརྟན། དེའི་བུ་གཞུ་བཅུ་པ། དེའི་བུ་གཞུ་བརྒྱ་པ། དེའི་བུ་གཞུ་དགུ་བཅུ་པ། དེའི་བུ་རྣམ་པར་རྒྱལ་བའི་གཞུ། དེའི་བུ་གཞུ་བཀྲ དེའི་བུ་གཞུ་སྲ། དེའི་བུ་གཞུ་བརྟན། དེའི་བུ་ཤིང་རྟ་བཅུ་པ། དེའི་བུ་ཤིང་རྟ་བརྒྱད་པ། དེའི་བུ་ཤིང་རྟ་དགུ་པ། དེའི་བུ་ཤིང་རྟ་སྣ་ཚོགས་པ། དེའི་བུ་ཤིང་རྟ་རྣམ་པ་སྣ་ཚོགས་པ། དེའི་བུ་ཤིང་རྟ་བརླིང་པོ། དེའི་བུ་ཤིང་རྟ་བརྟན། དེའི་བུ་བརྒྱུད་བདུན་ཁྲི་བདུན་སྟོང་གིས་གྲོང་ཁྱེར་ལེགས་པར་སྣང་དུ་རྒྱལ་སྲིད་བསྐྱངས། དེའི་འོག་ཏུ་ནམ་མཁའ་བདག་པོ། དེའི་བུ་ཀླུས་བསྲུང༌། དེའི་བུ་བརྒྱུད་རྒྱལ་པོ་བརྒྱས་བ་ར་ཎཱ་སིར་རྒྱལ་སྲིད་བཟུང༌། དེའི་འོག་ཏུ་ཀྲྀ་ཀི དེས་སངས་རྒྱས་འོད་སྲུངས་ལ་ཚངས་པར་སྤྱད་དེ་དགའ་ལྡན་དུ་སྐྱེསསོ། །དེའི་བུ་ལེགས་པར་སྐྱེས། དེའི་བུ་བརྒྱུད་རྒྱལ་པོ་བརྒྱས་གྲུ་འཛིན་དུ་རྒྱལ་སྲིད་བསྐྱངས། དེའི་རྗེས་སུ་རྒྱལ་པོ་རྣ་བ། དེའི་བུ་གཽ་ཏ་མ་དང་བྷ་ར་དྷྭ་ཛ་གཉིས་ལས། གཽ་ཏ་མའི་བུ་བུ་རམ་ཤིང་སྐྱེས། དེའི་བུ་བརྒྱུད་རྒྱལ་པོ་བརྒྱས་ཡང་གྲུ་འཛིན་དུ་སྲིད་བཟུང༌། དེའི་འོག་ཏུ་འཕགས་སྐྱེས་པོ། དེ་ལ་བུ་བཞིན་འབར། ལག་རྣ་ཅན། གླང་ཆེན་འདུལ། རྐང་གདུབ་ཅན་ཏེ་བཞིའོ། རྐང་གདུབ་ཅན་གྱི་བུ་གནས་འཇིག །དེའི་བུ་བ་ལང་གནས། དེའི་བུ་སེང་གེ་འགྲམ། དེའི་བུ་ཟས་གཙང༌། དེའི་བུ་བཅོམ་ལྡན་འདས། དེའི་བུ་སྒྲ་གཅན་ཟིན་ཞེས་འབྱུང་ངོ༌། དེ་ལ་མང་པོས་བཀུར་བ་ནས་ཟས་གཙང་ཡན་དུ་རྒྱལ་པོ་འབུམ་ཕྲག་བརྒྱད། སུམ་ཁྲི་བཞི་སྟོང་ལྔ་བརྒྱ་སུམ་ཅུ་རྩ་བཞི་ཡོད་དོ། མང་པོས་བཀུར་བའི་གདུང་རབས་ཀྱི་སྐབསསོ། ། ༡.༣ སངས་རྒྱས་ཀྱི་མཛད་པའི་སྐབས། འདིར་གདགས་པར་འདུལ་བ་ལས་འབྱུང་བའི་རྒྱལ་པོའི་རབས་ཀྱི། སངས་རྒྱས་འོད་སྲུངས་དང་རྒྱལ་པོ་ཀྲྀ་ཀི་དུས་མཉམ་དུ་བྱུང་བའི་སྐབས་སུ་སངས་རྒྱས་འོད་སྲུངས་འཇིག་རྟེན་དུ་བྱུང་སྟེ། དེར་བྱང་ཆུབ་སེམས་དཔས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ལ་མ་འོངས་པའི་དུས་ན་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་སྨོན་ལམ་བཏབ་ཅིང༌། ཚངས་པར་སྤྱོད་པ་སྤྱད་ནས་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེས་ཏེ། དེ་དེ་ན་ཚེའི་ཚད་ཇི་སྲིད་པ་དེ་སྲིད་དུ་གནས་སོ་ཞེས་དགའ་ལྡན་པའི་ཚེའི་ཚད་དུ་གནས་པར་བཤད་ལ། རྒྱུ་གདགས་པ་ལས་ཀྱང༌། དགའ་ལྡན་པའི་ཚེའི་ཚད་ལོ་བྱེ་བ་ཕྲག་ལྔ་བཅུ་རྩ་བདུན་དང་ས་ཡ་དྲུག་ཏུ་གནས་པར་བཤད་དེ། དེ་དག་རྫོགས་ནས་བྱང་ཆུབ་སེམས་དཔས། རིགས་དང་ཡུལ་དང་དུས་དང་རྒྱུད་དང་བུད་མེད་དེ་གཟིགས་པ་ལྔ་ལ་གཟིགས་ཏེ། འདོད་པ་ན་སྤྱོད་པའི་ལྷའི་རིས་དྲུག་ལ། ཁོ་བོ་ཛམྦུའི་གླིང་དུ་སྒྱུ་འཕྲུལ་ཆེན་མོའི་ལྷུམས་སུ་ཉིང་མཚམས་སྦྱར་ནས་བདུད་རྩི་རྟོགས་པར་བྱེད་དེ། ཁྱེད་ཅག་ལས་སུ་བདུད་རྩི་རྟོགས་པར་འདོད་པ་དེ་ཡང་དེའི་ཡུལ་དུ་སྐྱེ་བ་ལོང་ཞིག་ཅེས་བསྒྲགས་ཏེ། ལྷ་རྣམས་ཀྱིས་མུ་སྟེགས་ཀྱི་སྟོན་པ་བཅོ་བརྒྱད་ཀྱིས་ཛམྦུའི་གླིང་ལྟ་བའི་ཉེས་པ་དང་ལྡན་པས་མི་གཤེགས་པར་གསོལ་བ་བཏབ་ཀྱང་མ་བཟློགས་ཏེ། གླང་པོ་ཆེའི་ཕྲུ་གུ་ཐལ་དཀར་དུ་བསྒྱུར་ནས་ཚེས་བཅོ་ལྔའི་གསོ་སྦྱོང་བླངས་པའི་ཡུམ་གྱི་རུམ་དུ་ཞུགསསོ། །ཉ་དེ་ཡང་ས་ག་ཟླ་བའི་ཉ་ཡིན་པར་རྒྱ་ཆེར་རོལ་པ་ལས་བཤད་དེ། ཟླ་བ་བཅུ་རྫོགས་པར་ལྷུམས་སུ་བཞུགས་ནས། དབོ་ཟླ་བའི་ཚེས་བཅོ་ལྔ་ལ་ལུམྦི་ནིའི་ནགས་སུ་སྐུ་བལྟམས་ཏེ། དེ་ཡང་སྐར་མ་རྒྱལ་འཆར་བ་དང་དུས་མཚུངས་པར་སྐུ་བལྟམསསོ། །དྲང་སྲོང་རྒྱས་པས། ཐུབ་པ་ཁྱོད་ནི་རྒྱལ་ལ་སྐྱེས། ཞེས་བརྗོད་པ་དང༌། ཀླུ་སྒྲུབ་ཀྱིས། སྐར་མ་རྒྱལ་ལ་བབ་པ་ན། །དེ་སྲས་རྩིབ་མའི་ལོགས་ནས་ནི། །ཞེས་བྱ་བ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །དེ་ཡང་འཁྲུངས་པའི་ལོ་ནི། རྒྱའི་ཡུལ་དུ་ཅིའུའི་རིགས་ཀྱི་རྒྱལ་རབས་བཞི་པ་ཅིའུ་ཝང་ཞེས་པས། རྒྱལ་སར་ལོ་ཉི་ཤུ་ལྷག་ཙམ་སོང་བའི་ཚེ། ས་ཕྱོགས་ཐམས་ཅད་གསེར་གྱི་ཁ་དོག་ཅན་གྱི་འོད་ཀྱིས་ཁྱབ་པར་གྱུར། རྩིས་མཁན་རྣམས་ལ་དེ་ཅིའི་དོན་ཡིན་རྟོག་ཏུ་བཅུག་པས། དེ་རྣམས་ན་རེ། ནུབ་ཕྱོགས་ཀྱི་རྒྱལ་པོ་ཆེན་པོ་ཞིག་ལ་གསེར་གྱི་བུ་ཆུང་ཞིག་བཙས། དེའི་འོད་ཡིན་པར་འདུག་ཟེར། སངས་རྒྱས་འཇིག་རྟེན་དུ་བྱོན་པར་ཤེས། ངེད་རང་གི་རིང་ལ་དེའི་འཇྭ་ས་ཡོང་ངམ་དྲིས་པས། ངེད་རང་གི་རིང་ལ་མི་འོང་གི ངེད་རང་ནས་རྒྱལ་པོའི་རབས་འདི་དང་ལོ་འདི་དང་ཉིན་ཞག་འདི་ལ་དེའི་འཇྭ་ས་ཁྱེར་བའི་མི་ཆ་ལུགས་འདི་ལྟ་བུ་བྱས་པ་བཞི་འོང་ཟེར། དེ་ངོ་མཚར་ནས། དོན་དེ་རྣམས་གཙུག་ལག་ཁང་ཞིག་གི་མདུན་ན་རྡོ་རིང་ཞིག་ཡོད་པ་ལ་བྲིས་ཏེ། འཁྲུངས་པའི་ལོ་དེ་ཤིང་ཕོ་སྟག་གི་ལོ་ཡིན་ཟེར། དེ་ནས་ཡུན་རིང་པོ་སོང་བ་ན་གཙུག་ལག་ཁང་དེ་ཡང་ཞིག །རྡོ་རིང་དེ་ཡང་འགྱེལ། ནམ་ཞིག་ན་རྒྱ་གར་ནས་གསུང་རབ་མང་པོ་ཁུར་བའི་དགེ་སློང་བཞི་རྒྱའི་ཡུལ་དུ་ལྷགས། དེའི་དུས་ཀྱི་རྒྱལ་པོས། ཆ་ལུགས་མི་འདྲ་བ་འདི་རྣམས་ཇི་ལྟར་ཡིན་པ་ལྟོས་ཤིག་ཅེས་གསུངས་པ་ན། གཞན་སུས་ཀྱང་མ་ཤེས། རྒན་མོ་ཞིག་གིས། ཕྱོགས་འདི་ན་གཙུག་ལག་ཁང་ཡོད་པ་དང༌། དེར་རྡོ་རིང་ལ་འདི་འདྲ་བ་འབྱུང་བའི་ཡི་གེ་ཡོད། རྡོ་རིང་འགྱེལ་པ་དེ་སློང་ལ་ལྟོས་དང་ཟེར། བལྟས་པས་ལོ་དང་ཟླ་བ་ཐམས་ཅད་མཐུན་པར་བྱུང༌། ཞག་བདུན་མ་འགྲིག་ཅེས་འབྱུང་བ་ཡིན་ནོ། །དེ་ལྟར་ཐུབ་པ་བལྟམས་ནས་ཡི་གེ་སློབ་པ་དང་རོལ་རྩེད་སོགས་མཛད་དེ། གྲགས་འཛིན་མ་དང་ས་འཚོ་མ་ཁབ་ཏུ་བཞེས་ཏེ། ལོ་ཉི་ཤུ་རྩ་དགུར་ཁབ་ཏུ་བཞུགས། དེ་ནས་ཁྱིམ་ནས་བྱུང་ཞིང་རབ་བྱུང་གིས་བསྙེན་པར་རྫོགས་ནས། ལོ་དྲུག་ཏུ་དཀའ་བ་སྤྱད་པས་ཤིན་སྐུ་རིད་པར་གྱུར་པ་ལས། སླར་གྲོང་ཁྱེར་བདེ་ལྡན་གྱི་བུ་མོ་དགའ་མོ་དང་དགའ་སྟོབ་མས་བ་སྟོང་གི་མ་ལན་བཅུ་དྲུག་གི་བར་དུ་ཉིང་ཁུར་བྱས་པའི་འོ་ཐུག་སྦྲང་རྩི་དང་སྦྱར་བ་དྲངས་ཤིང་གསོལ་བས། སྐུ་གསེར་གྱི་གཏན་པ་ཕྱིས་པ་ལྟར་གྱུར་ཏོ། །དེ་ནས་ནཻ་རཉྫ་ན་དང་ཉེ་བའི་བྲག་ཞིག་གི་སྟེང་དུ་བཞུགས་པས་བྲག་དེས་མ་བཟོད་པར་ཞིག་པར་གྱུར་པས། ལྷས་རྡོ་རྗེ་གདན་དུ་གཤེགས་པར་བསྐུལ། བརྒྱ་བྱིན་གྱིས་རྩྭ་འཚོང་བཀྲ་ཤིས་སུ་སྤྲུལ་པ་ལས་རྩ་བླངས་ཏེ་བསྣམས་ནས། རྡོ་རྗེ་གདན་དུ་བྱང་ཆུབ་ཀྱི་ཤིང་དྲུང་དུ་རྩའི་སྟན་ལ་བཞུགསསོ། །དེའི་ཚེ་བདུད་སྡིག་ཅན་གྱིས་དོགས་པའི་རྒྱལ་མཚན་གཡོས་པས་བསམས་པ་ན། བྱང་ཆུབ་སེམས་དཔའི་ཚུལ་ཤེས་ཏེ། བང་ཆེན་དུ་སྤྲུལ་ཏེ་བྱང་ཆུབ་སེམས་དཔའི་ཐད་དུ་འོང་ནས། སེར་སྐྱའི་གྲོང་ཁྱེར་ལྷ་སྦྱིན་གྱིས་མནན། ཕོ་བྲང་བཅོམ། ཤཱཀྱ་རྣམས་ཁ་བཏགསསོ། །ཁྱོད་ཅིའི་ཕྱིར་འདི་ན་འདུག་ཅེས་སྨྲས་པས། བྱང་ཆུབ་སེམས་དཔའ་ལ་འདོད་པ་དང་གནོད་སེམས་དང་རྣམ་པར་འཚེ་བའི་རྟོགས་པ་གསུམ་བྱུང་བ་དང༌། དེ་མ་ཐག་བདུད་ཀྱི་མཐུར་རིག་སྟེ། གཉེན་པོའི་ཐུགས་གསུམ་བསྐྱེད་དོ། །དེ་ནས་བདུད་ཀྱིས་བར་སྣང་དང་ས་གཞི་ནོན་པའི་དཔུངས་བཤམས་ཏེ། མཚོན་ཆ་སྣ་ཚོགས་ཀྱི་ཆར་ཕབ། འཇིགས་སུ་རུང་བའི་སྒྲ་མང་པོ་བསྒྲགས། བདུད་ཀྱི་བུ་མོ་ལས་བུད་མེད་མཛེས་མར་སྤྲུལ་ཏེ་བསླུས་པས་ཀྱང་མ་ཚུགས། དཔུང་ཐམས་ཅད་ཁོར་ཡུག་གི་ཕྱི་རོལ་ཏུ་བྱེར་ཏེ་ཞག་བཅུ་གཉིས་སུ་མ་འདུསསོ། །དེ་ནས་ཐུན་དང་པོ་ལ་མངོན་ཤེས་དང་པོ་གསུམ་བསྐྱེད། གུང་ཐུན་ལ་སྔོན་གནས་རྗེས་སུ་དྲན་པ་བསྐྱེད། ཐུན་ཐ་མ་ལ་ལྷའི་མིག་དང་ཟག་པ་ཟད་པའི་མངོན་ཤེས་བསྐྱེད་དེ། བདེན་བཞི་ཐུགས་སུ་ཆུད་ནས་མངོན་པར་རྫོགས་པར་སངས་རྒྱསསོ། །དེ་ཡང་མེ་མོ་ཕག་གི་ས་གའི་ཉ་ལ་སངས་རྒྱས་པ་ཡིན་ཏེ། ལུང་ལས། དེའི་མཚན་མོ་ཟླ་བ་སྒྲ་གཅན་གྱིས་བཟུང་བ་དང༌། སྒྲ་གཅན་ཟིན་དང་ཀུན་དགའ་བོ་ཡང་སྐྱེས་པར་བཤད་དོ། དེའི་གཟའ་འཛིན་གྱི་རི་མོ་ནི་གཞན་དུ་བཤད་དོ། །སངས་རྒྱས་ནས་ཞག་བདུན་ཕྲག་བདུན་ཆོས་མ་གསུངས་ལ། དེ་ནས་ཚངས་པས་བསྐུལ་ནས་བ་ར་ཎཱ་སིར་ལྔ་སྡེ་ལས་བརྩམས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བས། ལྔ་སྡེས་དགྲ་བཅོམ་པ་ཐོབ་བོ། ལྷ་བརྒྱད་ཁྲིས་བདེན་པ་མཐོང༌། གྲགས་པ་ལ་སོགས་པའི་ཉེ་བའི་ལྔ་སྡེ་དང༌། གྲོང་པའི་ཁྱེའུ་ལྔ་བཅུས་ཀྱང་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་མཛད། སླར་གྲོང་ཁྱེར་བདེ་ལྡན་དུ་གཤེགས་ཏེ་དགའ་མོ་དང་དགའ་སྟོབས་མ་བདེན་པ་ལ་བཀོད། དེ་ནས་ནཻ་རཱཉྫ་ནའི་འགྲམ་ན་གནས་པའི་ལྟེང་རྒྱས་འོད་སྲུངས་རལ་པ་ཅན་འཁོར་ལྔ་བརྒྱ་དང༌། ཆུ་ཀླུང་འོད་སྲུངས་དང་ག་ཡ་འོད་སྲུངས་གཉིས་འཁོར་ཉིས་བརྒྱ་ལྔ་བཅུ་ཉིས་བརྒྱ་ལྔ་བཅུ་དང་བཅས་པ་སྟེ། སྟོང་པོ་ཐམས་ཅད་རབ་ཏུ་བྱུང་སྟེ་རིམ་པར་གཤེགས་ཏེ། ཆོ་འཕྲུལ་གསུམ་གྱི་གདམས་པས་ཐམས་ཅད་ཀྱིས་དགྲ་བཅོམ་པ་ཐོབ་པར་གྱུར་ཏོ། དེ་ནས་མ་ག་དྷར་བཏང་བྲང་གི་ཚལ་དུ་གཤེགས་ཏེ། དེར་གཟུགས་ཅན་སྙིང་པོ་མི་འབུམ་ཕྲག་དུ་མ་དང་བཅས་པ་དང་ལྷ་བརྒྱད་ཁྲི་དང་བཅས་པ་བདེན་པ་ལ་བཀོད་དོ། དེ་ནས་རྒྱལ་པོའི་ཁབ་ཏུ་གཤེགས་ཏེ། ཤཱརིའི་བུ་དང་མོངྒལ་གྱི་བུ་འཁོར་ཉིས་བརྒྱ་ལྔ་བཅུ་དང་བཅས་པ་དགྲ་བཅོམ་པ་ལ་བཀོད་དེ། དེ་ནས་འོད་སྲུངས་ཀྱི་ཚོགས་དང་བཅས་པས་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཞེས་གྲགསསོ། །དེ་ནས་མགོན་མེད་ཟས་སྦྱིན་གྱིས་སྤྱན་དྲངས་པས། རྒྱལ་པོའི་ཁབ་ནས་མཉན་ཡོད་དུ་གཤེགསསོ། །དེའི་ཚེ་ཟས་གཙང་གིས་སེར་སྐྱར་སྤྱན་དྲངས་ནས། སེར་སྐྱའི་ནྱ་གྲོ་དྷའི་གཙུག་ལག་ཁང་བྱས་ཏེ། ལོར་བཞུགས། ཤཱཀྱ་མང་པོ་བདེན་པ་ལ་བཀོད་དོ། དེ་བཞིན་དུ་མཉན་ཡོད་པ་དང༌། ཡངས་པ་ཅན་དང༌། རྒྱལ་པོའི་ཁབ་དང༌། ཀཽ་ཤམྦྷི་དང༌། གནས་བཅས་དང༌། ཆུ་སྲིན་བྱིས་པ་གསོད་པ་ལ་སོགས་པར་བསྟན་པ་རྒྱས་པར་མཛད་ཅིང༌། སུམ་ཅུ་རྩ་གསུམ་གྱི་གནས་སུ་ཡུམ་གྱི་དོན་དུ་དབྱར་གནས་པ་དང༌། དེ་ནས་ཡུལ་ཀ་ཤིར་ལྷ་ལས་བབས་པ་ལ་སོགས་པ་མཛད་ཅིང༌། ཆོ་འཕྲུལ་ཆེན་པོས་མུ་སྟེགས་རྣམས་གདུལ་བ་ལ་སོགས་པ་མཛད་ཅིང༌། ཆོ་འཕྲུལ་ཆེན་པོས་མུ་སྟེགས་རྣམས་གདུལ་བ་ལ་སོགས་པ་མཛད་པ་རྒྱ་ཆེན་པོ་མཛད་ལ། དེ་དག་གི་སྔ་ཕྱིའི་རིམ་པ་ནི། འཕགས་པ་གནས་བརྟན་པ་རྣམས་ཀྱིས་སྟོན་པ་དབྱར་གནས་པའི་གོ་རིམ་རྣམ་པར་བཞག་པ་ལས་རྟོགས་པར་བྱ་སྟེ། འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པའི་ལེའུ་སུམ་ཅུ་རྩ་གསུམ་པ་ལས། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ནི་ལོ་བརྒྱད་ཅུ་གནས་པའོ། །འདི་ལྟ་སྟེ་ལོ་ཉི་ཤུ་ཉེར་དགུ་ཁབ་ཏུ་བཞུགས་པ་དང༌། ལོ་དྲུག་ཏུ་དཀའ་སྤྱད་ལ་གནས་པ་དང༌། སངས་རྒྱས་པར་གྱུར་ནས་དབྱར་གནས་པ་དང་པོ་ཆོས་ཀྱི་འཁོར་ལོའི་གནས་སུ་མཛད་པ་དང༌། གཉིས་པ་བེ་ལུ་བ་ནེ་རུའོ། །ཡང་བེ་ལུ་བ་ནེར་ང་གསུམ་པའོ། ཡང་བཞི་པ་བེ་ལུ་བ་ནེ་རུའོ། །ལྔ་པ་བཻ་ཤཱལྱྃངོ༌། །དྲུག་པ་གོ་ལེར་རོ། །བདུན་པ་སུམ་ཅུ་རྩ་གསུམ་ལྷ་རུ་རྡོ་ཨ་རྨོ་ནིག་ཏུའོ། །བརྒྱད་པ་སུ་ཤུ་ར་མཱ་གི་རིར་འོ། །དགུ་པ་ཀཽ་ཤམྦྷི་རུའོ། །བཅུ་པ་སྤྲེའུ་བཏུལ་བ་ཞེས་བྱ་བ་གླང་པོ་ཆེ་བེ་རི་ལེ་ཡི་ནགས་སུའོ། །བཅུ་གཅིག་པ་རྒྱལ་པོའི་ཁབ་ཏུའོ། །བཅུ་གཉིས་པ་བཻ་རཉྫའི་གྲོང་དུའོ། །བཅུ་གསུམ་པ་མཆོད་རྟེན་གྱི་རི་ལའོ། །བཅུ་བཞི་རྒྱལ་པོ་ཛི་ཏ་བ་ནའི་ལྷ་ཁང་དུའོ། །བཅོ་ལྔ་པ་ཀ་པི་ལ་བསྟུ་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བར་རོ། །བཅུ་དྲུག་པ་ཨ་ཊ་བ་གར་རོ། །བཅུ་བདུན་པ་རྒྱལ་པོའི་ཁབ་ཏུའོ། །བཅོ་བརྒྱད་པ་ཛྭ་ལི་ནིའི་བྲག་ཕུག་ཏུའོ། །ཡང་བཅུ་དགུ་པ་ཛྭ་ལི་ནིའི་བྲག་ཕུག་ཏུའོ། །ཉི་ཤུ་པ་རྒྱལ་པོའི་ཁབ་ཏུའོ། །དབྱར་གནས་བཞི་ནི། གཉན་ཡོད་ཤར་ཕྱོགས་མ་མོ་མྲྀ་ག་རིའི་ཀུན་དགའ་ར་བར་རོ། །གྲོང་ཁྱེར་མཉན་ཡོད་དུ་ལོ་ཉི་ཤུ་ཉེར་གཅིག་དབྱར་གནས་མཛད་དོ་ཞེས་འཕགས་པ་གནས་བརྟན་པ་འདོད་དོ། ཞེས་འབྱུང་ངོ༌། མཐར་གྱད་ཀྱི་ཡུལ་རྩྭ་མཆོག་གི་གནས་ཤིང་ས་ལ་ཟུང་གི་གནས་སུ་མྱ་ངན་ལས་འདའ་བར་མཛད་དེ། དེའི་ལོ་ནི་ཆུ་མོ་བྱའོ་ཞེས་ཁོ་བོ་འདོད་དོ། སྤྱིར་ན་སྟོན་པའི་འཁྲུངས་པ་དང་མྱ་ངན་ལས་འདསབ་པའི་ལོ་ལ། མཁས་པ་རྣམས་ལ་བཞེད་པ་མི་འདྲབ་མང་བར་གནསསོ། །སངས་རྒྱས་ཀྱི་མཛད་པའི་སྐབསསོ། །

༡.༤བསྟན་པའི་གཏད་རབས་ཀྱི་སྐབས། ། མྱ་ངན་ལས་འདས་ཏེ་རྒྱལ་པོའི་ཁབ་ཏུ་བཀའ་བསྡུ་བ་མཛད་དེ། དེ་ཡང་སྟོན་པའི་གཏད་རབས་ནི། ཐུབ་པ་ཆེན་པོས་འོད་སྲུངས་ལ། དེས་ཀུན་དགའ་བོ་ལ། དེས་ཤ་ནའི་གོས་ཅན་ལ། །དེས་ཉེར་སྦས་ལ། དེས་དྷི་དྷི་ཀ་ལ། དེས་ནག་པོ་ལ། དེས་ལེགས་མཐོང་ལ་བསྟན་པ་གཏད་པར་ལུང་ཕྲན་ཚེགས་ལས་བྱུང་བ་ཡིན་ནོ། །ལངྐར་གཤེགས་པའི་འགྲེལ་པ་ལས་ཐུབ་པ་ནས་དྷི་དྷི་ཀའི་བར་ལུང་བཞིན་དུ་འབྱུང་བ་ལ། དེས་བི་བྷ་ག་ལ། དེས་བཙུན་པ་བུདྡྷ་ནནྟི་ལ། དེས་བུདྡྷ་མི་ཏྲ་ལ། དེས་སློབ་མ་དགེ་སློང་རྩིབས་ལ། དེས་སུ་ན་ཤ་ཏ་ལ། དེས་རྟ་སྐད་ལ། དེས་མ་ཤི་བ་ལ། དེས་ཀླུ་སྒྲུབ་ལ། དེས་ཨཱརྻ་དེ་བ་ལ། དེས་རཱ་ཧུ་ལ་ལ། དེས་སདྡྷ་ནནྟི་ལ། དེས་དགེ་སློང་དགྲ་བཅོམ་པ་ལ། དེས་གྷ་ལ་ཤ་ལ། དེས་ཀུ་མཱ་ར་ཏ་ལ། དེས་ཤ་ཡ་ཏ་ལ། དེས་བ་སུ་བནྡྷཨུ་ལ། དེས་མ་ནོ་ཏ་ལ། དེས་ཧ་ག་ནི་ཀ་ན་ཡ་ན་ཤ་ལ། དེས་དགེ་སློང་སེང་གེ་ལ་བསྟན་པ་གཏད་དོ་ཞེས་མཁས་པ་རྣམས་གསུང་བ་ལ། དིང་སང་བསྟན་འགྱུར་ན་ཆུད་པའི་ལང་ཀར་གཤེགས་པའི་འགྲེལ་པ་གཉིས་འདུག་པ་ན་ནི་མི་སྣང་བས། མ་ཆུད་པ་ཞིག་ན་ཡོད་པ་ཞིག་གོ །བསྟན་པའི་གཏད་རབས་ཀྱི་རྒྱ་དཔེ་ཤོག་བྱང་འཁྱར་བ་ཞིག་བྱུང་བ་བསྒྱུར་བ་ན་ནི། སངས་རྒྱས་ལ་ཕྱག་འཚལ་ལོ། །དེ་ནས་འཕགས་པ་ཉི་མ་གུང་བས་ཁ་ཆེར་གཤེགས་ཏེ། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་འཕགས་ནས་ཀླུའི་རྒྱལ་པོ་ཨཽ་དུ་ཥྟ་བཏུལ་ལོ། །བ་ར་ཎཱ་སིའི་ལྗོངས་ཀྱི་སྐྱེ་བོའི་ཚོགས་རྣམས་ལ་རྩེད་མོ་མཛད་ནས་ཁ་ཆེར་གཤེགས་པ་ཡིན་ནོ། །རྫུ་འཕྲུལ་གྱིས་སྐྱེ་བོའི་ཚོགས་དང་ལྷན་ཅིག་ཏུ་རི་བོ་སྤོས་ཀྱི་ངད་ལྡང་དུ་གཤེགས་ནས་ཀླུ་རྣམས་བཏུལ་ལོ། །གུར་གུམ་བླངས་ནས་ཁ་ཆེ་བ་རྣམས་བསྟན་པ་ལ་བཙུད་ནས། གྲོང་དང་གྲོང་ཁྱེར་དང་ལྗོངས་རྣམས་དང་རྒྱལ་པོའི་ཕོ་བྲང་གིས་བརྒྱན་ནས། ཐམས་ཅད་ལ་ཕན་བཏགས་ཤིང་ཁ་ཆེ་བ་དེ་དག་དགའ་བར་མཛད་ནས། བཅོམ་ལྡན་འདས་ཀྱི་བསྟན་པ་རྒྱས་པར་མཛད་དེ། བསྟན་པ་ཡོངས་སུ་བསྐྱངས་ནས་སེམས་ཅན་རྣམས་ལ་ཕན་པ་མཛད་དེ། འཕགས་པ་ཤ་ནའི་གོས་ཅན་ལ་བསྟན་པ་གཏད་ཅིང༌། རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་ནས་ཡོངས་སུ་མྱ་ངན་ལས་འདསསོ། །འཕགས་པ་ཤ་ནའི་གོས་ཅན་གྱིས་ཀྱང་གར་གྱི་རྗེ་ཞེས་བྱ་བའི་ཚོང་དཔོན་གྱི་བུར། མགོ་བོའི་རི་བོ་ལ་གཙུག་ལག་ཁང་མཛད་ནས། འཕགས་པ་ཉེར་སྦས་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་ནས་དགྲ་བཅོམ་པར་གྱུར་ཏེ་གནས་པ་ལས། དེ་ལ་བསྟན་པ་གཏད་དེ་ཡོངས་སུ་མྱ་ངན་ལས་འདསསོ། །འཕགས་པ་ཉེར་སྦས་ཀྱིས་ཀྱང་བདུད་སྡིག་ཅན་བཏུལ་ཏེ། ཕུག་སྲིད་དུ་ཁྲུ་བཅྭ་བརྒྱད་པ་རྒྱར་ཁྲུ་བཅུ་གཉིས་པར་གནས་ནས། དེའི་གདམས་ངག་བདུན་གྱིས་དགེ་སློང་རྣམས་ཀྱིས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་པའི་ཐུར་མ་རྣམས་ཀྱིས་བཀང་ངོ༌། བར་སྐབས་དེར་མྱ་ངན་མེད་ཅེས་བྱ་བ་སྟོབས་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱུང་སྟེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་ཕྱི་ཕྱིར་ཐོབ་ནས། འཕགས་པ་གྲགས་པས་དགེ་བའི་བཤེས་གཉེན་བྱས་པས། བཅོམ་ལྡན་འདས་ཀྱི་མཆོད་རྟེན་གང་ཡིན་པ་རྣམས་དང་ཉན་ཐོས་ཀྱི་ཡང་སྟེ། དེ་རྣམས་ལ་སོ་སོ་སོ་སོར་གསེར་གྱི་རྒྱན་ཕུལ་ལོ། །བྱང་ཆུབ་ཀྱི་ཤིང་ལ་ཡང་དེ་བས་ཆེས་ལྷག་པར་རབ་ཏུ་དང་བ་སྐྱེས་ནས་བཀུར་སྟི་ཆེན་པོ་བྱས་ཏེ། གསེར་དང་དངུལ་དང་བཻ་ཌཱུརྻ་དང་ཤེལ་གྱི་རང་བཞིན་གྱི་བུམ་པ་སྣ་ཚོགས་པ་དྲིའི་ཆུས་ཡོངས་སུ་བསྒོས་པ་རྣམས་ཀྱིས་དེ་ལ་ཁྲུས་གསོལ་ཏོ། དེར་འོངས་ནས་ལོ་ལྔའི་བར་དུ་དགེ་སློང་འབུམ་ཕྲག་གསུམ་ལ་སྟོན་མོ་བྱས་ཏེ། དང་པོ་ལ་ཕགས་པ་ལ་བསོད་སྙོམས་རྒྱས་པ་དང་རྒྱལ་མཚན་ལ་སོགས་པ་མཆོད་དོ། གཉིས་པ་ལ་སློབ་པ་རྣམས་ལའོ། གསུམ་པ་ལ་སོ་སོའི་སྐྱེ་བོ་དགེ་བ་ཅན་རྣམས་ལ་ཆོས་གོས་གསུམ་རྣམས་ཀྱིས་གཡོགསསོ། །ཇི་ཙམ་དུ་རིམ་གྱིས་དབྱིག་པ་དང་གསེར་བྱེ་བ་དགུ་བཅུ་རྩ་དྲུག་ཕུལ་ཏེ། ཁ་ཆེར་ཡང་དགེ་འདུན་རྣམས་ལ་དེ་དག་ཉིད་ཕུལ་ལོ། །དེ་ལྟར་འཕགས་པ་ཉེར་སྦས་ཀྱིས་སེམས་ཅན་ལ་ཕན་པ་མཛད་ཅིང་བསྟན་པ་ཡོངས་སུ་བསྐྱངས་ནས། འཕགས་པ་དྷཱི་ཏི་ཀ་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་ནས་དགྲ་བཅོམ་པ་ཉིད་ལ་བཀོད་དེ། དེ་ལ་བསྟན་པ་གཏད་ནས་ཡོངས་སུ་མྱ་ངན་ལས་འདསསོ། །འཕགས་པ་དྷཱི་ཏི་ཀས་ཀྱང་བསྟན་པ་ཡོངས་སུ་བསྐྱངས་ཤིང་སེམས་ཅན་ལ་ཕན་པ་མཛད་ནས། འཕགས་པ་ནག་པོ་ལ་བསྟན་པ་གཏད་ནས་ཡོངས་སུ་མྱ་ངན་ལས་འདསསོ། །འཕགས་པ་ནག་པོས་ཀྱང་བསྟན་པ་ཡོངས་སུ་བསྐྱངས་ཤིང་སེམས་ཅན་ལ་ཕན་པ་མཛད་ནས། འཕགས་པ་ལེགས་མཐོང་ལ་བསྟན་པ་གཏད་དེ་ཡོངས་སུ་མྱ་ངན་ལས་འདསསོ། །འཕགས་པ་ལེགས་མཐོང་གིས་ཀྱང་བསྟན་པ་ཡོངས་སུ་བསྐྱངས་ཤིང་སེམས་ཅན་ལ་ཕན་པ་མཛད་ནས། ཡོངས་སུ་མྱ་ངན་ལས་འདསསོ། །ཇི་ཙམ་དུ་ཡངས་པ་ཅན་དུ་ཡངས་པ་ཅན་པའི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་པའི་གཞི་བཅུ་བྱུང་སྟེ། དེ་དག་ཐམས་ཅད་འདོད་ལ་སོགས་པའི་དགྲ་བཅོམ་པ་བདུན་བརྒྱ་རྣམས་ཀྱིས་ཉེ་བར་ཞི་བ་བྱ་བའི་ཕྱིར། བདུན་བརྒྱས་བསྡུ་བ་མཛད་དོ། །བར་སྐབས་དེར་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་ལོན་ཏེ། མྱ་ངན་མེད་ཅེས་བའི་རྒྱལ་པོ་ཉིད་ཤི་ནས། ཁ་ཆེར་ལེགས་མཐོང་བྱུང་སྟེ། ཕ་མ་དག་ལས་དེ་ལ་སེང་གེ་ཞེས་བྱ་བའི་མིང་དུ་གྲུབ་པ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱསསོ། །ཇི་ཙམ་ན་བྱང་གི་ལམ་ནས་རྒྱལ་པོ་ཀ་ནི་ཥྐི་ཞེས་བྱ་བ་སེང་གེ་བལྟ་བའི་ཕྱིར་ཁ་ཆེར་ཞུགསསོ། །དེ་ལ་འཕགས་པ་སེང་གེས་ཆོས་བསྟན་ཏོ། །དེས་དེ་ལ་ཆོས་ཐོས་ནས་བྱང་གི་ལམ་དུ་སོང་སྟེ། ཀ་ནིཥྐའི་མཆོད་རྟེན་ལ་རབ་ཏུ་གནས་པ་དང༌། དེ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་སྦྱིན་པ་དག་བྱིན། བསོད་ནམས་དག་བྱསསོ། །དགེ་སློང་རྣམས་ལ་ཡང་བསྟན་ནས། ཁ་ཆེར་རྣ་རྒྱན་གྱི་ནགས་ཀྱི་གཙུག་ལག་ཁང་དུ་འཕགས་པ་རྩིབས་ལོགས་ལ་སོགས་པའི་དགྲ་བཅོམ་པ་ལྔ་བརྒྱ་དང༌། བ་སུ་མི་ཏྲ་ལ་སོགས་པའི་བཙུན་པ་བཞི་བརྒྱ་རྣམས་དང༌། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་རྣམས་ཀྱིས་ཀྱང༌། ཆོས་མངོན་པ་རྣམ་པར་བཤད་པ་མཛད་ཅིང༌། ཁ་ཆེར་ཡང་དེ་རྣམས་དགེ་འདུན་ལ་ཕུལ་ལོ། །འདི་རྒྱ་དཔེ་ཤོག་གཅིག་མ་ཞིག་ལག་ཏུ་བྱུང་བ། བསྟན་པའི་གཏད་རབས་སུ་འདུག་པས་མགོ་མཇུག་མ་ཚང་ནའང་ཚོང་འདུས་ཀྱི་ཕོ་བྲང་དུ་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་བསྒྱུར་བ་ཡིན་ནོ། །བསྟན་པའི་གཏད་རབས་དེ་ཙམ་ཞིག་ལུང་ལས་མཐོང་བས་བྲིས་པ་ཡིན་ཏེ། ཇོ་བོ་རྗེའི་ལོ་རྒྱུས་ཀྱི་ཡི་གེ་ན། ཇོ་བོ་ནཱ་རོ་ཏ་པས་ཇོ་བོ་རྗེ་ལ་བསྟན་པ་གཏད་ནས་ལྷོ་ཕྱོགས་ལ་གཤེགས་ཞེས་བྱ་བ་ལ་སོགས་པ་མང་པོ་འབྱུང་མོད་ཀྱི། དེ་རྣམས་ནི་བྲིར་མི་ལང་ངོ༌། །དེ་ལྟར་བཤད་པ་དེ་དག་ཐམས་ཅད་སོ་སོ་ཐར་པའི་བསླབ་པ་ལ་བསྟན་པར་བྱས་ནས་གཏད་པའི་རབས་ཡིན་ནོ། །བསྟན་པའི་གཏད་རབས་ཀྱི་སྐབསསོ། །

སོ་སོ་ཐར་པའི་བསྟན་པ་ཡང་སྡེ་པ་རྣམ་པ་བཅོ་བརྒྱད་དུ་གྱེས་པ་ལས། རྣམ་པ་བཅོ་བརྒྱད་པོ་ཐམས་ཅད་ཀྱང་སངས་རྒྱས་ཀྱི་བསྟན་པ་ཉིད་ཡིན་པ་ནི། མ་ག་དྷཱ་བཟང་མོའི་རྟོགས་པ་བརྗོད་པ་ལས། སངས་རྒྱས་འོད་སྲུངས་ཀྱི་དུས་སུ་དེའི་སྦྱིན་བདག་རྒྱལ་པོ་ཀྲྀ་ཀྲི་ཞེས་བྱ་བ་བྱུང་བ། དེའི་རྨི་ལམ་དུ་གླང་པོ་ཆེའི་རྒྱལ་པོ་སྐར་ཁུང་ནས་བྱུང་བ་ལ། དེའི་མཇུག་མ་ཐོགས་པ་དང༌། སྐོམ་པའི་ཕྱི་ནས་ཁྲོན་པས་སྙེག་པ་དང༌། ཕྱེ་བྲེ་གང་དང་མུ་ཏི་བྲེ་གང་ཚོང་བྱེད་པ་དང༌། ཙན་དན་དང་ཤིང་ཕལ་པ་རིན་མཉམ་པར་བྱེད་པ་དང༌། ཀུན་དགའ་ར་བ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པ་མ་བྱིན་པར་ལེན་པས་ཕྲོགས་པ་དང༌། གླང་པོ་ཕྲུ་གུས་སྤོས་ཀྱི་གླང་པོ་འཇིགས་པར་བྱེད་པ་དང༌། སྤྲེའུ་མི་གཙང་བས་གོས་པས་གཞན་ལ་སྐུད་པ་དང༌། སྤྲེའུ་རྒྱལ་པོར་དབང་བསྐུར་བ་མཐོང་བ་དང༌། རས་ཡུག་གཅིག་མི་བཅོ་བརྒྱད་ཀྱིས་བགོས་པ་ལས་རེ་རེའི་ལག་ཏུ་ཡང་རས་ཡུག་ཚང་མ་རེ་བྱུང་བ་དང༌། སྐྱེ་བོའི་ཚོགས་ཆེན་པོ་འདུས་ནས་འཐབ་ཅིང་རྩོད་པ་མཐོང་བ་སྟེ། རྨི་ལམ་བཅུ་རྨིས་པས་བདག་ཉེས་སུ་དོགས་པས་འཇིགས་ཏེ། །བཅོམ་ལྡན་འདས་འོད་སྲུང་ལ་ཞུསསོ། །བཅོམ་ལྡན་འདས་ཀྱིས་དེ་དག་རྒྱལ་པོ་ཁྱོད་ལ་ཉེས་དམིགས་སུ་འགྱུར་བ་མ་ཡིན་གྱི། མ་འོངས་པ་ན་ཚེ་ལོ་བརྒྱ་པའི་ཚེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་མ་སྦྱངས་པའི་དགེ་སློང་རྣམས་ཁྱིམ་ནས་བྱུང་ཡང་གཙུག་ལག་ཁང་དང་རྙེད་པ་ལ་ཆགས་པ་འབྱུང་བས། གླང་པོ་ལུས་ཐོན་ནས་མཇུག་མ་ཐོགས་པ་དེ་ནི། དེའི་ལྟསསོ། །ཁྲོན་པས་སྐོམ་པའི་ཕྱིར་སྙེག་པ་ནི། གཙུག་ལག་ཁང་ན་གནས་པ་ལ་གཞན་གྱིས་ཆོས་བཤད་པ་ན་ཉན་པར་མི་བྱེད་པའི་ལྟསསོ། །ཕྱེ་དང་མུ་ཏིག་བརྗེ་བ་ནི། དེའི་ཚེ་ཉན་ཐོས་རྣམས་བཟའ་བའི་ཆེད་དུ་ཆོས་སྟོན་པ་འབྱུང་བས་དེའི་ལྟསསོ། །ཙན་དན་དང་ཤིང་གཞན་མཉམ་པར་མཐོང་བ་དེ་ནི། དེའི་ཚེ་ཉན་ཐོས་རྣམས་མུ་སྟེགས་ཀྱི་གཞུང་དང༌། སངས་རྒྱས་ཀྱི་བཀའ་མཉམ་པར་འཛིན་པ་འབྱུང་བས་དེའི་ལྟསསོ། །ཀུན་དགའ་ར་བའི་མེ་ཏོག་ལ་སོགས་པ་ཕུན་སུམ་ཚོགས་པ་ཆོམ་པོས་ཕྲོགས་པ་ནི། དེའི་ཚེ་ཉན་ཐོས་མ་བསྡམས་པ་རྣམས་དགེ་འདུན་གྱི་ལོངས་སྤྱོད་ཀྱིས་ཁྱིམ་པའི་ངོ་བསྲུང་བ་འབྱུང་བས་དེའི་ལྟསསོ། །གླང་པོ་ཕྲུ་གུས་སྤོས་ཀྱི་གླང་པོ་འཇིགས་པར་བྱེད་པ་ནི། དགེ་སློང་སྡིག་པ་ཅན་གྱིས་ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་ཟིལ་གྱིས་གནོན་པ་འབྱུང་བས་དེའི་ལྟསསོ། །མི་གཙང་བས་གོས་པའི་སྤྲེའུས་གཞན་ལ་སྐུད་པ་ནི། ཚུལ་ཁྲིམས་ཉམས་པས་ཚུལ་ཁྲིམས་དང་ལྡན་པ་ལ་སྐུར་བ་འགྱུར་བས་དེའི་ལྟསསོ། །སྤྲེའུ་རྒྱལ་པོར་དབང་བསྐུར་བ་ནི། དེའི་དུས་སུ་རྨོངས་པ་རྣམས་རྒྱལ་པོར་དབང་བསྐུར་བ་འབྱུང་བས་དེའི་ལྟསསོ། །མི་བཅོ་བརྒྱད་ཀྱིས་རས་ཡུག་གཅིག་བགོས་པས་སོ་སོའི་ལག་ཏུ་མ་ཉམས་པར་བྱུང་བ་ནི། ཤཱཀྱ་ཐུབ་པའི་བསྟན་པ་སྡེ་པ་བཅོ་བརྒྱད་དུ་གྱེས་ཀྱང་ཐམས་ཅད་རྣམ་པར་གྲོལ་བའི་སྐལ་བ་ཅན་ཡིན་པས་དེའི་ལྟསསོ། །སྐྱེ་བོའི་ཚོགས་འདུས་ནས་འཐབ་རྩོད་བྱེད་པ་ནི། ཤཱཀྱ་ཐུབ་པའི་བསྟན་པ་རྩོད་པའི་ཆོས་ཀྱིས་ནུབ་པར་འགྱུར་བས་དེའི་ལྟསསོ། །ཞེས་བྱ་བའི་དོན་འདི་འབྱུང་ངོ༌། །ཉེས་པ་དགུ་པོ་རྣམས་ནི་ཡུལ་སྣ་ཚོགས་པ་རྣམས་སུ་བྱུང་ནས་ཡུན་རིང་ཞིག་ཏུ་ལོན་ཏེ་སྡེ་པ་བཅོ་བརྒྱད་དུ་གྱེས་པ་ཡང༌། རྒྱལ་པོ་མྱ་ངན་མེད་ཀྱི་རིང་ལ་རྩོད་པའི་རྐྱེན་འགའ་ཞིག་གིས་གྱེས་ཏེ། འདི་ལྟར། དང་པོར་གནས་བརྟན་པ་དང་དགེ་འདུན་ཕལ་ཆེན་པ་གཉིས་སུ་གྱེས། ཕལ་ཆེན་པ་ཡང་རིམ་གྱིས་དགེ་འདུན་ཕལ་ཆེན་སྡེ་པ་དང༌། ཐ་སྙད་གཅིག་པ་དང༌། འཇིག་རྟེན་ལས་འདས་པར་སྨྲ་བ་པ་དང༌། མང་དུ་ཐོས་པ་བ་དང༌། བཏགས་པར་སྨྲ་བ་པ་དང༌། མཆོད་རྟེན་པ་དང༌། ཤར་གྱི་རི་བོ་པ་དང༌། ནུབ་ཀྱི་རི་བོ་པ་སྟེ་བརྒྱད་དོ། །གནས་བརྟན་པ་ཡང་རིམ་གྱིས་བྱེ་བ་ན། གནས་བརྟན་པ་ཉིད་ལ་གངས་རི་པ་ཞེས་ཀྱང་བརྗོད་པ་དང༌། ཐམས་ཅད་ཡོད་པར་སྨྲ་བ་ཉིད་ལ་རྣམ་པར་ཕྱེ་སྟེ་སྨྲ་བའམ། ཁ་ཅིག་མུ་རུན་ཏ་ཀ་བ་ཞེས་ཟེར་བ་དང༌། གནས་མའི་བུ་བ་དང༌། ཆོས་མཆོག་པ་དང༌། བཟང་པོའི་ལམ་པ་དང༌། ཀུན་གྱིས་བཀུར་བ་ལ་ཁ་ཅིག་ཨཱ་བནྟ་ཀ་པ་ཡང་ཟེར། ཁ་ཅིག་ནི་ཀུ་རུ་ཀུ་ལླ་པ་ཞེས་ཀྱང་ཟེར་བ་དང༌། མང་སྟོན་པ་དང༌། ཆོས་སྦས་པ་དང༌། ཆར་བཟང་འབེབས་པ་ལ་ཁ་ཅིག་འོད་སྲུངས་པ་ཟེར་བ་དང༌། བླ་མ་པ་ལ་ཁ་ཅིག་ཕོ་བར་སྨྲ་བ་པ་ཟེར་བ་སྟེ་རྣམ་པ་བཅུར་གྱེསསོ། །དེ་ནི་ལུགས་དང་པོའོ། ། ལུགས་གཉིས་པ་ནི། གཞི་སྔ་མ་བཞིན་ལས་གནས་བརྟན་པ་དང༌། དགེ་འདུན་ཕལ་ཆེན་པ་དང༌། རྣམ་པར་ཕྱེ་སྟེ་སྨྲ་བ་པ་སྟེ་རྩ་བའི་སྡེ་གསུམ་མོ། །གནས་བརྟན་པ་ཡང་ཐམས་ཅད་ཡོད་པར་སྨྲ་བ་དང་གནས་མ་བུའི་སྡེ་པ་གཉིས་སུ་གྱེསསོ། །ཐམས་ཅད་ཡོད་པར་སྨྲ་བ་ཡང་རྣམ་པ་གཉིས་ཏེ། ཐམས་ཅད་ཡོད་པར་སྨྲ་བ་དང༌། མདོ་སྡེ་སྨྲ་བའོ། །གནས་མ་བུ་པ་ཡང་མང་བཀུར་བ་དང༌། ཆོས་མཆོག་པ་དང༌། བཟང་པོའི་ལམ་པ་དང༌། གྲོང་ཁྱེར་དྲུག་པ་སྟེ་གནས་བརྟན་པ་ལ་ཡན་ལག་ལན་གཉིས་དང༌། ཉིང་ལག་དྲུག་ཏུ་གྱེསསོ། །དགེ་འདུན་ཕལ་ཆེན་པ་ལ། དགེ་འདུན་ཕལ་ཆེན་པ་དང༌། ཤར་གྱི་རི་བོ་པ་དང༌། ནུབ་ཀྱི་རི་བོ་པ་དང༌། རྒྱལ་པོའི་རི་པ་དང༌། གངས་རི་པ་དང༌། མཆོད་རྟེན་པ་དང༌། དོན་གྲུབ་པ་དང༌། བ་ལང་གནས་པ་སྟེ་བརྒྱད་དུ་གྱེསསོ། །རྣམ་པར་ཕྱེ་སྟེ་སྨྲ་བ་ལ། ས་སྟོན་པ། འོད་སྲུངས་པ། ཆོས་སྦས་པ། གོས་དམར་བ་སྟེ་བཞི་རུ་གྱེསསོ། །དེ་ལྟར་ན་གནས་བརྟན་པའི་ཉིང་ལག་དྲུག །དགེ་འདུན་ཕལ་ཆེན་པ་བརྒྱད། རྣམ་པར་ཕྱེ་བ་སྨྲ་བ་བཞི་སྟེ། བཅོ་བརྒྱད་དོ། ། ཡང་ལུགས་གསུམ་པ་ནི། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་སུམ་ཅུ་རྩ་བདུན་ན། རྒྱལ་པོ་དགའ་བོ་དང་པད་མ་ཆེན་པོའི་དུས། གྲོང་ཁྱེར་པ་ཏྲ་བི་བུ་ཏར་འོད་སྲུངས་ཆེན་པོ་ལ་སོགས་པ་སོ་སོ་ཡང་དག་པར་རིག་པ་ཐོབ་པ་རྣམས་བཞུགས་པ་ན། བདུད་ཀྱི་ཕྱོགས་སུ་གྱུར་པའི་དགེ་སློང་གནས་བརྟན་ཀླུའི་སྡེ་ཞེས་བྱ་བ་དང༌། ཡིད་བརྟན་པ་ཞེས་བྱ་བ་མང་དུ་ཐོས་པ་དག་གིས་གཞན་ལ་ལན་གདབ་པ་མི་ཤེས་པ། ཡིད་གཉིས། ཡོངས་སུ་བརྟག་པ། བདག་ཉིད་གསོ་བར་བྱེད་པ་སྟེ། གཞི་ལྔ་བསྔགས་པར་བྱེད་པས་རྐྱེན་བྱས་ནས་སྡེ་པ་གཉིས་སུ་གྱེས་ཏེ། གནས་བརྟན་པ་དང༌། དགེ་འདུན་ཕལ་ཆེན་པའོ། །དེ་ལྟར་དྲུག་ཅུ་རྩ་གསུམ་གྱི་བར་དུ་དགེ་འདུན་བྱེ་ཞིང་འཁྲུག་ལོང་གིས་གནས་པ་ལས། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་གཉིས་སོང་བ་ན། གནས་བརྟན་གནས་མའི་བུས་བསྟན་པ་ཡང་དག་པར་བསྡུསསོ། །ལུགས་གསུམ་པ་འདི་ལ་ནི་ཕལ་པ་ཆེན་པ་དྲུག་སྟེ། །ཕལ་ཆེན་པ་དང༌། ཐ་སྙད་གཅིག་པ་དང༌། བ་ལང་གནས་པ་དང༌། མང་དུ་ཐོས་པ་དང༌། བཏགས་པར་སྨྲ་བ་པ་དང༌། མཆོད་རྟེན་པ་རྣམསསོ། །ཐམས་ཅད་ཡོད་པར་སྨྲ་བ་བདུན་ཏེ། ཐམས་ཅད་ཡོད་པར་སྨྲ་བ་དང༌། རྣམ་པར་ཕྱེ་སྟེ་སྨྲ་བ་དང༌། མང་སྟོན་པ་དང་། ཆོས་སྦས་པ་དང༌། གོས་དམར་བ་དང༌། འོད་སྲུངས་པ་དང༌། འཕོ་བ་པ་རྣམསསོ། །གནས་མའི་བུ་པ་བཞི་སྟེ། །གནས་མའི་བུ་པ་དང༌། ཆོས་མཆོག་པ་དང༌། ལམ་བཟང་པ་དང༌། མང་པོས་བཀུར་བ་རྣམསསོ། ། དེ་ལྟར་བཅུ་བདུན་དང༌། གངས་རི་པ་དང༌། བཅོ་བརྒྱད་དོ། །ལུགས་གསུམ་པའི་སྐབས་འདིར་སོ་སོའི་གྲུབ་མཐའ་རྣམས་བྲིས་པ་ལས་ན། སློབ་དཔོན་ལེགས་ལྡན་འབྱེད་ནི་གསུམ་པ་ལྟར་བཞེད་པ་ཡིན་ནམ་སྙམ་མོ། །བོད་རྣམས་ལ་ཕལ་ཆེར་སྡེ་པ་ཆང་ལ་རྩ་བར་བྱེད་ཅེས་གྲགས་ཀྱང་པཎ་ཆེན་གྱི་ཞལ་སྔ་ནས་ཀྱི་ཕྱག་དཔེ་ཐ་སྙད་གཅིག་པ་དང་འཇིག་རྟེན་ལས་འདས་པར་སྨྲ་བ་གཉིས་ཀྱི་ཐུན་མོང་བའི་སོ་སོ་ཐར་པའི་མདོ་ཞིག་འདུག་པ་ན་མི་ཚངས་པར་སྤྱོད་པ་ཉིད་རྩ་བར་བྱས་སྣང་ངོ༌། །ཡང་སྡེ་པ་བཅོ་བརྒྱད་པོ་ཐམས་ཅད་ཀྱི་རྣམ་པར་གྲོལ་བའི་རས་ཡུག་མ་ཉམས་པར་གསུངས་པ་ནི། བདག་ཏུ་སྨྲ་བའི་སྡེ་པ་རྣམས་ལ་བདག་མེད་རྟོགས་པའི་ལམ་ཉིད་མེད་པས། བདག་ཏུ་སྨྲ་བ་དེ་རྣམས་ཀྱི་ཡང་རྣམ་པར་གྲོལ་བའི་ཐབས་ཀྱི་དང་པོ་སོ་སོ་ཐར་པའི་སྡོམ་པ་ནི་དེ་རྣམས་ལ་ཡོད་པས། རས་ཡུག་མ་ཉམས་པའི་དོན་ཡང་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་མ་ཉམས་པ་ལ་བྱ་དགོསསོ། ། གཞུང་ཐ་དད་པ་རིམ་པར་ཀློག་པའི་འཁོར་ལོ་བཙུན་པ་དབྱིག་གཉེན་གྱིས་མཛད་པ་ལས་སློབ་དཔོན་དུལ་བའི་ལྷས་བསྡུས་པར་ནི། ཤར་དང་ནུབ་དང་གངས་རིའི་གནས། །འཇིག་རྟེན་འདས་པར་སྨྲ་བའི་སྡེ། །བཏགས་པར་སྨྲ་བའི་སྡེ་པ་དང༌། །ལྔ་ཚན་དགེ་འདུན་ཕལ་ཆེན་པ། །བཞི་པ་དང་ནི་འོད་སྲུངས་ཏེ། །ས་སྟོན་སྡེ་དང་ཆོས་སྲུངས་སྡེ། །མང་ཐོས་གོས་དམར་སློབ་མ་དང༌། །རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ། །ཐམས་ཅད་ཡོད་པར་སྨྲ་བ་ཡིན། །རྒྱལ་བྱེད་ཚུལ་གནས་འཇིགས་མེད་གནས། །གཙུག་ལག་ཁང་ཆེན་གནས་བརྟན་པ། །ས་སྒྲོགས་རི་དང་སྲུང་བ་པ། །གནས་མ་བུ་ཡི་སྡེ་རྣམས་ནི། །ཀུན་གྱིས་བཀུར་བ་རྣམ་པ་གསུམ། །ཡུལ་དོན་སློབ་དཔོན་བྱེ་བྲག་གིས། །ཐ་དད་རྣམ་པ་བཅོ་བརྒྱད་གསུངས། །ཞེས་འབྱུང་ངོ༌། ། སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པའི་དགེ་སློང་གི་ལོ་དྲི་བ་ཇོ་བོ་དང་ནག་ཚོས་བསྒྱུར་བ་ལས། འོད་སྲུངས་ཞེས་བྱ་ས་སྲུངས་དང༌། །ཆོས་སྲུངས་ཞེས་ནི་བྱ་བ་དང༌། །གཞི་ཀུན་ཡོད་པར་སྨྲ་བ་ནི། །ལྟ་བའི་བྱེ་བྲག་འབའ་ཞིག་གི །རྒྱུ་ཡིས་འདི་དག་ཐ་དད་བྱས། །སྟོན་པ་ཐ་དད་ཡོད་མ་ཡིན། །དགེ་འདུན་ཕལ་ཆེན་དབྱེ་བ་ནི། །དྲུག་སྟེ་ཛར་གྱི་རོ་བོ་དང༌། །དེ་བཞིན་ནུབ་རི་ཞེས་བྱ་དང༌། །གངས་གནས་ཞེས་བྱ་དེ་ལས་གཞན། །རྣམ་པར་ཕྱེ་སྟེ་སྨྲ་བ་དང༌། །གཞན་ནི་དེ་བཞིན་བཏགས་པར་སྨྲ། །འཇིག་རྟེན་འདས་སྨྲ་ཞེས་བྱ་བ། །དེ་དག་ཏུ་ནི་ཡང་དག་སྨྲ། །མང་པོས་བཀུར་བའི་བྱེ་བྲག་ནི། །རྣམ་པ་ལྔར་ནི་མཁས་པས་བསྒྲགས། །གོས་དམར་བ་དང་བསྲུང་བ་པ། །ཀུ་རུ་ཀུལླི་དེ་ལས་གཞན། །མང་དུ་ཐོས་པ་ཞེས་བྱ་དང༌། །གནས་མ་བུ་ཞེས་བྱའོ། །རྒྱལ་བྱེད་ཚལ་ན་གནས་པ་དང་། འཇིགས་མེད་རི་ལ་གནས་པ་དང༌། གཙུག་ལག་ཁང་ཆེན་ལ་གནས་པ། །གནས་བརྟན་དབྱེ་བ་གསུམ་དུ་འདོད། །དེ་ལྟར་བྱེ་བྲག་བཅོ་བརྒྱད་དུ། །ཤཱཀྱ་སེང་གེའི་བསྟན་པ་ནི། །གྱུར་ཏེ་འགྲོ་བའི་བླ་མ་དེའི། སྔོན་གྱི་ཕྲིན་ལས་ཉེས་པ་ཡིན། ཞེས་བཤད་ལ། དགེ་ཚུལ་གྱི་ལོ་དྲི་བ་པཎྚི་ཏ་ནཱ་ར་ཡཱ་ན་དེ་བ་དང་ཞང་ཞུང་བ་རྒྱལ་བའི་ཤེས་རབ་ཀྱིས་བསྒྱུར་བ་ལས་ནི། ས་སྲུངས་པ་ལ་ས་སྟོན་དང༌། ནུབ་ཀྱི་རི་བོ་པ་ལ་བྱང་གི་རི་པ་དང༌། གངས་གནས་པ་ལ་དབུས་པ་དང༌། ཀུ་རུ་ཀུ་ལླ་པ་ལ་ས་སྒྲོགས་རིས་ཞེས་འདོན་ཏེ། །ལོ་དྲི་བ་གཉིས་པོ་མཛད་པ་པོ་གཅིག་པས་གཅིག་ཏུ་འོང་དགོས་ནའང༌། །དཔེ་མི་འདྲ་བ་ལས་ཡིན་ནམ་སྙམ་མོ། །འོ་ན་སྡེ་པ་བཅོ་བརྒྱད་པོ་ཐམས་ཅད་རྒྱལ་པོ་ཀྲྀ་ཀྲིའི་རྨི་ལམ་ལུང་བསྟན་པ་ལས། སངས་རྒྱས་ཀྱི་བསྟན་པ་ནི་བསྡུས་ལ་སྡེ་པ་རྣམས་ལ་བསྙེན་པར་རྫོགས་པའི་ཆོ་གའི་ཚིག་ཤིན་ཏུ་མི་འདྲ་བ་ཡོད་ན། ཆོ་ག་དེ་དག་ཐམས་ཅད་ལས་སྡོམ་པ་སྐྱེ་རུང་ན། སྟོན་པ་ཉིད་ཀྱིས་ཆོ་ག་མི་འདྲ་བ་དག་གསུངས་པ་ཡིན་ནམ། ཕྱིས་ཀྱི་སློབ་དཔོན་སོ་སོས་ཆོ་ག་མི་འདྲ་བ་དག་བྱས་པ་ཡིན། སྟོན་པ་ཉིད་ཀྱིས་གསུངས་ན་ནི་དང་པོ་ནས་སྡེ་པ་གྱེས་པར་འགྱུར་ལ། ཕྱིས་སློབ་དཔོན་སོ་སོས་བྱས་ན་ནི་ཆོ་ག་དེ་ལས་བསྙེན་པར་རྫོགས་པའི་སྡོམ་པ་ཇི་ལྟར་སྐྱེ་ཞེ་ན། འདིར་དེ་ལྟར་དཔྱད་པར་བྱ་བ་ནི་འོས་མོད་ཀྱི། སྟོན་པ་ཉིད་ཀྱིས་དངོས་སུ་གསུངས་པ་མ་ཡིན་པས་དང་པོ་ནས་གྱེས་པར་མི་འགྱུར་ལ། ཕྱིས་སློབ་དཔོན་སོ་སོས་བྱས་པ་དག་ཀྱང་སྟོན་པའི་དགོངས་པ་དང་མི་འགལ་བས། ཆོ་ག་དེ་རྣམས་ལས་ཀྱང་བསྙེན་པར་རྫོགས་པའི་སྡོམ་པ་འཐོབ་བོ་ཞེས་བྱ་བ་ནི་མཁས་པ་དག་གི་བཞེད་པ་ཡིན་པར་འདོད་དེ། འོད་ལྡན་ལས་ཀྱང༌། སངས་རྒྱས་ཀྱི་བསྟན་པ་ནི་ཚིག་འབྲུ་ཉིད་ལ་མི་བྱ་བར་དོན་ལ་བྱ་བར་གསུངས་ནས། སྡེ་པ་བཅོ་བརྒྱད་པོ་ཐམས་ཅད་ནག་པོ་བསྟན་པ་མ་ཡིན་པར་ཆེན་པོ་བསྟན་པའི་ཁོངས་སུ་བསྡུས་སྣང་བའི་ཕྱིར་རོ། ། སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པས་ཀྱང་ཐུབ་པ་དགོངས་པའི་རྒྱན་དུ། གལ་ཏེ་ད་ནི་སྡེ་པའི་གཞུང་འདི་རྣམས་བཀར་མི་འདོད་ན་བསྙེན་པར་རྫོགས་པ་ལ་སོགས་པའི་ལས་ཇི་ལྟར་འགྲུབ། དགེ་སློང་ཉིད་མེད་ན་སྐྱོན་མང་པོ་རྣམས་སུ་འགྱུར་རོ་ཞེ་ན། བསྙེན་པར་རྫོགས་པའི་དངོས་པོ་དེ་ཡང་ཡོད་པའམ་མེད་པ་ཇི་ལྟར་ཤེས་པར་བྱ་སྟེ། །མངོན་སུམ་ལས་མ་ཡིན་ཞིང་རྗེས་སུ་དཔག་པ་ལས་ཀྱང་མ་ཡིན་ཏེ། རྟགས་མེད་པའི་ཕྱིར་རོ། །འོན་ཀྱང་གཞུང་འདི་རྣམས་བཀའ་ཉིད་དམ་བཀའ་མ་ཡིན་པ་ཉིད་ན་ཡང་བསྙེན་པར་རྫོགས་པ་ལ་སོགས་པའི་ལས་རྣམས་འགྲུབ་བོ། །བསྙེན་པར་རྫོགས་པ་རྣམ་པ་བཅུའོ་ཞེས་འདུལ་བ་འཛིན་པ་རྣམས་སྨྲ་བ་འདི་ལྟ་སྟེ། རང་བྱུང་ཉིད་ཀྱིས་ནི་སངས་རྒྱས་རྣམས་དང་རང་སངས་རྒྱས་རྣམས་ཀྱིའོ། །སྐྱོན་མེད་པ་ལ་ཞུགས་པས་ཅང་ཤེས་ཀཽ་ཊི་ནྱ་དང༌། རྟ་ཐུལ་དང༌། བཟང་ལྡན་དང༌། རླངས་པ་དང༌། མིང་ཆེན་སྟེ་ལྔ་རྣམས་ཀྱིའོ། །དགེ་སློང་ཚུར་ཤོག་གིས་གྲགས་པ་ལ་སོགས་པ་རྣམས་ཀྱིའོ། །སྟོན་པར་ཁས་བླངས་པ་ལས་འོད་སྲུང་ཆེན་པོའི་འོ། །དྲིས་ཤིང་མཉེས་པས་ལེགས་བྱིན་གྱིའོ། །ལྕི་བའི་ཆོས་ཁས་བླངས་པས་སྐྱེ་དགུའི་བདག་མོ་ཆེན་མོའི་འོ། །འདུལ་བ་འཛིན་པ་དང་ལྔ་པས་ཡུལ་མཐའ་འཁོབ་རྣམས་སུའོ། །བཅུའི་ཚོགས་ཀྱིས་དབུས་རྣམས་སུའོ། །སྐྱབས་སུ་འགྲོ་བ་གསུམ་བརྗོད་པས་བཟང་སྡེའི་ཚོགས་དྲུག་ཅུ་རྣམས་ཀྱིའོ་ཞེསསོ། །དེ་ལྟར་རྗེས་སུ་གནང་བའི་བཀའ་རྣམས་བཀླགས་པ་ཀྱང་གསོལ་བ་བྱེད་དེ། དོན་གྱིས་དེ་རྣམས་དེ་བཞིན་གཤེགས་པས་གསུངས་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། །སངས་རྒྱས་ཀྱི་གསུང་ནི་དོན་ལ་རྟོན་པ་སྟེ། ཚིག་འབྲུ་ལ་རྟོན་པ་ནི་མ་ཡིན་ནོ་ཞེསསོ། །ཞེས་གསུངསསོ། །སྡེ་པ་བཅོ་བརྒྱད་དུ་གྱེས་པའི་སྐབསསོ། ། ༡.༦ སོ་སོར་ཐར་པའི་སྡོམ་བརྒྱུད་ཀྱི་སྐབས། གངས་ཅན་གྱི་ཁྲོད་འདིར་བསྙེན་པར་རྫོགས་པའི་སྡོམ་པའི་བརྒྱུད་པ་གསུམ་སྟེ། དང་པོ་ནི་སློབ་དཔོན་ཀླུ་སྒྲུབ། ལེགས་ལྡན་འབྱེད། དཔལ་སྦས། ཡེ་ཤེས་སྙིང་པོ་ཞི་བ་འཚོ། སྦ་རཏྣ་ལས་བརྒྱུད་དེ། བླ་ཆེན་དགོངས་པ་རབ་གསལ་གྱི་རིམ་པ་ལས་བརྒྱུད་ནས་ཁམས་དང་དབུས་གཙང་དུ་ཀླུ་མེས་ལ་སོགས་པ་ལས་རིམ་གྱིས་བྱུང་བའོ། ། གཉིས་པ་ནི། པཎྚི་ཏ་དྷརྨ་པཱ་ལའི་མཁན་བུ་པཱ་ལ་རྣམ་གསུམ་གྱི་སློབ་མ་ཞང་ཞུང་རྒྱལ་བའི་ཤེས་རབ་ནས་བརྒྱུད་པ་དང༌། སྟོད་འདུལ་བ་ཞེས་གྲགས་པ་དག་གོ། ། གསུམ་པ་ནི། ཀླུ་སྒྲུབ་ཀྱི་མཁན་བུ་གུ་ཎ་མ་ཏི། རཏྣ་མི་ཏྲ། ཤྲི་དྷརྨ་པཱ་ལ། གུ་ཎ་སཱ་ག་ར། དྷརྨ་མཱ་ལ། ཨཱ་ཀ་ར་གུཔྟ། པཎ་ཆེན་ཤཀྱ་ཤྲཱི་བྷ་དྲ། །དེས་བོད་ཡུལ་དུ་ས་སྐྱ་པཎ་ཆེན་ལ་སོགས་པ་མང་པོ་བསྙེན་པར་རྫོགས་ཤིང༌། རྡོ་རྗེ་དཔལ་དང་བྱང་ཆུབ་དཔལ་ཞེས་བྱ་བ་ལས་རིམ་གྱིས་ཚོགས་པ་སྡེ་བཞི་པོ་འདི་བྱུང་བ་ཡིན་ནོ། །ཐུབ་པའི་དབང་པོ་གཉིས་པ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་ཡང་དགེ་སློང་གི་དངོས་པོ་ནི་པཎ་ཆེན་གྱི་བརྒྱུད་པ་ལས་བརྙེསསོ། །འཇམ་དཔལ་རྩ་བའི་རྒྱུད་ལས། །དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན། །དགེ་སློང་ཀླུ་ཞེས་དེ་འབོད་འབྱུང༌། །བསྟན་པ་འདི་ལ་དད་ཅིང་ཕན། །རབ་ཏུ་དགའ་བའི་ས་ཐོབ་པ། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །རིག་པ་རྨ་བྱ་ཆེན་མོ་ནི། །བདག་ཉིད་ཆེན་པོ་དེས་ཀྱང་འགྲུབ། །བསྟན་བཅོས་སྣ་ཚོགས་དོན་དང་ནི། །དངོས་པོ་མེད་པའི་དོན་དེ་རིག །གང་ཚེ་ལུས་དེ་བོར་བ་ན། །བདེ་བ་ཅན་དུ་སྐྱེ་བར་འགྱུར། །དེ་ནི་མཐར་གྱིས་སངས་རྒྱས་ཉིད། །ངེས་པ་ཁོ་ནར་ཡང་དག་འཐོབ། །ཅེས་བྱ་བ་དང༌། ཐོགས་མེད་ཅེས་བྱའི་དགེ་སློང་ནི༌། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །འཇིག་རྟེན་རིག་པ་སྟོན་བདག་ཉིད། །གཞུང་བྱེད་ངང་ཚུལ་ཅན་དུ་འགྱུར། ཞེས་ལུང་བསྟན་པའི་སློབ་དཔོན་གཉིས་ཀྱིས་སོ་སོ་ཐར་པ་དང་ཐེག་པ་ཆེན་པོའི་ཚུལ་རྒྱས་པར་མཛད་དེ། །ཀླུ་སྒྲུབ་འཇིག་རྟེན་དུ་བྱུང་བ་ན་དགེ་སློང་བྱི་བོ་མང་པོ་ཡོད་པ་དེ་རྣམས་སློབ་དཔོན་གྱིས་བསྐྲད་དེ། །བསྟན་པ་རྒྱས་པར་མཛད་དོ། །འདིར་བསྐལ་བཟང་གི་སངས་རྒྱས་སྐལ་ལྡན་ཤིང་རྟར། རྗེ་བཙུན་མས་ཁ་ཆེ་པཎ་ཆེན་ལ་ལུང་བསྟན་པའི་རྒྱ་མ་དབོན་སྟོན་གྱི་གསུང་ལས། ཤྲཱི་སྠཱ་ནཱའི་ནུབ། ཤྲཱི་སརྦ་ཏའི་ཤར་ཕྱོགས་གྲོང་ཁྱེར་བསོད་ནམས་དང་ལྡན་པར་སློབ་དཔོན་ཀླུ་སྒྲུབ་འཁྲུངས། དགུང་ལོ་ཉེར་བརྒྱད་པ་ལ་མཁན་པོ་དྲི་མ་མེད་པའི་གཟི་བརྗིད་ཅན་ཞེས་བྱ་བ་སྦྱོར་ལམ་པ་གཅིག་དང༌། སློབ་དཔོན་ཛྙཱ་ན་ཞེས་བྱ་བ་རྒྱུན་ཞུགས་ཅིག་ལས་རབ་ཏུ་བྱུང་ཞེས་གསུང་ལ། གཞན་ཕལ་ཆེར་ནི་མཁན་པོ་སྒྲ་གཅན་ཟིན་བཟང་པོ་ལས་རབ་ཏུ་བྱུང་བར་འཆད་དེ། ཇི་ལྟར་ཡང་རུང༌། སློབ་དཔོན་འདི་དང་སློབ་དཔོན་ཐོགས་མེད་གཉིས་ཀ་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ཡིན་ཞིང༌། བསྟན་པ་རྒྱས་པར་མཛད་པ་མཆོག་ཏུ་གྱུར་པ་ཡིན་ལ། བོད་ཀྱི་རབ་བྱུང་རྣམས་ཀྱང་སློབ་དཔོན་ཀླུ་སྒྲུབ་ལས་བརྒྱུད་པའོ། །སློབ་དཔོན་དེ་གཉིས་ཀྱིས་མཛད་པའི་བསྟན་བཅོས་ཆེན་པོ་འགྲེལ་པ་དང་བཅས་པའང་བོད་དུ་མང་དུ་འགྱུར་འདུག་གོ །སོ་སོ་ཐར་པའི་སྡོམ་བརྒྱུད་ཀྱི་སྐབསསོ། །རྒྱ་གར་དུ་བསྟན་པའི་སྦྱིན་བདག་མཛད་པའི་རྒྱལ་པོ་མྱ་ངན་མེད་ནི། སྔར་བཤད་པ་ལྟར་ཤིན་ཏུ་གྲགས་ཆེ་ལ། གཞན་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྒྱ་གར་གྱི་རྒྱལ་རབས་ནི་སུ་ལའང་ཡོད་པ་མ་ཐོས་པས་བྲི་བར་མ་ནུསསོ། ། ༡.༧ བོད་ཀྱི་རྒྱལ་རབས་ཀྱི་སྐབས། བོད་འདིའི་རྒྱལ་རབས་ནི། སྔོན་ཆད་རྒྱལ་ཕྲན་སིལ་མ་བཅུ་གཉིས་ལ་སོགས་པ་བྱུང་ཟེར་ཡང་རྒྱལ་ཕྲན་ཉིད་དུ་ཟད་ཅིང༌། དེ་དག་གི་བརྒྱུད་པས་བསྟན་པ་ལ་བྱ་བ་བྱས་པའི་གཏམ་ཡང་ཡོད་པ་མ་ཡིན་ནོ། །དེས་ན་བོད་ཀྱི་མཁས་པ་རྣམས་རྗེ་གཉའ་ཁྲི་བཙན་པོ་ནས་རྒྱལ་པོའི་རབས་བརྗོད་པར་སྣང་བས་བྲི་བར་བྱའོ། །དེ་ལ་བཅོས་མ་ལ་དགའ་བ་ཁ་ཅི་གིས་དམ་པ་སངས་རྒྱས་ཀྱིས་བོད་དུ་ལན་བདུན་བྱོན་པའི་དང་པོ་བོད་ཆུ་ཡིས་གང༌། གཉིས་པ་ལ་ཆུ་བྲི་ཞིང་རྩི་ཤིང་ནགས་ཚལ་དང་ཤ་རྐྱང་ཐོ་རེ་བ་ཡོད་ཟེར་བ་ལ་སོགས་པ་ཡོད་མོད་ཀྱི། བརྒྱུད་པ་ཕྱི་མ་པ་རྣམས་ཀྱི་ཡི་གེ་ལས། དམ་པས་སྐུ་ཚེ་ལྔ་བརྒྱ་དང་བཅུ་བདུན་བཞེས་པ་ན་དིང་རིར་ཞི་བར་གཤེགས་པར་འཆད་དེ། གཏམ་སྔ་མ་དེ་ནི་བློ་བྱས་འབའ་ཞིག་གོ །བོད་ཀྱི་ཡུལ་འདི་ཡང་རྒྱ་གར་དང་འདྲ་བར། ཡུལ་དང་མི་ལ་སོགས་པ་གནས་པའི་བསྐལ་པ་ནས་བྱུང་བར་བྱས་ན་ཡང་ལུང་དང་རིགས་པའི་གནོད་པ་མེད་ཅིང༌། སྟོན་པ་ཐུབ་པ་བྱོན་པའི་དུས་ལས་སྔ་བ་རྩོད་ལྡན་གྱི་ཐོག་མ་སྐྱ་སེང་བུ་ལྔས་དཔུང་ཚོགས་ཡན་ལག་བཅོ་བརྒྱད་དམ་བཅུ་གཉིས་བཅོམ་པའི་ཚེ། །རུ་པ་ཏི་ཞེས་བྱ་བའི་རྒྱལ་པོ་དཔུང་གི་ཚོགས་གཅིག་དང་བཅས་པ་གཡུལ་འགྱེད་པའི་ཚེ། བུད་མེད་ཀྱི་ཆ་ལུགས་སུ་བྱས་ནས་བྲོས་ནས་རི་ཁ་བ་ཅན་གྱི་རི་ཁྲོད་དུ་ཞུགས་ཏེ་གནས་པའི་རིགས་ལས། དིང་སང་ན་ཡང་བོད་ཅེས་བྱ་བ་གྲགས་པ་ཡིན་ནོ་ཞེས་སློབ་དཔོན་ཤེས་རབ་གོ་ཆས་བཤད་དེ། སྔོན་གྱི་ཡི་གེ་རྙིང་པ་རྣམས་ལས་ཡུལ་འདི་ལ་སྔོན་མིང་པུ་རྒྱལ་ཞེས་ཟེར་ལ། ཕྱིས་བོད་ཅེས་བྱ་བ་འཆད་པ་ཡང་སློབ་དཔོན་ཤེས་རབ་གོ་ཆའི་གསུང་དང༌སྦྱར་ན་འབྱོར་རོ། །ཁྱད་པར་དུ་ཐུབ་པ་བཞུགས་པའི་དུས་ན་བོད་ཅེས་བྱ་བ་ལུང་རྣམ་འབྱེད་དུ་བཤད་ལ། དུས་ཀྱི་འཁོར་ལོར་ཡང༌། འཕགས་པ་བོད་ལ་སོགས་རྣམས་ལ། ཞེས་གསུངས་སྣང་ངོ༌། །དེ་ལ་གཉའ་ཁྲི་བཙན་པོ་ཤཱཀྱ་ཆེན་པོ་དང༌། ཤཱཀྱ་རི་བྲག་པ་དང༌། ཤཱཀྱ་ལི་ཙ་བྱི་གསུམ་པོའི་རིགས་གང་ཡིན་པ་ལ་མ་མཐུན་པ་ཡོད་ཀྱང༌། འཇམ་དཔལ་རྩ་བའི་རྒྱུད་ན་སྲོང་བཙན་ནས་དར་མ་ཡན་ཆོད་དུ་ལུང་བསྟན་པ་ཤིན་ཏུ་གསལ་བ་ཞིག་སྣང་ལ། དེའི་སྐབས་སུ་རྩ་བའི་རྒྱུད་ལས། ལི་ཙ་བྱི་རྣམས་རིགས་སུ་བྱུང༌། ཞེས་འབྱུང་བས་ལི་ཙ་བྱིའི་རིགས་ཡིན་པ་དག་གོ །དེ་ལྟ་ན་དང་པོ་ཁྲི་བཙན་པོ་འོད་ལྡེ། དེ་ནས་མུ་ཁྲི་བཙན་པོ། དིང་ཁྲི་བཙན་པོ། སོ་ཁྲི་བཙན་པོ། མེར་ཁྲི་བཙན་པོ། གདགས་ཁྲི་བཙན་པོ། སྲིབས་ཁྲི་བཙན་པོ། དེ་དག་ནི་གནམ་གྱི་ཁྲི་བདུན་ནོ། །དེའི་སྲས་གྲི་གུམ་བཙན་པོ། སྤུ་དེ་གུང་རྒྱལ། དེ་དག་ནི་བར་གྱི་ལྟེངས་གཉིསསོ། །ཨེ་ཤོ་ལེགས། དེ་ཤོ་ལེགས། ཐི་ཤོ་ལེགས། གུ་རུ་ལེགས། འབྲོང་ཞི་ལེགས། ཨི་ཤོ་ལེགས། །དེ་དག་ས་ཡི་ལེགས་དྲུག་གོ །ཟ་ནམ་ཟི་ལྡེ། ལྡེ་འཕྲུལ་ནམ་གཞུང་བཙན། སེ་ནོལ་ནམ་ལྡེ། སེ་རྣོལ་པོ་ལྡེ། ལྡེ་རྣོལ་ནམ། ལྡེ་རྣོལ་པོ། ལྡེ་རྒྱལ་པོ། ལྡེན་སྤྲིན་བཙན། དེ་དག་ལྡེ་བརྒྱད་དོ། །རྒྱལ་ཏོ་རི་ལོང་བཙན། ཁྲི་བཙན་ནམ། ཁྲི་སྦྲ་དཔུངས་བཙན། ཁྲི་ཐོག་རྗེ་ཐོག་བཙན། ལྷ་ཐོ་ཐོ་རི་གཉན་བཙན། ཁྲི་གཉན་གཟུངས་བཙན། འབྲོ་གཉན་ལྡེའུ། སྟག་རི་གཉན་གཟིགས། །གནམ་རི་སྲོང་བཙན། སྲོང་བཙན་སྒམ་པོ། གུང་སྲོང་གུང་བཙན། མང་སྲོང་མང་བཙན། འདུས་སྲོང་མང་པོ་རྗེ། ཀླུང་ནམ་འཕྲུལ་གྱི་རྒྱལ་པོ། ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམས། ཁྲི་སྲོང་ལྡེ་བཙན། མུ་ནེ་བཙན་པོ། ཁྲི་ལྡེ་སྲོང་བཙན། རལ་པ་ཅན། ཁྲི་འུམ་བཙན་དར་མ། དེའི་སྲས་གནམ་ལྡེ་འོད་སྲུངས། དེའི་སྲས་དཔལ་འཁོར་བཙན། དེ་འབངས་ཀྱིས་བཀྲོངས་དབུས་གཙང་མཐིལ་གྱི་རྒྱལ་སྲིད་ཤོར་ནས། སྲས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་དང༌། སྐྱིད་ལྡེ་ཉི་མ་མགོན་གཉིས་ཡོད་པ། ཁྲི་བཀྲ་ཤིས་རྩེགས་པ་དཔལ་གཙང་སྟོད་དུ་བཞུགས། ཉི་མ་མགོན་མངའ་རིས་སུ་བྱོན། དེ་ལ་སྲས་གསུམ་སྟེ། །དཔལ་གྱི་མགོན། བཀྲ་ཤིས་ལྡེ་མགོན། ལྔ་གཙུག་མགོན་རྣམསསོ། །ཆེ་བས་མང་ཡུལ། བར་པས་སྤུ་ཧྲངས། ཆུང་བས་ཞང་ཞུང་སྟེ་གུ་གེའི་མངའ་ཞབས་ན་ཡོད་པ་ཡིན་ནོ། །བཀྲ་ཤིས་མགོན་ལ་སྲས་གཉིས་ཏེ། འཁོར་རེ་དང་སྲོང་ངེའོ། །འཁོར་རེ་ལ་སྲས་ནཱ་ག་རཱ་ཛ་དང་དེ་བ་རཱ་ཛ་གཉིསསོ། །འཁོར་རེ་ཡབ་སྲས་གསུམ་རབ་ཏུ་བྱུང་ནས་སྲོང་ངེ་ལ་སྲིད་གཏད། དེའི་སྲས་ལྷ་སྡེ། དེའི་སྲས་འོད་སྡེས་སྲིད་གཟུང༌། གཅུང་པོ་བྱང་ཆུབ་འོད་དང་ཞི་བ་འོད་གཉིས་རབ་ཏུ་བྱུང༌། འོད་སྡེའི་སྲས་རྩེ་ལྡེ། དེའི་སྲས་འབར་སྡེ། དེ་ནས་བཀྲ་ཤིས་སྡེ། བྷ་སྡེ། ནཱ་ག་དེ་བ། བཙན་ཕྱུག་ལྡེ། བཀྲ་ཤིས་ལྡེ། ། གྲགས་བཙན་ལྡེ། གྲགས་པ་ལྡེ།ཨ་སོག་ལྡེ། དེའི་སྲས་འཛི་དར་རྨལ་དང་ཨ་ནན་རྨལ་གཉིས། ཕྱི་མའི་སྲས་རེའུ་རྨལ། དེ་ནས་སངྒྷ་རྨལ། འཛི་དར་རྨལ་གྱི་བུ་ཨ་འཛིད་རྨལ། དེའི་བུ་ཀ་ལན་རྨལ། དེའི་བུ་བར་བཏབ་རྨལ། དེས་ཡ་ཚེའི་རྒྱལ་བརྒྱུད་ཆད། ཁྲི་བཀྲ་ཤིས་བརྩེགས་པ་དཔལ་ལ་སྲས་དཔལ་ལྡེ་འོད་ལྡེ་སྐྱིད་ལྡེ་གསུམ། བར་པ་འོད་ལྡེ་ལ་སྲས་བཞི་ལས་གསུམ་པ་ཁྲི་ཆུང༌། དེའི་སྲས་འོད་སྐྱིད་འབར། དེ་ལ་སྲས་བདུན་ལས་གཡུ་ཅན། དེའི་སྲས་ཇོ་དགའ། དེ་ལ་སྲས་གསུམ་ལས་བར་པ་དར་མ། དེ་ལ་སྲས་བཞི་ལས་ཇོ་བོ་རྣལ་འབྱོར། དེ་ལ་སྲས་གསུམ་ལས་ཆེ་བ་ཇོ་འབག །དེ་ལ་སྲས་ལྔ་ལས་ཆེ་བ་ཇོ་བོ་ཤཱཀྱ་མགོན། དེའི་སྲས་ཇོ་བོ་ཤཱཀྱ་བཀྲ་ཤིས། དེ་ལ་སྲས་གཉིས་ལས་ཆུང་བ་མངའ་བདག་གྲགས་པ་རིན་ཆེན། དེ་ལ་སྲས་བཞི་ལས་གཉིས་པ་ཤཱཀྱ་མགོན། དེའི་སྲས་ཆོས་རྗེ་བཙན་པོ་ཤཱཀྱ་རིན་ཆེན་ལྡེའོ། །བརྒྱུད་པ་དེ་རྣམས་ལས་དར་མ་མ་གཏོགས། །སྲོང་བཙན་མན་ཆད་ཐམས་ཅད་ཀྱིས་དཀོན་མཆོག་གསུམ་ལ་བླ་མར་མཛད་དོ། །བོད་ཀྱི་རྒྱལ་རབས་ཀྱི་སྐབ་སོ། ། ། ༡.༨ ཆོས་རྒྱལ་མེས་དབོན་རྣམས་ཀྱིས་བསྟན་པ་གཙུགས་པའི་སྐབས། ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་ཙནྟ་མ་ཎིའི་གཟུངས་དང༌། སྤང་བཀོང་ཕྱག་བརྒྱ་པ་ལ་སོགས་པ་ནམ་མཁའ་ནས་བབས་ཤིང༌། མཆོད་པ་བྱས་པས། སྲིད་དང་རྒྱལ་པོའི་ཚེ་འཕེལ་ཏེ། དམ་པ་ཆོས་ཀྱི་དབུ་བརྙེས་ཡིན་ཞེས་གྲགས་པ་ལ། ནེལ་པ་པཎྚི་ཏ་ན་རེ། བོན་པོ་ནམ་མཁའ་ལ་དགའ་བས་ནམ་མཁའ་ནས་བབས་ཟེར་བ་བོན་གཏམ་ཡིན་གྱི། དོན་ལ་པཎྚི་ཏ་བློ་སེམས་འཚོ་དང༌། ལོ་ཙཱ་བ་ལི་ཐེ་སེས་ཆོས་དེ་དག་ཁྱེར་འོངས་པ་ལ། རྒྱལ་པོས་ཡི་གེ་མི་ཤེས་ཤིང༌། དོན་མི་གོ་བས་པཎྚི་ཏ་དང་ལོ་ཙཱ་བ་ཕྱིར་ལོག་ཟེར་བ་འདི་དག་པ་འདྲ་སྟེ། དུས་ཕྱིས་དབའ་གསལ་སྣང་གིས་བལ་པོར་ཕྱིན། མཁན་པོ་ཞི་བ་འཚོ་དང་མཇལ་བའི་ཚེ། མཁན་པོའི་གསུང་ལ་བོད་ཀྱི་བཙན་པོ་དང༌། ཁྱོད་དང༌། ང་དང་གསུམ་གྱིས། འོད་སྲུངས་ཀྱི་བསྟན་པ་ལ་བྱ་རྫི་མའི་བུ་གསུམ་དུ་གྱུར་ནས་བོད་དུ་བསྟན་པ་སྤེལ་བའི་སྨོན་ལམ་བཏབ་པ་ཡིན་ཏེ། བཙན་པོ་ཡང་མ་སྐྱེས། ཁྱོད་ཀྱང་ནར་མ་སོན་པས། ངས་འདི་ན་བོད་ཀྱི་རྒྱལ་རབས་དགུ་ཡི་བར་དུ་སྒུག་ཅིང་བསྡད་པ་ཡིན་གསུངས་པ། སྦ་བཞེད་གཙང་མ་ན་སྣང་བའི་ཕྱིར་ཏེ། བོ་དྷི་ས་ཏྭ་བློ་སེམས་སུ་ལི་ཐེ་སེས་བསྒྱུར། འཚོ་ཞེས་པ་ཞི་བ་འཚོ་དང་འབྱོར་པསསོ། །དེ་ལ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་ཆོས་ཀྱི་དབུ་བརྙེས་པ་ནི། ཆོས་ཀྱི་གླེགས་བམ་ཙམ་བྱུང་བ་ཡིན་གྱི། བྲི་བ་དང་བཀླག་པ་དང་འཆད་བ་སོགས་ནི་མེད་དོ། །སྲོང་བཙན་སྒམ་པོའི་རིང་ལ་ཐོན་མི་སམྦྷོ་ཊ་རྒྱ་གར་དུ་བརྫངས་ནས། སློབ་དཔོན་ལྷ་རིག་པའི་སེང་གེ་ཞེས་བྱ་བ་ལ་ཡི་གེ་དང་སྐད་ལེགས་པར་བསླབས། བོད་དུ་འོངས་ནས། རྒྱ་གར་གྱི་ཕྱི་མོ་ལྔ་བཅུ་ལས་བོད་དུ་ཕྱི་མོ་སུམ་ཅུར་བྱས། དབྱངས་བཅུ་དྲུག་ལས་ཨ་ཨི་ཨེ་ཨོ་ཨུ་རྣམས་ཉེ་བར་མཁོ་ཞིང༌། གཞན་རྣམས་བཞག་ཨ་གསལ་བྱེད་ཀྱི་ཟླ་ལ་བཀོད། གསལ་བྱེད་ལས་ཀྱང་ཊའི་སྡེ་པ་དོར། སྡེ་པ་གཞན་བཞིའི་ཡང་བཞི་པ་རྣམས་དང་ཥ་སོགས་མི་དགོས་པར་གཟིགས་ནས་བཞག །ཙ་ཚ་ཛ་རྣམས་རྒྱ་གར་ཤར་ཕྱོགས་པ་འགའ་ཞིག་གིས་ཅ་ཆ་ཇ་ཞེས་ཟེར་ཏེ། དེ་གསུམ་བཀོད། རྒྱ་གར་ལ་མེད་ཀྱང་བོད་ལ་ཞ་དང་ཟ་དང་འ་རྣམས་དགོས་པར་དགོངས་ཏེ་བཙུད། གསུམ་པོ་དེ་ཡང་ཞ་ནི་ཤ་དང་མཐུན་པས་བལ་པོ་ནས་པཎྚི་ཏ་གཅིག་གིས་ཆོས་རྗེ་བུ་སྟོན་ལ་ཡི་གེ་བསྐུར་བ་ན། ཤ་ལུ་པཎི་ཏ་ཟེར་བ་བྱས། ཟ་ནི་ས་དང་མཐུན་པས་རྒྱ་གར་བ་རྣམས་ལ་ས་ཧོར་ཟེར་བ་ལ་བོད་ཀྱིས་ཟ་ཧོར་དུ་འབོད། འ་ནི་ཨ་དང་མཐུན་ནོ། །དེ་ལྟར་བྱས་པ་ལ་རྒྱལ་པོས་ཀྱང་ཡུན་རིང་དུ་ཡི་གེ་སློབ་ཚུལ་བསྟན། ཐོན་མིས་མདོ་སྡེ་དཀོན་མཆོག་སྤྲིན་བསྒྱུར། གཞན་ཡང་རྒྱལ་པོས་ཆོས་ཀྱི་བདག་པོ་མཛད་ནས། སྤྱན་རས་གཟིགས་ཡི་གེ་དྲུག་མ་དང༌། འཕགས་པ་གཤིན་རྗེའི་གཤེད་དང༌། ཆོས་སྐྱོང་མགོན་པོ་དང༌། ལྷ་མོ་ལ་སོགས་པ་རྣམས་ཀྱི་ཆོས་སྣ་མང་དུ་གསུངས། དེས་མང་པོར་བསམ་གཏན་བསྒོམ་དུ་བཅུག་ནས་རྫུ་འཕྲུལ་ཐོབ་པ་མང་དུ་ཡོད་པ་སྣང༌། སྒོམ་གནས་ཀྱང་མང་དུ་བཙུགས། དབུས་ཀྱི་ཁྲ་འབྲུག་དང༌། མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་ཡང་མང་དུ་བཞེངས། བཙུན་མོ་གཉིས་པོས་ཀྱང་འཕྲུལ་སྣང་དང་ར་མོ་ཆེའི་གཙུག་ལག་ཁང་བཞེངས། གསོད་པ་དང་བརྐུ་བ་དང་བྱི་བྱེད་པ་རྣམས་ལ་ཆད་པ་དང་བཅས་པའི་ཁྲིམས་ལེགས་པར་བཅས། འབངས་རྣམས་ལའང་ཡི་གེ་དང༌། མི་ཆོས་བཅུ་དྲུག་ལ་སོགས་པའི་ཆོས་ལུགས་ལེགས་པར་བསླབ་སྟེ། །རབ་ཏུ་བྱུང་བ་ལ་གསར་དུ་འཛུད་པ་མ་གཏོགས་ཆོས་གཞན་ཤིན་ཏུ་དར་བས་བོད་ཁམས་དཀར་པོར་བྱས་པ་ཡིན། ཕྱིས་ཁྲི་ལྡེ་གཙུག་བརྟན་གྱི་བློན་པོས་མཆིམས་ཕུའི་རྫ་གསེབ་ནས་རྒྱལ་པོ་སྲོང་བཙན་གྱི་གསུང༌། ངའི་དབོན་སྲས་དེའི་མིང་ལ་ལྡེ་བཏགས་པ་ཞིག་འབྱུང༌། དེས་སངས་རྒྱས་ཀྱི་བསྟན་པ་རྒྱས་པ་བྱེད་དོ་ཞེས་པ་ཟངས་ཀྱི་བྱང་བུ་ལ་བྲིས་པ་རྙེད་པས། ལྡེ་དེ་ང་ཡིན་སྙམ་ནས། བྲག་དམར་འགྲན་བཟང་ལ་སོགས་པའི་གཙུག་ལག་ཁང་འགའ་ཞིག་ཀྱང་བརྩིགས། ལི་ཡུལ་ནས་དོན་པའི་རབ་ཏུ་བྱུང་བ་རྣམས་དང་རྒྱའི་ཡུལ་ནས་ཧྭ་ཤང་མང་པོ་སྤྱན་དྲངས་ཏེ་བསྟན་པ་ལ་གུས་པར་མཛད་ཀྱང་བོད་མི་རབ་ཏུ་བྱུང་བ་བྱེད་པ་ནི་མ་བྱུང༌། དེ་འདས་ནས་ཁྲི་སྲོང་ལྡེ་བཙན་རྒྱལ་པོ་བྱེད་པའི་ཚེ་མ་ཞང་ཞེས་བྱ་བའི་བློན་པོ་དབང་པོ་ཆེ་ཆོས་ལ་མི་དགའ་བས། རབ་ཏུ་བྱུང་བ་རྣམས་ཡུལ་གཞན་དུ་བསྐྱལ། ལྷ་སའི་ཇོ་བོ་སྐྱི་རོང་དུ་བསྐྱལ། གཙུག་ལག་ཁང་རྣམས་སུ་བཤས་ར་བྱས། རྒྱལ་པོ་ཆོས་ལ་དད་ཀྱང་དབང་མ་བྱུང༌། ར་མོ་ཆེ་ན་གནས་པའི་ཧྭ་ཤང་རྣམས་རྒྱ་ཡུལ་དུ་ལོག་པ་ན། རྒན་པ་དེའི་ལྷམ་ཡ་གཅིག་ལུས་པས། དེ་ན་རེ། ད་དུང་བོད་དུ་བསྟན་པ་འོང་བར་སྣང་ཟེར་བ་བཞིན་དུ་དེའི་བར་བསྟན་པ་བྱུང་བ་ཡིན། དེའི་ཚིག་ཟུར་ཐོས་ནས་དམ་པའི་ཆོས་སྤོང་བར་སྤྲོ་བ་འགའ་ཞིག་ཧྭ་ཤང་མ་ཧྭ་ཡཱ་ནའི་ལྷམ་ལུས་པ་ཡིན་ཟེར། རྒྱལ་པོ་ཆོས་ལ་མོས་པའི་གྲོགས་འགོས་རྒན་དང༌། དབའ་སང་ཤི་དང༌། དབའ་གསལ་སྣང་ལ་སོགས་པས་བྱས་ཏེ། སང་ཤི་དང་གསལ་སྣང་གིས་རྒྱའི་རྒྱལ་པོའི་དྲུང་དུ་ཕྱིན། དེ་ལ་ཞུས་ནས་སྒོམ་པའི་ལུང་འབོགས་པའི་ཧྭ་ཤང་དང་མཇལ་ནས་སྒོམ་པའི་ལུང་ལེགས་པར་མནོས། ཧྭ་ཤང་དེ་ལ་མངོན་པར་ཤེས་པ་ཆེན་པོ་མངའ་བས། སང་ཤི་ལ་སངས་རྒྱས་ཀྱི་གསུང་རབ་ནས། གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་འབྱིན་པའི་བྱང་ཆུབ་སེམས་དཔའ་འབྱུང་བར་ལུང་བསྟན་པ་དེ་ཁྱོད་ཡིན། རྒྱ་གར་གྱི་མཁན་པོ་ཞི་བ་འཚོ་ཞེས་པ་དེ་བོད་ཀྱི་འདུལ་སྐལ་ཡིན། དེ་མ་ཡིན་པ་གཞན་གང་གིས་ཀྱང་ཕན་མི་ཐོགས་ཟེར། བུམ་སངས་དབང་པོ་ཞེས་བྱ་བའི་དྲུང་ན་ཡོད་པའི་ཧྭ་ཤང་མངོན་ཤེས་ཅན་ཞིག་གིས་ཀྱང༌། སང་ཤི་དང་གསལ་སྣང་གཉིས་པོ་བྱང་ཆུབ་སེམས་དཔའི་སྤྲུལ་པ་ཡིན་པར་ལུང་བསྟན། དེ་གཉིས་ཀྱིས་རྒྱ་ནས་ཆོས་བམ་པོ་སྟོང་ཙམ་བླངས་ཏེ་ཁྱེར་འོངས་ཀྱང༌། མ་ཞང་གིས་ཆད་པ་བཅད་དོགས་པས་སྦས། ཕྱིས་གསལ་སྣང་མང་ཡུལ་གྱི་ཁང་དཔོན་དུ་བསྐོས་པས། དེར་གཙུག་ལག་ཁང་གཉིས་བརྩིགས། དེའི་རྐྱེན་རིས་ཀྱང་བཅད། བལ་པོར་ཕྱིན་མཁན་པོ་ཞི་བ་འཚོ་དང་མཇལ། འོ་སྐོལ་རྣམས་ཀྱིས་བོད་དུ་སངས་རྒྱས་ཀྱི་བསྟན་པ་གཟུགས་དགོས་པའི་བཀའ་རྒྱ་ཆེར་གནང༌། མཁན་པོ་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཞུས་པས། ནམ་མཁའ་ལས་དགའ་འོ་ཞེས་བྱ་བའི་སྒྲ་ལན་གསུམ་བྱུང༌། དེ་ནས་རྡོ་རྗེའི་གདན་དུ་ཕྱིན།བྱང་ཆུབ་ཆེན་པོ་ལ་མཆོད་པ་ཕུལ་བས། དགུན་ཟླ་འབྲིང་པོ་ལ་ཆར་ཆེན་པོ་བབ། སླར་ལོག་སྟེ། དབུས་སུ་རྒྱལ་པོའི་དྲུང་དུ་འོངས་ཏེ། མཁན་པོའི་གསུང་རྣམས་བསྙད་པ་ན། བཙན་པོའི་ཞལ་ནས། མ་ཞང་གིས་ཆད་པ་བཅད་དོགས་ཡོད་པས་ཁྱོད་མྱུར་དུ་སོང་ཞིག་ངས་ལྐོག་ཏུ་འགོས་རྒན་ལ་སོགས་དང་གྲོས་བྱས་ནས་མཁན་པོ་དེ་སྤྱན་འདྲེན་དུ་བཏང་གི ཞེས་གསུངས་དེ་ནས་འགོས་རྒན་གྱིས་གཡོ་ཆེན་པོ་བྱས་ཏེ། མ་ཞང་སྟོད་ལུངས་སུ་གསོན་དུར་དུ་བཅུག །དེ་ནས་གསལ་སྣང་གིས་མཁན་པོ་སྤྱན་དྲངས་ནས་འོངས་པ་ལྷ་སར་ཕྱག་ཕེབས། བཙན་པོས་བློན་པོ་རྣམས་ལ་སློབ་དཔོན་དེའི་ཆོས་ལུགས་དང་ཚུལ་ཅི་ཡིན་པ་ལེགས་པར་རྟོགས་ལ་ཤོག་ཅིག །བཟང་པོ་ཞིག་ན་འདིར་ཡང་སྤྱན་འདྲེན་ནོ་བྱས། བློན་པོ་རྣམས་ཀྱིས་ཕྱིན་ཏེ། ཁྱེད་ཀྱི་ཆོས་ལུགས་ཅི་ཡིན་ཞེས་དྲིས་པས། མཁན་པོའི་ཞལ་ནས། ཁོ་བོའི་ཆོས་ལུགས་ནི་རིགས་པས་ལེགས་པར་བརྟགས་ཏེ་གང་འཐད་པ་དེ་བྱེད། མི་འཐད་པ་དེ་མི་བྱེད་པ་ཡིན་ཟེར། དེར་རྒྱལ་པོ་བློན་པོ་དང་བཅས་པ་མཐུན་པར་བསམ་ཡས་སུ་སྤྱན་དྲངས། འུམ་བུ་ཚལ་དུ་འཇལ། བཙན་པོས་ཕྱག་མཛད། དེའི་ཚེ་མཁན་པོས་འོ་སྐོལ་འོད་སྲུངས་ཀྱི་བསྟན་པ་ལ་བལ་པོའི་མཆོད་རྟེན་གྱི་དྲུང་དུ། བོད་དུ་དམ་པའི་ཆོས་སྤེལ་བ་སྨོན་ལམ་བཏབ་པ་དེ་རྒྱལ་པོས་བསྙེལ་ཏམ་ཞེས་གསུངས་པས། ཁོ་བོ་སྒོམ་ཡུན་ཐུང་བས་མ་འཚལ་ཞེས་ཞུས་པ་ན། མཁན་པོས་བྱིན་གྱིས་བརླབས་ཏེ་སྔོན་གྱི་སྐྱེ་བ་ཡང་དག་པར་རྗེས་སུ་དྲན། དེ་ནས་བཙན་པོ་ལ་དགེ་བ་བཅུ་དང་ཁམས་བཅོ་བརྒྱད་ལ་སོགས་པའི་ཆོས་མང་པོ་བཤད་པས་བོད་ཀྱི་ལྷ་སྲིན་ཆེན་པོ་རྣམས་ཁྲོས་ཏེ། དམར་པོ་རིའི་ཕོ་བྲང་ལ་ཐོག་བརྒྱབ། ཕོ་བྲང་འཕང་ཐང་ཆུས་ཁྱེར་ལོ་ཉེས་དང་མི་ངས་ཆེན་པོ་བྱུང་བས་བློན་པོ་སྡིག་པ་ལ་དགའ་བ་རྣམས་སྤོབས་པ་སྐྱེས་ཏེ། འདི་ཆོས་བྱས་པས་ལན། ཨ་ཙ་ར་འདི་སླར་གཏང་དགོས་ཟེར་བས། བཙན་པོས་མཁན་པོའི་སྤྱན་སྔར་གསེར་མང་པོ་ཕུལ། ལོ་རྒྱུས་བསྙད་པས། མཁན་པོའི་ཞལ་ནས། ཁོ་བོ་བལ་པོར་འགྲོ། བོད་ཀྱི་མི་མ་ཡིན་རྣམས་མ་དགའ་བ་ཡིན། པདྨ་སམ་བྷ་ཝ་ཞེས་བྱ་བ་ཛམྦུའི་གླིང་ན་ཆེ་བའི་རིགས་སྔགས་མཁན་ཞིག་ཡོད། དེ་ངས་ཀྱང་སྤྱན་འདྲེན་དུ་གཏོང༌། རྒྱལ་པོ་རང་གིས་ཀྱང་སྤྱན་འདྲེན་པ་ཐོང་ཞིག་གསུངས་ནས། མཁན་པོ་བལ་པོར་ཕེབས་པ་ན། སློབ་དཔོན་པདྨ་ཡང་དེ་ན་ཕེབས་འདུག །དེ་རྒྱལ་པོའི་སྤྱན་འདྲེན་པས་སྤྱན་དྲངས་ནས་འོངས་པ་ན། ཐོག་མར་བསྟན་མ་བཅུ་གཉིས་པོས་སློབ་དཔོན་ལ་མཐོ་བརྩམས་པས། དེ་དག་ཟིལ་གྱིས་མནན། དབང་བསྐུར་ནས་དམ་པའི་ཆོས་ཀྱི་སྲུང་མར་བསྐོས། དེ་ནས་རིམ་གྱིས་བྱང་ལམ་ལ་ཕེབས། ཐང་ལྷ་ལ་སོགས་པ་དམ་ལ་བཏགས་ནས། བསམ་ཡས་སུ་ཕེབས་ཏེ་རྒྱལ་པོ་ཡིད་ཆེས་པར་བྱ་བའི་ཕྱིར། བྱིས་པ་ལ་རྒྱལ་ཆེན་རིས་བཞི་པོའི་ལྷ་ཞིག་ཕབ་པས། དེ་ན་རེ། དམར་པོ་རི་ལ་ཐང་ལྷས་ཐོག་བརྒྱབ། ཤམ་བུས་འཕང་ཐང་ཆུ་ལ་བསྐུར། ཞེས་བྱ་བ་ལ་སོགས་པ་འདིས་འདི་བྱས་ཐམས་ཅད་རྒྱས་པར་སྨྲས། དེ་ཐམས་ཅད་སློབ་དཔོན་གྱིས་དམ་ལ་བཏགས། དེ་ནས་བསམ་ཡས་ཀྱི་གཙུག་ལག་ཁང་ཆེན་པོའི་རྨང་བཏིང༌། མཁན་པོ་སླར་ཡང་སྤྱན་དྲངས། ཇོ་བོ་ཡང་མང་ཡུལ་ནས་སྤྱན་དྲངས་ནས་འཕྲུལ་སྣང་དུ་བཞུགས་སུ་བཅུག །ཡོས་ནས་ལུག་གི་བར་གཙུག་ལག་ཁང་གླིང་ཕྲནལྕགས་རི་དང་བཅས་པ་ལེགས་པར་གྲུབ། བཙན་པོས་རྟ་མགྲིན་བསྒྲུབས་པས་གྲུབ་སྟེ། ཛམྦུའི་གླིང་ཙམ་དུ་གྲགས་པའི་རྟ་སྐད་ཆེན་པོ་བྱུང༌། དང་པོར་སད་མི་མི་བདུན་རབ་ཏུ་ཕྱུང༌། དེ་ན་དད་པ་ཅན་དང་ཤེས་རབ་ཅན་མང་དུ་རབ་ཏུ་བྱུང་ནས། རྒྱལ་པོ་ཉིད་ཀྱི་རིང་ལ་ཁམས་ཡན་ཆད་དུ་ཆོས་ཀྱི་གྲྭ་ཆེན་པོ་བཅུ་གཉིས་བཙུགས། ཡེར་པ་དང་མཆིམས་ཕུར་སྒོམ་གྲྭ་བཙུགས་ཏེ། ཡེར་པ་ནས་ནམ་མཁའ་ལ་འཕུར་བ་མང་པོ་བྱུང་ཞེས་གྲགས། རབ་ཏུ་བྱུང་བ་ཐམས་ཅད་ཀྱི་འཚོ་བ་བླ་ནས་སྦྱོར། སྔགས་མཚན་ཉིད་ཀྱི་ཆོས་ཕལ་མོ་ཆེ་བསྒྱུར་ཞིང་ཉན་བཤད་ཀྱིས་གཏན་ལ་ཕབ། དུས་ཕྱིས་དཱི་པཾ་ཀ་རའི་ཞལ་ནས། དེ་དུས་ཀྱི་བོད་ཀྱི་བསྟན་པ་འདྲ་བ་རྒྱ་གར་དུ་ཡང་མ་བྱུང་བ་འདུག་གསུངས་པ་ཡིན། དེ་ནས་རལ་པ་ཅན་ཡན་ཆོད་དུ་ཡབ་མེས་ཀྱི་མཛད་པ་ཡང་དག་པ་རྗེས་སུ་བསྐྱངས་ཏེ། དེ་ལྟ་བུའི་ཡོན་མཆོད་རྣམས་ལ་གུས་པ་ཆེན་པོས་ཕྱག་བྱ་བར་རིགསསོ། །ཆོས་རྒྱལ་མེས་དབོན་རྣམས་ཀྱིས་བསྟན་པ་བཙུགས་པའི་སྐབསསོ། ། ༡.༩ བོད་ཀྱི་རྒྱལ་པོ་རྣམས་རྩ་རྒྱུད་ལས་ལུང་བསྟན་པའི་སྐབས། སྲོང་བཙན་ནས་འོད་སྲུངས་ཀྱི་བར་ནི། །འཇམ་དཔའ་རྩ་བའི་རྒྱུད་ལས། །དེ་བཞིན་གཤེགས་པའི་བསྟན་འདི་ལ། །རྣམ་པ་སྣ་ཚོགས་བྱ་བ་བྱེད། །བྱང་གི་ཕྱོགས་ལ་བརྟེན་ནས་ནི། །དེ་ཡི་ཚེ་ན་འབྱུང་བར་འགྱུར། །ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པའི། །རྒྱ་པོ་མི་ཡི་ལྷ་ཞེས་པ། །ལི་ཙ་བྱི་རྣམས་རིགས་སུ་བྱུང༌། །དེ་ཡང་སྔགས་ཀྱི་དོན་སྒྲུབ་སྟེ། །ལོངས་སྤྱོད་ཚེ་དང་ལྡན་པར་འགྱུར། །རིག་པ་ལོངས་སྤྱོད་ལྡན་ཞེས་བྱ། མི་ཡི་བདག་པོ་དེ་ཡང་གྲུབ། །ལོ་ནི་བརྒྱད་ཅུར་རྒྱལ་སྲིད་བྱས། །དེས་ནི་རྐུན་མ་རྣམ་པར་སྤངས། །རྒྱལ་པོ་དེས་ནི་སྲོག་སྤངས་ནས། །དེར་ཡང་སྔགས་ནི་མྱུར་འགྲུབ་སྟེ། །ཞི་དང་རྒྱས་པ་བསིལ་བྱེད་པའོ། །འཇིག་རྟེན་སྒྲོལ་མ་ཞེས་གྲགས་དང༌། །ལྷ་མོ་གོས་དཀར་མོ་དང་ནི། །དཀར་མོ་ཆེན་མོ་གཞན་ཕན་བརྩོན། །རྟག་ཏུ་ཡིད་ནི་མི་སྐྱོ་བའོ། །དེ་ལ་སོགས་པ་གསུངས་པ་ཡི། །དེ་བཞིན་རྒྱལ་པོ་མང་པོ་ནི། །རྣམ་པ་དུ་མ་མང་པོ་དག །ཁ་དོག་སྣ་ཚོགས་སྣ་ཚོགས་གཟུགས། ཁ་བ་ཅན་གནས་ཀླ་ཀློའི་རྒྱལ། །དེ་ཡང་སྟོན་པ་མཆོད་བྱེད་པའོ། །ཁྱུ་མཆོག་ཁྱུ་མཆོག་བཟང་པོ་དང༌། །ས་འོད་དེ་བཞིན་ས་འོད་བཟང༌། །དེ་བཞིན་ཕ་རོལ་གནོན་ཉིད་དང༌། །རྐང་པའི་འགྲོས་ཞེས་བསྟན་པ་ཡིན། །ས་སྲུངས་དང་ནི་བེའུ་དང༌། འོད་ལྡན་ཉིད་ནི་ཕྱི་མ་ཡིན། །ཐ་མར་འཆར་རྒྱལ་ངང་ཚུལ་ཏེ། ཀླ་ཀློ་རྣམ་པ་སྣ་ཚོགས་ཡིན། །དེ་འོག་ལུགས་ནི་རྣམ་ཞིག་ཅིང༌། ཕྱི་རོལ་སྐྱེ་དགུས་ཉེ་བར་སྤྱོད། །ཅེས་ལུང་བསྟན་པ་ཡིན་ཏེ། བྱང་གི་ཕྱོགས་དང་ཁ་བ་ཅན་ནི་གྲགས་ཆེ་ཞིང༌། ལྷ་ལྡན་ནི་ལྷ་སའོ། །ལོ་བརྒྱད་ཅུར་རྒྱལ་སྲིད་བྱེད་པ་ནི་ལོ་བརྒྱད་ཅུ་རྩ་གཉིས་བཞུགས་ཤིང༌། བར་དུ་གུང་སྲོང་གུང་བཙན་གྱིས་ཀྱང་རྒྱལ་སྲིད་ཅུང་ཟད་མཛད་པའོ། །སྒྲོལ་མ་དང་གོས་དཀར་མོ་དང་དཀར་མོ་ཆེན་མོ་ནི་བཙུན་མོའི་མཆོག་གསུམ་སྟེ། ཀོང་ཇོ་དང༌། བལ་མོ་བཟའ་དང༌། འབྲིང་བཟའ་མ་ཐོད་དཀར་རོ། །ལི་ཙ་བྱིའི་རིགས་སུ་བྱུང་བ་ནི་ཡངས་པ་ཅན་པའི་བརྒྱུད་ཡིན་པའོ། །ཀླ་ཀློའི་རྒྱལ་ནི་ནུབ་ཕྱོགས་ཏཱ་ཞིག་གི་ཡུལ་ལའང་དབང་བྱེད་པའོ། །དེ་བཞིན་དུ་རྒྱལ་པོ་མང་པོ་ནི་འོག་ནས་འབྱུང་བ་རྣམས་ཏེ། ཁྱུ་མཆོག་ནི་མང་སྲོང་ངོ༌། །ཁྱུ་མཆོག་བཟང་ནི་ཀླུང་ནམ་མོ། །ས་འོད་ནི་མེས་ཨག་ཚོམསསོ། །ས་འོད་བཟང་ནི་ཁྲི་སྲོང་ལྡེ་བཙན་ནོ། །ཕ་རོལ་གནོན་ནི་མུ་ནེ་བཙན་པོའོ། །རྐང་པའི་འགྲོས་ནི་ཁྲི་ལྡེ་སྲོང་བཙན་ནོ། །ས་སྲུངས་ནི་རལ་པ་ཅན་ནོ། །བེའུ་ནི་གླང་དར་མའོ། །འོད་ལྡན་ནི་འོད་སྲུངས་ཏེ། །ལྡན་པ་དང་བསྲུང་བ་ལ་ཨ་བ་ཏི་ཟེར་བའི་ཕྱིར་རོ། །ཐ་མར་འཆར་རྒྱལ་ངང་ཚུལ་ནི། ཉི་མ་འཆར་བའི་ཕྱོགས་ནས་བོད་ལ་དབང་བྱེད་པའི་ཧོར་རྒྱལ་པོ་ཡིན་ཞེས་འགའ་ཞིག་འདོད་ལ། ཤར་ཁ་ཞེས་གྲགས་པའི་ལུང་པ་འདིར།སྙགས་ཀྱིས་བཀྲོངས་པའི་དཔལ་འཁོར་བཙན་ཡིན་ཡང་རུང་ངོ༌། །དེ་ནས་བོད་སྤྱི་ལ་དབང་བྱེད་པའི་རྒྱལ་པོ་མེད་པས་ལུགས་རྣམ་པར་ཞིག་གོ །བོད་ཀྱི་རྒྱལ་པོ་རྣམས་རྩ་རྒྱུད་ནས་ལུང་བསྟན་པའི་སྐབསསོ། ། ༡.༡༠ བོད་དང་རྒྱ་ཧོར་ལ་སོགས་པའི་རྒྱལ་རབས་ཀྱི་སྐབས། སྲོང་བཙན་ནས་དར་མའི་བར་དུ་རྒྱའི་ཡིག་ཚང་ལ་ལེགས་པར་བཏབ་པ་བླ་མ་རིན་ཆེན་གྲགས་པས་བོད་སྐད་དུ་བསྒྱུར་ཏེ་བྱུང་བ། མིའི་བདག་པོ་ཀུན་དགའ་རྡོ་རྗེས་ཡི་གེར་བཏབ་པ་བཞིན་བྲི་བར་བྱ་སྟེ། ཅིའུའི་རིགས་ལ་རྒྱལ་པོ་སུམ་ཅུ་སོ་དྲུག་བྱུང༌། ལོ་བརྒྱར་སྲིད་གཟུང༌། དེ་ལས་ཅིའུ་བཞི་པ་ཅིའུ་དབང་གི་དུས་སུ་སངས་རྒྱས་འཇིག་རྟེན་དུ་བྱུང༌། ཅིའུ་རྫོགས་པའི་རྗེས་ལ་ཆིན་ཧྲི་ཧྭང་གི་རྒྱལ་པོ་གཉིས་བྱུང༌། དེ་ནས་ཧན་ཀཱུ་ཛུང་ཞེས་པ་ནས་བཟུང་སྟེ་རྒྱལ་རབས་བཅུ་གཉིས་པའི་ཚེ། ཨང་མང་ཞེས་པའི་བློན་པོ་གཅིག་གིས་ངོ་ལོག་བྱས་ཏེ་ལོ་བཅོ་བརྒྱད་གཟུང༌། དེ་ནས་ཧན་གྱི་བརྒྱུད་པ་གླེའུ་གོང་བུ་ཞེས་པས་ཨང་མང་བསད་དེ་རྒྱལ་སྲིད་གཟུང༌། དེའི་བུ་ཧན་མིན་ཏི་རྒྱལ་པོ་བྱུང༌། འདིའི་དུས་སུ་ཛུ་ཧ་ལ་ཟེར་བའི་པཎྚི་ཏ་བདེན་པ་མཐོང་བ་གཉིས་ཀྱིས་ཐེག་པ་ཆུང་ངུའི་ཆོས་གདན་དྲངས་ནས་རྒྱའི་ཡུལ་དུ་སླེབས། ཧོར་ནམ་ཧུར་པའི་མིའི་སའི་ལྷ་ཁང་བཞེངས། ཆོས་བསྒྱུར། དེ་ནས་གཟུང་སྟེ་ད་ལྟའི་བར་དུ་རྒྱ་ནག་ཏུ་བསྟན་པ་དར། དེ་ནས་ཧན་གྱི་རྒྱལ་རབས་ཉི་ཤུ་རྩ་བཞི་ཧྭན་ཧན་ཏེའི་རྒྱལ་པོའི་དུས་སུ། །ཚ་བོ་ཚ་ཟེར་བའི་བློན་པོས་རྒྱལ་ས་ཕྲོགས་ནས་མི་རབས་ལྔར་རྒྱལ་པོ་བྱས། དེའི་བློན་པོ་འུ་མ་ཞེས་པ་ཞིག་གིས་རྒྱལ་ས་ཕྲོགས། དེའི་རྗེས་སུ་ཧེའུ་ཙིང་གི་བརྒྱུད་པ་ལ་དུང་ཙིང་བསི་ཙིང་གཉིས་བྱུང་བའི། བསི་ཙིང་གི་དུས་སུ་ཙནྡན་ཇོ་བོ་ལེན་དུ་བཏང༌། ལོན་དུས་བསི་ཙིང་འདས་ནས་ཞིང་གི་ཆིང་སང་ཅིག་གིས་རྒྱལ་པོ་བྱས། ཙན་དན་ཇོ་བོ་ལེན་པའི་དམག་དཔོན་དེས་བསི་ཆོན་དང་ཅིའུ་མཁར་ཉི་ཤུ་རྩ་བཞིའི་བདག་བྱས་ནས་རྒྱལ་སྲིད་ལོགས་སུ་གཟུང༌། ཆིང་སང་རྒྱལ་པོ་དེའི་བརྒྱུད་པས། དམག་དཔོན་རྒྱལ་པོའི་བརྒྱུད་པའི་ལག་ནས་ཙན་དན་ཇོ་བོ། རིང་བསྲེལ། པཎྚི་ཏ་རྣམས་སྤྱན་དྲངས་ནས་མཆོད། ཆིང་སང་གི་བརྒྱུད་དེ་ཆད་ནས་སུའི་གཡང་དི་ཡི་ཟེར་བའི་རྒྱལ་པོ་ཕ་བུ་གཉིས་བྱུང༌། དེ་ནས་ཐང་ཀའུ་ཛུང་ཞེས་པས་རྒྱལ་ས་ཕྲོགས་ཏེ། དེ་ནི་ཐང་གི་རྒྱལ་པོའི་ཐོག་མ་ཡིན། དེས་ས་ཕོ་སྟག་གི་ལོ་ལ་རྒྱལ་ས་བཟུང་ནས་ལོ་དགུར་སྲིད་བསྐྱངས། བདུན་ཅུ་ལ་འདས། འདིའི་ས་ཕོ་སྟག་འདི་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་སྟོང་དང་ལྔ་བརྒྱ་དྲུག་ཅུ་རྩ་དྲུག་ཡིན་ཟེར་བ་རྒྱའི་དེབ་བར་མ་གཅིག་ན་སྣང༌། དེའི་བུ་ཐང་ཐའེ་ཛུང་ཞེས་པས་མེ་ཕོ་ཁྱི་ནས་རྒྱལ་ས་བཟུང༌། དེ་ནས་ལོ་དགུ་ལོན་པ་ཤིང་ཕོ་རྟ་ལ་བོད་ཀྱི་རྒྱལ་པོ་དང་སྐྱེས་བསྐུར་རེས་དང་གྲོགས་པོ་བྱས། །བོད་ཀྱིས་རྒྱའི་བུ་མོ་བསླངས་པས་མ་བྱིན་པ་ལ། བོད་ཁྲོས་ནས་ལོ་ངོ་བརྒྱད་ཙམ་དུ་འཐབ་མོ་བྱས། དེར་དམག་ཕྱིར་ལོག་ནས་མགར་སྟོང་བཙན་ལ་གསེར་དང་རིན་པོ་ཆེའི་རིགས་མང་པོ་བསྐུར་ནས་བཏང་བས། ཐའེ་ཛུང་གིས་སྲས་མོ་འུན་ཤིང་ཀོང་ཇོ་ལྕགས་མོ་གླང་ལ་བྱིན། དེ་ནས་འཚལ་པ་ཀུན་དགའ་རྡོ་རྗེའི་དུས་མེ་ཕོ་ཁྱི་ཡིན་ལ། ལོ་བདུན་བརྒྱ་འགྲོ་བ་རྒྱའི་ཡིག་ཚང་ན་ཡོད་ཟེར་ཏེ་མེ་ཁྱིའི་སྔ་རོལ་ལོ་ལྔ་འགྲོ་བ་ལྕགས་མོ་སྦྲུལ་དང་འགྲིག་པར་སྣང༌། ཐང་ཐའི་ཛུང་གིས་ལོ་ངོ་ཉི་ཤུ་རྩ་བཞི་རྒྱལ་པོ་བྱས། ས་མོ་བྱ་རང་ལོ་ལྔ་བཅུ་ང་གཉིས་པ་ལ་འདས། དེའི་བུ་ཆི་ཀའུ་ཛུང་རྒྱལ་སར་བཏོན། དེས་རྒྱལ་པོ་བྱེད་པའི་ལྕགས་ཕོ་ཁྱི་ལ་སྲོང་བཙན་སྒམ་པོ་འདས། དེའི་སྲས་གུང་སྲོང་གུང་བཙན་སྔར་འདས་ཤིང༌། མང་སྲོང་མང་བཙན་ལོ་བཅུ་གསུམ་ལོན་པ་རྒྱལ་སར་བཏོན། བློན་མགར་གྱིས་་གྲོགས་བྱས་ནས་རྒྱལ་སྲིད་ལོ་བཅོ་ལྔར་བསྐྱངས། དེ་ནས་མགར་འདས། རྒྱ་དང་བོད་ཀྱི་རྒྱལ་པོ་གཉིས་རེས་འགའ་མཐུན་ཞིང་རེས་འགའ་དམག་དང་ས་ཆའི་རྩོད་པ་རྒྱལ་ཕམ་དུ་མ་བྱས། ཁྱད་པར་མང་སྲོང་རྒྱལ་སར་བསྐོས་ནས་ལོ་ཉི་ཤུ་རྩ་གཅིག་པ་ལྕགས་ཕོ་རྟའི་ལོ་ལ་བོད་དམག་གིས་ཐང་གི་རྒྱལ་ཁམས་ལ་བརྒྱབ། ཡུ་གུར་གྱི་ཡུལ་ཐམས་ཅད་བླངས། རྒྱལ་སྲིད་ལོ་སུམ་ཅུ་པ་དང་ལོ་བཞི་ཅུ་རྩ་གཉིས་པ་ས་མོ་ཡོས་ལ་འདས། དེའི་སྲས་འདུས་སྲོང་མང་བོ་རྗེ་རྒྱལ་སར་བསྐོས། འུན་ཤིང་ཀོང་ཇོ་བོད་དུ་ལོ་བཞི་བཅུ་བསྡད་ནས་ལྕགས་ཕོ་འབྲུག་གི་ལོ་ལ་འདས། ཆི་ཀའུ་ཛུང་རྒྱལ་པོས་ས་མོ་བྱ་ནས་ཆུ་མོ་ལུག་གི་བར་ལོ་སུམ་ཅུ་རྩ་ལྔ་རྒྱལ་སྲིད་བསྐྱངས། རང་ལོ་ལྔ་བཅུ་རྩ་དྲུག་པ་ཆུ་ལུག་དེ་ལ་འདས་པ་ཡིན། སྔར་ཐའེ་ཛུང་གིས་བཙུན་མོའི་འཁོར་ན་ཡོད་པ་ཅིག་ཐའེ་ཛུང་འདས་ནས་བན་མོར་ཡོད་པ་ལས་བབས་ནས། ཆི་ཀའུ་ཛུང་གི་བཙུན་མོ་བྱས། ཀང་ཛུང་འདས་དུས་བུ་ལ་རྒྱལ་ས་བསྐོས་ཟེར་བའི་ཁ་ཆེམས་ཡོད་ཀྱང་མོ་རང་གིས་རྒྱལ་པོ་བྱས། རུས་པ་འུ་ཡིན་པས་འུ་ཛི་ཐེན་ཞེས་བྱའོ། ། དེས་དམག་བྱས་བོད་ལ་སོགས་པའི་ས་ཆ་མང་དུ་ཕྲོགས། རྒྱལ་མོ་ནི་ཤིན་ཏུ་ཐུ་བ་ཡིན། འདིས་ཤིང་ཕོ་སྤྲེའུ་ལོ་ནས་ལོ་ཉི་ཤུ་རྩ་གཅིག་རྒྱལ་ས་བྱས། རང་ལོ་བརྒྱད་ཅུ་པ་ཤིང་ཕོ་འབྲུག་ལ་འདས། ལོ་དེ་ལ་འདུས་སྲོང་མང་རྗེ་ཡང་འདས་ཏེ་ལོ་ཉི་ཤུ་རྩ་དྲུག་རྒྱལ་པོ་བྱས་པ་ཡིན། དེ་རྗེས་ཤིང་མོ་སྦྲུལ་ལ་ཆི་ཀའུ་ཛུང་དང༌། རྒྱལ་མོའི་བུ་ཛུང་ཛུང་རྒྱལ་སར་བཏོན། ལོ་དེ་ཉིད་ལ་འདུས་སྲོང་གི་སྲས་ཁྲི་སྡེ་གཙུག་བརྟན་ཡང་རྒྱལ་སར་བཏོན། ཛུང་ཛུང་གིས་ལོ་དྲུག་རྒྱལ་ས་བྱས་ནས། དགུང་ལོ་ལྔ་བཅུ་རྩ་ལྔ་པ་ལྕགས་ཕོ་ཁྱི་ལ་འདས། ལྕགས་མོ་ཕག་ལ་ནུ་བོ་ཝི་ཛུང་རྒྱལ་སར་བསྐོས། བོད་ཀྱི་རྒྱལ་པོས་བུ་མོ་བླངས་པས་ཆུ་ཕོ་བྱི་བ་ལ་ཀིམ་ཤིང་ཀོང་ཇོ་བོད་དུ་བརྫངས། ལོ་དེ་ཉིད་ལ་ཝི་ཛུང་འདས་ཏེ་དགུང་ལོ་ལྔ་བཅུ་རྩ་ལྔ་པ་ཡིན། ཆུ་མོ་གླང་ལ་ཧེན་ཛུང་ལོ་ཉི་ཤུ་རྩ་དགུ་པ་ཞིག་བསྐོས་ཏེ། ཝི་ཛུང་གི་བུ་གསུམ་པ་ཡིན། ཀིམ་ཤིང་ཀོང་ཇོས་བོད་དུ་ལོ་སུམ་ཅུ་བཞུགས། ལོ་ངོ་སོ་གཅིག་བཞུགས། ལྕགས་སྦྲུལ་ལ་འདསསོ། །དེ་ཡན་ཆོད་ལ་ཐང་གི་རྒྱལ་ཁམས་འཇགས་ནས་ལོ་བརྒྱ་དང་བཅུ་དྲུག་སོང༌། ཐང་ཐའི་ཛུང་གི་ལོ་ནས་བརྩིས་པ་འདྲ། ཐང་ཀའུ་ཛུང་གི་ལོ་ས་ཕོ་སྟག་ནས་བརྩིས་ན་ལོ་བརྒྱ་དང་ཉི་ཤུ་རྩ་བཞི་སོང་བ་ཡིན། དེ་རྗེས་ཀིམ་ཤིང་ཀོང་ཇོ་འདས་ནས་ལོ་བཅོ་ལྔ་པ་ཤིང་མོ་ལུག་ལ་ཁྲི་སྡེ་གཙུག་བརྟན་གཤེགས། ལོ་དེ་ཉིད་ལ་སྲས་ཁྲི་སྲོང་ལྡེ་བཙན་རྒྱལ་སར་བཏོན། རྒྱ་ནག་ཏུ་ཆོས་བྱུང་ནས་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ལོ་སྟོང་ཉིས་བརྒྱ་སོང་ཞེས་སྦ་བཞེད་ན་སྣང་ངོ༌། ཧན་ཛུང་རྒྱལ་པོས་ཤིང་མོ་ལུག་ཡན་དུ་ལོ་བཞི་བཅུ་རྩ་གསུམ་རྒྱལ་པོ་བྱས། རང་ལོ་བདུན་ཅུ་རྩ་གསུམ་པ་མེ་མོ་བྱ་ལ་འདས། དེའི་སྔ་ལོགས་ཀྱི་མེ་ཕོ་སྤྲེའུ་ལ་ཧེན་ཛུང་གི་བུ་གསུམ་པ་ཛུང་ཛུང་རྒྱལ་སར་བཏོན། ལོ་བདུན་རྒྱལ་པོ་བྱས་ནས། དགུང་ལོ་ལྔ་བཅུ་ང་གཉིས་པ་ཆུ་ཕོ་སྟག་ལ་འདས། ལོ་དེ་ལ་ཛུང་ཛུང་གི་བུ་ཆེ་བ་ཐའེ་ཛུང་རྒྱལ་སར་བཏོན། དེའི་རྟིང་ལོ་བོད་ཀྱི་དམག་བྱུང་བས་ཤིན་ཅུར་བྲོས། བོད་རྣམས་ཀྱིས་རྒྱའི་བློན་པོ་ཀོའུ་ཧི་རྒྱལ་སར་བསྐོས་ནའང༌། རིང་པོར་མ་ལོན་པར་ཐའི་ཛུང་རྒྱལ་པོས་དེ་བསད། སྤྱིར་ཐའི་ཙུང་གིས་རྒྱལ་ས་ལོ་བདུན་བྱས། དགུང་ལོ་ལྔ་བཅུ་པ་ས་མོ་ལུག་ལ་འདས། ལྕགས་ཕོ་སྤྲེའུའི་ལོ་ལ་ཐའི་ཛུང་གི་བུ་ཆེ་བ་དིང་ཛུང་བསྐོས། ལོ་དེ་ཉིད་ལ་ཁྲི་སྲོང་ལྡེ་བཙན་འདས་ནས་སྲས་ཆེ་བ་མུ་ནེ་བཙན་པོ་བསྐོས།ལོ་བཅུ་བདུན་ལ་རྒྱས་ས་བྱས་ཏེ་མེ་མོ་གླང་ལ་འདས། ཇུ་ཙེ་བཙན་པོ་རྒྱལ་སར་བསྐོས། ལོ་ངོ་བརྒྱད་རྒྱལ་ས་བྱས་ནས། ཤིང་ཕོ་སྤྲེའུ་ལ་འདས། ལོ་དེ་ཉིད་ལ་ཁྲི་ལྡེ་སྲོང་བཙན་བསྐོས། དིང་ཛུང་རྒྱལ་པོས་ལོ་ཉི་ཤུ་རྩ་ལྔ་རྒྱལ་ས་བྱས་ནས། དྲུག་ཅུ་རྩ་བཞི་པ་ཤིང་མོ་བྱ་ལ་འདས། ལོ་དེ་ལ་དིང་ཛུང་གི་བུ་ཆེ་བ་ཤུན་ཛུང་བསྐོས། ལོ་གཅིག་རྒྱལ་པོ་བྱས་ནས་བཞི་བཅུ་རྩ་དྲུག་པ་ལ་འདས། མེ་ཕོ་ཁྱི་ལ་ཤུན་ཛུང་གི་བུ་ཆེ་བ་ཧུན་ཛུང་བསྐོས། དེ་ས་ཕོ་བྱི་བའི་ལོ་ལ་འདས། ས་མོ་གླང་ཧུན་ཛུང་གི་བུ་མུ་ཛུང་བསྐོས། སྐབས་དེ་ཤེད་དུ་བོད་ཀྱི་རྒྱལ་པོ་འདས་ཟེར་ཡང་ཤིང་ཕོ་རྟ་ཤར་བ་ལ་འདས། ལོ་དེ་ལ་ཁ་ལི་ཁ་ཆུ་བསྐོས། ལྷ་སའི་ཐང་དུ་བོད་ཀྱི་བློན་པོ་འཚོགས། བན་ཆེན་པོས་མནའ་བརྩིགས་བཏོན། བདེན་པ་བདར་ཏེ་ཐམས་ཅད་བརྩིགས་པ་དང་མནའ་ཆད་བྱས། མུ་ཛུང་མེ་ཕོ་རྟ་ལ་བློན་པོས་བཀྲོངས། མེ་མོ་ལུག་ལ་མུ་ཛུང་གི་བུ་གཉིས་པ་འུ་ཛུང་བསྐོས། མེ་ཕོ་འབྲུག་ལ་བོད་ཀྱི་རྒྱལ་པོ་འདས། ལོ་དེ་ཉིད་ལ་གཅུང་པོ་ཐ་ཆུང་ཐ་མུ་ཞེས་པ་རྒྱལ་སར་བསྐོས། དེ་ཆང་ལ་དགའ་ཞིང་སྤྱོད་པ་ངན་པས་བོད་ཀྱི་རྒྱལ་ཁམས་འཁྲུགས། སི་ཧ་ཅིའུ་ལ་བོད་དབང་བའི་རི་བརྩིགས་ཡོད་པ་འགྱེལ། ཀླུ་ཆུ་ཞག་གསུམ་གྱེན་ལ་ལོག །ལྟས་ངན་བྱུང་ཞིང་རྒྱལ་ཁམས་ཞིག་པ་ཡིན་ནོ། །ས་མོ་ལུག་ཡན་ཆོད་ལ་ལོ་ཉིས་བརྒྱ་དང་བརྒྱད་སོང་ཟེར་ཡང༌། ལེགས་པར་བརྩིས་ན་ཐང་གི་རྒྱལ་ཁམས་ཉིས་བརྒྱ་དང་ཉི་ཤུ་རྩ་གཉིས་སོང་ངོ༌། །ས་མོ་ལུག་འདི་གླང་དར་མས་རྒྱལ་སྲིད་བྱས་ནས་ལོ་བཞི་ལོན་པའི་ས་མོ་ལུག་དེ་ཡིན་ནོ། །དེའི་རྗེས་སུ་ལྕགས་ཕོ་སྤྲེའུ་དང་ལྕགས་མོ་བྱའི་བར་དུ་ཡང་རྒྱལ་པོ་བྱས། ལྕགས་བྱ་དེ་ལ་ཆོས་བསྣུབས་ཤིང༌། དེ་མ་ཐག་ཁོ་རང་དཔལ་གྱི་རྡོ་རྗེས་བསད་དོ། །དེས་ན་མཁས་པ་རྣམས་ཆོས་བསྣུབས་ནས་ལོ་ཇི་ཙམ་ལོན་པ་ནི་ལྕགས་བྱ་དེ་ནས་འགོ་འཛིན་པ་ཡིན་ནོ། །ཐང་ཀའུ་ཛུང་གིས་ས་ཕོ་སྟག་ལ་རྒྱལ་ཁམས་བླངས་པ་དེ། སྲོང་བཙན་སྒམ་པོའི་ལོ་ལྔ་བཅུ་པ་ལ་ཡིན་པས། དེའི་གོང་གི་ལོ་བཞི་བཅུ་རྩ་དགུ་པོ་བསྣན་ཏེ། སྲོང་བཙན་འཁྲུངས་ནས་ལོ་ཉིས་བརྒྱ་དང་བདུན་ཅུ་རྩ་གཅིག་ས་མོ་ལུག་ཡན་ལ་སོང་ངོ༌། །ནེལ་པའི་ཆོས་འབྱུང་དུ་ས་མོ་ལུག་ལ་དམ་པའི་ཆོས་བསྣུབས་པར་བཤད་དེ། ལོ་གཉིས་ཀྱིས་མང་བ་ཙམ་མོ། ཝུ་ཛུང་རྒྱལ་པོས་ལོ་བཅུ་གསུམ་སྲིད་བཟུང་ནས། དགུང་ལོ་སུམ་ཅུ་པ་ས་མོ་ལུག་ལ་འདས། ལོ་དེ་ལ་མུ་ཛུང་གི་བུ་ལྔ་པ་ཝུ་ཛུང་བསྐོས། ལོ་དྲུག་སྲིད་བསྐྱངས། དགུང་ལོ་སུམ་ཅུ་རྩ་བཞི་པ་ཤིང་མོ་གླང་ལ་འདས། མེ་ཕོ་སྟག་ལ་ཧེན་ཛུང་གི་བུ་བཅུ་གསུམ་པ་ཟྭན་ཛུང་བསྐོས། དང་པོ་ཐང་གི་རྒྱལ་ཁམས་ཀིན་བྱང་ཧུ་ནས་བོད་ཀྱི་བར་ལ་ས་ལེ་བར་སྟོང་ཚོ་དགུ་དང་དགུ་བརྒྱ་ཡོད། ཕྱིས་ཛུང་ཛུང་ནས་གཟུང་སྟེ་བོད་ལ་མཁར་མིག་སུམ་བརྒྱ་ཤོར། ཕྱིས་ཐང་གིས་ཐམས་ཅད་ཐོབ། ཟྭན་ཛུང་གིས་ལོ་བཅུ་བཞི་སྲིད་གཟུང༌། ལྔ་བཅུ་པ་ས་མོ་ཡོས་ལ་འདས། ལྕགས་ཕོ་འབྲུག་ལ་དེའི་བུ་ཆེ་བ་གྷི་ཛུང་བསྐོས། དེ་ཕྱིན་ཆད་བོད་དང་འབྲེལ་ཆད། དེ་ལྟར་ཐང་གི་རྒྱལ་པོ་ཀའུ་ཛུང་ནས་ལོ་ཉིས་བརྒྱ་དང་སུམ་ཅུ་སོ་དགུ་སོང་ཟེར། ལེགས་པར་བརྩིས་ན་ལྕགས་ཕོ་འབྲུག་ཡན་ལ་ལོ་ཉིས་བརྒྱ་དང་བཞི་བཅུ་རྩ་བཞི་སོང་ངོ༌། །གྷི་ཛུང་གིས་རྒྱལ་པོ་ལོ་བཅུ་བཞི་བྱས་ནས། ཆུ་མོ་སྦྲུལ་ལ་འདས། ཤིང་ཕོ་རྟ་ལ་གྷི་ཛུང་གི་བུ་ལྔ་པ་ཧྱི་ཛུང་བསྐོས། ལོ་བཅོ་ལྔར་སྲིད་གཟུང༌། ས་ཕོ་སྤྲེའུ་ལ་འདས། དེའི་བདུན་པ་ཇེ་ཛུང་ས་མོ་བྱ་ལ་བསྐོས། ལོ་བཅོ་ལྔར་སྲིད་གཟུང༌། ཆུ་མོ་ཕག་ལ་འདས། ཤིང་ཕོ་བྱི་བ་ལ་དེའི་བུ་དགུ་པ་ངའི་དིང་བསྐོས། ལོ་བཞི་སྲིད་གཟུང༌། མེ་མོ་ཡོས་ལ་འདས། དེ་ནས་རྒྱལ་རབས་ཆད་དེ། སྤྱིར་ཐང་གི་རྒྱལ་པོ་རྒྱལ་མོ་དང་བཅས་པ་ལ་ཉི་ཤུ་བྱུང༌། རྒྱལ་ཁམས་ལོ་ཉིས་བརྒྱ་དང་བརྒྱད་ཅུ་རྩ་བརྒྱད་བདག་བྱས་ཟེར་ཏེ། ཐང་ཀའུ་ཛུང་གིས་ས་ཕོ་སྟག་ལ་རྒྱལ་ཁམས་བླངས་པ་ནས། མེ་མོ་ཡོས་དེ་ཡན་ལ་ལོ་དྲུག་ཅུ་སྐོར་བཞི་དང་ལོ་ལྔ་བཅུ་སོང་ངོ༌། །ཐང་ཐའི་ཛུང་གི་རིང་ལ་ལོ་ཙཱ་བ་ཐང་ཟམ་ཚང་ཞེས་པ་བྱུང་ནས་ཆོས་མང་པོ་བསྒྱུར། དེ་ཡན་ཆོད་ལ་རྒྱ་ཡི་ལོ་ཙཱ་བ་ཉིས་བརྒྱ་བྱུང༌། ཐང་རུས་པའི་མིང༌། ཟམ་གསུམ། ཚང་སྡེ་སྣོད་དེ། སྡེ་སྣོད་གསུམ་པ་ཞེས་བྱའོ། །དེ་རྒྱ་གར་གྱི་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཡིན་ཟེར། ཐང་གི་རྒྱལ་པོ་ཕྱི་མ་འདི་ཁམས་ན་གྲུམ་ཡེ་ཤེས་རྒྱལ་མཚན་བསྟན་པའི་བདག་པོ་བྱེད་པའི་དུས་ཡིན་ནོ། ཡང་ཐང་རབས་ཆད་པའི་རྗེས་ལ། ལྱང་ཞེས་པ་ལ་རྒྱལ་ས་འཕོས་པ་ཡིན། དེ་ཡང་ཐང་གི་རྒྱལ་པོའི་དུས་སུ་ཧྭང་མའོ་ཟེར་བ་བསིའུ་ཚ་ཞིག་གིས་ངོ་ལོག་བྱས་ནས་རྒྱལ་པོ་བྱས། ཇུ་ཧུན་ཟེར་བས་བློན་པོ་བྱས། རྟིང་ལ་ཇུ་ཧན་གྱིས་ཐང་ལ་ངོ་བལྟས་ནས། ཆུ་མི་དབེན་གྱི་དམག་དཔོན་བྱས། ཡང་རྟིང་ལ་ངོ་ལོག་སྟེ་རྒྱལ་ས་ཕྲོགས་པས་ལྱང་རྒྱལ་པོ་ཞེས་པའི་བརྒྱུད་བྱུང༌། དེ་ལ་སོགས་པ་རུས་མི་གཅིག་པའི་རྒྱལ་རབས་ཚན་པ་ལྔ་ལ་རྒྱལ་པོ་བཅོ་ལྔ་བྱུང༌། ལོ་ལྔ་བཅུ་ཐམ་པ་རྒྱལ་ས་བྱས། དེའི་རྗེས་སུ་ཅིའུ་ཐའི་ཛུང་ཞེས་པའི་རྒྱལ་པོ་ལ་རྒྱལ་རབས་བརྒྱད་སྦེན་ལྱང་གི་ས་ཆར་བྱུང༌། རྒྱལ་རབས་བརྒྱད་པ་ཧྭང་ཤང་ཕ་བུ་གཉིས་ཀྱི་ལག་ནས། ཆི་ཧན་ཏའི་གླེའུ་ཞེས་པས་སྦེན་ལྱང་ལ་སོགས་པའི་རྒྱལ་ཁམས་ཕྱེད་ཕྲོགས། རྒྱལ་རབས་དེ་ལ་ཏའི་གླེའུ་ཟེར། ཧྭང་ཤང་གི་ཞ་གོན་མའི་བུ་ཁ་དབང་ཞེས་པ་སྨན་རྩེའི་ཡུལ་དུ་འོངས་ནས། ཕའི་ཡུལ་གྱི་རྒྱལ་ཁམས་ཕྱེད་པོ་གཟུང༌། ཧོར་གྱིས་ནམ་ཐའི་ཟེར། ཁྱེན་ཁང་ཧྭང་ཇེ་འུར་བསྡད། རྒྱལ་ཁམས་དེ་ལ་གསུང་ཟེར། དེ་ནས་སྨན་རྩེ་ལྷ་བཙུན་གྱི་བར་དུ་རྒྱལ་རབ་བརྒྱད་སྨན་རྩེར་བྱུང༌། ཆི་ཏན་ཏའི་གླེའུའི་རྒྱལ་རབས་བདུན་བརྒྱད་ཀྱི་རྗེས་སུ་བློན་པོ་ཆེ་བ་ནུའི་ཇི་ཞེས་པས་རྒྱལ་ས་བླངས། དེའི་རྒྱལ་རབས་ལ་ཨམ་ཏན་ཁན་ཟེར། བརྒྱུད་པ་དགུ་བྱུང༌། རྒྱལ་པོ་དགུ་པ་ཧཱུྃ་དབང་གི་དུས་སུ་ཇིང་གིན་རྒྱལ་པོ་བྱུང་ནས། ཇིང་གིན་གྱིས་རྒྱ་ཁམས་དེ་བླངསསོ། །སེ་ཆེན་རྒྱལ་པོ་རྒྱལ་སར་བཞུགས་ནས་ཅི་དབེན་ལོ་བཅུ་གསུམ་པའི་དུས་སུ་སྨན་རྩེའི་རྒྱལ་པོ་གཡེའུ་ཇུ་རྒྱལ་སར་བསྡད་ནས་ལོ་གསུམ་སོང་བ་ལ། བ་ཡན་ཆིང་སང་གི་གསུང་གིས་རྒྱལ་ཁམས་བླངས། རྒྱལ་པོ་ས་སྐྱར་གཏང་ནས་ལྷ་བཙུན་བྱས། རྟིང་དུ་གེ་གན་རྒྱལ་པོའི་དུས་སུ་བསད་པས་ཁྲག་འོ་མར་བྱུང་ངོ༌། ཧོར་གྱི་རྒྱལ་ཁམས་ལ་ཏའི་དབེན་ཟེར་ཞེས་པ་ཛམྦྷ་ལ་ཏེ་ཤྲཱི་མགོན་གྱིས་སྨྲས་པ་ཀུན་དགའ་རྡོ་རྗེས་བྲིས་པའོ། ཅིའུའི་རྒྱལ་པོ་སུམ་ཅུ་སོ་དྲུག །ཆིན་ཧྲི་ཧྭང་གི་རྒྱལ་པོ་གཉིས། ཧན་གྱི་རྒྱལ་པོ་བཅུ་གཉིས། ཨང་མང་གཉིས། ཧན་ཉི་ཤུ་རྩ་དྲུག །ཚའོ་ཚ་ལྔ། འུ་མ་གཅིག །ཧེའུ་ཙིང་གཅིག །བསི་ཙིང་གཅིག །ཆིང་སང་བརྒྱུད་པ་སུའི་གཡང་དི་ཡི་ལ་རྒྱལ་པོ་བཅུ་གཉིས། ཧན་ཉི་ཤུ་རྩ་དྲུག་པའི་གཉིས་པ་ཧན་མི་ཏི་རྒྱལ་པོའི་དུས་སུ་ཆོས་བྱུང༌། ཧོར་གྱི་རྒྱལ་རབས་ལ། དང་པོར་གནམ་གྱི་བུ་སྦོར་ཏ་ཆེ། དེའི་བུ་བར་ཆི་གན། དེའི་བུ་ཐམ་ཆག །དེའི་བུ་ཆི་ཇི་མེར་གན། དེ་ད་ལྟའང་སྲིན་པོའི་ཁ་གནོན་བྱེད་པར་གྲགས་པས་པདྨ་འབྱུང་གནས་ཡིན་ཟེར། དེའི་བུ་ལའུ་ཇང་བྷི་རེ་འོལ། དེའི་བུ་ཀ་ས་པ་ནི་དུན། དེའི་བུ་སེམས་ཛའོ་ཇི། དེའི་བུ་ལ་ཇུ། དེའི་བུ་དུ་བུན་མེར་གན། དེ་འདས་རྟིང་ནག་མོ་ཨ་ལན་ལོ་ལས་ཉི་མ་དང་ཟླ་བའི་ཟེར་ལས་སྐྱེས་པ་བོ་དོན་ཆར་མུ་གན། དེའི་བུ་གའི་ཆི། དེའི་བུ་སྦི་ཁིར། དེའི་བུ་མ་ནན་ཐོ་དོན། དེའི་བུ་གའི་ཐུ་གན། དེའི་བུ་བའི་ཤིང༌། དེའི་བུ་ཁོར་ཐོག་ཤིང༌། དེའི་བུ་དུམ་བི་ཧའི་ཁན། དེའི་བུ་ག་བུ་ལ་གན། དེའི་བུ་བར་ཐན་བ་དུར། དེའི་བུ་ཡེར་ཕུར་ག་བ་དུར། དེ་དང་བཙུན་མོ་ཧུ་ལུན་གཉིས་ཀྱི་སྲས་ཇིང་གིན་རྒྱལ་པོ། ཆུ་ཕོ་སྟག་ལ་འཁྲུངས། སྤུན་ལྔ་ཡོད། དེས་ལོ་སོ་བརྒྱད་པ་ལ་རྒྱལ་ཁམས་དབང་དུ་བསྡུས་ནས་རྒྱལ་ས་ལོ་ཉི་ཤུ་རྩ་གསུམ་མཛད། འདི་ལ་ཐའི་ཛུང་ཡང་ཟེར། ཆུ་ཕོ་སྟག་གི་ལོའི་སྟོན་ཟླ་དང་པོའི་ཚེས་བཅུ་གཉིས་ལ་དགུང་ལོ་དྲུག་ཅུ་རྩ་གཅིག་པ་མི་ཉག་གྷ་རུ་གནམ་དུ་གཤེགས། དེ་རྗེས་ཨོ་གོ་ཏས་ལོ་དྲུག །དེའི་སྲས་གོ་ལུག་རྒྱལ་པོས་ཟླ་བ་དྲུག །མོང་གལ་གན་གྱིས་ལོ་དགུ། སེ་ཆེན་གན་གྱི་ལྕགས་སྤྲེལ་ནས་ཤིང་རྟའི་བར་ལོ་སོ་ལྔ་སྟེ། རང་ལོ་བརྒྱད་ཅུ་པ་ལ་གཤེགས། ཨོལ་ཇ་དུས་ལོ་བཅུ་གསུམ། འདིའི་རིང་ལ་སྣར་ཐང་གི་བསྟན་འགྱུར་བྱུང༌། གོ་ཡུག་རྒྱལ་པོས་ལོ་བཞི། ཨ་ཡུ་པར་པ་ཏ་བུ་ཡན་དུས་ལོ་དགུ། སིད་དྷི་ཕ་ལ་གཡིང་ཛུང་གིས་ལོ་གསུམ། ཡེ་སུན་ཐེ་མུར་ཅིང་དབང་གིས་ལོ་ལྔ། ར་ཁྱི་ཕག་གིས་ཞག་བཞི་བཅུ། ཀུ་ཤ་ལ་གོ་ཐུག་རྒྱལ་པོས་ཟླ་བ་གཅིག །ཐོག་ཐི་མུར་འཇའ་ཡ་དུ་རྒྱལ་པོས་ལོ་ལྔ། རིན་ཆེན་དཔལ་རྒྱལ་པོས་ཟླ་བ་གཅིག །ཟླ་བ་དྲུག་རྒྱལ་ས་སྟོངས། རྒྱལ་སྲིད་ཨེལ་ཐ་མུར་ཐ་ཤྲཱིས་བསྐྱངས། ཆུ་མོ་བྱ་ལ་རྒྱལ་སར་ཐོ་གན་ཐི་མུར་བསྐོས་ནས་ལོ་སོ་དྲུག་པ་ས་ཕོ་སྤྲེའུ་ལ་ཧོར་ཡུལ་ལ་བྲོས། ས་ཕོ་སྤྲེའུ་དེ་ནས་ཏའི་མིང་རྒྱལ་པོས་རྒྱལ་ས་བྱས། ས་ཕོ་སྤྲེའུ་དེ་ནས་དེང་སང་གི་མེ་སྤྲེལ་ཤར་བ་ན་ལོ་བརྒྱ་དང་བརྒྱད་སོང་བ་ཡིན་ནོ། །ཏའི་མིང་རྒྱལ་པོས་ལོ་སུམ་ཅུ་རྩ་གསུམ། ཀྱི་ཧུན་གྱིས་ལོ་གཉས། ཡེ་དབང་གིས་ལོ་ཉི་ཤུ་རྩ་གཉིས། བཞིན་ཛུང་གིས་ལོ་བཞི། ཟོན་ངེས་ལོ་བརྒྱད། ཅིན་ཐུང་གིས་ལོ་བཅུ་གསུམ། གྱིན་ཐའི་ལོ་བདུན། ཐེན་ཤུན་མེ་མོ་གླང་ལ་རྒྱལ་སར་བྱུང་ནས་ཆུ་སྤྲེའི་བར་ལོ་བརྒྱད། ཆུ་བྱ་ནས་ཆིང་ཧྭ་རྒྱལ་པོས་རྒྱལ་ས་གཟུང་ནས་ཤིང་ལུག་གིས་ལོ་བཅུ་གཅིག །མེ་སྤྲེ་ཤར་བའི་ཚེ་བརྒྱ་དང་བརྒྱད་འདས་པ་ཏའི་མིང་རྒྱལ་པོ་བརྒྱུད་པ་དང་བཅས་པའི་ལོ་སྟེ། ཕྱིན་ཆད་བརྩི་བར་འདོད་ན་ཡང་འདི་ཉིད་གཞིར་བྱས་ཏེ་བརྩི་བར་བྱའོ། །དེ་ལ་ཧོར་གྱི་རྒྱལ་པོ་བྱིན་གེན་ནས་གཟུང་སྟེ། ཐོ་གན་ཐི་མུར་ཡན་དང༌། ཏའི་མིང་ནས་གཟུང་སྟེ་དིང་སང་གི་བར་རྒྱའི་རྒྱལ་པོ་རྣམས་ཀྱིས། སྤྱིར་དཀོན་མཆོག་གསུམ་གུས་པས་བཀུར་ཞིང༌། བྱེ་བྲག་ཏུ་སེ་ཆེན་གན་དང་ཡེ་དབང་གཉིས་ཀྱིས་རྒྱ་གར་དང་བོད་ཀྱི་རབ་ཏུ་བྱུང་བ་རྣམས་ལ་གཅེས་སྤྲས་སུ་བྱས་ནས་ཡོ་བྱད་བཏང་བ་ནི་བློར་ཤོང་བར་དཀའ་བས། རྒྱལ་པོ་དེ་དག་གི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བར་བྱས་ན་རང་དང་གཞན་གྱི་བསོད་ནམས་བྱས་པ་དང་མཉམ་པ་ཉིད་ཅེས་བྱ་བ་དེ་འབྱུང་ངོ༌། བོད་དང་རྒྱ་ཧོར་ལ་སོགས་པའི་རྒྱལ་རབས་ཀྱི་སྐབས་སོ། ། ། ༡.༡༡ གླང་དར་མས་བསྟན་པ་བསྣུབས་རྗེས་བོད་མི་ཁྱིམ་པ་ཆོས་གཙུག་ལག་ཁང་དང་བཀའ་བསྟན་སྲུང་སྐྱོང་བྱས་པའི་སྐོར། གླང་དར་མས་བསྟན་པ་བསྣུབས་རྗེས། འོད་སྲུངས་དང་དཔལ་འཁོར་བཙན་གྱིས་ཀྱང་དཀོན་མཆོག་གསུམ་ལ་གུས་པར་བྱས་ཏེ། གཙུག་ལག་ཁང་རྩིག་པ་ལ་སོགས་པ་བྱསསོ། །བསྟན་པ་བསྣུབས་རྗེས་བོད་ཀྱི་ཁྱིམ་པ་རྣམས་ཀྱིས་ཀྱང་དཀོན་མཆོག་གསུམ་ལ་གུས་པར་བྱས་ནས། ལྷ་ས་དང་བསམ་ཡས་ལ་སོགས་པའི་གཙུག་ལག་ཁང་ཆེན་པོ་རྣམས་མ་ཞིག །ཁྱིམ་དང་རི་སུལ་ན་གནས་པའི་སྔགས་པ་རྟེན་སྐྱ་བོར་གྱུར་པ་དེ་དག་གིས་ཀྱང་རང་ཉིད་ཀྱིས་སྒྲུབ་པ་ཚུལ་བཞིན་དུ་ཉམས་སུ་བླངས་ཤིང༌། བསྟན་པ་སྤྱི་ལ་ཡང་གུས་པར་བྱས་པས། མངའ་བདག་རལ་པ་ཡན་ཆོད་དུ་འགྱུར་བའི་བཀའ་དང་བསྟན་བཅོས་ཀྱི་པུ་སྟི་རྣམས་ལེགས་པར་བསྲུངས་པས། སྔོན་འགྱུར་བ་ཕལ་ཆེ་བ་ད་ལྟ་ལོངས་སྤྱད་དུ་ཡོད་པ་འདི་ཡིན་ལ། ཕྱིས་ཁམས་ནས་ཕྱོགས་འདིར་རབ་ཏུ་བྱུང་བ་བྱོན་པ་མཐོང་མ་ཐག་ཏུ་དགའ་ཆེས་ཏེ། གཙུག་ལག་ཁང་གི་ཕྱོགས་སུ་ཡོ་བྱད་མང་དུ་བཏང་ནས་བརྩིགས། དགེ་འདུན་གྱི་འཚོ་བ་ལེགས་པར་སྦྱར་བས་དགེ་འདུན་བགྲང་བ་ལས་འདས་པ་འཕེལ་བ་ཡིན་ལ། ཁམས་ནས་བོད་ཡུལ་དབུས་སུ་དགེ་འདུན་བྱོན་པའི་དུས་མཚམས་ནི། བུ་སྟོན་རིན་པོ་ཆེས་རྒན་མོ་ཞིག་གི་ངག་གི་རྗེས་སུ་འབྲངས་ནས་ལྕགས་མོ་བྱ་ལ་བསྟན་པ་བསྣུབས་ནས་བདུན་ཅུ་རྩ་གསུམ་པ་ཆུ་མོ་བྱ་ལ་བསྟན་པ་བྱུང་བ་ཡིན་ཞེས་གསུང་ལ། བསྟན་པའི་རབས་ལ་ཤིན་ཏུ་མཁས་པ་འབྲོམ་སྟོན་པའི་ཞལ་ནས། བདུན་ཅུ་རྩ་བརྒྱད་པ་ས་ཕོ་སྟག་ལ་བྱུང་བ་ཡིན་གསུང་ངོ༌། །ས་ཕོ་སྟག་དེ་ནས་ལོ་དྲུག་ཅུ་རྩ་ལྔ་པ་ཆུ་ཕོ་རྟ་ལ་ཨ་ཏི་ཤ་བོད་དུ་བྱོན། དེའི་ཚེ་ན་དབུས་གཙང་མི་དྲུག་ཏུ་གྲགས་པ་ལས་སུམ་པ་ཡེ་ཤེས་གཞོན་ནུ་བློ་གྲོས་བཞུགས་ཡོད་དེ། འབྲོམ་སྟོན་གྱིས་དབུས་ཀྱི་བཤེས་གཉེན་ཆེན་པོ་རྣམས་ལ་ཇོ་བོ་བསུ་བ་ལ་འབྱོན་པ་ཞུ་ཟེར་བའི་ཡི་གེའི་ནང་ན། དང་པོའི་དགེ་སློང་ལུགས་འབྱིན་དཔོན། །བཙུན་ཆེན་ཡེ་ཤེས་བློ་གྲོས་དང༌། ཞེས་འབྱུང་བའི་ཕྱིར་རོ། །དེ་ལ་ནེལ་པ་པཎྚི་ཏ་གྲགས་པ་སྨོན་ལམ་ཚུལ་ཁྲིམས་ན་རེ། ལྕགས་མོ་བྱ་ནས་ལོ་བརྒྱ་དང་བརྒྱད་ཀྱི་བར་དུ་བསྟན་པ་མེད། བརྒྱ་དང་དགུ་པ་ས་མོ་བྱ་ལ་བསྟན་པ་བྱུང་ཟེར་ཏེ། བརྟགས་ནས་ཀླུ་མེས་ཀྱི་ཆེ་བ་བརྗོད་པའི་ཡི་གེ་ན། བདག་གི་དགེ་བའི་བཤེས་གཉེན་ཆེན་པོ་ཀླུ་མེས་ཤེས་རབ་ཚུལ་ཁྲིམས་དང༌། སུམ་པ་ཡེ་ཤེས་བློ་གྲོས་གཉིས་ཀྱིས་དང་པོ་ཁོ་ནར་ཀླུང་ཤོད་འབྱིམ་པའི་ལུང་དུ་གནས་བཙུགས་པས་མ་ཚུགས། དེ་ནས་བྱའི་ལོ་ལ་མོ་ར་སྒྱེལ་བཙུགས་ཤེས་འབྱུང་བས། གནས་གཞི་བརྩིགས་པ་ལ་བསྟན་པ་བྱུང་བའི་ཐོག་མར་འཁྲུལ་ལོ་སྙམ་མོ། །དེ་ནས་ཀླུ་མེས་དང་སུམ་པས་གཙུག་ལག་ཁང་བརྩིགས་ཤིང་དགེ་འདུན་གྱི་སྡེ་འཕེལ་བ་ལ། ཀ་བ་བཞི། གདུང་བརྒྱད། ལྕམ་སུམ་ཅུ་སོ་གཉིས། དྲལ་མ་དཔག་ཏུ་མེད་པ་བྱུང་བར་གྲགས། རག་ཤི་ཚུལ་ཁྲིམས་འབྱུང་གནས་ནི་ཁམས་སུ་བཞུད་དེ་མཆེད། སྦ་དང་དེ་གཉིས་མཁན་པོ་མི་གཅིག །སྦ་བཙུན་བློ་གྲོས་འབྱུང་གནས་ཀྱིས་བུ་ཚལ་གསེར་ཁང་བཟུང་ནས། དེའི་མཁན་བུ་སྤྱན་འོག་བློ་གྲོས་རྒྱལ་མཚན་ལ་སོགས་པ་རྣམས་ཀྱིས་ལྕེ་ས་ལ་སོགས་པའི་གཙུག་ལག་ཁང་མང་དུ་བཙུགས། འབྲིང་ཡེ་ཤེས་ཡོན་ཏན་གྱིས་ལྷ་ལུང་ལ་བརྟེན་ནས་ཁམས་གསུམ་ཟངས་ཁང་དང༌། འཕྱོས་ཀྱི་དོག་པ་དང༌། གང་པར་ལྷ་ཁང་དང༌། དེའི་མཁན་བུ་རྣམས་ཀྱིས་དབུ་རུ་སྐར་ཆུང་དང༌། གཉལ་གྱི་ཆོས་སྒྲོར། བྲེ་གུ་ར་ལ་སོགས་པ་དགེ་འདུན་གྱི་སྡེ་མང་དུ་འཕེལ་ལོ། །དེ་ཡང་དབུས་གཙང་མི་དྲུག་ཕྱག་ཕེབས་ནས། གཞན་བསྙེན་པར་རྫོགས་པ་ལ་དད་པའི་དགེ་འདུན་ཡང་ངེས་པར་དགོས་པས། འབྲོམ་སྟོན་པས་གསུང་བའི་ས་ཕོ་སྟག་ལ་གཙུག་ལག་ཁང་རྩིགས་པའི་ནུས་པ་མེད་ཀྱང་དགེ་སློང་གི་དགེ་འདུན་རིམ་པར་བྱོན། དེ་ནས་ནུས་པ་ཅན་གྱི་ཀླུ་མེས་ལ་སོགས་པ་བྱོན་པ་ཡིན་ནམ་སྙམ་མོ། ། །

༢.༡ བསྟན་པ་ཕྱི་དར་གྱི་ལོ་ཚིགས་དང་བླ་ཆེན་པོ་ལ་སོགས་པའི་སྐབས། ༄༅། །བསྟན་པ་ཕྱི་དར་གྱི་རྩ་བ་ཉིད་གང་ཡིན་བཤད་པར་བྱ་སྟེ། དར་མ་འུ་དུམ་བཙན་གྱིས་བསྟན་པ་བསྣུབས་པའི་དུས་སུ་དཔལ་ཆུ་བོ་རིའི་སྒོམ་གྲྭ་ན། གཡོར་སྟོད་ཀྱི་དམར་བན་ཤཱཀྱ་མུ་ནེ་དང༌། དྲང་ཆུང་མདོའི་གཡོ་དགེ་འབྱུང་དང༌། རྒྱ་རབ་པའི་གཙངས་རབ་གསལ་གསུམ་གྱིས་ཀརྨ་ཤ་ཏཾ་ལ་སོགས་པའི་འདུལ་མངོན་གྱི་དཔེ་ཆ་དགོས་པ་རྣམས་སྤྱན་དྲངས་ནས། དང་པོར་སྟོད་ཕྱོགས་ལ་བྲོས་ཏེ། ཉིན་པར་ཡིབ་ཅིང་མཚན་མོར་ལམ་བཅད་དེ་མངའ་རིས་སུ་སླེབས་པ་ན། དེར་ཡང་བཞུགས་མ་ནུས་ཏེ་བྱང་ལམ་ནས་ཧོར་གྱི་ཡུལ་ལ་བྲོས་ཏེ། ཧོར་གྱི་དགེ་བསྙེན་ཤཱཀྱ་ཤེས་རབ་ལ་བརྟེན་ཏེ་བཞུགསསོ། །དེ་ནས་མདོ་སྨད་སྲོ་གུ་ལུང་དུ་བྱོན་པའི་སྐབས་སུ། འབྲོག་སྟག་སྣང་ཁྲི་སུམ་རྗེ་ཞེས་པའི་བློན་པོ་དེས་ཆོས་དང་ལྡན་པའི་རྒྱལ་པོའི་བཀའ་བློན་མཛད་ནས། དེས་ལོ་སུམ་ཅུ་རྩ་ལྔ་པ་ལྕགས་ཕག་ལ་སྨོན་ལམ་བཏབ་ནས་ཚེ་འཕོས་ཏེ། ཙོང་ཁ་བདེ་ཁམས་སུ་ཆུ་ཕོ་བྱི་བ་ལ་སྐུ་འཁྲུངས་ཏེ། དེ་ལུས་ནར་སོན་ནས་ཞིང་དབོན་དབེན་སར། ནོན་འཇམ་དཔལ་ལ་བཟླས་ལུང་བླངས། ཁང་རིན་ཆེན་རྡོ་རྗེ་ཞེས་བྱ་བ་འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་མཐོང་བ་ཞིག་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། སྐྱི་རྒྱལ་བའི་གཙུག་ཏོར་ལ་དབུ་ཚད་ཀྱི་བསྟན་བཅོས་གསན། ནམ་དགའ་ལྡན་བྱང་ཆུབ་ལ་ཡོ་ག་གསན་ནས། ཡང་ཐུགས་དགོངས་ལ། འཁོར་བའི་སྡུག་བསྔལ་བསལ་ནས་ཐར་པ་ཡི། །བདུད་རྩིས་འགྲོ་བའི་སྡུག་བསྔལ་ཞི་བྱེད་པའི། །བསྟན་པ་ཕྱོགས་བཅུར་རྒྱས་པར་བྱ་བའི་ཕྱིར། །དང་པོར་བདག་གིས་རབ་ཏུ་བྱུང་བར་བྱ། དེ་ནས་གཙངས་རབ་གསལ་གྱིས་མཁན་པོ་བྱས། གཡོ་དང་དམར་གྱིས་སློབ་དཔོན་བྱས་ནས། མཚན་ཡང་དགེ་བ་གསལ་དུ་བཏགས། དེ་ནས་བྱང་ཕྱོགས་སུ་ཕྱིན་ཏེ་ཅང་ཨིན་རྩེ་མཁར་མི་ཉག་གྷའི་ཡུལ་དུ་བྱོན་ཏེ། གོ་རོང་སེང་གེ་གྲགས་ལ་འདུལ་བ་གསན་པས་འདུལ་བ་ལུང་སྡེ་བཞི་བསྟན་བཅོས་དང་བཅས་པ་བླ་ཆེན་པོ་ལ་བྱིན་ནས། བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་བསྟན་པ་ཚུལ་བཞིན་དུ་གསལ་བར་གྱིས་ཤིག །ཁོ་བོ་ནི་རྒས་པས་ཡུན་རིང་དུ་མི་འཚོ་འོང་གསུང་སྐད། དེ་ནས་དབུས་སུ་ཞང་ཆེན་པོ་དགེ་བ་བཞུགས་པའི་སྤྱན་སྔར་ཆོས་ཉན་དུ་འབྱོན་པར་བཞེད་ནས། མདོ་ཁམས་གློང་ཐང་འཇིག་རྟེན་སྒྲོན་དུ་བྱོན་ཙ་ན། མང་ར་གཡུ་མཚོ་ཞེས་བྱ་བ་དབུས་ནས་རྒྱལ་པོས་ཕོ་ཉ་མངགས་ནས་བྱུང་བ་ན་རེ། དབུས་སུ་མུ་གེ་ཆེན་པོ་བྱུང་བས་བཙུན་པ་ཁྱོད་ཀྱིས་གཤུལ་ཡང་མི་ཕྱེད། ཀྭ་འོད་མཆོག་གྲགས་པ་ཞེས་བྱ་བ་དེ་ལྷོ་བལ་དུ་ཆོས་མང་པོ་གསན་ནས་ཁམས་སུ་བྱོན་ནོ་ཞེས་ཟེར་རོ། །དེ་གསན་ནས་སླར་ལོག་སྟེ། ཤར་ཕྱོགས་སུ་ལྷ་རྩེ་བྷིག་ཏིག་ཅེས་བྱ་བ། སྔོན་གྱི་ལྷ་རྟེན་མང་དུ་བཞུགས་པའི་དགེ་འདུན་གྱི་གནས་ཤིག་ཏུ་ཀྭ་འོད་མཆོག་གྲགས་པ་དང་མཇལ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབུམ་ཊིག་ལ་སོགས་པ་དང༌། བྱང་ཆུབ་སེམས་དཔའི་ས་ལ་སོགས་པ་མངོན་པའི་ཐེག་པ་ཆེན་པོ་ལོ་བཅུ་གཉིས་སུ་གསན་ནས། མཚན་མོའི་རྨང་ལམ་ན་གླང་པོ་ཆེ་གཅིག་ལ་བཅིབས་ནས་ནོར་བུ་རིན་པོ་ཆེ་ཕྱག་ཏུ་བསྣམས་ནས། ཚོང་འདུས་ཀུན་ཏུ་རྒྱུ་ཞིང་བྱོན་པ་ལ། མི་རྣམས་ཀུན་ན་རེ། བཙུན་པ་ཁྱོད་ཀྱི་ནོར་བུ་བཟང་སྟེ། དེ་ལྟར་རེ་ཞིག་ཉོ་བ་ཡང་མེད། རིན་ཡང་མི་ཐེག་ཟེར་རོ། །དེ་ནས་མནལ་སད་ནས་བསམས་པས། བསྟན་པ་རིན་ཆེན་སྒྲོམ་ཕྱེ་སྟེ། །ཡོན་ཏན་ཆོག་གི་ནོར་བྱིན་ཡང༌། །དམན་རྣམས་དོན་དུ་མི་གཉེར་བས། །རེ་ཞིག་ནགས་སུ་གནས་པར་བྱ། སྙམ་དུ་དགོངས་པའི་སྐབས་སུ། རི་དན་ཏིག་དང་ཉེ་བ་ན་ཐིའུ་རང་སྤུན་དགུ་ཞེས་བྱ་བ་མི་མ་ཡིན་པ་སྟོབས་དང་ལྡན་པ་དེ་རྣམས་བླ་ཆེན་པོ་མཐོང་བ་དང་དད་པ་སྐྱེས་ཏེ། བདག་ཅག་གི་ས་ཕྱོགས་གང་དང་གང་ན་དགོན་པ་ཆེན་པོ་དངོས་གྲུབ་བརྙེས་པ་མང་དུ་བྱུང༌། རྩ་བ་དང་འབྲས་བུ་ལ་སོགས་པ་རྙེད་སླ་བ་དེར་འབྱོན་པ་ཅི་གནང་བདག་ཅག་གིས་ཀྱང་ཁྱེད་ཀྱི་གྲོགས་དང་དགེ་བསྙེན་དུ་ཡང་བགྱིའོ་ཞེས་ཞུས་པས་གནང་ནས་དན་ཏིག་དུ་བྱོན་ནོ། །དེ་ནས་གནས་དེར་དཀོན་མཆོག་ལ་མཆོད་པ་རྒྱ་ཆེན་པོ་དང༌། ཆོས་སྐྱོང་ལ་གཏོར་མ་རྒྱ་ཆེན་པོ་ལ་སོགས་པ་མང་དུ་མཛད་ནས། ཆོས་སྐྱོང་ལ་གསོལ་བ་བཏབ་པ། བསྟན་པ་སྲུང་བ་སྐྱོབ་པའི་སྤྱན་སྔ་རུ། །ཐུགས་དམ་བཞེས་པ་རྒྱལ་སྲས་དཔའ་རྣམས་དང༌། །འཇིག་རྟེན་སྐྱོང་བ་རྫུ་འཕྲུལ་སྟོབས་ལྡན་པ། །སྐྱོབ་ལ་གུས་རྣམས་བདག་ལ་སྟོང་གྲོགས་མཛོད། ཅེས་གསོལ་བ་བཏབ་བོ། །དེ་ནས་བདག་ཉིད་ཆེན་པོ་དེས་ཅིག་ཆར་འཇུག་པའི་རྣལ་འབྱོར་པ་ཞེས་བྱ་བ་དགེ་བའི་ཕྱོགས་ཅི་ཡང་མི་བྱེད་པའི་ལོག་རྟོག་ཅན་མང་བས། དེ་དག་དགག་པའི་ཆེད་དུ་ལྷ་ཁང་དང་མཆོད་རྟེན་དཔག་ཏུ་མེད་པ་བཞེངས། ཚོན་རྩི་ཡང་ཡུལ་དེར་བྱུང༌། བཟོ་ཡང་རང་ཉིད་ཀྱིས་མཛད་ནས་འདུས་བྱས་ཀྱི་དགེ་བའི་རྩ་བ་ལ་བརྩོན་པར་མཛད་དོ། །དེ་ལྟར་དམ་པའི་སྤྱོད་པ་དེ་ལྟ་བུས་དད་པ་སྐྱེས་ནས་སྤ་གོར་ཡེ་ཤེས་གཡུང་དྲུང་ཞེས་བྱ་བ་དེ་འཁོར་མང་པོ་དང་བཅས་དན་ཏིག་ཏུ་བྱོན་པ་དང༌། བླ་ཆེན་པོས་དམ་པའི་ཆོས་འདུལ་བ་ནས་གསུངས་པའི་བསླབ་པའི་གཞི་རྣམས་བརྗོད་པས། རང་ཉིད་ཀྱི་སྤྱོད་ལམ་དེ་ལྟ་བུས་གནོང་ཞིང་འགྱོད་ནས་ཚུལ་བཞིན་དུ་རབ་ཏུ་བྱུང་སྟེ། དེའི་རྗེས་སུ་བར་གནས་བརྟན་གྲགས་པ་ཞེས་བྱ་བ་རབ་ཏུ་བྱུང་སྟེ། སྤ་བར་གཉིསསོ། །དེ་བཞིན་དུ་ཇ་བ་གྲགས་པ་དང་བཙུན་ཆེན་ཤེས་རབ་འབྱུང་གནས་གཉིས་ཏེ། ཇ་ཅོག་གཉིསསོ། །དེ་བཞིན་དུ་བཞད་དཔལ་གྱི་རྡོ་རྗེ་ཞེས་བྱ་བ་དང༌། སྲགས་རྒྱ་མཚོ་ཞེས་བྱ་བ་གཉིས་ཏེ། བཞད་སྲགས་གཉིསསོ། །འལ་པ་རྡོ་རྗེ་དབང་ཕྱུག་དང་བསྣུབས་ལབ་ཤི་དཔལ་གྱི་དབང་ཕྱུག་གཉིས་ཏེ། འལ་བསྣུབས་གཉིསསོ། །ཟོང་མཆོག་ཆོས་སྐྱོང་དང་འཚུར་ཤེས་རབ་མཆོག་གཉིས་ཏེ། ཟོང་འཚུར་གཉིསསོ། །འཚུར་གྱི་མཁན་བུ་ཀླུ་མེས་ཤེས་རབ་ཚུལ་ཁྲིམས་ལ་སོགས་པ་དབུས་གཙང་པ་རྣམས་ཡིན་ནོ། །དེ་ལྟར་སྒྲ་མེད་ཞི་བའི་ནགས་ཚལ་དེར། །སྡོམ་བརྩོན་ལྡན་པ་བརྩེ་ལྡན་སློབ་མའི་ཚོགས། །དེ་ལ་འགྲོགས་ན་བདེ་བ་དེ་དག་དང༌། ལྷན་ཅིག་དགེ་བའི་ཕྱོགས་ལ་བརྩོན་པར་གནས། དུས་གཞན་ཞིག་ན་བརྒྱ་བྱིན་ལ་སོགས་པ་འདོད་པ་ཁམས་ཀྱི་ལྷའི་གཙོ་བོ་དང་འཁོར་དུ་མ་བཅས་པ་མང་པོ་མཚན་མོར་ལྷགས་ཏེ། མཆོད་པ་བྱས་ནས་ཆོས་ཉན་པའི་ཕྱིར་འཁོད་པ་དང༌། བླ་ཆེན་པོས་ཀྱང་ཆོས་དང་ལྡན་པའི་གཏམ་གྱིས་དེ་དག་ཡིད་ཚིམ་པར་མཛད་དོ། །ཡང་དེ་དག་ན་རེ། བཙུན་པ་ཁྱོད་ནི་བཟང་ན་མི་མ་ཡིན་པའི་འཁོར་འདི་དག་ནི་ངན་ནོ་ཟེར་ནས་སོང་ངོ༌། །འཁོར་རྣམས་ཀྱིས་ཞུས་པ། མདང་སྣང་བ་འདི་ལྟ་བུ་སྣང་བས། བླ་ཆེན་པོ་དེ་ནི་ངེས་པར་སྤྲུལ་པ་ལགས་སམ་ཞུས་པས་ལན་དུ། །སྤྲུལ་པ་མ་ཡིན་གྱི། བདག་ནི་ཐེག་པ་ཆེན་པོ་ལ་ཞུགས་པའི་སྦྱོར་བའི་ལམ་པ་སྣང་བ་ཐོབ་པ་ལ་ཞུགས་པའི་བན་དེ་དགེ་བ་གསལ་ཡིན་ཞེས་གསུངས། ཡང་སྐབས་གཞན་དུ། དང་པོ་བུད་མེད་སྒོག་འཚོང་མ། །བར་དུ་སྟག་སྣ་ཁྲི་སུམ་རྗེ། །ཐ་མ་མུ་ཟུ་དགེ་བ་གསལ། །ཞེས་ཀྱང་གསུངསསོ། །དེ་ལྟར་བླ་ཆེན་པོས་ལོ་བཞི་བཅུ་རྩ་དགུ་ལ་དན་ཏིག་ཏུ་བྱོན། ལོ་སུམ་ཅུ་རྩ་ལྔ་དན་ཏིག་ཏུ་བཞུགས། བརྒྱད་ཅུ་རྩ་བཞི་པ་ཤིང་མོ་ཕག་གི་ལོ་ལ་དགའ་ལྡན་དུ་གཤེགས། ཤིང་ཕག་འདི་བསྟན་པ་བསྣུབས་པའི་ལྕགས་བྱ་ནས་བདུན་ཅུ་རྩ་ལྔ་པ་ཡིན། དེ་ལྟར་བླ་ཆེན་པོའི་ཞལ་ནས། འཕགས་པ་ཐོགས་མེད་དང་བཙུན་པ་མཆེ་བའི་སྡེ་གཉིས་ཀྱིས་རྒྱལ་བའི་ཡུམ་གྱི་དགོངས་པ་མི་འདྲ་བ་བཀྲལ་བ་དེ། ཁོ་བོས་རྒྱལ་ཚབ་བྱམས་མགོན་ལ་འདྲི་དགོས་ཏེ། སློབ་དཔོན་དེ་གཉིས་ཀྱང་ད་ལྟ་དགའ་ལྡན་ན་བཞུགས་ཞེས་གསུང༌། ཡང་འཇིག་རྟེན་གྱི་ཁམས་འདིར་ད་ལྟ་འཕགས་པ་འཇམ་དཔལ་བྱོན་ཡང་བསྐྲད་དེ་གཏོང་བས། ཁོ་བོ་ནི་མགོན་པོ་བྱམས་པ་འཇིག་རྟེན་གྱི་ཁམས་འདིར་མ་བྱོན་བར་དུ་ཛམྦུའི་གླིང་འདི་ཐམས་ཅད་དུ་སྐྱེ་བ་བརྒྱ་ཙམ་དུ་ལེན་དགོས་གསུང་ངོ༌། །བཤད་པ་འདི་རྣམས་དབོན་བི་ཅིས་བྲིས་པ་ལྟར་བཀོད་པ་ཡིན་ཏེ། གཞན་དུ་དབུས་གཙང་གི་མི་དྲུག་གིས་བླ་ཆེན་པོ་ཉིད་ལ་ཐུག་པ་དང༌། གྲུམ་ཡེ་ཤེས་རྒྱལ་མཚན་ལ་བསླབ་བྱ་བླངས་པ་ལ་སོགས་པའི་གཏམ་ཅི་རིགས་སུ་ཡོད་དོ། །གཞན་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོ་ས་མོ་གླང་ལ་འཁྲུངས་ནས་ཡི་གེ་འདི་བགྱིས་པའི་མེ་ཕོ་སྤྲེའུ་ཡན་ཆད་དུ་ལོ་བརྒྱད་བརྒྱ་དང་བཞི་བཅུ་རྩ་བརྒྱ་འདསསོ། །བསྟན་པ་ཕྱི་དར་གྱི་ལོ་ཚིགས་དང་བླ་ཆེན་པོ་ལ་སོགས་པའི་སྐབས་སོ། ། །

༢.༢ ལོ་ཆེན་གྱི་སྐབས། སྲོང་བཙན་འཁྲུངས་ནས་ལོ་སུམ་བརྒྱ་དང་ཉི་ཤུ་རྩ་དགུ་འདས་པ་ས་ཕོ་རྟའི་ལོ་ལ་ལོ་ཙཱ་བ་རིན་ཆེན་བཟང་པོ་འཁྲུངས། ཁོང་གིས་བཅུ་གསུམ་བཞེས་པའི་ཚེ་མཁན་པོ་ཡེ་ཤེས་བཟང་པོ་ལ་རབ་ཏུ་བྱུང་ཞེས་བྱ་བ། ཁྲི་ཐང་ཛྙཱ་ནས་བཀོད་པའི་རྣམ་པར་ཐར་པ་ན་འདུག །དེ་ལྟར་ན་ནི་ལོ་ཙཱ་བ་རབ་ཏུ་བྱུང་བའི་ལོ་དེ། བསྟན་པ་བསྣུབས་པའི་ལྕགས་བྱ་ནས་ལོ་བདུན་ཅུ་པ་ཡིན་ཏེ། བསྟན་པ་བྱུང་བ་ཡང་དབུས་གཙང་ལས་མངའ་རིས་སྔ་བར་མངོན་ནོ། །ལོ་ཙཱ་བས་བརྒྱད་ཅུ་རྩ་ལྔ་བཞེས་པ་ལ་ཇོ་བོ་རྗེས་བོད་དུ་བྱོན། ལོ་ཙཱ་བས་མཇལ། སྤྱིར་ལོ་ཆེན་འདི་སྐུ་གཞོན་པ་ནས་ཁ་ཆེར་བྱོན། སྔར་མཚན་ཉིད་ཀྱི་གཞུང་ལུགས་མང་པོ་ལ་སྦྱངས། མཁྱེན་པ་ཤིན་ཏུ་ཆེ་བས་མདོ་སྔགས་ཀྱི་ཆོས་མང་པོ་བསྒྱུར། ཕ་རོལ་ཏུ་ཕྱིན་པ་དང་རྒྱུད་ཀྱི་ཕྱོགས་གཉིས་ཀའི་བཤད་པ་རྒྱ་ཆེར་མཛད། དབང་དང་སྒྲུབ་པའི་ལག་ལེན་མང་དུ་བསྟན་ཞིང༌། བསྟན་པ་སྔ་དར་ལས་ཕྱི་དར་སྔགས་ཀྱི་བསྟན་པ་བོད་དུ་དར་བ་ཡང་ཕལ་ཆར་ལོ་ཙཱ་བ་འདི་ཁོ་ནའི་བཀའ་དྲིན་ཡིན། པཎྚི་ཏ་བདུན་ཅུ་རྩ་ལྔ་བསྟེན་ནས་དམ་པའི་ཆོས་མང་དུ་གསན། བླ་ཆེན་པོ་ལྷ་ལྡེ་བཙན་གྱིས་དབུའི་མཆོད་གནས་དང་རྡོ་རྗེ་སློབ་དཔོན་དུ་བཀུར། སྤུར་ཧྲངས་ཀྱི་ཞེར་གྱི་གནས་གཞི་ཕུལ། གཙུག་ལག་ཁང་ཡང་བཞེངས། ཁྲ་ཙའི་གཙུག་ལག་ཁང་དང༌། རོང་གི་གཙུག་ལག་ཁང་ལ་སོགས་པ་གནས་གཞི་དང་གཙུག་ལག་ཁང་དང་མཆོད་རྟེན་མང་དུ་བཞེངས། གུར་ཤིང་བརྩོན་འགྲུས་རྒྱལ་མཚན་ལ་སོགས་པའི་སློབ་མ་མཁས་གྲུབ་མང་པོ་དང༌། ཞུས་ཆེན་ཕེར་བའི་ལོ་ཙཱ་བ་ཡང་བཅུ་ལྷག་ཙམ་ཐོན། འཕྲལ་གྱི་མཛད་པ་ཡང་སྐུ་གཟུགས་བཞེངས་པ་དང་འགྱུར་མཛད་པ་ལ་སོགས་རེ་རེའི་རྗེས་ཀྱང་གཞན་གྱིས་མི་སྙོགས་པ་དང༌། མཚན་ཡང་དག་པར་བརྗོད་པ་ཡང་སཾ་སྐྲྀ་ཏའི་སྐད་དུ་འབུམ་ཕྲག་གཅིག །བོད་ཀྱི་སྐད་དུ་འབུམ་ཕྲག་གཅིག །གཞན་ལ་ཡོན་བྱིན་ཏེ་འབུམ་ཕྲག་གཅིག་རྣམས་བཏོན། མཐར་ཇོ་བོ་རྗེས་སྒྲུབ་པ་ལ་བཙུད་དེ། སྒྲུབ་ཁང་གི་ཕྱི་རོལ་ན་སྒོ་སུམ་རིམ་ཡོད་པ་ལ་ཚེ་འདིའི་རྣམ་པར་རྟོག་པ་དང༌། རང་དོན་ཡིད་བྱེད་ཀྱི་རྣམ་པར་རྟོག་པ་དང༌། ཐ་མལ་གྱི་རྣམ་པར་རྟོག་པ་རྣམས་སྐད་ཅིག་མ་རེ་སྐྱེས་ན། བསྟན་སྲུང་རྣམས་ཀྱིས་ཁོ་བོའི་མགོ་བོ་ཁོས་ཅིག་ཅེས་བྱ་བའི་སྒོ་ཡིག་སྦྱར་ནས། རྩེ་གཅིག་ཏུ་བསྒྲུབ་པས་མཆོག་གི་གྲུབ་པ་བརྙེས་ཏེ། དགུང་ལོ་དགུ་བཅུ་རྩ་བརྒྱད་པ་ཤིང་མོ་ལུག་ལ་ཁྲ་ཙེ་ཝིང་གེར་དུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་ཚེ། ནམ་མཁའ་གང་བའི་ལྷ་རྣམས་ཀྱིས་རོལ་མོ་རྒྱ་ཆེན་པོ་སྒྲོགས་པ་དང༌། མེ་ཏོག་གི་ཆར་འབེབས་པ་ལ་སོགས་པ་གྲོང་པའི་བྱིས་པ་ལ་སོགས་པ་སྐྱེ་བོ་ཐམས་ཅད་ཀྱི་མངོན་སུམ་དུ་གྱུར། གདུང་གཏན་མ་བྱུང་བས་མཁའ་སྤྱོད་དུ་གཤེགས་ཞེས་གྲགས། རིང་བསྲེལ་འོལ་མ་སེའི་མདོག་ལྟ་བུ་ཤིན་ཏུ་དམར་བ་གསུམ་བྱུང་བ་ཡང༌། ཇི་ཞིག་ལྟར་འབྲུག་ལྟ་བུའི་སྒྲ་ཆེན་པོ་དང་བཅས་ནམ་མཁར་སོང་ངོ༌། །ལོ་ཆེན་གྱི་སྐབས་སོ། ། ། ༢.༣ དུས་མཚུངས་བསྒྲིགས་པའི་སྐབས། གཞན་ཡང་ལྷ་བླ་མ་ཡེ་ཤེས་འོད་ཀྱིས། རྒྱ་གར་ཤར་ཕྱོགས་ཀྱི་པཎྚི་ཏ་དྷརྨ་པཱ་ལ་སྤྱན་དྲངས། འདུལ་བའི་བཤད་པ་དང་ལག་ལེན་མཛད་པའི་སློབ་མའི་གཙོ་བོ་སཱ་དྷུ་པཱ་ལ། གུ་ཎ་པཱ་ལ། པྲཛྙཱ་པཱ་ལ་སྟེ། པཱ་ལ་གསུམ་ལ་སོགས་པའི་སློབ་མ་མང་དུ་བྱུང་སྟེ། དེ་རྣམས་ལས་བརྒྱུད་པ་སྟོད་འདུལ་བ་ཞེས་ཟེར་རོ། །གཞན་ཡང་ལྷ་ལྡེའི་རིང་ལ་སུ་བྷཱུ་ཏི་ཤྲཱི་ཤཱནྟི་སྟི། ཁ་ཆེ་པཎ་ཆེན་དུ་གྲགས་པ་དེ་སྤྱན་དྲངས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་དང༌། དེའི་འགྲེལ་ཆེན་དང༌། མངོན་པར་རྟོགས་པའི་རྒྱན་འགྲེལ་དང་བཅས་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་མདོ་དང་བསྟན་བཙོས་མང་དུ་བསྒྱུར། ལོ་ཆེན་གྱི་སློབ་མ་ལོ་ཙཱ་བ་མཆོག་ཏུ་མཁས་པ་མང་དུ་བྱུང་བ་རྣམས་ཀྱིས་འདུལ་བའི་སྡེ་སྣོད་མང་པོ་དང༌། ཕ་རོལ་ཏུ་ཕྱིན་པ་དང༌། སྔགས་ཀྱི་ཆོས་ཀྱང་མང་དུ་བསྒྱུར། ཁྱད་པར་རྨ་དགེ་བའི་བློ་གྲོས་ཀྱིས་ཚད་མ་རྣམ་འགྲེལ་དང༌། དེའི་རང་འགྲེལ་དང༌། ལྷ་དབང་བློའི་འགྲེལ་པ་དང༌། ཤཱཀྱ་བློའི་འགྲེལ་བཤད་ལ་སོགས་པ་མང་དུ་བསྒྱུར་ཞིང༌། འཆད་ཉན་གྱིས་གཏན་ལ་ཕབ། དེ་ལས་མཆེད་ནས་དབུས་གཙང་གི་ཕྱོགས་འདིར་ཡང་ཚད་མའི་འཆད་ཉན་བྱུང་ཞིང༌། དེའི་ཚེ་ཁྱུང་པོ་གྲགས་སེ་ཞེས་བྱ་བ་མཁས་པར་གྲགས་པ་དེས་ཚད་མའི་བཤད་པ་མང་དུ་མཛད། དེ་དག་ལ་ཚད་མ་རྙིང་མ་ཞེས་ཟེར། ཕྱིས་ལོ་ཙཱ་བ་བློ་ལྡན་ཤེས་རབ་ནས་ཚད་མ་གསར་མར་གྲགས་པ་རྣམས་བྱུང༌། མཁས་པ་ཆེན་པོ་ཛྙཱ་ན་ཤྲཱི་ཡང་སྤྱན་མ་དྲངས་པར་བོད་དུ་བྱོན། དེ་ལ་སོགས་པའི་པཎྚི་ཏ་མང་དུ་བྱོན་ནས་རྣམ་པར་དག་པའི་འགྱུར་མང་པོ་མཛད་པ་དང༌། འོད་སྡེའི་རིང་ལ་ཇོ་བོ་རྗེ་སྤྱན་དྲངས་ནས་བསྟན་པ་ལ་ཞུས་དག་མཛད་པ་དང༌། དེའི་སྲས་རྩ་ལྡེའི་རིང་ལ། མེ་ཕོ་འབྲུག་གི་ཆོས་འཁོར་ཞེས་བྱ་བ་དབུས་གཙང་ཁམས་གསུམ་གྱི་སྡེ་སྣོད་འཛིན་པ་ཆེན་པོ་ཕལ་ཆེ་བ་ཡང་འདུས། ཆོས་ཀྱི་འཁོར་ལོ་ལེགས་པར་སོ་སོར་བསྐོར། ཟངས་དཀར་ལོ་ཙཱ་བས་ཚད་མ་རྒྱན་ཡང་དེའི་དུས་སུ་བསྒྱུར་བ་མཛད་དེ། སྤྱིར་ན་མངའ་རིས་སྟོད་ཀྱི་རྒྱལ་པོ་དེ་རྣམས་ཀྱིས་བསྟན་པའི་ཞབས་ཏོག་བགྱིས་པ་དེ་ལྟ་བུ་ནི་ཡུལ་གཞན་གང་ན་ཡང་མ་མཆིས། ཆོས་འཁོར་དེ་ལ་རྭ་ལོ་ཙཱ་བ་དང༌། གཉན་ལོ་ཙཱ་དང༌། ཁྱུང་པོ་ཆོས་བརྩོན་དང༌། བཙན་ཁ་བོ་ཆེ་དང༌། རྔོག་བློ་ལྡན་ཤེས་རབ་དང༌། མར་ཐུང་དད་པ་ཤེས་རབ་སྟེ་ལོ་ཙཱ་བ་རྣམས་ཀྱི་འགྲུལ་ཚན་ལ་དྭགས་པོ་དབང་རྒྱལ་ཡང་ཡོད་དེ་ཆོས་འཁོར་དེ་ལ་སྙེགས། བཙན་ཁ་པོ་ཆེས་སཛྙཱ་ན་ལ་བྱམས་ཆོས་ལེགས་པར་བསླབས་ཏེ་བྱོན་པས་ཤིན་ཏུ་ཕན་ཆེ། རྭ་དང་གཉན་གྱིས་ཆོས་འཁོར་ཐོན་ནས་བལ་པོ་དང་རྒྱ་གར་དུ་བྱོན་ནས། སླར་བོད་དུ་བྱོན་ཏེ་ཕྲིན་ལས་ལེགས་པར་བསྐྱངས། དྭགས་པོ་དབང་རྒྱལ་དང་ཁྱུང་པོ་གྲགས་སེ་གཉིས་ཀྱིས་པོ་ཏ་རི་དང་དམར་པོ་རི་ལ་འགྲན་བཤད་མཛད། གྲྭ་པ་རྣམས་ཕན་ཚུན་གཉིས་ཀའི་ཆོས་གྲྭར་འགྲོ་བ་ཞིག་བྱུང་ཞེས་གྲགས་པའི་ཁྱུང་པོ་དེས་ཚད་མ་རྙིང་པ་མཁྱེན། སློབ་མའང་མང་དུ་བྱུང་བའི་ཡི་གེ་འདུག་ནའང༌། ཚད་མ་རྙིང་མ་དེ་ཁམས་ནས་བྱུང་བ་ཞིག་གམ། མངའ་རིས་ནས་རྨ་ལོ་ཙཱ་བས་རང་འགྲེལ་དང་ལྷ་དབང་བློས་བསྒྱུར་བ་ལ་བརྟེན་པ་གང་ཡིན་པ་ནི་མ་འཚལ་ལོ། །ཁྱུང་པོ་དེ་པོ་ཏ་བ་དང་ཡང་དུས་མཚུངས་པར་སྣང་ངོ༌། །དེ་ལ་སྤྱིར་སྲོང་བཙན་སྒམ་པོ་འཁྲུངས་ནས་ལོ་ཉིས་བརྒྱ་དང་ལྔ་བཅུ་རྩ་གཉིས་འདས་པ་ལྕགས་མོ་གླང་གི་ལོ་ལ་རྒྱལ་པོ་རལ་པ་ཅན་གྱིས་རྒྱ་དང་དུམས་མཛད། དེའི་ཕྱི་ལོ་ཆུ་ཕོ་སྟག་ལ་ལྷ་སའི་རྡོ་རིང་བཙུགས། ཆུ་སྟག་དེ་ནས་ལོ་བཅོ་ལྔ་པ་མེ་ཕོ་འབྲུག་ལ་རལ་པ་ཅན་གཤེགས། ལོ་དེ་ཉིད་ནས་ལྕགས་མོ་བྱའི་བར་དར་མས་རྒྱལ་པོ་བྱས། རབ་ཏུ་བྱུང་བའི་བསྟན་པ་བསྣུབས། བསྟན་པ་བསྣུབས་པའི་ལྕགས་བྱ་ནས་ལོ་བདུན་ཅུ་རྩ་བདུན་པ་འདི་མེ་མོ་གླང་ཡིན། དེ་རྗེས་ཀྱི་ས་ཕོ་སྟག་ནས་ཇོ་བོ་རྗེ་བོད་དུ་ཆུ་ཕོ་རྟ་ལ་བྱོན་པའི་སྔ་ལོའི་ལྕགས་སྦྲུལ་ཡན་ལ་ལོ་དྲུག་ཅུ་རྩ་བཞི་ཡོད། ལོ་དེ་དག་གི་ཁོངས་སུ་དབུས་གཙང་མི་དྲུག་གིས་རབ་ཏུ་བྱུང་བའི་བསྟན་པ་ཤིན་ཏུ་དར་བར་མཛད། ཇོ་བོ་བོད་དུ་ཕེབས་དུས་མི་དྲུག་པོའི་སློབ་མ་ཁུ་རྔོག་ལ་སོགས་པ་མང་དུ་བཞུགསསོ། །དེ་ལྟར་ན་སྲོང་བཙན་སྒམ་པོ་འཁྲུངས་ནས་ལོ་བཞི་བརྒྱ་དང་བཅུ་གསུམ་འདས། བསྟན་པ་བསྣུབས་པའི་ལྕགས་བྱ་ནས་ལོ་བརྒྱ་དང་བཞི་བཅུ་རྩ་གཅིག་འདས་རྗེས་ཀྱི་ཆུ་ཕོ་རྟ་ལ་ཇོ་བོ་རྗེ་བོད་དུ་ཕེབས། དེའི་ཚེ་རྗེ་མར་པས་ལོ་སོ་གཅིག་ལོན། འཁོན་དཀོན་མཆོག་རྒྱལ་པོས་ལོ་དགུ་ལོན། དེའི་ཚེ་གཟུས་དང་གྲྭ་པ་མངོནཤེས་གཉིས་ཀྱང་མཁན་པོའི་བྱ་བ་བྱེད། རྒྱ་འདུལ་བ་འཛིན་པ་འདུལ་བའི་སློབ་གཉེར་ལ་ཞུགས། གྲ་བའི་མཁན་བུ་བཙན་ཁ་བོ་ཆེས་ལོ་ཉི་ཤུ་རྩ་གསུམ་ལོན། གཟུས་ཀྱི་བུ་ཆེན་རྣམས་ཀྱང་དེ་དུས་ཡོད། ལོ་ཙཱ་བ་ལེང་འབྲོག་འགོས་གསུམ། སྟག་ལོ་གཞོན་ཚུལ། འབྲོ་སེང་དཀར་ཤཱཀྱ་འོད། ཁུ་དངོས་གྲུབ། གྱི་ཇོ་ཟླ་བའི་འོད་ཟེར་རྣམས་ཀྱང་ཡོད། ཇོ་བོ་བོད་དུ་བྱོན་པའི་ཉེར་གསུམ་པ་ལ་འབྲོམ་གཤེགས། དེ་དང་ཉེ་བར་བླ་ཆེན་འབྲོག་མི་ཡང་གཤེགས། འབྲོག་མི་གཤེགས་རྗེས་སུ་རྒྱ་གར་ཕྱག་ན་བོད་དུ་བྱོན། གཙང་སྟོད་དུ་སྟོན་ཆེན་ཉི་ཤུ་རྩ་གཅིག་ལ་སོགས་པ་ལ་གྲུབ་སྙིང་གི་ཆོས་རྣམས་རྒྱ་ཆེར་གསུངས། ཇོ་བོ་རྗེ་གཤེགས་འཕྲལ་ཙམ་ལ་དམ་པ་སངས་རྒྱས་བོད་དུ་བྱོན། གྲ་པ་དང་ལྕེ་དྲལ་སྒང་བ་རྣམས་ལ་ཞི་བྱེད་བརྒྱུད་པ་སྔ་མའི་ཆོས་རྣམས་གསུངས། ཁ་ཆེ་ཟླ་མགོན་ཡང་བོད་དུ་ཕེབས་ནས། དེ་ཉིད་ཀྱི་བླ་མ་མཛད་དེ་དུས་ཀྱི་འཁོར་ལོ་གསུངས། དམ་པ་རྒྱ་གར་དུ་བྱོན་ནས། སླར་ཡང་ཤ་འུག་སྟག་སྒོ་ལ་འཐོན་ཏེ་གཉལ་གྱི་སྣང་གྲོར་ལོ་གསུམ་བཞུགས། དེ་རྗེས་རྨ་སོ་ཀམ་གསུམ་ལ་སོགས་པ་ལ་བརྒྱུད་པ་བར་མའི་ཆོས་རྣམས་གསུངས། ཇོ་བོ་རྗེ་གཤེགས་ནས་ལོ་ཉི་ཤུ་རྩ་དྲུག་ལོན་པའི་དུས་སུ་སྣང༌། དེ་ནས་རྒྱ་ནག་ཏུ་བྱོན་ནས་ལོ་བཅུ་གཉིས་བཞུགས། དེ་རྗེས་དིང་རིར་ཕེབས་ནས་ལོ་ཉི་ཤུ་རྩ་གཅིག་ཏུ་འགྲོ་དོན་མཛད། ཇོ་བོ་གཤེགས་ནས་ལོ་བཞི་བཅུ་པ་ལ་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་དཔེ་འགྲེམས་ཁྲི་ཚོ་གཉིས་དང་སུམ་སྟོང་ལྷག་པ་ལ་སྡེ་སྣོད་རྒྱ་ཆེར་གསུངས། དེའི་ཚེ་བཀའ་གདམས་པའི་སྐུ་མཆེད་གསུམ་དང་སྣེའུ་ཟུར་པ་ལ་སོགས་པ་དང༌། ཤར་བ་པ་དང༌། གླང་ཐང་བ་དང༌། བྱ་ཡུལ་བ་ལ་སོགས་པས་བཀའ་གདམས་ཀྱི་བསྟན་པ་རྒྱས་པར་མཛད། བློ་ལྡན་བསྟན་པ་སྐྱོང་བའི་རིང་ལ་རྗེ་བཙུན་མི་ལ། དམ་པ་སངས་རྒྱས་ཀྱིས་སྒྲུབ་བརྒྱུད་ཀྱི་བསྟན་པ་རྒྱས་པར་མཛད། རྔོག་ཡབ་སྲས། འཚུར་དབང་ངེ༌། མེས་ཚོན་པོ། དཔྱལ་སེ་ཚ། འཁོན་དཀོན་མཆོག་རྒྱལ་པོ་ཡབ་སྲས། བ་རི་ལོ་ཙཱ་བ། རྒྱུས་སྨོན་ལམ་གྲགས། བྲངས་ཀར་ལོ་ཙཱ་བ་སྐུ་མཆེད། རྭ་ལོ། གཉན་ལོ། འགོས་དཔོན་སློབ། མར་པ་དོ་པ་ལ་སོགས་པས་རྒྱུད་ཀྱི་བཤད་པ་རྒྱ་ཆེར་མཛད། བ་རི་འདི་རྗེ་བཙུན་མི་ལ་དང་འཁྲུངས་ལོ་གཅིག །བཅོ་ལྔ་པ་ལ་ཇོ་བོ་རྗེ་དང་མཇལ། ཟུར་ཆུང་པའི་སྲས་སྒྲོ་ཕུག་པ་ཤཱཀྱ་སེང་གེ་དཔོན་སློབ་ཀྱིས་རྙིང་མའི་རྒྱུད་ཀྱི་བཤད་པ་རྒྱ་ཆེར་མཛད་པ་ལ་སོགས་ཏེ། དེ་དུས་ཁོ་ནར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་བ་ཡིན་ནོ། །ཇོ་བོ་གཤེགས་ནས་ལོ་ཉི་ཤུ་རྩ་དྲུག་པ་ས་མོ་ལུག་ལ་དཔལ་སྒམ་པོ་བ་འཁྲུངས། དང་པོར་བཀའ་གདམས་ཀྱི་གདམས་པ་རྣམས་གསན། ཕྱིས་རྗེ་བཙུན་མི་ལའི་ཞབས་ལ་གཏུགས་ཏེ། གདམས་པ་སྐུ་ཉམས་སུ་བཞེས་པས། ཟག་པ་མེད་པའི་ཡེ་ཤེས་ཆེན་པོ་བརྙེས་ནས་འགྲོ་བའི་དོན་རླབས་པོ་ཆེ་མཛད་པ། སྒྲུབ་བརྒྱུད་ཀྱི་བསྟན་པའི་བདག་པོར་གྱུར་ཏེ། དེའི་སློབ་མ་ཡང་སློབ་ལ་སོགས་པའི་གྲངས་དང་ཡོན་ཏན་གྱི་ཆེ་བ་གཉིས་ཀ་བསམ་གྱིས་མི་ཁྱབ་པའོ་ཞེས་ཤེས་པར་བྱའོ། །འདི་ཙམ་གྱིས་ཀྱང་དགེ་བའི་བཤེས་གཉེན་འདི་དང་འདི་དུས་འདི་དང་འདི་ལའོ་ཞེས་བྱ་བའི་ངེས་པ་རྟོགས་པར་འགྱུར་རོ། །དུས་མཚུངས་བསྒྲིགས་པའི་སྐབས་སོ། ། །

༢.༤ ཀླུ་མེས་དཔོན་སློབ་ཀྱིས་གཙུག་ལག་ཁང་བཏབ་པའི་སྐབས། ཇོ་བོ་རྗེ་ལྷ་གཅིག་བོད་དུ་བྱོན་པའི་སྔ་རལ་ལོ་དྲུག་ཅུ་རྩ་བཞི་པོ་དེའི་ཁོངས་སུ་ཀླུ་མེས་དཔོན་སློབ་ཀྱིས་གཙུག་ལག་ཁང་མང་དུ་མཛད་དེ། ས་མོ་བྱའི་ལོ་ལ་མོར་འགྱེལ་གྱི་གཙུག་ལག་ཁང་བརྩིགས། དེའི་ཕྱི་ལོ་དགེ་བཤེས་གླན་ཡེ་ཤེས་འབར་དང༌། རྔོག་བྱང་ཆུབ་འབྱུང་གནས་ལ་སོགས་རབ་ཏུ་བྱུང༌། དེའི་ཕྱི་ལོ་ལ་ཡེར་པ་བ་རེང་གཟུང༌། ཡི་གེ་གཞན་ན་ཡེར་པའི་ལྷ་ཁང་ལྕགས་སྤྲེ་ལ་རྨང་བཏིང་ཟེར་བ་འདུག །གྲུ་མེར་ཡེ་ཤེས་འབྱུང་གནས་ལ་སོགས་པ་བཅོ་བརྒྱད་རབ་ཏུ་བྱུང༌། གླན་རྔོག་སྣ་ནམ་དང་གསུམ་གྲུ་མེར་དང་བཞི་ལ་ཀ་བ་བཞིར་གྲགས་དགེ་བཤེས་ཀླུ་སུམ་གཉིས་ལ་གདུང་གཉིས་སུ་གྲགསསོ། །ཁུ་དང་རིང་གཉིས་ལ་ལྷོའི་སྒོ་གླེགས་དང་བྱང་གི་སྒོ་གླེགས་ཟེར། ཕྱམ་ལ་ཀླུ་སུམ་གཉིས་ཀྱི་མཁན་བུ་དགེ་བཤེས་གླན་ཡེ་ཤེས་འབར་གྱི་ཚ་བོ་གླན་ཡེ་ཤེས་བྱང་ཆུབ། འཚལ་ཆུང་གི་གཉོས་ཚུལ་ཁྲིམས་རྒྱལ་མཚན། འཕངས་དབང་ཕྱུག་རྒྱལ་མཚན། འབྲོམ་པའི་ཕུ་ཆུང་གི་གཟི་རླུང་གཉིས། བ་ལམ་ཤ་ཚ་བཞེངས་པའི་ཀླུ་མེས་ཆེན་པོའི་གཅུང་པོ། མོན་མགར་འགན་བཞེངས་མཁན་གྱི་དགེ་དོམ་དང༌། གཞོན་ནུ་གྲགས་ལ་སོགས་ཀླུ་སུམ་གཉིས་ཀྱི་མཁན་བུ་ཆེ་ཆེ་རྣམས་ལ་ཟེར། གཡུ་རུ་སྟོད་ཀྱི་སྒྲེ་མཁར་བཞེངས་མཁན་གྱི་བྷེ་སྟོན་རྡོ་རྗེ་ཤེས་རབ་མཁན་བུ་མིན་ཡང་མི་ཆེ་བས་གྲངས་སུ་བགྲང༌། གྲལ་བུ་ནི་མཁན་བུ་དེ་བས་ཆུང་བ་རྣམས་ལ་ཟེར། སུམ་པས་གཡུ་སྒྲོ་དང་ཁང་དམར་བཞེངས། གླན་གྱིས་རྒྱས་ར་སྒང་བཞེངས། སྣ་ནམ་གྱིས་ཡབ་ཀྱི་ར་ཚག་བཞེངས། དེ་ནས་རྒྱལ་ལུག་ལྷས་ཀྱི་ལྷ་ཁང་བཞེངས། རྔོག་གིས་ཡེར་པ་ནས་བྱོན་ནས་གཟད་ཀྱི་ལྷིང་པ་བཞེངས། དེ་ནས་ཚ་མིག་དང་གཞུའི་ཀུན་དགའ་ར་བ་ལ་སོགས་པ་བཞེངས། ལྷོ་ནུབ་ཀྱི་ལྷ་མདོ་ལ་སོགས་པའི་འབྲེ་ཚོ་ཡང་རྔོག་གི་སྐོར་ལགས། དགེ་བཤེས་གྲུ་མེར་ལ་སོགས་པའི་བན་དེ་མི་ཕྱེད་དང་བརྒྱད་ཀྱིས་ཀླུ་མེས་དངོས་ལ་ཞུས་ནས་སོལ་ནག་ཐང་པོ་ཆེ་བཞེངས། དགེ་བཤེས་ཀླུ་མེས་སྐུ་མཆེད་གཉིས་ཀྱིས་མི་ཆོས་ཀྱི་ཁོལ་དུ་བ་ལམ་ཤ་ཚ་བཞེངས། ཀླུ་མེས་དགེ་བཤེས་ཆེན་པོས་ཀྭ་ཆུ་གཟུང༌། དེ་ནས་གྲྭ་ཕྱིའི་ཚོང་འདུས་གནས་བཞེངས། དེ་ནས་ཐང་དུ་བྱོན། དེ་ནས་ཚེ་སྤོང་སར་སེ་ར་ཕུག་པར་བཞུགས། དེ་ནས་ཐང་དུ་བྱོན་པའི་ལམ་དུ་གྲོངས་ནས། ཀླུ་མེས་དགེ་བཤེས་ཆེན་པོ་དང་གྲུ་མེར་གཉིས་ཀའི་སྤུར་མ་བཞུ་བར་མཆོད་རྟེན་འོད་ཅན་ན་བཞུགས། དེ་ནས་ཀླུ་མེས་ཀྱི་མཁན་བུ་དགེ་བཤེས་ཡཾ་ཤུད་རྒྱལ་བ་འོད་ཀྱིས་ཐང་ནས་བྱོན་ནས་ཡོན་བདག་ཏུ་གཡུ་རྩེ་སྒོ་གསུམ། མཆོད་གནས་སུ་གཡུ་རྩི་ལྷ་ཁང་བཞེངས། དེའི་སྐབས་སུ་གཉལ་པ་དགེ་བཤེས་འགར་སྲགས་གཉིས་ཀྱིས་ཡཾ་ཤུད་ལ་སྡོམ་པ་མནོས་ནས། ཡུར་འོག་དང་རྩི་འོར་གཉིས་གཟུང་ནས་གཉལ་གྱི་ཐང་པ་རྣམས་དེ་ནས་གྱེས། དགེ་བཤེས་ཡམ་ཤུད་ཀྱིས་ཕུག་པོ་ཆེ་གཟུང༌། དེ་ནས་གང་པ་ཐོག་དང་ལྕང་ཚིགས་ལ་སོགས་པའི་གནས་གཞི་ཡང་མང་དུ་གཟུང་བ་ལགསསོ། །དགེ་བཤེས་གྲྭ་པ་མངོན་ཤེས་ལ་སོགས་པའི་མཁན་བུ་ཡང་མང་དུ་བསྐྱངས། ཐང་ནས་བྱེ་མ་ལྷ་ཁང་གཟུང་བའི་སྐབས་སུ་དགེ་བཤེས་གྲྭ་པས་དབུར་གོང་མ་བཟུང༌། དེའི་དུས་སུ་དགེ་བཤེས་གྲྭ་པས་རོག་པ་རྩའི་གཅེས་ཕྲུག་མི་བཞི་རབ་ཏུ་ཕྱུང་ནས། བྱེ་མ་ལྷ་ཁང་གི་ཐང་ཀ་ཆུ་ཚུར་ངོས་སུམ་བཀོད་ལྷ་ཁང་བཞེངས་ནས། སྔགས་མཚན་ཉིད་གཉིས་སུ་འཆད་པའི་སྐབས་སུ་དགེ་བཤེས་གྲྭ་པའི་མཁན་བུ་ག་སྲང་ནག་པོས་དགེ་བཤེས་ཁུ་ཆེན་པོ་ཟུར་ཕུར་ཀྱི་གླུ་ལ་གཏད་ནས་རྩོད་པའི་དུས་སུ། རྩོད་པ་བསྡུམས་ནས་ཞལ་ཆེ་ལ། མ་བཀོད་ལྷ་ཁང་མདའ་རྒྱང་གང་དུ་བསྣུར་བྱ་བ་བྱུང་ནས་ད་ལྟའི་བྱེ་ལུང་ལགས། ཡུས་སུ་བུ་བཞིའི་ཕ་ལ་རྟ་རེ་བསྐྱོན་བྱ་བ་བྱུང༌། ག་སྲང་ནག་པོ་ཡུལ་དུ་ཐོང་བྱ་བ་བྱུང་ནས། སྔགས་མཚན་ཉིད་གཉིས་སུ་ཆད་པའི་རྩོད་པ་དུམས་པར་བྱས་པ་ལགསསོ། །དེ་ནས་ཕུག་པོ་ཆེ་དང་གྲྭ་ཐང་གི་སྐོར་ལ་སྔགས་སྡེ་ཟེར་བ་ལགས། ཐང་པོ་མ་ལག་གི་སྐོར་ལ་མཚན་ཉིད་ཀྱི་སྡེ་པ་ཟེར་བ་ལགས། ཐང་པོ་ཆེ་རྩིག་པ་ལ་བན་དེ་མི་ཕྱེད་དང་བརྒྱད་ཡོད་པ་ལས། ཁུའི་བན་དེ་མི་གསུམ་ཡོད་པ་ལ། ཁུ་དྲོན་ཚའི་ཤུད་བུ་གཞོན་ནུ་གྲགས་པ་ཐང་ནས་བྱོན་ནས། ཁུ་ཚེས་གཉིས་ཀྱི་སོ་མཚམས་སུ་འཇུམ་བཞེངས། དེ་ནས་ཡུགས་ཀྱི་ཤུད་པུས་སྤྱན་དྲངས་ནས་ལྷོ་བྲག་བ་ཤི་བཞེངས། དེ་ནས་ཡར་སྟོད་དུ་བྱོན་ནས་ཁུ་ཚན་གསུམ་གྱི་མཆོད་པ་གནས་སུ་བར་ཡུལ་བཞེངས། དེ་ལྟར་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་སྟོབས་ཅན་དགེ་བཤེས་ཀླུ་སུམ་མཁན་བུ་དང་བཅས་པ་རྣམས་ཀྱིས་དབུ་རུ་རུ་མཚམས་མན་ཆད་དུ། སངས་རྒྱས་ཀྱི་བསྟན་པའི་རྩ་བར་གྱུར་པ་གཞན་ལས་ཁྱད་པར་དུ་འཕགས་པའི་གནས་ཆེན་པོ་བཞི་ལ། རྒྱལ་བ་བྱམས་པའི་སྤྲུལ་པ་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས་བཞེངས་པའི་རྒྱལ་ལུག་ལྷས་ཀྱི་ལྷ་ཁང་དཀོར་ནོར་གྱིས་ཁྱད་པར་འཕགས། རྔོག་གིས་བཞེངས་པའི་གཞུའི་ཀུན་དགའ་ར་བ་བཟའ་མིས་ཁྱད་པར་དུ་འཕགས། དགེ་བཤེས་གྲུ་མེར་ལ་སོགས་པ་བན་དེ་ཕྱེད་དང་བརྒྱད་ཀྱིས་བཞེངས་པའི་གཙུག་ལག་ཁང༌། དགེ་བཤེས་ཀྱིས་ཁྱད་པར་དུ་འཕགས་པ་ཐང་པོ་ཆེ། ཡོངས་ཀྱི་དགེ་བའི་བཤེས་གཉེན་གྲྭ་པ་མངོན་ཤེས་ཀྱིས་སྣ་ཤུད་གཉིས་ཀྱི་སོ་མཚམས་སུ་བཞེངས་པའི་གཙུག་ལག་ཁང༌། ལྷ་ཁང་གིས་ཁྱད་པར་དུ་འཕགས་པ་གྲྭ་ཐང་ཡིན་ནོ། ཀླུ་མེས་དཔོན་སློབ་ཀྱིས་གཙུག་ལག་ཁང་བཏབ་པའི་སྐབས་སོ། ། ། ༢.༥ འདུལ་བ་འཛིན་པའི་ལོ་རྒྱུས་ཀྱི་སྐབས། དེ་ལྟར་ཀླུ་མེས་དང་སུམ་པ་ལས་འདུལ་བའི་བཤད་པ་ཇི་ལྟར་བྱུང་ཞིང་གང་ལ་བརྒྱུད་པའི་ཚུལ་ནི། ཀླུ་མེས་ལ་སོགས་པའི་དབུས་གཙང་གི་མི་བཅུས་ཁམས་སུ་བྱོན་ཏེ་བསྙེན་པར་རྫོགས། འདུལ་བ་ལེགས་པར་བསླབས་ནས་སླར་དབུས་གཙང་དུ་བྱོན། ལོ་ཚོད་གཉིས་ཀྱིས་གཙང་དུ་དགེ་འདུན་གྱི་སྡེ་མང་དུ་སྤེལ་པས་ལོ་ཚོད་སྟོད་སྨད་གཉིས་སུ་མཆེད། རག་ཤིས་ཁམས་སུ་གདུལ་བྱ་བསྐྱངས། སྦས་བུ་ཚལ། འབྲིང་གིས་ཁམས་གསུམ་གཟུང༌། ཀླུ་མེས་ཀྱིས་ཀྭ་ཆུ་ལ་སོགས་པ་གཟུང་ནས་འདུལ་བ་བཤད་པ་ལ། རྔོག་བྱང་ཆུབ་འབྱུང་གནས། གྲུ་མེར་ཚུལ་ཁྲིམས་འབྱུང་གནས། གླན་ཡེ་ཤེས་ཤེས་རབ། སྣ་ནམ་རྡོ་རྗེ་དབང་ཕྱུག་སྟེ་སློབ་མ་ཆེ་བ་བཞི་བྱུང༌། གྲུ་མེར་གྱི་མཁན་པོ་གྲྭ་ཕྱི་ཕུའི་རླུངས་ལེགས་པའི་ཤེས་རབ་དང༌། གྲྭ་ཕྱི་བའི་སྐྱོགས་ཤེས་རབ་འབྱུང་གནས་དང༌། གཟུས་རྡོ་རྗེ་རྒྱལ་མཚན་གསུམ་ལས། རླུངས་སྐྱོགས་གཉིས་ཀྱིས་ལོ་ཙཱ་སློབ་ཏུ་ཕྱིན་ཏེ། བྲམ་ཟེ་འདུལ་འཛིན་དང་བྲམ་ཟེ་ཤཱཀྱ་སེ་ན་གཉིས་ལ་ཕྲན་དང་བཅས་པ་གསན་ཞིང་ལག་ལེན་ཀྱང་བསླབས། གཟུས་ཀྱིས་ཀླུ་མེས་ལ་གཏུགས་ནས་རྒྱ་ཆེར་འགྲེལ་དང་བམ་པོ་ལྔ་བཅུ་པ་སོགས་འགྲེལ་ཆེན་རྣམས་ལ་སྦྱངས། དུས་ཕྱིས་རླུངས་སྐྱོགས་གཉིས་ལའང་ལེགས་པར་གསན་ནས་མཁས་པར་གྱུར། སྐྱོགས་ཀྱིས་ཡར་ཀླུངས་གད་པ་སྟེང་བཏབ། གཟུས་ལ་བུ་ཆེན་བཞི་སྟེ། འཇིམས་པ་དང་སྣེ་ཕོ་གཉིས་གཙང་གི་བུ་ཆེན་ཡིན། གླན་དང་སྦོ་ཆུང་གཉིས་དབུས་ཀྱི་བུ་ཆེན་ཡིན། དེ་ལ་འཇིམས་པ་ཤེས་རབ་འོད་ནི། མངའ་རིས་ཟ་རི་རོང་པ། མཁས་པ་ཆེན་པོར་གྱུར་པའི་ཕྱི་ནས་གཟུས་ལ་འདུལ་བ་གསན། ར་ས་འཇིམས་སུ་འདུལ་བའི་བཤད་གྲྭ་བཙུགས། དེ་ལ་སྟོད་དུ་ཞང་ཞུང་རྒྱལ་བའི་ཤེས་རབ། འཇིམས་སུ་གཞོན་ཚུལ། དབུས་སུ་འབྲོག་སེང་དཀར་སྟོད་པ་བླ་མ་ཡེ་ཤེས། འདིས་ཀོ་ཁྱིམ་བཏབ་པས་ཀོ་ཁྱིམ་པ་ཡེ་ཤེས་བླ་མར་གྲགས། རོང་ལྷོ་རྩའི་སྣེ་ཕོ་གྲགས་པ་རྒྱལ་མཚན། གདུང་རུས་ཞང༌། མཁར་ཕུག་དང་དམུག་འདུལ་བའི་བཤད་གྲྭ་བཙུགས། དེའི་བུ་ཆེན་ཡུལ་ལྷ་རི་རྩ་བརྒྱད་པ། རུས་པ་སོག །མཚན་ཚུལ་ཁྲིམས་བླ་མ་ཞེས་བྱ་བ་དེས། ལྡན་གྱི་པ་སོ་ཐང་དང་བྱེ་གླིང་ལ་སོགས་པ་གཟུང་ནས་བཤད་གྲྭ་བསྐྱངསསོ། །གླན་ཚུལ་ཁྲིམས་བྱང་ཆུབ་ནི། ཡུལ་རྒྱ་རི་མོ་ཅན་པ། དེས་འཕན་ཡུལ་རྒྱལ་གཟུང་ནས་བཤད་གྲྭ་བསྐྱངས་པས། བུ་ཆེན་རྒྱལ་བ་གཡུང་དྲུང་དབང་ཕྱུག་གོ །སྦོ་ཆུང་ཚུལ་ཁྲིམས་འབྱུང་གནས་ནི། ཡུལ་གཡོ་འབུམ་གླིང་པ། བཙན་ཐང༌། རོང་སྐམ། ཀྭ་ཆུ་རྣམས་གཟུང་ནས་བཤད་གྲྭ་བསྐྱངས། དེའི་བུ་ཆེན་ཡུལ་གྲྭ་ཕྱི་སྨད་པའི་མྱང་མཚམས་རིན་ཆེན་བླ་མ། དེའི་བུ་ཆེན་སྐམ་གསལ་བའི་སྙིང་པོ་ཡིན་ནོ། རྒྱ་འདུལ་བ་འཛིན་པ་ནི་འཁྲུངས་ཡུལ་མྱང་སྟོད་མང་ར་བ་ཡིན། ཆུང་ཆུང་ནས་ཡབ་ཡུམ་འདས་ནས་གནས་གཞི་བྱ་རོག་ཚང་བའི་བཙུན་པ་རྣམས་ཀྱི་གསེབ་ཏུ་ཕྱིན་པས། ཁོང་གཟུགས་བྱད་ངན་པར་ཡོད་པས། ངེས་ཀྱི་མི་འབྲུ་ལ་གནོད་ཟེར་ནས་འདུག་དུ་མ་བཅུག་པར་བསྐྲད་དེ་དགའ་བ་གདོང་དུ་ཕྱིན་ནས། བཙུན་པ་རྣམས་ལ་སྐྲུ་ཞིང་ཕུབ་མའི་གསེབ་ཏུ་ཉལ། མདོ་རྩའི་གཞུང་ལ་ཀློག་དན་བྱས་ཏེ་ཀློག་བསླབས་པས། ཞར་ལ་གཞུང་ཟིན་ཏེ་སོག་ཅན་དུ་འདུལ་བ་སློབ་ཏུ་བྱོན་ཏེ། གཞན་ཡང་དབུས་གཙང་གི་འདུལ་བ་མཁས་ཟེར་ཚད་ཀྱི་དྲུང་དུ་བྱོན་ཏེ་སྦྱངས་པ་མཛད་དེ། འཇིམས་པ་མ་གཏོགས་གཟུས་ཀྱི་བུ་གསུམ་ག་ལ་གསན། གཙོ་ཆེར་སོག །མྱང་མཚམས། ཀོ་ཁྱིམ་པ་སྟེ། བླ་མ་གསུམ་ལ་སྦྱངས། སྐམ་ལའང་གསན་ནོ། །དེ་ལྟར་དགུང་ལོ་སོ་བཞི་པའི་བར་དུ་འདུལ་བ་རྣམས་ལ་སྦྱངས་པ་མཐར་ཐུག་པ་མཛད་ནས། དེ་ནས་དགེ་བཤེས་ཀྱི་ཆ་གཟུང་སྟེ་དགུང་ལོ་བརྒྱད་ཅུའི་བར་དུ་བཞུགས་སའི་མཐིལ་དགའ་བ་གདོང་དུ་མཛད། དགོན་པ་ཆུ་མིག་ལུང་གཟུང་ནས་ཆོས་གཞི་མང་དུ་བསྐོར་ཞིང༌། འདུལ་བའི་བཤད་པ་རྒྱ་ཆེར་མཛད། བརྒྱད་ཅུ་ནས་སྐུ་ན་བགྲེས་པས་སོ་སོ་ཐར་པའམ། རྒྱ་ཆེར་འགྲེལ་པའམ། ཀཱ་རི་ཀཱ་ཐུན་རེ་ཙམ་གསུངས། བཤད་པའི་རྐངས་ཞར་ཆོས་པས་གཟུང་བ་ལོ་ལྔ་ཙམ་མཛད་དེ། དགུང་ལོ་བརྒྱད་ཅུ་རྩ་ལྔ་པ་ལྕགས་ཕག་ལ་ཤངས་སུ་སྐུ་གཤེགསསོ། །དེའི་སློབ་མ་ཀ་བ་བཞི། གདུང་མ་བཅུར་གྲགས་པ་ལས། ཀ་བ་བཞི་ལ། འདར་འདུལ་འཛིན་གྱིས་ཤབ་ལྕང་ར། ར་ས། བོ་དོང་རྣམས་སུ་བཤད་པ་མཛད། མཐའ་བཞི་བརྩོན་འགྲུས་འབར་གྱིས་མྱང་རོ་འུམ་ཕུག་གཟུང་ནས་བཤད་པའི་བུ་ཆེན་གཙང་དུ་རིན་སྐྱབསསོ། །ཇོ་སྟན་ནག་པོ་དར་ཚུལ་གྱིས་དགུང་ལོ་དྲུག་ཅུ་ལ་རབ་ཏུ་བྱུང༌། ཀློག་བསླབས་ནས་འདུལ་བ་སྦྱངས་པས་མཁས་པར་གྱུར་ཏེ། ཡར་ཀླུང་ཚ་རོང་དུ་བཤད་པའི་སློབ་མ་ཤ་མི། དེའི་སློབ་མ་ཀ་བ་དར་སེང༌། དེའི་སློབ་མ་ཐག་མ་རྡོར་གཞོན། དེའི་སློབ་མ་རྣལ་འབྱོར་བྱང་སེང་དང༌། སྦལ་ཏི་ཇོ་སྲས་དང༌། གཞུ་པ་སྟོན་ཡེས། རྣལ་འབྱོར་བྱང་སེང་གེས་ལྷ་ཞིང་ཁྲི་དགུ་དང་འཚལ་ཆུང་དུ་བཤད། ཕྱིས་འཕན་ཡུལ་གྲོ་ས་བཏབ། དེའི་སློབ་མ་ཀ་བ་སྟོན་ནམ་གྱིས་ཕྱྭའི་ཕུ་རུ་གྲགས་ཚབ་བཏབ། སྦལ་ཏིས་བྲང་ར་མོ་ཆེ་གཟུང༌། སྐྱོར་མོ་ལུང་བཏབ། རྨ་ཚོ་བྱང་ཆུབ་རྡོ་རྗེས་རྒྱའི་གྲྭ་པ་ལྔ་བརྒྱ་ཙམ་ཁྲིད་ནས་དབུས་སུ་འཆད་ཉན་མཛད། འདར། མཐའ་བཞི། ཇོ་སྟན། རྨ་ཚོ་སྟེ་བཞི་པོ་ལ་ཀ་བ་བཞི་ཟེར། ཤ་མི་ས་ནི་རྒྱ་ལའང་སྔ་སོར་གཏུགས། རྨ་ཚོའི་སློབ་མ་བྱ་འདུལ་འཛིན་ཏེ། ཡུལ་གཙང་རོང་གཡུང་དུ་ལྕགས་མོ་ལུག་ལ་འཁྲུངས། འབྲེ་ཆེན་པོ་ལ་རབ་ཏུ་བྱུང་ནས། མཚན་བརྩོན་འགྲུས་འབར་དུ་བཏགས། སོག་ལ་འདུལ་བ་གསན། ཁོང་དགུང་ལོ་སོ་དྲུག་པ་ལ་གཤེགས་ནས་རྒྱ་དང་རྨ་ཚོ་བླ་ཟུར་དུ་བྱས་པ་ལ་འདུལ་བ་མཁས་པར་བསླབས། རྒྱལ་ཚ་ཞང་ཡེ་ལ་དབུ་ཚད། ཟངས་དཀར་ལོ་ཙཱ་བ་ལ་ཡོ་ག་བསླབས། སྟོད་ལུངས་པ་ཆེན་པོ་ལ་བཀའ་གདམས་གསན། དེ་རྗེས་ཟུལ་ཕུར་བཤད་གྲྭ་བཙུགས། པེ་དཀར་གྱིས་བཙུན་ཆུང་དུ་སྤྲུལ་ནས་ཞབས་ཏོག་བྱས་པས། འདུལ་བ་དང་འགལ་བ་ན་བཟའི་སྤུ་ཕྱིར་བསྟན་པ་གཅིག་པུ་ལས་མ་མཐོང་བས་དད། ལོ་དགུར་ཚོགས་པ་བསྐྱངས་རྗེས་མན་ངག་ཟབ་མོའི་ཉམས་ལེན་མཛད་ཅིང་བཞུགས། སློབ་མ་འགྲོ་བ་ལ་ཕན་ཐོགས་ནུས་པ་བདུན་ཅུ་རྩ་དྲུག་བྱུང༌། དེ་ལྟར་བྱ་འདུལ་གྱིས་བསྟན་པའི་བྱ་བ་རྒྱ་ཆེར་མཛད། དགུང་ལོ་བདུན་ཅུ་རྩ་དྲུག་པ་ཟུལ་ཕུའི་གཟིམས་ཁང་དུ་སྐུ་གཤེགས། དེའི་སློབ་མ་རྩིས་པ་གཞོན་ནུ་སེང་གེས་གཙང་དུ་འདུལ་བ་དུས་བཞིར་མ་ཆགས་པར་ལོ་བཅོ་བརྒྱད་དུ་བཤད་ཀྱང་ཕན་ཐོགས་ཆེར་མ་བྱུང༌། དེ་རྟིང་དབོན་པོ་ཆོས་དབང་ལ་སོགས་པའི་སློབ་མ་མང་པོ་འཚར། གཙང་རོང་པ་ལྕེ་འདུལ་འཛིན་གྱིས་ངུར་སྨྲིག་ལ་སོགས་པར་བཤད་གྲྭ་བཙུགས། བྱའི་སྣག་དབོན་རོག་ཆོས་དབང་གིས་བྱ་འདུལ་གཤེགས་ནས་ལོ་གསུམ་ན་ཟུའི་ཕུའི་གདན་ས་མཛད། དེ་ནས་གཟུང་སྟེ་རོག་གི་གདུང་རྒྱུད་ཀྱིས་ཟུལ་ཕུ་གཟུང༌། རོག་གི་སློབ་མ་ཟུལ་ཕུའི་མཁན་པོ་ཆོས་བྱང་ན་བཟའ་འཕྲེད་གསོལ། དེའི་སློབ་མ་ཟུལ་ཕུའི་མཁན་པོ་ཆོས་ཀྱི་བརྩོན་འགྲུས། དེའི་སློབ་མ་ཟུལ་ཕུའི་མཁན་པོ་ཆོས་གྲགས་རིན་ཆེན་དཔལ། དེའི་སློབ་མ་ཚོགས་པའི་མཁན་པོ་ཀ་བཞི་པ། དེའི་སློབ་མ་རིན་པོ་ཆེ་བསོད་ནམས་གྲགས་པ་དང༌། འདུལ་འཛིན་གྲུབ་པ་དཔལ་གཉིས་ཡིན། དེ་གཉིས་ཀྱི་སློབ་མ་བུ་རིན་པོ་ཆེའོ། ཡང་རྩིས་པའི་མཁན་བུ་དཔལ་ལྡན་གྲོས་ཀྱིས་སྣར་ཐང་གཟུང༌། བ་ཕྱར་སྟོང་ནག་མོས་ཀླས་མོ་ཆེ། སྟུག་ཚལ་སྨོན་གྲོ རོང་མཁར་ཕུག་རྣམས་སུ་བཤད་པ་མཛད། དེའི་བུ་ཆེན་མངའ་རིས་དགྲ་བཅོམ་གྱིས་དཔལ་ཆེན་རྡོར་གཞོན་ལ་ཐོགས་ཤས་གསན། ཕྱིས་སྟོང་ནག་མོ་ལ་ལེགས་པར་གཏུགས་ཏེ་མཁས་པར་གྱུར་ནས། སྦ་གོར་བྲག་ནག་ནང་ཟམ་འཚེར་བཏབ། དེའི་སློབ་མ་འཆིམས་ནམ་མཁའ་གྲགས་པ་དང་གྱང་མོ་ཆེ་ལ་སོགས་པ་བརྒྱད། ཕྱི་མའི་བུ་ཆེན་སེང་གེ་ཟིལ་གནོན། རྒྱའི་གདུང་མ་བཅུ་ལ། སྣར་རྒྱ་ཚུལ་ཁྲིམས་ཡོན་ཏན། དྭགས་པོ་འདུལ་འཛིན། སྣར་རྒྱ་རིན་ཚུལ། སྤྱི་ཐེར་བ་རིན་ཚུལ། ཁ་རུ་མེས་སྟོན། འཛིམས་པ་མེས་སྟོན། འཛིམས་པ་ཀློག་སྙིང༌། ལྡོག་པ་ཡེ་གྲགས། མངའ་རིས་པ་དཔལ་འབྱོར་ཤེས་རབ། གཉལ་པ་དར་མ་འོད་ཟེར་རྣམས་ཏེ། ཁ་ཅིག་དར་མ་འོད་ཟེར་བར་ཚར་ཡིན་ཟེར་གྱི། མྱང་འདུལ་འཛིན་གདུང་མ་བཅུ་ལ་བགྲང་ངོ་ཟེར། བར་ཚར་སྐྱེ་ཕོ་ཚུལ་འཕགས། དེས་ནེའུ་རུ་བཤད་པ་མཛད་པས་བུ་ཆེན་སྟོད་འདར་ཆོ་བ་འདར་ཚུལ་ཁྲིམས་རྒྱལ་པོ། དེའི་བུ་ཆེན་སྣམ་ན་མགོ་བ་སྟོད་འདུལ་བ་འཛིན་པ་ཚུལ་ཁྲིམས་འབུམ། དེའི་སློབ་མ་དར་ཡུལ་འོར་པ་ཉི་སྟེང་པ་བློ་གྲོས་གྲགས། དེའི་སློབ་མ་རྒྱལ་གྲོ་ཕུ་བ་ཚུལ་ཁྲིམས་གྲགས། དེའི་སློབ་མ་དར་ཡུལ་སྣ་མོ་བ་གྲགས་པ་སྨོན་ལམ་བློ་གྲོས་སོགས་བྱོན། རྒྱའི་ཕྱི་ཚར་བྲག་དམར་རྡོ་རྗེ་ཕུར་བུ་ལ་སྟོད་པ་དྷརྨ་ཞེས་པར་གྲགས། དེས་བྲོམ་པ་བྲག་དམར་དུ་བཤད་པ་མཛད་པའི་སློབ་མ་ཞང་ཞི་མཛེས་ཤེས་རབ། རྒྱའི་སློབ་མ་བརྡ་འདུལ་འཛིན་གྱིས་རྒྱ་ལ་རབ་ཏུ་བྱུང་ནས་རྒྱ་དང་སྐྱེ་ཕོ་ལ་ཡུན་རིང་དུ་གསན། བྲག་དམར་བའི་ཞར་ཆོས་ལོ་གསུམ་མཛད། དེའི་སློབ་མ་བཤེས་གཉེན་ཤཱག་གྲུབ་དང༌། བརྡ་འདུལ་འཛིན་གཉིས་ཀྱིས་ཤབ་སྟོད་སོགས་སུ་བཤད་པ་མཛད། ཆུ་མིག་གི་རྔོག་བཙུན་དཀར་མོས་ཞུ་བ་ཕུལ་ནས་ཆུ་མིག་སྡེ་སྐོར་གྱི་མཁན་པོ་མཛད། དེའི་སློབ་མ་དྲང་པོ་ལུང་གི་ཀྱེ་མ་གྲགས་ཚུལ། ཤངས་སྲེག་ཞིང་དུ་ཆག་ཉི་མ། མཐའ་སྟོན་གྱིས་མྱང་རོ་བླ་རིངས་སུ་བཤད་གྲྭ་བཙུགས། བཤེས་གཉེན་ཤཱཀ་གྲུབ་ཀྱིས་བརྡའི་གདན་ས་མཛད་པ་ལ། ཀློག་སྐྱ་དཔལ་འབྱོར་གྱིས་གསན། དེས་དོན་མོ་རིིར་བཤད་པ་མཛད། ཞར་ཆོས་པ་སྐྱེལ། ཞང་ཤེས་རབ་འོད། དབོན་པོ་ཁྲི་བརྟན་སེང་གེ །ཤཱཀ་རྡོར་དང་བཞི་བྱུང༌། ཕྱིས་ཤེས་རབ་འོད་ཀྱིས་གདན་ས་མཛད་དེ་ཆུ་མིག་འདུལ་གྲྭ་བ་རྣམས་བྱུང་བ་ཡིན། ཡང༌། ཁ་ཆེ་པཎ་ཆེན་གྱིས་སྣར་གླས་མོ་ཆེར་དབྱར་གནས་མཛད། མེ་ཏོག་ཕྲེང་རྒྱུད་གསུངས་པ་ལ་སེང་གེ་ཟིལ་གནོན་དང་ཤངས་པ་ཇོ་སྟོན་གྱིས་གསན་ནས་གཉིས་ཀས་ཊཱི་ཀ་རེ་རེ་མཛད། སེང་གེ་ཟིལ་གནོན་ལ་ཚད་མའི་སྐྱེས་བུ་བསོད་ནམས་མགོན་པོས་གསན། དེ་ལ་བུ་སྟོན་གྱིས་ཞུསསོ། །དེ་རྣམས་ནི་འདུལ་འཛིན་ཆེན་པོ་བུའི་གསུང་རབ་ལས་འབྱུང་བ་བཞིན་བྲིས་པ་ཡིན། གཞན་ཡང་ཤ་མིའི་སློབ་མ་ཀླུབས་དཀར་ཚུལ་ཁྲིམས་གྲགས། དེའི་སློབ་མ་སྣུབས་འདུལ་བ་འཛིན་པ་སྟེ་གཡམ་བཟང་ཆོས་རྗེ་དང༌། གྲྭ་མི་ལ་སོགས་པ་མང་པོ་བྱུང་ལ། གྲྭ་མིའི་སློབ་མ་རྒྱ་དུར་གྱི་མཁན་པོ་དར་མ་ཡེ་ཤེས། དེའི་སློབ་མ་ཟངས་ཆེན་པ་དར་མ་བསོད་ནམས། དེའི་སློབ་མ་མཚོ་སྣ་བ་ཤེས་རབ་བཟང་པོ་སྟེ། འདི་གཉིས་ལ་བརྟེན་ནས་གཉལ་གྱི་ཟངས་པོ་ཆེ་དང་བྲ་གོར་ལ་སོགས་པ་ན་འདུལ་བའི་བཤད་རྒྱུན་ད་དུང་དུ་བར་མ་ཆད་པར་ཡོད་དོ། །རྒྱ་དུར་དར་ཡེས་ཀྱི་སློབ་མ་མཁས་བཙུན་དད་པ་མགོན་གྱིས་སྤྱན་གཡས་སུ་བྱོན་ནས་འདུལ་བའི་བཤད་པ་མཛད་པས་དེར་ཡང་འདུལ་བའི་བཤད་རྒྱུན་བརྒྱུད་པ་བཅུ་ཙམ་གྱི་བར་དུ་བྱུང་ལ། དེའི་གོང་དུ་ཡང་གྲྭ་པའི་དངོས་སློབ་དོན་སྟེངས་པ་ལ་སོགས་པ་དང༌། ལྷོ་པ་ཐམས་ཅད་མཁྱེན་པ་ལ་སོགས་པའི་འདུལ་བ་འཛིན་པ་མང་དུ་བྱུང་ངོ༌། ། ཡང་ཡམ་ཤུད་རྒྱལ་བ་འོད་ཀྱིས་བཏབ་པའི་ཁྲབ་ལ་ཁར་ཡང༌། ཁོ་བོའི་ཚེ་སྟོད་ཡན་དུ་འདུལ་བའི་བཤད་པ་བར་མ་ཆད་པ་བྱུང་ངོ༌། ། གཞན་ཡང་དབུས་ཕྱོགས་འདི་ན་ཟུལ་ཕུ། སྐྱོར་མོ་ལུང༌། དགའ་བ་གདོང༌། གྲོ་ས་རྣམས་ན་འདུལ་བའི་བཤད་རྒྱུན་རིང་དུ་ཡོད་ལ། ཁྱད་པར་གྲོ་སར་དམར་སྟོན་ཆེན་པོ་ཁུ་དབོན་གྱིས་སྡེ་སྣོད་འཛིན་པ་ཆེན་པོ་འདུལ་བ་དོན་དུ་གཉེར་བ་རྣམས་ཀྱི་རྟེན་ས་མཛད་པ་ཡིན་ཏེ། དེང་སང་ནི་འདུལ་བའི་ཆོས་སྨྲ་བ་རྣམས་ཀྱི་མཆོག་གནས་བརྟན་ཆེན་པོ་དགེ་ལེགས་དཔལ་ཞེས་བྱའོ། །དུས་ཀྱི་དབང་གིས་དགེ་སློང་ལྷོད་པ་ཡང་མང༌། རབ་བྱུང་བ་ནི་རྗེ་བཙུན་དམ་པ་བློ་བཟང་གྲགས་པའི་དཔལ་གྱིས་དང་པོ་སྐྱོར་མོ་ལུང་དུ་མཁན་ཆེན་བློ་གསལ་བ་ལ་འདུལ་བ་ལེགས་པར་བསླབས། ཕྱིས་དབེན་པའི་གནས་རྣམས་སུ་སྒྲུབ་པ་སྙིང་པོར་མཛད་པ་ན་ཡང་འདུལ་བའི་ཀུན་ཏུ་སྤྱོད་པ་ལས་མ་འདས། ཕྱིས་འཁོར་སྐྱོང་བའི་ཚེ་ན་ཡང་དྲུང་ན་འཁོད་པ་ཐམས་ཅད་འདུལ་བ་ནས་ཇི་སྐད་བཤད་པའི་ཆོས་གོས་གསུམ་གདིང་བ་དང་ལྷུང་བཟེད་ལ་སོགས་པ་མཁོ་བའི་ཡོ་བྱད་རྣམས་འཛིན་དུ་བཅུག །ཇོ་བོ་ཆེན་པོ་རྗེ་ལྷ་གཅིག་གི་མན་ངག་ལ་བརྟེན་ནས་སྐྱེས་བུ་གསུམ་ལ་བློ་སྦྱངས་ནས་འཁོར་བ་མཐའ་དག་ལ་ཡིད་འབྱུང་བའི་བློས་སྡོམ་པ་ཐམས་ཅད་སོ་སོར་ཐར་པ་མཚན་ཉིད་པ་ལ་བཀོད། དེ་དག་གི་སྤྱན་ལྟོས་ལ་བརྟེན་ནས་བོད་ཀྱི་ཁམས་འདིར་འདུལ་བའི་བསྟན་པ་ཉི་མ་ཤར་བ་ལྟར་གྱུར་པ་ཡིན་ནོ། །མངའ་རིས་སྟོད་དུ་མངའ་བདག་སྲོང་ངེས་ཡབ་མེས་ཀྱི་སྲོལ་དང་བསྟན་པ་ལ་ཤིན་ཏུ་དད་ཀྱང༌། དེའི་ཚེ་མཁན་སློབ་མེད་པས་ཡབ་སྲས་གསུམ་གས་དཀོན་མཆོག་གི་དྲུང་དུ་རང་རྟགས་བླངས་ཏེ། ཁོང་རང་གི་མཚན་ཡང་ཡེ་ཤེས་འོད་དུ་བསྒྱུར། ཕྱིས་རྒྱ་གར་ཤར་ཕྱོགས་ཀྱི་པཎྚི་ཏ་དྷརྨ་པཱ་ལ་སྤྱན་དྲངས་ནས་མང་པོ་བསྙེན་པར་རྫོགས་ཤིང༌། འདུལ་བའི་ལག་ལེན་རྣམས་བསླབ་པ་ལ་སོགས་པའི་གཏམ་ནི། ཞིང་མོ་ཆེ་བ་བྱང་ཆུབ་སེང་གེས། ཕྱི་མ་མངའ་རིས་འདུལ་འཛིན་ལ། རྒྱ་གར་བརྒྱུད་པ་ཡོད་པར་བཞེད། །དེ་ཡང་སྒྲུབ་པའི་བརྒྱུད་དང་ནི། །བཤད་པའི་བརྒྱུད་དང་རྣམ་པ་གཉིས། །སྒྲུབ་པའི་བརྒྱུད་པ་འདི་ལྟ་སྟེ། །ལྷ་རྒྱལ་བླ་མ་ཡེ་ཤེས་འོད། །འཇམ་དཔལ་སྤྲུལ་པར་གྲགས་པ་ནི། །དེ་ནི་རྩ་རྒྱུད་ཆེན་པོ་ལས། །ལུང་བསྟན་ཐོབ་པ་ཐོ་ལིང་གི །དཔལ་མེད་ལྷུན་གྲུབ་གཙུག་ལག་ཁང༌། །བཞེངས་ནས་རྒྱ་གར་ཤར་ཕྱོགས་ནས། །མཁས་བཙུན་སྙན་པའི་འབྲུག་སྒྲ་ཅན། །གྲགས་པའི་རྒྱལ་མཚན་མཐོན་པོ་ཡིས། །ཀུན་ལ་གསལ་བར་གྱུར་པ་ཡི། །དྷརྨ་པཱ་ལ་ཞེས་བྱ་བ། །ཡེ་ཤེས་འོད་ཀྱིས་སྤྱན་དྲངས་ནས། །ཐུགས་རྗེའི་ཉི་མས་རྒྱུད་བསྐུལ་ཏེ། །བསྟན་པ་རིན་ཆེན་གནས་བྱའི་ཕྱིར། །མཁན་པོ་མཛད་ནས་སྒྲུབ་བརྒྱུད་སྤེལ། །དེ་ཡི་མཁན་བུ་གཙོ་བོ་གསུམ། །དགེ་སློང་སཱ་དྷུ་པཱ་ལ་དང༌། །ཇོ་བོ་གུ་ཎ་པཱ་ལ་དང༌། །དགེ་སློང་པྲཛྙཱ་པཱ་ལའོ། །པྲ་ཛྙཱ་པཱ་ལའི་མཁན་བུ་ནི། །ཞང་ཞུང་ཡུལ་གྱི་འདུལ་བ་འཛིན། །ཚུལ་ཁྲིམས་གཡག་གི་རྔ་མ་དང༌། །མིག་གི་འབྲས་བུ་བཞིན་དུ་བསྲུང༌། །ཡོན་ཏན་རིན་ཆེན་ཐམས་ཅད་ཀྱི། །རྒྱུར་གྱུར་འདུལ་བའི་སྡེ་སྣོད་ལ། །མང་དུ་ཐོས་ཤིང་ངེས་བྱས་པས། །སྙན་པས་ནམ་མཁའ་ས་སྟེང་ཁྱབ། །ཐུགས་རྗེའི་སྤྲིན་ལས་ཆོས་ཆར་ཕབ། །རབ་བྱུང་ཐ་བའི་རྒྱུད་སྦངས་ནས། །བསྟན་པ་རིན་ཆེན་རྒྱས་མཛད་པ། །མཚན་ནས་ཤིན་ཏུ་བརྗོད་དཀའ་བའི། །དགེ་སློང་རྒྱལ་བའི་ཤེས་རབ་སྟེ། །སྒྲ་སྐད་ཚིག་ལ་ལེགས་བསླབས་པས། །པཎྚི་ཏ་ནི་མང་དུ་བསྟེན། །དེ་ཡི་ཡོན་ཏན་དཔག་མེད་པས། །རྗེས་སུ་དྲན་ན་མཆི་མ་དཀུ། །བ་སྤུ་ལྡང་ཞིང་དང་བ་སྐྱེ། །སྐྱེས་མཆོག་དེ་དང་ཕྲད་པར་སྨོན། །དེ་ཡིས་དྷརྨ་པཱ་ལ་ཡི། །ཉམས་ལེན་བསླབས་ནས་ཕྱི་ནས་ནི། །ནེ་པ་ལ་ཡི་ཡུལ་གནས་པ། །ཚུལ་ཁྲིམས་ཤིན་ཏུ་གཅེས་མཛད་པ། །མཁས་པར་རབ་གྲགས་བྲམ་ཟེ་ཡི། །འདུལ་འཛིན་པྲེ་ཏ་ཀ་ར་ལ། །འདུལ་བའི་ཕྱག་ལེན་ཐམས་ཅད་བསླབས། །སྒྲུབ་བརྒྱུད་བླ་མ་རྣམ་པ་གཉིས། །བཤད་པའི་བརྒྱུད་པ་རྣམ་པ་གཉིས། །འཛམ་གླིང་གྲགས་པས་ཁྱབ་གྱུར་པ། །མཁས་པ་མང་ལས་བརྒྱུད་པ་ཅན། །ཛྙཱ་ན་ཤྲཱི་ཞེས་གྲགས་པ་ལས། །སོ་སོ་ཐར་དང་དེ་ཡི་འགྲེལ། །འདུལ་བ་བསྡུས་པ་ཞེས་བྱ་བ། །དགེ་སློང་རྒྱལ་བའི་ཤེས་རབ་ཀྱིས། །དེ་ལ་ཞུས་ནས་འགྱུར་ཡང་བཅོས། །གཞན་ཡང་དགེ་སློང་དེ་ཡིས་ནི། །སུམ་བརྒྱ་པ་དང་དེ་ཡི་འགྲེལ། །འོད་ལྡན་ཞེས་བྱའི་གཞུང་དེ་ནི། ཁ་ཆེའི་མཁས་པ་པཎྚི་ཏ། །ཤྲཱི་སུ་བྷཱུ་ཏི་ཤཱནྟི་ལ། །དགེ་སློང་དགེ་བློས་བསྒྱུར་ནས་ནི། །མ་དག་ཆད་པ་ཐམས་ཅད་བཅོས། །ཡུལ་དབུས་དཔེ་དང་བསྟུན་བྱས་ཏེ། །ཐུགས་རྗེས་རྒྱུད་བརླན་ལྷ་ཡི་སྲས། །བྱང་ཆུབ་འོད་ཀྱི་ངོར་བཤད་མཛད། །སློབ་མ་ལ་ཕན་ཞེས་བྱ་བའི། །འགྲེལ་པ་དེས་བསྒྱུར་དེ་ཡིས་གསན། །དེ་མིང་ཁ་ཆེ་པཎ་ཆེན་གྲགས། །དགེ་ཚུལ་རྣམས་ཀྱི་ཀཱ་རི་ཀཱ། །ས་མནྟ་ཤྲཱི་ཛྙཱ་ན་ལ། །ཞུས་ཤིང་འགྱུར་ཡང་ལེགས་བཅོས་ནས། རྒྱ་གར་ཁ་ཆེ་བལ་པོ་ཡི། །རྒྱ་དཔེ་གསུམ་དང་བསྟུན་བྱས་ནས། །དགེ་སློང་རྒྱལ་ཞེས་བཤད་པ་མཛད། །དགེ་ཚུལ་གྱི་ནི་ལོ་དྲི་ཡང༌། །རྒྱ་དཔེ་བལ་པོའི་ཡུལ་ནས་ནི། །སྤྱན་དྲངས་ཐོ་ལིང་བྱོན་པ་ན། །དྷརྨ་པཱ་ལའི་རྒྱ་དཔེ་གཟིགས། ཁ་ཆེའི་མཁན་པོ་ན་ར་ཡ། །དེ་བ་ལ་ནི་དེ་ཞུས་ནས། །བསྒྱུར་ཞིང་བཤད་པ་དག་ཀྱང་མཛད། །དགེ་སློང་གི་ནི་ལོ་དྲི་བ། །དགེ་སློང་བྱང་ཆུབ་འབྱུང་གནས་ཀྱིས། །ཞུས་ནས་རྒྱ་གར་ཤར་ཕྱོགས་ཀྱི། །མཁས་བཙུན་གྲུབ་ཐོབ་གྲགས་ཁྱབ་པ། །མཚན་ནས་ཤིན་ཏུ་བརྗོད་དཀའ་བ། །དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། །དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར། །དེ་དག་རྣམས་ལ་ཞང་ཞུང་གི །འདུལ་འཛིན་ཆེན་པོས་ཞུས་པ་ཡིན། །དེ་ལ་སློབ་དཔོན་བློ་གྲོས་དང༌། །ཤེས་རབ་མཐའ་ཅན་གཉིས་ཀྱིས་ཞུས། །དགེ་སློང་གི་ནི་ཀཱ་རི་ཀཱ །ནེ་པ་ལ་ཡི་པཎྚི་ཏ། །ལུང་དང་རྟོགས་པའི་བདག་ཉིད་ཅན། །མཁས་པ་ཛ་ཡ་ཨཱ་ཀར་ལས། །དགེ་སློང་པྲཛྙཱ་ཀིརྟྟིས་བསྒྱུར། །དེ་ལ་དཔལ་གྱི་འབྱོར་པས་གསན། །དགེ་འདུལ་བསླབ་པའི་གཞི་མདོ་ནི། ཁ་ཆེའི་མཁས་པ་པཎྚི་ཏ། །པ་ར་ཧེ་ཏ་ཞེས་བྱ་དང༌། །གདུང་རབས་མང་པོར་བརྒྱུད་པ་ཡི། །མ་ཧཱ་ཛ་ན་ཞེས་བྱ་བའི། །མཁས་པ་གཉིས་ལ་ཐོ་ལིང་དུ། །སྒྲ་སྐད་བྱང་བའི་ལོ་ཙཱ་བ། །དགེ་སློང་གཞོན་ནུ་མཆོག་གིས་ནི། །བསྒྱུར་ནས་དེ་ཡི་བཤད་པ་མཛད། །དེ་ལ་སློབ་དཔོན་དཔལ་གྱི་འབྱོར། །ཤེས་རབ་དག་གིས་གསན་པ་ཡིན། །ཞེས་གསུངས་ཏེ། །འདི་ལྟར་ན་དྷརྨ་པཱ་ལ་དང༌། པྲེ་ཏ་ཀ་ལག་ལེན་གྱི་བརྒྱུད་པར་སྣང་ཞིང༌། སུ་བྷཱུ་ཏི་ཤྲི་ཤཱནྟི་ལ་སོགས་པ་རྣམས་བཤད་པའི་བརྒྱུད་པའོ། །འདུལ་བ་འཛིན་པའི་ལོ་རྒྱུས་ཀྱི་སྐབས་སོ། ། ། ། ༢.༦ རྒྱལ་ལྷ་ཁང་གི་སྐབས། ཀླུ་མེས་ཀྱི་ཀ་བ་བཞིར་གྲགས་པ་ལས། རྒྱལ་ལྷ་ཁང་མ་གཏོགས་གཞན་གསུམ་གྱི་མཁན་རབས་ཀྱི་ཡི་གེ་མ་རྙེད། རྒྱལ་ལྷ་ཁང་འདི་བྱམས་པའི་སྤྲུལ་པར་གྲགས་པའི་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས་བཏབ་པ་ཡིན་ཏེ། དེ་ལ་སྣ་ནམ་རྡོ་རྗེ་དབང་ཕྱུག་ནི། ཡབ་སྣ་ནམ་ཇོ་སྲས། ཡུམ་ཞང་ལྕམ་སྒྲོལ་མའི་སྲས་སུ་མེ་ཕོ་བྱི་བ་ལ་ཉམས་དགའ་བར་འཁྲུངས། ཁོང་གིས་ལོ་གསུམ་བཞེས་པ་ས་ཕོ་སྟག་ལ་འདུལ་བའི་བསྟན་པ་ཁམས་ནས་དབུས་སུ་བྱུང༌། རང་ལོ་བཅོ་བརྒྱད་པ་ཆུ་མོ་སྦྲུལ་ལ་ར་བ་ཟླུམ་པོ་ཞེས་བྱ་བའི་གནས་སུ་ཀླུ་མེས་ལ་རབ་ཏུ་བྱུང༌། ལོ་དེ་གླང་དར་མའི་ལྕགས་མོ་བྱ་ནས་དགུ་བཅུ་རྩ་གསུམ་པ་ཡིན། དེ་རྗེས་ལ་དང་པོར་ཚག་གི་གཙུག་ལག་ཁང་བཞེངས། ཕྱིས་སོ་བདུན་བཞེས་པ་ཆུ་ཕོ་བྱི་བའི་ལོ་ལ་རྒྱལ་ལུགས་ལྷས་ཀྱི་གཙུག་ལག་ཁང་བཞེངས། ལོ་འདི་ལ་རྗེ་མར་པ་འཁྲུངས་པ་ཡིན། རང་ལོ་བརྒྱད་ཅུ་རྩ་ལྔ་པ་ལྕགས་ཕོ་བྱི་བ་ལ་གཤེགས། ཁོང་གིས་རྒྱ་གར་དུ་འདུལ་བའི་བཤད་པ་ཚོལ་དུ་བྱོན། རྡོ་རྗེ་གདན་པ་དང་མཇལ། རྡོ་རྗེ་གདན་པས་དགེ་ཚུལ་གཉིས་གཞན་ཞིག་ནས་ཁོང་ལ་ཚུར་འདུལ་བ་ཉན་དུ་བཅུག་ནས། དེ་གཉིས་ལ་འདུལ་བ་བཤད་ཟེར། དེ་ལྟ་ན་ལོ་ཙཱ་བ་ཡང་མཁྱེན་པར་མངོན་ནོ། །རྒྱལ་ལྷ་ཁང་བཏབ་པའི་ཆུ་ཕོ་བྱི་བ་ནས་ཀྱི་ལོ་དྲུག་པ་མེ་མོ་སྦྲུལ་ལ་སོལ་ནག་ཐང་པོ་ཆེ་ཀླུ་མེས་ལ་ཞུས་ནས་གྲུ་མེར་གྱིས་བཏབ། དེ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གི་སྐྱེས་ལོ་བདུན་པ་ཡིན། ཁུ་སྟོན་དང་ཇོ་བོ་སྤྱན་འདྲེན་པའི་ནག་ཚོ་ལོ་ཙཱ་བ་སྐྱེས་ལོ་གཅིག །དེའི་རྗེས་སུ་གླན་ཚུལ་བྱང་ཤིང་ཕོ་འབྲུག་ལ་འཁྲུངས། ལྔ་བཅུ་རྩ་བདུན་པ་ལྕགས་བྱི་ལ་གདན་སར་བྱོན། དེ་རྗེས་ལོ་བཞི་བཅུ་རྩ་གཉིས་གདན་སར་བཞུགས། རང་ལོ་གོ་དགུ་པ་ཆུ་ཕོ་རྟ་ལ་གཤེགས། འདི་པུ་ཏོ་བའི་མཁན་པོ་ཡིན། འབྲིང་སྟོན་མེ་ཕོ་ཁྱི་ལ་འཁྲུངས། རང་ལོ་ལྔ་བཅུ་རྩ་བདུན་པ་ཆུ་རྟ་ལ་གདན་སར་ཕེབས། དེ་རྗེས་ཆུ་ལུག་ནས་ལོ་བཅུ་བདུན་གདན་སར་བཞུགས་ཏེ། དོན་བཞི་པ་ས་ཕག་ལ་གཤེགས། རྨ་བྱ་རྣ་ར་བ་ལྕགས་བྱི་ལ་འཁྲུངས། དྲུག་རྩ་གཅིག་པ་ལྕགས་བྱི་ལ་གདན་སར་ཕེབས་ནས་ལོ་བཅུ་བཞུགས། རང་ལོ་བདུན་ཅུ་པ་ས་བྱ་ལ་གཤེགས། རྒྱལ་ཚ་བྱང་ཡེ་མེ་ལུག་ལ་འཁྲུངས། རང་ལོ་དྲུག་ཅུ་རྩ་བཞི་པ་ལྕགས་ཁྱི་ལ་གདན་སར་ཕེབས་ནས་ལོ་བཅུ་བཞུགས། རང་ལོ་དོན་གསུམ་པ་ས་ལུག་ལ་གཤེགས། འབྲོམ་སྟོན་ས་ཕོ་རྟ་ལ་འཁྲུངས། དྲུག་ཅུ་རྩ་གསུམ་པ་ལྕགས་སྤྲེལ་ལ་གདན་སར་བྱོན་ནས་ལོ་བཞི་བཞུགས། རང་ལོ་དྲུག་ཅུ་རྩ་བཞི་པ་ཆུ་ཕག་ལ་གཤེགས། དེ་རྗེས་ཤིང་ཕོ་བྱི་བ་ནས་ཆུ་སྤྲེལ་བར་ཨར་གྱིས་དབྱར་གཅིག་གདན་སར་བཞུགས་པ་མ་གཏོགས། ལོ་དགུ་གདན་ས་སྟོངས། དགེ་བཤེས་ཚུལ་འཕགས་ངན་ལམ་པ་ལྕགས་ཕོ་རྟ་ལ་འཁྲུངས། དྲུག་ཅུ་རྩ་བཞི་པ་ཆུ་མོ་བྱ་ལ་གདན་སར་ཕེབས་ནས་ལོ་བདུན་བཞུགས། རང་ལོ་བདུན་ཅུ་པ་ས་མོ་ཡོས་ལ་གཤེགས། བར་འདིར་ལྕགས་འབྲུག་ནས་ཆུ་ལུག་གི་བར་ལོ་བཞི་གདན་ས་སྟོངས། རྒྱལ་བ་ཁྱུང་ཚང་ཐོད་དམར་བ་ཆུ་མོ་ལུག་ལ་འཁྲུངས། དྲུག་ཅུ་རྩ་གཉིས་པ་ཤིང་ཕོ་སྤྲེའུ་ལ་གདན་སར་ཕེབས་ནས་ལོ་བདུན་བཞུགས། རང་ལོ་དོན་གསུམ་པ་ཤིང་ལུག་ལ་གཤེགས། མེ་སྤྲེ་ནས་ས་ཁྱིའི་བར་ལོ་གསུམ་གདན་ས་སྟོངས། རྒྱལ་བ་ཡེ་གྲགས་ས་དམར་བ་མེ་སྤྲེ་ལ་འཁུངས། རང་ལོ་དྲུག་ཅུ་རྩ་བཞི་པ་ས་ཕག་ལ་གདན་སར་བྱོན་ནས་མེ་ལུག་གི་བར་ལོ་དགུ་བཞུགས་ཏེ། བདུན་ཅུ་རྩ་གཉིས་པ་ལ་གཤེགས། བར་འདིར་ས་སྤྲེ་ལ་གདན་ས་སྟོངས། དགེ་བཤེས་གླན་ས་ཕོ་སྤྲེའུ་ལ་འཁྲུངས། རང་ལོ་དྲུག་ཅུ་རྩ་གཉིས་པ་ས་བྱ་ལ་གདན་སར་བྱོན་ནས་ལོ་གསུམ་བཞུགས། རང་ལོ་དྲུག་ཅུ་རྩ་བཞི་པ་ལྕགས་ཕག་ལ་གཤེགས། ལྷ་ཁང་བཏབ་ནས་ལོ་འདི་ཡན་ལ་ལོ་བརྒྱ་དང་བརྒྱད་ཅུ་སོང་ངོ༌། །དགེ་བཤེས་དྲི་འདུལ་གྱིས་ཆུ་ཕོ་བྱི་བའི་ལོ་གཅིག་པུ་གདན་ས་མཛད། སྐམ་སྐམ་པ་དགེ་བཤེས་སྐྱོན་ས་མོ་བྱ་ལ་འཁྲུངས། དྲུག་ཅུ་རྩ་ལྔ་པ་ཆུ་མོ་གླང་ལ་གདན་སར་ཕེབས་ནས་ལོ་བརྒྱད་བཞུགས། བདུན་ཅུ་རྩ་གཉིས་པ་ལྕགས་སྤྲེ་ལ་གཤེགས། དགེ་བཤེས་ལྕང་རི་བ་ལྕགས་འབྲུག་ལ་འཁྲུངས། ཞེ་གཉིས་པ་ལྕགས་མོ་བྱ་ནས་ས་ཕོ་སྟག་གི་བར་ལོ་བཅོ་བརྒྱད་གདན་ས་མཛད། དེ་རྗེས་ལ་གླང་སྟོན་ཤེར་སེང་གིས་ས་ཡོས་ནས་ཤིང་སྤྲེའི་བར་ལོ་དྲུག་གདན་ས་མཛད། ཞང་སྟོན་འཚེམ་པས་ཤིང་བྱ་ནས་མེ་བྱའི་ལོ་བཅུ་གསུམ་གདན་ས་མཛད། དེ་རྗེས་ས་ཁྱི་ནས་ཆུ་བྱིའི་བར་ལོ་བཅོ་ལྔ་གདན་ས་སྟོངས་པ་ལ། ས་ཁྱི་དེ་ནས་ལོ་གསུམ་པ་ལྕགས་ཕོ་བྱི་བ་ལ་ཧོར་དམག་བོད་དུ་ལྷགས། ལྷ་ཁང་མེས་བསྲེགས། བཙུན་པ་སོ་སྟོན་གྱིས་ཐོག་དྲངས་སེར་སྐྱ་ལྔ་བརྒྱ་ཙམ་བསད། ཧོར་དོར་ཏོག་འགྱོད་ནས་གསེར་བྲེ་དངུལ་བྲེ་མང་པོ་བྱིན་ནས་ལྷ་ཁང་གསོ་བའི་བཀོད་པ་བྱས། ལྷ་ཁང་བར་པ་ཞང་ལྷས་གསོས། དར་གྱི་ལྷ་ཁང་གསོ་མ་ཐུབ། བྱ་གྲགས་ལྷ་ཁང་གསོས་པའི་རྟེན་གྱིས་གཙོ་བོ་ཐུབ་པ་བཞེངས། རབ་གནས་ལེགས། དགེ་བཤེས་གནས་བརྟན་གྱིས་ཆུ་གླང་ནས་མེ་འབྲུག་གི་བར་ལོ་བཞི། གླང་སྟོན་སེང་གེ་འབུམ་གྱིས་མེ་སྦྲུལ་ནས་ས་ཡོས་ཀྱི་བ་ལོ་ཉི་ཤུ་རྩ་གསུམ། མཁན་པོ་བར་པས་ལྕགས་འབྲུག་ནས་ས་བྱིའི་བར་ལོ་དགུ། བྱང་ཆུབ་སེམས་དཔས་ས་གླང་ནས་མེ་རྟའི་བར་ལོ་བཅོ་བརྒྱད། ཀུན་སྤངས་ལྷ་རི་བས་མེ་ལུག་ནས་ཤིང་བྱའི་བར་ལོ་བཅོ་བརྒྱད། མཁན་ཆེན་ཛྙཱ་ན་པྲཛྙཱ་ཤིང་ཕོ་རྟ་ལ་འཁྲུངས། སོ་གཉིས་པ་ཤིང་གླང་ནས་ལྕགས་ཡོས་ཀྱི་བར་ལོ་ཉི་ཤུ་རྩ་བདུན་གདན་ས་མཛད། རང་ལོ་ང་དགུ་པ་ཆུ་འབྲུག་ལ་གཤེགས། ལྷ་ཁང་བཏབ་ནས་ལྕགས་ཡོས་འདིའི་བར་ལོ་སུམ་བརྒྱ་དང་བཞི་བཅུ་སོང༌། མཁན་ཆེན་འཇམ་དཔལ་ཡེ་ཤེས་སྙིང་པོ་ཤིང་ཕོ་སྟག་ལ་འཁྲུངས། རང་ལོ་བཞི་བཅུ་པ་ཆུ་སྦྲུལ་ལ་གདན་ས་ལོ་གཅིག་མཛད། དོན་བདུན་པ་ལྕགས་ཕོ་རྟ་ལ་གཤེགས། མཁན་པོ་ཡེ་ཤེས་བསོད་ནམས་རྒྱ་མཚོ་བ་ལྕགས་ཕོ་རྟ་ལ་འཁྲུངས། ཉེར་ལྔ་པ་ཤིང་རྟ་ལ་གདན་ས་མཛད། ལོ་ཉི་ཤུ་རྩ་དྲུག་གདན་སར་བཞུགས། ས་ལུག་ལ་ཀུན་སྤངས་མཛད། རང་ལོ་ང་གཅིག་པ་ལྕགས་སྤྲེ་ལ་གཤེགས། ཀུན་སྤངས་ཆེན་པོ་བསོད་ནམས་རྒྱལ་མཚན་ཆུ་ཕོ་རྟ་ལ་འཁྲུངས། སོ་བརྒྱད་པ་ས་མོ་ལུག་ལ་གདན་སར་ཕེབས། ལྕགས་ཕོ་རྟའི་བར་ལོ་བཅུ་གཉིས་གདན་ས་མཛད། ཞེ་དགུ་པ་ལྕགས་རྟ་ལ་དབོན་པོ་བསོད་ནམས་གྲགས་པ་ལ་གདན་ས་གཏད་ནས། ཁོང་རང་ཀུན་སྤངས་མཛད། རང་ལོ་དྲུག་ཅུ་རྩ་བརྒྱད་པ་ས་མོ་གླང་ལ་གཤེགས། སྤྱན་སྔ་བསོད་ནམས་གྲགས་པ་མེ་མོ་བྱ་ལ་འཁྲུངས། སུམ་ཅུ་རྩ་བཞི་པ་ལྕགས་རྟ་ལ་གདན་སར་བྱོན། དེའི་རྗེས་ནས་ཆུ་སྤྲུལ་གྱིས་ལོ་ཉི་ཤུ་རྩ་གསུམ་སོང༌། ཆུ་སྦྲུལ་འདི་ས་གཡོས་ཆེན་པོ་བྱུང་བའི་རྗེས་ཀྱི་ཆུ་སྦྲུལ་དེ་ཡིན། དེ་རྗེས་ཤིང་རྟ་ནས་དིང་སང་གི་མེ་སྤྲེའི་བར་ལ་ལོ་དྲུག་ཅུ་རྩ་གསུམ་སོང༌། རྒྱལ་ལྷ་ཁང་བཏབ་ནས་ལོ་བཞི་བརྒྱ་དང་དྲུག་ཅུ་རྩ་ལྔ་པ་མེ་ཕོ་སྤྲེའུར་ཤེས་པར་བྱའོ། །སྤྱན་སྔ་བསོད་ནམས་གྲགས་པའི་རྗེས་སུ་སྤྱན་སྔ་ཡེ་ཤེས་གྲགས་པ་བཟང་པོས་ལོ་གསུམ། དེ་རྗེས་སྤྱན་སྔ་ཀུན་དགའ་རྒྱལ་མཚན་པས་ལོ་བཅུ་གསུམ། སྤྱན་སྔ་ཀུན་རྡོར་བས་ལོ་བཅུ་གསུམ། སྤྱན་སྔ་བློ་གྲོས་རྒྱལ་མཚན་པས་ལོ་གསུམ། སྤྱན་སྔ་ཡོན་ཏན་རྒྱལ་མཚན་པ་ཤིང་མོ་ཕག་ལ་བསྐོས་ནས། མེ་ཕོ་སྤྲེའུ་འདིས་ལོ་ཉི་ཤུ་རྩ་གཉིས་སོང་ངོ༌། །སྣ་ནམ་རྡོ་རྗེ་དབང་ཕྱུག་གིས་དྲུག་ཅུ་རྩ་བདུན་བཞེས་པ་ཆུ་ཕོ་རྟའི་ལོ་ལ་ཇོ་བོ་རྗེ་མངའ་རིས་སུ་ཕེབས། དོན་གཉིས་བཞེས་པ་མེ་མོ་ཕག་ལ་བསམ་ཡས་སུ་ཕེབས་ཞེས་བྱའོ། །རྒྱལ་ལྷ་ཁང་གི་སྐབས་སོ། ། །

༢.༧ ཁྲབ་ལ་ཁ་བའི་སྐབས། ཀླུ་མེས་ཀྱི་མཁན་བུ་དགེ་བཤེས་ཡམ་ཤུད་ཀྱིས་གཟུང་བའི་ཕུག་པོ་ཆེ་ནི་ཁྲབ་ལ་ཁའི་འདབས་ཡིན་ཏེ། དེར་བྱུང་བའི་མཁན་བརྒྱུད་ནི། ཡམ་ཤུད་རྒྱལ་བ་འོད། གྲ་བ་མངོན་ཤེས། དགྱེར་ཆེན་དགོན་རྒྱབ་པ། དགྱེར་མོ་ཆེ་བ། མཁན་ཆེན་ངུར་པ་ཆེན་པོ། ངུར་སྟོན་བསོད་ནམས་རྒྱལ་མཚན། ངུར་པ་ཤེས་རབ་རྒྱལ་མཚན། གཞོན་ནུ་ཤེས་རབ། སངས་རྒྱས་བཟང་པོ། ཤེས་རབ་མགོན་པོ། སངས་རྒྱས་ལེགས་པ། མགོན་པོ་སངས་རྒྱས། ད་ལྟ་མཁན་པོ་ཆོས་ལེགས་རྣམསསོ། །མཁན་ཆེན་ངུར་པ་ཆེན་པོ་ནས་རྡོ་རྗེ་ཟམ་པ་ལ་ཐུགས་དམ་མཛད་དེ་རིམ་པར་བརྒྱུད་དོ། །ཁྲབ་ལ་ཁ་བའི་སྐབས་སོ། ། ། ༢.༨ ཐང་པོ་ཆེའི་སྐབས། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་ལྕགས་མོ་ཕག་ལ་འཁྲུངས། ཁོང་དང་རྔོག་ལེགས་པའི་ཤེས་རབ་དང༌། འབྲེ་ཆེན་པོ་རྣམས་ཀྱིས་ཁམས་སུ་བྱོན་ནས། ཇོ་བོ་སེ་བཙུན་ལ་ཆོས་མང་དུ་མཉན། མཁས་པར་གྱུར་ནས་འབྲོམ་སྟོན་པ་མངའ་རིས་སུ་བྱོན་པའི་ཕྱི་ལོ་དབུས་སུ་ཕེབས། ཁུ་སྟོན་ཐང་པོ་ཆེར་བཞུགས་ནས་ཕར་ཕྱིན་གྱི་བཤད་པ་མཛད། གྲྭ་པ་མང་དུ་འཕེལ། དྭགས་པོ་དབང་རྒྱལ་གྱིས་ཀྱང་ཁོང་ལ་ཕར་ཕྱིན་བསླབས། མཁས་པར་མཁྱེན་པའི་ང་རྒྱལ་གྱིས་དྭགས་པོས་ཇོ་བོ་རྗེ་ལ་ཆོས་མ་གསན། ཕྱིས་ཁྱུང་པོ་གྲགས་སེ་ཞེས་གྲགས་པ། ཚད་མ་རྙིང་པ་ལ་མཁས་ཤིང་མཁྱེན་པའི་གྲགས་པ་ཆེ་བ་དེ་གཉིས་ཀྱིས་པོ་ཏ་རི་དང་དམར་པོ་རི་གཉིས་ལ་འགྲན་བཤད་མཛད་ཟེར། ཁུ་དགུང་ལོ་དྲུག་ཅུ་རྩ་ལྔ་བཞེས་པ་ཤིང་མོ་ཡོས་ལ་གཤེགས། དེའི་ལོ་ཁུ་ཤེར་བརྩོན་འཁྲུངས། གདན་ས་དབོན་པོ་འབྱུང་གནས་རྒྱལ་མཚན་གྱིས་མཛད། ཁུ་ཤེར་བརྩོན་ནི་འབྲེ་ཆེན་པོའི་སློབ་མ་ཡིན། ཕར་ཕྱིན་གྱི་ཊཱི་ཀ་ཆེ་ཆུང་གསུམ་མཛད། བཤད་ཉན་གྱིས་སློབ་མ་མང་དུ་ཐོན། མཁས་པ་ཆེན་པོ་ཞང་གཡེ་པ་ཡང་ཁོང་དང་དཀར་ཆུང་པ་གཞོན་ནུ་ཚུལ་ཁྲིམས་ཀྱི་སློབ་མ་ཡིན། ཁུ་ཤེར་བརྩོན་དྲུག་ཅུ་རྩ་དགུ་ལ་གཤེགས། ཐང་པོ་ཆེར་གྲུ་མེར་གྱི་མཁན་བརྒྱུད་རིམ་པར་བྱོན་པའི་ཐ་མ་མཁན་པོ་རྒྱལ་ཚ་སྟེ། དེས་མཁན་རབས་ཆད་ནས་ཤུལ་གྱི་ཁང་ནོར་རྣམས་བླ་བྲང་པ་བཟང་པོ་དཔལ་གྱིས་བསྡུས། དེས་ན་ཐང་པོ་ཆེ་པའི་ད་ལྟའི་བླ་བྲང་པ་དང༌། གསེར་ཁང་པ། ཁུ་པ་གསུམ་ནི་ཕྱིས་བྱུང་བའི་འགྲོན་པོ་ཡིན། དེ་ལ་ཁུ་པ་ནི། ཁུ་མདོ་སྡེ་འབར་གྱི་ཆོས་བརྒྱུད་དེ། དབུ་མ་ལ་འཆད་ཉན་བྱེད། མདོ་སྡེ་འབར་པ་ཚབ་ཉི་མ་གྲགས་དང་དུས་མཚུངས། གསེར་ཁང་པ་ནི། ལོའི་སངས་རྒྱས་ཇོ་བོས་མདོ་མཁར་དུ་བྱོན། དེ་ལས་གསེར་ཁང་པ་རིམ་པར་བྱུང་བ་ཡིན། བླ་བྲང་པ་ནི། ཆག་ལོ་ཙཱ་བའི་སློབ་མ་གཞོན་ནུ་རྒྱལ་མཚན། དེ་ནས་གཅུང་པོ་བློ་གྲོས་དཔལ། དེ་ནས་དབོན་པོ་བཟང་པོ་དཔལ། དེའི་དབོན་པོ་ཉི་མ་རྒྱལ་མཚན། དེ་གཉི་གས་གཉལ་གྱི་རྟེའུ་རའི་གདན་ས་ཡང་ཐོགས་རེ་མཛད། ཉི་མ་རྒྱལ་མཚན་གྱི་དབོན་པོ་བསོད་ནམས་དཔལ་འབྱོར། དེའི་དབོན་པོ་ད་ལྟའི་ཆོས་རྗེ་ཆོས་དཔལ་བའོ། །ཆག་ཆོས་རྗེ་དཔལ་གྱིས་ཐང་པོ་ཆེ་འཛིན་པའི་རྒྱུ་མཚན་ཡང༌། ཐང་པོ་ཆེ་ལོ་མང་རབས་ཀྱི་སྔ་གོང་དུ་ཆག་དགྲ་བཅོམ་ལ་ཕུལ། ཁོང་གིས་ཐོགས་ཤིག་བཞུགས་པའི་རྗེས་བསྙགས་པའོ། །ཐང་པོ་ཆེའི་སྐབས་སོ། ། ། ༢.༩ དགེ་བཤེས་གྲྭ་པ་དཔོན་སློབ་དང་སྤྱན་གཡས་པའི་སྐབས། དགེ་བཤེས་གྲྭ་པ་མངོན་ཤེས་ཀྱི་ལོ་རྒྱུས་ནི། ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་མཆིམས་རྡོ་རྗེ་སྤྲེ་ཆུང་ཞེས་བྱ་བ། ནོར་ཧ་ཅང་མི་ཆེ་ཡང་ཤེས་རབ་ཆེ་ཞིང་སྨྲ་མཁས་པས་རྒྱལ་པོ་དགྱེས་པ་ཞིག་བྱུང༌། དེས་བསམ་ཡས་ཀྱི་མཆོད་རྟེན་སྔོན་པོ་དང་བྱང་ཆུབ་གླིང་གོང་བཞེངས། དེ་ལ་བུ་གསུམ་ལས་འབྲིང་པོ་ལྷར་ཆོས་གྲྭའི་སྐྱིད་རུ་གཟུང༌། དེའི་བུ་གཉའ་ནེ། དེའི་བུ་གཉའ་ཆུང༌། དེའི་བུ་དཔལ་ལེགས། དེའི་བུ་བཙན་འོད། དེའི་བུ་ཞང་སེ་ཚ་ལེགས་བརྟན། དེ་ཡན་དུ་མཆིམས་ནས་འབོད། སེ་ཚ་ནས་ཞང་དུ་འབོད། དེ་ལ་བུ་བཞི་ཡོད་པའི་ཆེ་བ་ཇོ་དགའ། དེ་ལ་བུ་ཞང་སྟོན་ཆོས་འབར། སྟག་དཀར། ཞང་དྲན་པ་གསུམ། ཞང་སྟོན་ཆོས་འབར་རབ་ཏུ་བྱུང༌། སྔགས་མཚན་ཉིད་ཀྱི་ཆོས་མང་དུ་མཁྱེན་པ་ནི། བདེ་མཆོག །དགྱེས་རྡོར། གསང་འདུས། དུས་ཀྱི་འཁོར་ལོ་ལ་སོགས་པའི་སྒྲུབ་ཐབས་མང་དུ་མཁྱེན་ཅིང་ཕར་ཕྱིན་ཡང་མཁྱེན། ཞ་འོན་རྡོ་རྗེ་བདུད་འདུལ་གྱི་སྒྲུབ་ཐབས་སློབ་དཔོན་པདྨས་མཛད་པའང་མཁྱེན། ཞང་སྟག་དཀར་བ་ལ་བུ་ཆེ་བ་སྟག་ཚབ། དེའི་འོག་སྟག་ཆུང༌། དེ་འོག་བཞེན་པ། དེ་འོག་གཡང་བཞི་སྟེ་བཞི། བུ་མོ་གཉིས་ཏེ་དྲུག་གོ །སྟག་ཚབ་ཆུ་ཕོ་བྱི་བ་ལ་འཁྲུངས། རྗེ་མར་པ་དང་ན་མཉམ་ཡིན། གཞོན་ནུའི་དུས་རྔན་གྱི་ར་ལོ་ལྔ་ཚོས། རིགས་སད་དེ་ཡམ་ཤུད་ལ་རབ་ཏུ་བྱུང༌། མཚན་ཤེས་རབ་རྒྱལ་བར་བཏགས། དེར་འདུལ་བ་ལོ་གཅིག་གསན། དེ་ནས་ཁུ་བོ་ཞང་སྟོན་ཆོས་འབར་ལ་ཁོང་རང་གིས་མཁྱེན་པའི་ཆོས་རྣམས་མ་ལུས་པར་གསན། ཁུ་བོ་ལས་ཞ་འོན་གྱི་སྒྲུབ་ཐབས་བླངས་པ་ཙམ་གྱིས་ཞལ་མཐོང༌། གཞན་ཡང་ཆོས་ཐམས་ཅད་ཅུང་ཟད་མཉན་པས་ཤེས་ཏེ་མཁྱེན་པའི་ཕུལ་དུ་གྱུར། གཡོ་ནས་བརྩམས་ཏེ་གཡོར་ཕྱོགས་ཕར་ཆེར་དུ་གཙུག་ལག་ཁང་ཤིན་དུ་མང་བར་བརྩིགས། ཁུ་བོ་གཤེགས་ནས་དགོན་པ་རི་ཕུག་ཏུ་གདན་སར་བཞུགས་མ་འདོད་པར་གླག་གི་གནས་མོ་ཆེའི་གཟའ་མི་བྱས། གཟིམས་ཁང་གསར་མ་བརྩིགས། རྒྱུད་འགྲེལ་མང་པོ་གསུངས། བདེ་མཆོག་བཞེངས། དགྱེས་པ་རྡོ་རྗེའི་སྐུ་འབུམ་ཀྱང་བཞེངས། དེར་ཡར་ཀླུངས་པའི་སློབ་མ་མང་དུ་བྱུང༌། རྒྱུད་འགྲེལ་ལ་སློབ་གཉེར་བྱེད་པའང་མང་དུ་འཚོགས། སློབ་མ་གཅིག་གིས་ཡར་ཀླུངས་སུ་སྤྱན་དྲངས། སྐུ་བསོད་སྐྱེས། དགེ་བཤེས་གྲྭ་པར་གྲགས། བར་སྐབས་སུ་དམ་པ་སངས་རྒྱས་དང་པཎྚི་ཏ་ཟླ་བ་མགོན་པོ་གཉིས་དང་མཇལ་ཏེ། དམ་པ་ལ་གསེར་ཕུལ་བས་མ་བཞེས་ཀྱང༌། ཞི་བྱེད་སྒྲོན་མ་སྐོར་དགུའི་གདམས་པ་གནང༌། ཟླ་བ་མགོན་པོས་སྦྱོར་དྲུག་གི་གདམས་པ་གནང་ནས་བསྒོམས་པས་ཡེ་ཤེས་ཆེན་པོ་ལ་མངའ་མཛད། ལྷ་བུག་པ་ཅན་ལ་བུ་མེད་ནས་བདེ་མཆོག་གི་དབང་ཞུས་པས་ལོ་དུས་སུ་བུ་བྱུང༌། བུམ་པའི་མགུལ་རྒྱན་ལ་གཡུ་ཆང་བུ་ཅན་ཆེ་ཆུང་དང༌། སྟོད་བདུད་འདུལ། དབང་ཡོན་ལ་སྐུ་ལི་མ་ཅན། གཏང་རག་ལ་གསེར་ཁྲི་ཕྱི་དར་ཅན། དངུལ་སྐྱོགས་ཤ་བ་ཅན། རལ་གྲི་ཕུད་ཀྱུ་ཅན། ཁྲབ་སྡིག་པ་ཅན་ཕུལ། དེ་ནས་གྲྭར་བྱོན་སྐུ་བསོད་མ་ཤོར་ནས་སྐྱིད་རུ་བཏབ། དེར་ཚ་བོ་གཉིས་རབ་ཏུ་ཕྱུང་ནས་འབྱུང་ཤེས་དང་འབྱུང་ཚུལ་དུ་བཏགས། སྐྱིད་རུ་ནས་བུ་བཞིར་བྱས་པ་བྱུང་སྟེ། བྲ་སྟོན་འབུམ་ལྷ་འབར་གྱིས་གནས་སྒོར། རྔན་ཆུང་སྟོན་པས་སྒ་འདྲ། དགེ་བཤེས་ལྷབ་ཀྱིས་སོ་ཐང༌། བནྡྷཱ་བྱང་ཆུབ་སེམས་དཔས་རི་ཕུག་བཏབ། དགེ་བཤེས་ཁུ་སྟོན་སྔར་གྱི་སློབ་མ་ཡིན་ཀྱང༌། སློབ་དཔོན་ལ་ཕྲག་དོག་བྱས་དགྲར་ལངས་མཐུ་རྒྱག་བྱས། དེ་ནས་སྣ་ཤུད་ཀྱི་སོ་མཚམས་སུ་གཙུག་ལག་ཁང་བཏབ་པ་ན་ཕན་ཆེ་བར་དགོངས་ནས། ཞ་འོན་ལ་འགྲུབ་མི་འགྲུབ་དྲིས་པས་འགྲུབ་པར་ལུང་བསྟན་ནས། དགུང་ལོ་བདུན་ཅུ་བཞེས་པ་ལྕགས་མོ་བྱ་ལ་གྲྭ་ཐང་གི་རྨང་བཏིང༌། རང་ལོ་བདུན་ཅུ་རྩ་དགུ་ལ་མཁན་བུ་ཅིག་གིས་སྙིང་ཐུར་རྒྱབ་པ་ཐལ་ནས་ཞི་བར་གཤེགས་པའི་ཚེ་ཕལ་ཆེར་གྲུབ་པ་ལ། ལྷག་མ་ཅུང་ཟད་དགོས་པ་རྣམས་དབོན་པོ་འབྱུང་ཤེས་དང་འབྱུང་ཚུལ་གཉིས་ཀྱིས་ཆུ་བྱ་ལོ་ཚུན་ཆད་ལོ་གསུམ་གྱིས་ལེགས་པར་ཚར་ཏེ། སྤྱིར་བཞེངས་པ་ལ་ལོ་བཅུ་གསུམ་སོང་བ་ཡིན། མ་གཅིག་ལབ་ཀྱི་སྒྲོན་མ་བཙུན་མ་ཀློག་མཁས་པ་ཞིག་པས། དགེ་བཤེས་གྲྭ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསུང་སྒྲོག་པའི་མཆོད་གནས་མ་ཡིན་ཏེ། སྐབས་ཤེད་དུ་ཡར་ཀླུངས་རོག་པ་སར་དམ་པ་དང་མཇལ་ནས་གཅོད་ཀྱི་གདམས་པ་གནང་བས་རང་གྲོལ་ཞིང༌། གཞན་དོན་རྒྱ་ཆེན་པོ་མཛད་དེ། དིང་སང་གི་བར་དུ་གཅོད་ལེགས་པར་དར་བ་ཡིན། གྲྭ་པས་དགུང་ལོ་བཞི་བཅུ་རྩ་ལྔ་བཞེས་པ་ཤིང་མོ་ལུག་ལ་རྨ་སྒོམ་ཆོས་ཀྱི་ཤེས་རབ་འཁྲུངས། ལྔ་བཅུ་རྩ་གཅིག་བཞེས་པ་ཆུ་ཕོ་སྟག་གི་ལོ་ལ་དགེ་འདུན་འབར་འཁྲུངས། ལོ་དེ་ཉིད་ལ་སྐོར་ནི་རཱུ་པ་ཡང་འཁྲུངས་ཏེ། དེ་ལ་གྲྭ་པས་དབང་གསན་ཟེར་བ་ཡང་སྣང༌། སྐམ་ཡེ་ཤེས་རྒྱལ་མཚན་ནི་གྲྭ་པའི་མཁན་བུ་ཡིན་ཏེ། དེ་ལྟར་ན་ཞི་བྱེད་བརྒྱུད་པ་སྔ་མ་དང་བར་མ་རྣམས་ཀྱང་གྲྭ་པའི་རིང་ལ་བྱུང༌། ལྔ་བསྡུས་པ་ཕལ་ཆེར་ནི་མེ་མཁའ་རྒྱ་མཚོ་ལ་བསྲེ་བའི་འདས་ལོའི་ཐོག་མ་མེ་མོ་ཡོས་དེ། གྲྭ་པ་དང་མར་པའི་ལོ་བཅུ་དྲུག་པ་ཡིན་ཏེ། ལོ་དེ་ཉིད་ལ་གྱི་ཇོས་དུས་ཀྱི་འཁོར་ལོ་བསྒྱུར་ཟེར་བས། ཞང་སྟོན་ཆོས་འབར་གྱིས་དུས་འཁོར་མཁྱེན་པ་ཡང་འགྱུར་དེ་ལ་བརྟེན་པ་ཡིན་ནམ་སྙམ། གྲྭ་པ་གཤེགས་ནས་གྲྭ་ཐང་ཆོས་སྐྱབས་དོན་སྟེངས་པར་གྲགས་པ་དེས་གྲྭ་ཐང་གི་གདན་ས་མཛད། བཀའ་གདམས་པ་རྣམས་སྨོན་པ་སེམས་བསྐྱེད་ལ་ཡངས་ཤིང་འཇུག་པ་སེམས་བསྐྱེད་ལ་བཀའ་དོག་པ་ལ། དོན་སྟེངས་པ་མནལ་ལམ་དུ་དགའ་ལྡན་དུ་བྱོན། བྱམས་པ་དང་མཇལ། ལག་ན་ལྕམ་པའི་མེ་ཏོག་སྙིམ་པ་གང་འདུག་པ་བྱམས་པའི་སྐུ་ལ་གཏོར་བས། བྱམས་པའི་དབུའི་སྟེང་དུ་མེ་ཏོག་གི་ཁང་པ་བརྩེགས་པ་ཁྱད་པར་དུ་འཕགས་པ་ཞིག་ཏུ་གྱུར། བྱམས་པའི་ཞལ་ནས། ཁྱོད་ཀྱིས་མིའི་ཡུལ་དུ་འགྲོ་བ་མཐོ་དམན་ཐམས་ཅད་ལ་འཇུག་པ་སེམས་བསྐྱེད་མ་བྱས་ན་དམ་ཚིག་དང་འགལ་བ་ཡིན་ནོ་གསུང་བས། ཕྱིས་འཇུག་པ་སེམས་བསྐྱེད་ལ་ཤིན་ཏུ་ཡངས་པར་མཛད། དོན་སྟེངས་པ་ཉིད་རོག་དམར་ཞུར་བའི་སློབ་མ་ཡིན་པས། སེམས་བསྐྱེད་ཡངས་པར་བྱས་པ་ལ་རོག་གིས་བཀའ་བཀྱོན། ཕྱིས་ཁོ་བོ་ལ་འདི་མི་བྱར་མི་རུང་བ་ཞིག་བྱུང་བ་ཡིན་ཞེས་ལོ་རྒྱུས་ཞུས་པས། རོག་དད་དེ། འོ་ན་ཁྱོད་ཀྱི་དེ་ང་ལ་ཡང་གྱིས་དང་གསུང་ནས་རོག་ལ་ཡང་སེམས་བསྐྱེད་མཛད། དོན་སྟེངས་པས་གྲྭ་པས་བཏབ་པའི་ཕུ་ཐང་སྤྱན་གཡས་ཀྱི་མཁན་པོ་མཛད། དེ་རྗེས་གནས་བརྟན་དར་མ་བཀྲ་ཤིས། དགེ་བཤེས་ཁ་ཆེ་ཆེ་བ། ཆུང་བ། མེས་སྟོན་ཆོས་འབར། ཁུ་སྤྱན་གཡས་པ། ལྷོ་པ་དྷརྨ་སེང་གེ་འོད་འཇོ་བ། མཁས་བཙུན་དད་པ། མྱང་པཎྚི་ཏ་ནམ་མཁའ་གཞོན་ནུ། ནམ་མཁའ་དཔལ། མཁན་ཆེན་རྒྱལ་ཚ་གཞོན་ནུ་གྲགས། མཁན་ཆེན་སངས་རྒྱས་རྒྱལ་མཚན། གཞོན་ནུ་དཔལ། དབང་ཕྱུག་དཔལ། བྱང་ཆུབ་དཔལ། སངས་རྒྱས་བརྟན་པ། གཞོན་ནུ་སེང་གེ། སངས་རྒྱས་འབུམ་དཔལ། ཆོས་མཆོག་པ། ཡང་བྱང་དཔལ་བ། གཞོན་འོད་པ། བརྩོན་རྒྱལ་བ། སངས་རྒྱས་མགོན་པོ་རྣམས་ཏེ། སྤྱན་གཡས་ཀྱི་གཙུག་ལག་ཁང་རྙིང་མ་མདོ་ཁྱམས་དང་བཅས་པ་དགེ་བཤེས་གྲྭ་པས་བཞེངས། ལྕགས་རི་ཡང་ཟླུམ་པོར་ཡོད། གཙུག་ལག་ཁང་ཆེ་བའི་དབུ་རྩེ་ཁྱམས་ཀྱི་ཕྱིའི་ལྕགས་རི་དང་བཅས་པ་རྣམས་དགེ་བཤེས་ཁ་ཆེ་ཆེ་ཆུང་གིས་མཛད། སྤྱན་གཡས་པ་རྣམས་བཀའ་གདམས་དང་འདུལ་འཛིན་བསྲེས་མ་ལྟ་བུར་ཡོད་པ་ལ། དུས་ཕྱིས་མཁན་ཆེན་ནམ་མཁའ་གཞོན་ནུས། འོད་གསལ་བ་ལ་སྤྱན་སྔ་དང་བྱ་ཡུལ་བའི་གདམས་པ་རྣམས་ལེགས་པར་གསན། ཕྱིས་འོད་གསལ་གྱི་གདན་ས་ཡང་མཛད། ཆོས་སྐྱོང་གྲི་གུག་མ་དང་བྱ་ཡུལ་གཏོར་ཆེན་རྣམས་ཀྱང་བྱ་ཡུལ་བའི་ལུགས་སུ་མཛད་པས། དེ་ཕྱིན་ཆད་ལོ་བྱ་ཡུལ་བའི་བརྒྱུད་འཛིན་དུ་གྱུར་པ་ཡིན། ངང་ཚུགས་ཤིན་ཏུ་བཟང་བས། དོན་ཞགས་པ་སངས་རྒྱས་རིན་ཆེན་གྱི་ཞལ་སྔ་ནས་ཀྱང༌། མཁན་ཆེན་རྒྱལ་ཚབ་ལ་ངས་ཁྱེད་ལས་ཡིད་དུ་འོང་བའི་བཙུན་པ་མཐོང་མ་མྱོང་གསུང་ཞིང༌། ཤིན་ཏུ་བཙུན་པའི་གྲྭས་སྤྱན་གཡས་ཞེས་བསྔགས་པ་ཆེས་མཛད། མཁས་བཙུན་དད་པ་འདི། དང་པོ་རྒྱ་ངུར་དར་ཡེས་ཀྱི་སྐབས་ཀྱི་རྒྱ་ངུར་བའི་ཆོས་འཆད་ཡིན་པ་ལ། རྒྱ་སར་སྒང་དུ་ཁོང་གིས་ཆོས་གཞི་ལ་བྱོན། དུང་བཏང་བས་མཁན་པོ་དར་ཡེ་ཅུང་མ་མཉེས་པ་ལ་བརྟེན་ནས། སྤྱན་གཡས་སུ་དོན་བྱོན་པས། སྤྱན་གཡས་ཀྱི་མཁན་པོར་བསྐོས། རྒྱ་སར་སྒང་སྤྱན་གཡས་པ་ལ་འཇགས་པ་འདི་ཡང་དེ་ནས་ཡིན། མཁན་ཆེན་རྒྱལ་ཚ་འདི། སྤྱན་གཡས་རང་གི་གནས་བརྟན་བརྒྱུད་པ་ལ། མ་ལྷ་གཅིག་ཡིན་པས་རྒྱལ་ཚ་ཟེར། གཞོན་པའི་དུས་སུ་ཁྱིམ་གཟུང་དགོས་བྱས་པས། གླེན་པར་བརྫུས་ཏེ་མ་གོ་བ་ལྟར་བྱས་ནས་ཀ་བ་ལ་ལྕགས་ཐག་བཏགས་ནས་གཟུང༌། དེ་ནས་བཤོལ་མ་ཐུབ་སྟེ། རབ་ཏུ་བྱུང༌། འདུལ་བ་ལ་ལེགས་པར་སྦྱངས། སྐྱམ་གྱི་སློབ་དཔོན་དབུ་མ་པ་ལ་དབུ་མ་གསན་དུ་བྱོན་པ་ལ་རྟེན་འབྲེལ་འགྲིག་པ་ཁོ་ནར་མ་བྱུང་སྟེ། སླར་ལོག་མཁན་པོ་གོང་མ་ཁོང་གི་སྤྱོད་ཚུལ་ལ་དགྱེས་པས། ནན་གྱིས་དམ་ཚིག་ལ་བསྒྲེས་ཏེ་མཁན་པོར་བསྐོས། མཁན་པོའི་ཐོག་ཉིད་ནས་དབུ་རུ་བྱང་ཕྱོགས་སུ་བྱོན་ཏེ། བྱང་ཆུབ་སེམས་དཔའི་བསླབ་པའི་གནས་རྣམས་དང༌། ཟབ་མོ་གསང་སྔགས་ཀྱི་གདམས་པ་མང་དུ་གསན་ནས་སྐུ་ཉམས་སུ་བཞེས་པས་འོད་གསལ་རྒྱུན་གྱི་ཏིང་ངེ་འཛིན་མངའ་ཡང༌། ཕྱི་རོལ་དུ་འདུལ་བའི་སྤྱོད་པ་དང་བྱང་ཆུབ་སེམས་དཔའི་ངང་ཚུལ་ལ་གནས་པར་གདའ། མཁན་སར་ཕེབས་ནས་ཉེ་འཁོར་དུ་དལ་ཡམས་ཀྱིས་སྐྱེ་བོ་མང་པོ་ཤི་བས་དེ་ལ་སྙིང་རྗེ་སྐྱེས་ཏེ། དེ་དག་གི་སྒྲིབ་པ་སྦྱངས་བའི་ཕྱིར། སློབ་དཔོན་དགྲ་བཅོམ་པ་སྟོན་བསོད་པ་དང་གཉིས་པོས་ཆོས་སྤྱོད་རྒྱུན་པའི་སྲོལ་བཟང་པོ་དེ་བཙུགས། དོན་ཞགས་པ་སངས་རྒྱས་རིན་ཆེན་ཡང་སྤྱན་གཡས་སུ་ཕེབས་ནས། བཅུ་གཅིག་ཞལ་གྱི་སྨྱུང་བར་གནས་པའི་རྒྱུན་ཡང་དིང་སང་གི་བར་དུ་མ་ཆད་པ་འདི་ཡང༌། མཁན་པོ་འདིའི་རིང་ལ་བཙུགས། མཁན་ཆེན་རྒྱལ་ཚབ་མཁན་སར་ཕེབས་དུས་གྲྭ་པ་བཅུ་གསུམ་ཙམ་ལས་མེད་པ་ལ། ཁོང་གི་རིང་ལ་བརྒྱ་ལྷག་ཙམ་དུ་འཕེལ། ཕྱིས་མཁན་ཆེན་སངས་རྒྱས་རྒྱལ་མཚན་པའི་རིང་ལ་སུམ་བརྒྱ་དྲུག་ཅུ་ཙམ་དུ་འཕེལ་ལོ། །སྤྱན་གཡས་པའི་སྤྱོད་འཇུག་གི་བཤད་པའི་རྒྱུན་དེ་ནི་འཇམ་དབྱངས་ཤཱཀྱ་གཞོན་ནུའི་དངོས་སློབ་ཀླལ་པ་ཀུན་རྒྱལ་ཞེས་བྱ་བ་ལ། སློབ་དཔོན་ཚུལ་རྒྱལ་བས་གཏུགས་ནས་བསླབས་ཏེ། ཚུལ་རྒྱལ་བ་ལས་བྱུང་བ་ཡིན། མཁན་ཆེན་སངས་རྒྱས་མགོན་པོ་བས་ནི། ལྔ་བཅུ་རྩ་གཉིས་པ་ཆུ་མོ་བྱ་ལ་མཁན་སར་བྱོན་ནས། མེ་ཕོ་སྤྲེའུ་འདིས་ཉི་ཤུ་རྩ་བཞིའོ། ། རོང་སྐམ་དང་པོར་བཙུན་མོ་དཔལ་གྱི་ངང་ཚུལ་མས་བཞེངས། ཕྱིས་དེར་དགེ་བཤེས་གྲྭ་པས་ལྷ་ཁང་ལ་སྣོན་པ་བཏབ། དགེ་འདུན་གྱི་སྡེ་བཙུགས་པའི་མོད་ལ་གཟུས་ཀྱིས་གཙུག་ལག་ཁང་ཆེན་མོ་བཞེངས། འདུལ་བའི་བཤད་པ་བཙུགས། དེ་ནས་དིང་སང་གི་བར་དུ་དགེ་འདུན་མ་ཆད་པར་ཡོད་དེ། གྲྭ་པའི་གནས་གཞི་གཞན་རྣམས་ན་ནི་དིང་སང་དགེ་འདུན་མི་སྣང་ངོ༌། །དེ་ལྟར་ན་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་འཁྲུངས་ནས་ལོ་ངོ་གསུམ་པ་ས་ཕོ་སྟག་གི་ལོ་ལ་འདུལ་བའི་བསྟན་པ་བྱུང༌། དེ་ནས་དིང་སང་གི་མེ་ཕོ་སྤྲེའུ་ཡན་ཆད་ལ་ལོ་ལྔ་བརྒྱར་གཅིག་གིས་མ་ཚང་བར་སོང༌། དགེ་བཤེས་གྲྭ་པ་འཁྲུངས་ནས་མེ་ཕོ་སྤྲེའུ་ལོ་འདིའི་བར་དུ་ལོ་བཞི་བརྒྱ་དང་དྲུག་ཅུ་རྩ་ལྔ་སོང་ངོ༌། །དགེ་བཤེས་གྲྭ་པ་དཔོན་སློབ་དང་སྤྱན་གཡས་པའི་སྐབས་སོ། ། ། ༣.༡ སྒྱུ་འཕྲུལ་གཙོ་བོར་གྱུར་པའི་སྐབས། དེ་ལྟར་བོད་ཡུལ་འདིར་འདུལ་བའི་བསྟན་པ་ལ་འཕེལ་འགྲིབ་ཆེར་བྱུང་མོད་ཀྱི། ཐེག་པ་ཆེན་པོ་གསང་སྔགས་ཀྱི་བསྟན་པ་ནི། དིང་སང་གི་བར་དུ་ནུབ་མ་མྱོང་ཞིང༌། པཎྚི་ཏ་སྨྲྀ་ཏི་བྱོན་པའི་གོང་ཡན་ཆོད་ལ་གསང་སྔགས་རྙིང་མ་ཞེས་བརྗོད་དེ། དེ་ལ་རྙིང་མ་བ་དག་གི་ལུགས་ལ། ཏནྟྲ་སྡེ་ཆེན་པོ་བཅོ་བརྒྱད་ཅེས་བཤད་པའི་ཐོག་མ་གསུམ་ནི། དཔལ་གསང་བ་འདུས་པ། ཟླ་གསང་ཐིག་ལེ། སངས་རྒྱས་མཉམ་སྦྱོར་རྣམས་ལ་ཐུགས་གསུང་སྐུའི་རྒྱུད་ཅེས་བྱས་ནས། དེ་དག་གི་བཤད་པ་ཡང་རིང་དུ་བྱུང་སྣང་སྟེ། བུ་སྟོན་རིན་པོ་ཆེས་བསྟན་འགྱུར་གྱི་དཀར་ཆག་ཏུ། རྡོ་རྗེ་བཞད་པའི་སྐོར་གྱི་ལེའུ་ཞེས་ཚན་པ་གཅིག་ཏུ་མཛད་པའི་རྡོ་རྗེ་བཞད་པའི་གསང་བ་འདུས་པའི་འགྲེལ་པ་ན། གསང་བ་སྙིང་པོའི་རྒྱུད་མང་དུ་དྲངས་ཤིང༌། བཤད་པའི་ཚུལ་ཡང་དེ་དང་མཐུན་ལ། འདུས་པ་ཕྱི་མའི་འགྲེལ་པ་བི་ཤྭ་མི་ཏྲས་མཛད་པ་བུའི་བསྟན་འགྱུར་ན་བཞུགས་པ་ཡང་རྙིང་མ་ཁོ་ནར་སྣང་ལ། མཉམ་སྦྱོར་གྱི་འགྲེལ་པ་བརྒྱ་བྱིན་སྡོང་པོས་མཛད་པར་ཡང་གསང་བ་སྙིང་པོའི་ལུང་མང་དུ་དྲངས་ཤིང༌། འགྲེལ་པ་དེ་ལ་བུ་སྟོན་རིན་པོ་ཆེ་ཡང་དགྱེས་ཤིང་དེ་ནས་ལུང་ཅི་འདྲོངས་མཛད་པ་ཡིན་ནོ། །བོད་འདིར་རྡོ་རྗེ་ཕུར་བུའི་སྒྲུབ་པ་ནི་ཤིན་ཏུ་དར་ལ། དེ་ལ་ཡང་ཁ་ཟེར་བ་དག་ཡོད་མོད་ཀྱི། དུས་ཕྱིས་ཆོས་རྗེ་ས་སྐྱ་པས་ཤངས་སྲེག་ཞིང་ནས་སློབ་དཔོན་པདྨ་དངོས་ཀྱི་ཕྱག་དཔེའི་རྒྱ་དཔེ་རྙེད་ནས་འགྱུར་མཛད་པས་ཐམས་ཅད་ཁ་རོག་སྟེ་འདུག་གོ །ཁ་ཆེ་པཎ་ཆེན་གྱིས་བསམ་ཡས་སུ་བྱོན་པའི་ཚེ་གསང་བ་སྙིང་པོའི་རྒྱ་དཔེ་རྙེད། ཕྱིས་དེ་རྟ་སྟོན་གཟི་བརྗིད་ཀྱི་ལག་ཏུ་བྱུང་ནས། ཁོང་གིས་ཤ་གང་ལོ་ཙཱ་བ་ལ་ཕུལ། དེས་བཅོམ་ལྡན་རལ་གྲི་ལ་བསྐུར་ནས། བཅོམ་ལྡན་རལ་གྲིས་ཐུགས་ཆེས་ཏེ་གསང་སྙིང་སྒྲུབ་པ་རྒྱན་གྱི་མེ་ཏོག་མཛད། མ་མོ་གནས་སུ་སྔགས་པ་འདུས་པ་ལ་རྒྱ་དཔེ་བསྟན་ནས་ཆེ་བ་བརྗོད། སླད་ཀྱིས་ཐར་པ་ལོ་ཙཱ་བས་སྔོན་མ་བྱུང་བའི་གསང་སྙིང་རྒྱུད་ཕྱི་མ་དང་བཅས་པ་ལ་འགྱུར་མཛད་དེ། དཔེ་དེའི་སྟེང་ནས་མང་རབ་ཅིག་ཟགས་པའི་ལྷག་མའི་རྒྱ་དཔེ་ནི་ཁོ་བོའི་ལག་ན་མཆིསསོ། །དེ་ལ་ཁྲི་སྲོང་ལྡེ་བཙན་ཡབ་སྲས་ཀྱི་རིང་ལ། རྡོ་རྗེའི་ཐེག་པ་ལ་བརྟེན་ནས་གྲུབ་པ་བརྙེས་པ་མང་དུ་བྱུང་བ་འདི་ལྟ་སྟེ། འབྲེལ་དཔལ་གྱི་བློ་གྲོས། སྣ་ནམ་རྡོ་རྗེ་བདུད་འཇོམས། ངན་ལམ་རྒྱལ་མཆོག་དབྱངས། ཨུ་ན་ཨ་ནང་ག །སྣུབས་ནམ་མཁའ་སྙིང་པོ། ཀླང་དཔལ་གྱི་སེང་གེ། གླང་གཙུག་གི་རིན་ཆེན། འབྲེ་རྒྱལ་བའི་བློ་གྲོས། ཁམས་པ་གོ་ཆ། བཻ་རོ་ཙ་ན། རྨ་རིན་ཆེན་མཆོག །གཉགས་ཛྙཱ་ན་ཀུ་མཱ་ར། གཉན་དཔལ་དབྱངས་ལ་སོགས་པ་ནམ་མཁའ་ལ་འགྲོ་བ་དང༌། རི་བྲག་ལ་འཛུལ་བ། ཆུ་ལ་མི་འབྱིང་བ་དང༌། ལུས་ལྷའི་དཀྱིལ་འཁོར་དུ་སྐྱེ་བོ་མང་པོ་ལ་སྟོན་ནུས་པ་དུ་མ་དང༌། གཞན་ཡང་འབྲོ་གཟའ་དཱི་པྂ་ལ་སོགས་པ་བུད་མེད་གྲུབ་པ་ཐོབ་པའང་མང་དུ་བྱུང༌། དེ་རྣམས་ཕལ་ཆེར་འདས་ཤིང་རྒྱལ་ཁྲིམས་ཞིག །ཕྱོགས་རིགས་ཀྱི་འཁྲུག་པ་དར་བའི་དུས་སུ་སྣུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ཞེས་བྱ་བས་རྒྱ་གར་དང་བལ་པོ་དང་བྲུ་ཤའི་ཡུལ་ན་གནས་པ་ལ་སོགས་པའི་མཁས་པའི་སྐྱེ་བོ་མང་པོ་བསྟེན། ཁོང་གི་བླ་མ་བྲུ་ཤའི་ལོ་ཙཱ་བ་ཆེ་བཙན་སྐྱེས་ཀྱིས་མདོ་དགོངས་པ་འདུས་པ་བོད་དུ་བསྒྱུར་བ་དེ་རྣམས་ལེགས་པར་མཁྱེན་ཅིང༌། ནུས་པ་ཕུན་སུམ་ཚོགས་པས་བོད་ཡུལ་གྱི་ལྷ་སྲིན་ཐམས་ཅད་ཀྱིས་སྟང་ཕུལ། ལོ་བརྒྱ་དང་བཅུ་གསུམ་དུ་བཞུགས་ནས་གསང་སྔགས་ཀྱི་བསྟན་པ་དར་བར་མཛད། ཁོང་འདས་རྗེས་རིང་པོར་མ་ལོན་པ་ཟུར་ཆེ་ཆུང་ལ་བརྟེན་ནས། རྒྱུད་སྒྲུབ་ཐབས་ཀྱི་བཤད་པའང་ཤིན་ཏུ་དར། ཟུར་ཆུང་པའི་ལོ་བཞི་བཅུ་རྩ་གཅིག་པ་ལ་ཇོ་བོ་རྗེ་བོད་དུ་བྱོན་ནོ་ཞེས་བྱ་བ་ནི་སྤྱིར་བསྟན་པའོ། ཁྱད་པར་དུ་གནམ་རི་སྲོང་བཙན་ཡན་ཆོད་དུ་ནི། ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས་ཤིང༌། གདུང་རབས་རྣམས་ཀྱིས་ཀྱང་གཉན་པོ་གསང་བ་ལ་མཆོད་དོ་ཞེས་བྱ་བ་ཙམ་ལས་གཞན་ཅི་ཡང་མ་ཐོས་ལ། སྲོང་བཙན་སྒམ་པོས་གསང་སྔགས་ཀྱི་སྒྲུབ་ཐབས་ལྷ་ཞི་ཁྲོ་སྣ་ཚོགས་པ་བསྟེན་པ་གནང་ནས། ལྷ་དེ་དག་གྲུབ་པའི་སྐྱེས་བུ་མང་དུ་བྱུང་སྣང་ཞིང༌། དེ་ནས་མེས་ཨག་ཚོམ་ཡན་དུ་གསང་སྔགས་ཀྱི་སྒྲུབ་པ་གསངས་ཏེ་སྤྱོད་པ་མང་དུ་བྱུང་ལ། སྤྱན་རས་གཟིགས་ལ་གསོལ་བ་འདེབས་པ་དང་ཡི་གེ་དྲུག་པ་འདོན་པ་ནི་བུ་ཆུང་ཡན་ཆོད་བོད་འབངས་ཐམས་ཅད་དུ་དར་ཏེ་སྲོང་བཙན་གྱིས་མཛད་པའི་གཤིན་རྗེ་གཤེད་སྐོར་གྱི་སྒྲུབ་པའི་དཔེ་ནི། དིང་སང་ཡང་སྣང་ངོ༌། །མཁན་ཆེན་ལས་ཀྱི་རྡོ་རྗེ་ལ་དཔལ་གསང་བའི་བདག་པོ་ཉིད་ཀྱི་སྐྱེ་བ་སྔ་ཕྱིའི་ལུང་བསྟན་སྩལ་ཏེ། དེ་ཡང་ལས་ཀྱི་རྡོ་རྗེ་བ་ཡར་ཀླུངས་སུ་ཀླུར་སྐྱེས་པའི་ཚེས། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ཅིག་ལ་གནོད་པ་བསྐྱལ་བས། དེས་སྦྱིན་སྲེག་བྱས་ཏེ་ཀླུ་འཁོར་དང་བཅས་པ་ཚིག་པར་བྱས་པས་ཤི་འཕོས་ཏེ་ལྗང་ཚ་ལྷ་དཔོན་དུ་སྐྱེས་སོ་ཞེས་བྱ་བའི་གཏམ་གསུངསསོ། །དེ་ནས་ཁྲི་སྲོང་ལྡེ་བཙན་གྱིས་མཁན་ཆེན་ཞི་བ་འཚོ་སྤྱན་དྲངས། བོད་འབངས་མང་པོ་རབ་ཏུ་ཕྱུང༌། འདུལ་བའི་བསྟན་པ་དར་བར་བྱས་པས། བསྟན་པ་དར་ཞིང་རྒྱས་པར་མཛད་དོ་ཞེས་གྲགས་པ་ཡང་དོན་དང་ལྡན་ནོ། །གཞན་ཡང་དེའི་རིང་ལ་པདྨ་སམྦྷ་བ་བྱོན་ནས་གསང་སྔགས་དར་བར་མཛད་པ་ལ། པདྨ་ཉིད་ཀྱིས་རྡོ་རྗེ་ཕུར་པ་དང་དཔལ་རྟ་མགྲིན་གཉིས་རྒྱལ་པོ་ལ་གནང་ཞིང༌། བྱེ་བྲག་ཏུ་རྒྱལ་པོས་དཔལ་རྟ་མགྲིན་གྲུབ་ཏེ། རྟ་སྐད་ལན་གསུམ་དུ་གྲགས་པ་ཕལ་ཆེ་བས་ཐོས། ཕུར་པ་ནི་པདྨས་ཇོ་མོ་དང་འབྲེ་ཨ་ཙར་ས་ལེ་ལ་སྩལ་བས། དེ་ནས་བརྒྱུད་དེ་ལུགས་སྣ་ཚོགས་སུ་གྱུར་ཅིང་ཤིན་ཏུ་དར་རོ། །འཇམ་དཔལ་སྐུ་ནི་སློབ་དཔོན་ཤཱནྟིཾ་གརྦྷ་བོད་དུ་བྱོན་ནས་དར་བ་མཛད་ཅིང༌། འདིས་བསམ་ཡས་ཀྱི་རབ་ཏུ་གནས་པ་བྱས་སོ་ཞེས་ཀྱང་གྲགསསོ། །ཡང་དག་གི་སྐོར་ནི་སློབ་དཔོན་ཧཱུཾ་ཀ་ར་ཞེས་བྱ་བ་བོད་དུ་བྱོན་ནས་སྐལ་བ་དང་ལྡན་པ་རྣམས་ལ་སྦྱིན་པར་གྲགས་ཏེ། འདི་ནི་དོན་དུ་ན་སངས་རྒྱས་མཉར་ལ་མ་སྦྱོབརྟེན་པ་ཡིན་ནོ། །བདུད་རྩི་ནི་སློབ་དཔོན་བི་མ་ལ་མི་ཏྲས་བོད་དུ་གསུངས་ཤིང༌། དེ་ནས་བརྒྱུད་དོ། །དེ་ལྟར་ན་རྙིང་མ་བ་རྣམས་ཀྱིས་ཉམས་སུ་སྤྱོད་པའི་སྒྲུབ་པ་བཀའ་བརྒྱད་ནི། འཇམ་དཔལ་སྐུ། པདྨ་གསུང༌། ཡང་དག་ཐུགས། བདུད་རྩི་ཡོན་ཏན། ཕུར་པ་ཕྲིན་ལས་ཞེས་འཇིག་རྟེན་ལས་འདས་པའི་སྡེ་ལྔ་དང༌། མ་མོ་རྦོད་གཏོང་དང༌། དམོད་པ་དྲག་སྔགས་དང༌། འཇིག་རྟེན་མཆོད་བསྟོད་དེ། དེ་ལྟར་སྡེ་བརྒྱད་དོ། །དེ་ལ་འཇམ་དཔལ་སྐུ་ནི་རྣམ་སྣང༌། པདྨ་གསུང་ནི་འོད་དཔག་མེད། ཡང་དག་ཐུགས་ནི་མི་བསྐྱོད་པ། བདུད་རྩི་ཡོན་ཏན་ནི་རིན་འབྱུང༌། ཕུར་པ་ཕྲིན་ལས་ནི་དོན་གྲུབ་སྟེ་རིགས་ལྔར་བསྡུས་པ་ཡིན་ལ། མ་མོ་ལ་སོགས་པ་འཇིག་རྟེན་པའི་རིགས་ཀྱི་སྡེ་གསུམ་ནི། སློབ་དཔོན་པདྨས་བོད་ཀྱི་ལྷ་སྲིན་རྣམས་བཏུལ་ཞིང་དམ་ལ་བཏགས་ནས་སྡེ་གསུམ་དུ་ཕྱེ་བ་ཡིན་པས། བོད་མའོ་ཞེས་རྙིང་མ་བ་རྣམས་ཀྱི་ཡི་གེ་འགའ་ཞིག་ལས་འབྱུང་སྟེ། འཐད་པར་ཡང་བསམསསོ། །དེ་ཡང་འཇིག་རྟེན་མཆོད་བསྟོད་ཀྱི་དཀྱིལ་འཁོར་ན་ཤམྦུ་ལ་སོགས་པའི་བོད་ཀྱི་ལྷ་ཆེན་པོ་དག་ཡོད་དེ། ལྷ་ཆེན་པོ་འདི་རྣམས་ཀྱང་སངས་རྒྱས་མཐོང་བ། རང་རང་གི་གསང་སྔགས་ཀྱི་དམ་ཚིག་དང་བཅས་ཤིང༌། དེས་འཇིག་རྟེན་ལ་ཕན་ཐོགས་པ་ཤ་སྟག་ཡིན་པས། དཔལ་འཛིན་གྱིས། འཇིག་རྟེན་མཆོད་བསྟོད་དཀྱིལ་འཁོར་དུ། །བོད་ཀྱི་ལྷ་འདྲེ་འཛུད་ལུགས་ཀྱིས། །གཞན་ན་འབྱུང་པོ་ཟད་དམ་ཅི། ཞེས་ཁ་སྨྲ་བ་ནི་ལོག་པའི་གཏམ་སྟེ། གཟུངས་གྲྭ་ལྔར་ཡུལ་སོ་སོའི་གནོད་སྦྱིན་མང་དུ་བཀོད་སྣང་བ་སོགས་ལ་ཤིན་ཏུ་རྨོངས་པའོ། །བོད་ཀྱི་ཡུལ་འདིར་མན་ངག་རྫོགས་པ་ཆེན་པོར་གྲགས་པ་ལ་ཡང་སེམས་སྡེ་དང༌། ཀློང་སྡེ་དང༌། མན་ངག་གི་སྡེ་ཞེས་རྣམ་པ་གསུམ་དུ་འཆད་པ་ལ། སེམས་སྡེ་ནི་ལྔ་བཻ་རོ་ཙ་ན་དང༌། བཅུ་གསུམ་བི་མ་ལ་ལས་བྱུང་བ་ཡིན་ལ། ཀློང་སྡེ་ཡང་བཻ་རོ་ཙ་ན་ལས་བྱུང་བའི་མན་ངག་གོ །མན་ངག་གི་སྡེ་ལ་སྙིང་ཐིག་ཅེས་གྲགས་ཏེ། བི་མ་མི་ཏྲ་ལས་བྱུང་ཞིང༌། དེའི་སློབ་མ་མྱང་ཏིང་ངེ་འཛིན་བཟང་པོ་ལས་བརྒྱུད་དེ། གསུམ་པོ་འདི་དག་ནི་བོད་ཀྱི་ཁམས་འདིར་ཤིན་ཏུ་དར་རོ། ། སྔོན་བྱོན་པའི་རྙིང་མ་བ་དེ་དག་ལ་རྒྱུད་ཀྱི་བཤད་པ་དིང་སང་གི་བར་དུ་ཡང་གནས་པ་ནི། སྒྱུ་འཕྲུལ་གསང་བ་སྙིང་པོའི་སྐོར་རྣམས་ཡིན་ཏེ། འདི་ནི་བི་མ་ལས་ལོ་ཙཱ་བ་ཆེན་པོ་རྨ་རིན་ཆེན་མཆོག་ལ་གནང་ཞིང་དེས་ལེགས་པར་བསྒྱུར། ལོ་ཙཱ་བ་གཙུག་རུ་རིན་ཆེན་གཞོན་ནུ་དང་གྱེ་རེ་མཆོག་སྐྱོང་གཉིས་ལ་བཤད། དེ་གཉིས་ཀྱིས་དར་རྗེ་དཔལ་གྱི་གྲགས་པ་དང་ཞང་རྒྱལ་བའི་ཡོན་ཏན་གཉིས་ལ་བཤད། ཞང་ནས་བརྒྱུད་པ་རྣམས་ལ་བཀའ་མཆིམས་ཕུ་མའམ་མན་ངག་བརྒྱུད་ཅེས་གྲགས་ལ། དར་རྗེས་དབུས་གཙང་དུ་ཡང་མང་པོ་ལ་བསྒྲགས་ཤིང༌། ཁམས་སུ་ཡང་བྱོན་ཏེ་བཤད་པས་དེ་ཡང་མང་པོ་ལ་བསྒྲགས་ཤིང༌། ཁམས་སུ་ཡང་བྱོན་ཏེ་བཤད་པས། དེ་དག་ལས་བརྒྱུད་པ་ལ་ཡོངས་གྲགས་དབུས་ལུགས་པ་དང༌། ཁམས་ལུགས་པ་ཞེས་གཉིས་སུ་གྲགསསོ། །གསང་བ་སྙིང་པོའི་འགྲེལ་པ་ཉི་འོད་སེང་གེས་མཛད་པ་འདི། ཁམས་ཀྱི་འོག་རྡུ་ཐུགས་རྗེ་བྱམས་ཆེན་གྱི་གཙུག་ལག་ཁང་དུ་ལོ་ཙཱ་བ་བཻ་རོ་ཙ་ནས་བསྒྱུར་ཏེ། དེ་ལྟར་ན་སློབ་དཔོན་བཻ་རོ་ཙ་ན་ལ་ཡང་རྒྱུད་འདིའི་བཤད་པ་ཡོད་པར་མངོན་ནོ། །གཞན་ཡང་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཞེས་བྱ་བ་འདི། བི་མ་ལའི་སློབ་མ་གཉགས་ཛྙཱ་ན་ཀུ་མཱ་ར། དེའི་སློབ་མ་སོག་པོ་དཔལ་གྱི་ཡེ་ཤེས་ཏེ། དེའི་ཡང་སློབ་མ་ཡིན་པས་དེ་ལས་བརྒྱུད་པའི་སྒྱུ་འཕྲུལ་གྱི་བཤད་པ་ཡོད་དམ་སྙམ་མོ། ། སངས་རྒྱས་ཡེ་ཤེས་འདི་བྱོན་པའི་དུས་ཀྱང༌། ལ་ལས་ཁྲི་སྲོང་ལྡེ་བཙན་གྱི་དུས་དང༌། ལ་ལས་རལ་པ་ཅན་གྱི་དུས་དང༌། ལས་ལས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་གྱི་དུས་སུ་བྱུང་བར་སྨྲ་སྟེ། རལ་པ་ཅན་གྱི་རིང་ལ་བྱུང་ནས། ཁྲི་བཀྲ་ཤིས་བརྩེགས་པ་དཔལ་གྱི་བར་དུ་བཞུགས་པ་ནི་དོན་ལ་གནསསོ། །འདི་ལ་ཐུགས་ཟིན་གྱི་སྲས་བཞི། སྲས་ཀྱི་དམ་པ་གཅིག་དང་ལྔ་བྱུང་བ་ལས། སྲས་བཞི་ནི་སོ་ཡེ་ཤེས་དབང་ཕྱུག །དེ་ལ་ལྟ་བ་སྒང་དྲིལ་ཏེ་བཤད། པ་གོར་བློན་ཆེན་འཕགས་པ། དེ་ལ་འགྲེལ་ཊཱིཀ་དང་སྦྱར་ཏེ་བཤད། དན་ཡོན་ཏན་མཆོག །དེ་ལ་༼སྟར་ཀ་གེགས་༽སེལ་གྱི་ཚུལ་དུ་བཤད། སྲུ་ལེགས་པའི་སྒྲོན་མ། དེ་ལ་ཚིག་གི་སྡེབ་སྦྱོར་ལེགས་པས་བཤད། སྲས་ཀྱི་དམ་པ་ཡོན་ཏན་རྒྱ་མཚོ་ལ་ལྟ་བ་སྒང་དྲིལ་ཏེ་བཤད། གབ་པ་མངོན་དུ་ཕྱུངས་ཏེ། མན་ངག་ཁོགས་ལྡེབས་སུ་བཤད། ཟབ་མོ་གསང་བ་ཁོང་ལྟོ་ལྟར་བཤད། ༼སྟར་ཀ་གེགས་༽སེལ་གྱི་ཚུལ་ཏེ་བཞི་ཀ་བཤད་པས། ཆོས་སྐོར་ཐམས་ཅད་ཚང་བ་ཡོན་ཏན་རྒྱ་མཚོ་ཡིན་ནོ། །འདི་ལ་སྲས་ཡེ་ཤེས་རྒྱ་མཚོ་དང་པདྨ་དབང་རྒྱལ་གཉིས་འཁྲུངས། ཡེ་ཤེས་རྒྱ་མཚོའི་སྲས་ལྷ་རྗེ་ཧཱུཾ་ཆུང༌། འདིས་རྗེ་བཙུན་མི་ལ་ལ་དྲག་སྔགས་གསུངས། ཡོན་ཏན་རྒྱ་མཚོ་ཡབ་སྲས་ཀྱི་སློབ་མ་མྱང་ཤེས་རབ་མཆོག་ཡིན་ཏེ། དེས་དོག་ལ་གཤོངས་ཀྱི་གཙུག་ལག་ཁང་བཞེངས། བསྐྱེད་རྫོགས་གསུམ་ག་ལ་མཁས་པར་གྲགས། ཧ་འོ་རྒོལ་གྱི་བྲག་ལ་སྒྲུབ་པ་མཛད་པའི་ཚེ། ཕུར་པའི་དཀྱིལ་འཁོར་ཞལ་གཟིགས། བྲག་ལ་རྡོ་རྗེ་བརྒྱབ་པས་འཇིམ་པ་ལ་བརྒྱབ་པ་བཞིན་སོང་བ་ལ་སོགས་པ་གྲུབ་པ་བརྙེས་པའི་ལོ་རྒྱུས་མང་དུ་ཡོད་དོ། །དེའི་སློབ་མ་བླ་མའི་ཐུགས་ཟིན་ཅིང༌། བསྐྱེད་རྫོགས་གསུམ་ག་ལ་མཁས་པ་ཆོས་ལུང་གི་མྱང་ཡེ་ཤེས་འབྱུང་གནས་ཏེ། དེ་དག་ལས་བརྒྱུད་པ་ཕལ་ཆེར་ལ་རོང་ལུགས་ཞེས་ཟེར་ཞིང༌། གདུང་རུས་ལས་བཏགས་ཏེ་མྱང་ལུགས་ཞེས་ཀྱང་བྱའོ། །སྐབས་འདིར་སོའི་སློབ་མ་ངང་ཐུང་བྱང་ཆུབ་རྒྱལ་མཚན། ཀོང་བཙུན་ཤེས་རབ་ཡེ་ཤེས། ར་ཐུང་ཤེས་རབ་ཚུལ་ཁྲིམས་ཏེ་གསུམ་ཡིན་པ་ལ། བྲེང་ཆགས་སུ་བྱས་ནས་བླ་མའི་བརྒྱུད་པ་གཡུང་སྟོན་པས་འདྲེན་ཏེ། ཅུང་ཟད་ནོར་བ་འདྲའོ། །དེ་ལྟར་ན་ཡོན་ཏན་རྒྱ་མཚོ་ཡབ་སྲས་དང་སོ་ཡེ་ཤེས་དབང་ཕྱུག་གཉི་གའི་སློབ་མ་མྱང་ཤེར་མཆོག་ཡིན་ལ། དེས་མྱང་ཡེ་ཤེས་འབྱུང་གནས། དེའི་སློབ་མ་ཟུར་པོ་ཆེ་སྟེ། ཟུར་པོ་ཆེ་འདི་སྟོང་ཚབ་འཕགས་པ་རིན་པོ་ཆེའི་སློབ་མ་ཡིན་པས། སངས་རྒྱས་ཡེ་ཤེས་དང་ཟུར་པོ་ཆེའི་བར་ན་བླ་མ་གཅིག་གོ ། དེ་ལ་ཟུར་གྱི་གདུང་རབས་ནི། ལྷ་རྗེ་ཟུར་པོ་ཆེའི་མེས་པོ་ཟུར་ཤེས་རབ་འབྱུང་གནས། དེའི་སྲས་བཟངས་མིག་པོ་ཆེ། དེ་ལ་སྲས་ལྷ་རྗེ་ཟུར་པོ་ཆེ། ལྷ་རྗེ་སྨན་པ། སྒོམ་ཆེན་ཤཱ་སྡེ། སྒོམ་ཆེན་རྡོར་འབྱུང་ངོ༌། །ཟུར་པོ་ཆེ་ཚངས་པར་སྤྱོད་པས་སྲས་མེད། ལྷ་རྗེ་སྨན་པ་ལ་ཡང་སྲས་མ་བྱུང༌། སྒོམ་ཆེན་ཤཱག་སྡེའི་སྲས་ཨ་མི་ཤེས་རབ་བཟང་པོ། དེའི་སྲས་ཨ་མི་ཤེར་བློ། དེ་ལ་སྲས་བཞི། ལྷ་རྗེ་ཟུར་དཔལ། ཁམས་པ། དབང་ངེ༌། ཇོ་མགོན་ནོ། །དབང་ངེ་ལ་སྲས་གཉིས། ཨ་མི་ཧེ་རུ་དང༌། དབང་མགོན་ནོ། །ཨ་མི་ཧེ་རུའི་སྲས་ཟུར་འོད་པོ། དེ་ལ་སྲས་གཉིས། ཤཱཀ་མགོན་དང༌། ཤཱཀ་འོད་དོ། །སྒོམ་ཆེན་རྡོར་འབྱུང་གི་སྲས་ཇོ་བཙུན་རྡོ་རྗེ་འབར། དེའི་སྲས་ཟུར་ནག་འཁོར་ལོ། །དེ་ལ་སྲས་གཉིས། ལྷ་རྗེ་ཀུན་དགའ་དང༌། ཇོ་རྩེ་འོ། །ཀུན་དགའི་སྲས་རྒྱལ་པོ། ཇོ་རྩེའི་སྲས་འབེར་རེ་ལགསསོ། །ལྷ་རྗེ་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་སྤྱིར་བླ་མ་མང་པོ་ལ་ཐུག་ཀྱང༌། ཁྱད་པར་དུ་ཆོས་ལུང་གི་མྱང་ཡེ་ཤེས་འབྱུང་གནས་ལ་སྒྱུ་འཕྲུལ་དང་སེམས་ཕྱོགས་ཞུས། དགེ་གོང་གི་ལྕེ་ཤཱཀྱ་མཆོག་ལ་བདུད་རྩི་ཞུས། ཡུལ་གསར་གྱི་གཉན་ནག་དབང་གྲགས་ལ་གསང་དབང་དང་ཐབས་ལམ་ཞུས། ཐོ་དཀར་ནམ་མཁའ་ལྡེབ་ལ་མདོ་དང་བར་ཁབ་ཞུས། མྱང་སྟོད་ཀྱི་འབྲེ་ཁྲོ་ཆུང་ལ་ཀ་དག་དང་ལྷུན་གྲུབ་ཀྱི་བཤད་པ་དང་ལམ་རིམ་ཆེན་མོ་ལ་སོགས་པ་ཞུས། བསམ་ཡས་འཆིམས་ཕུའི་རོག་ཤཱཀྱ་འབྱུང་གནས་ལ་ཡང་དག་ཞུསསོ། །དེ་ལ་སོགས་པའི་མཁས་པ་མང་པོ་ལ་ཐུག་ནས། རྩ་རྒྱུད་དང་བཤད་རྒྱུད་དུ་ཕྱེ། རྩ་བ་དང་འགྲེལ་པར་སྡེབས། རྒྱུད་དང་སྒྲུབ་ཐབས་སུ་སྡེབས། སྒྲུབ་ཐབས་དང་ཆོག་ཡིག་ལ་སོགས་པར་སྡེབས་ནས། འབངས་རྩེ་མོ་བཞི་རྩེ་ལྐོག་དང་ལྔ། སྒོམ་ཆེན་བརྒྱ་རྩེ་བརྒྱད་ལ་སོགས་པ་ལ་བཤད་དོ། །དེ་ལ་རྩེ་མོ་བཞི་ནི། །ལྟ་དགོངས་ཀྱི་རྩེ་མོར་གྱུར་པ་ཟུར་ཆུང་ཤེས་རབ་གྲགས་པ། སྒྱུ་འཕྲུལ་གྱི་བཤད་པ་ཕྱོགས་གཅིག་གི་རྩེ་མོར་གྱུར་པ་བན་ནམ་བྲེས་ཀྱི་མི་ཉག་འབྱུང་གྲགས། མཁྱེན་རྒྱའི་རྩེ་མོར་གྱུར་པ་ར་ཟའི་ཞང་འགོས་ཆུང་བ། སྒོམ་སྒྲུབ་ཀྱི་རྩེ་མོར་གྱུར་པ་འཚོ་ཉའི་བཟང་སྒོམ་ཤེས་རབ་རྒྱལ་པོའོ། །རྩེ་ལྐོག་ནི། ཆོས་ཀྱི་སྟེང་དུ་ཕོ་ཟའི་རྩེ་མོར་གྱུར་པ་རྩགས་བླ་མའོ། །ཡང་ན་རྩེ་ལྐོག་བརྒྱད་དེ། ལོ་རོག་དང། ལ་ཐུང་ཤཱཀ་རྒྱལ་དང༌། རྟ་རོག་དང༌། རྩགས་བླ་མ་དང༌། སུམ་པ་དབང་ཚུལ་དང༌། འོལ་སྒོམ་དང༌། ཡུམ་པ་བློ་རྒྱ་དང༌། ཆགས་སྟོན་ནམ་མཁའ་སོགས་སློབ་མའི་ཚོགས་ཤིན་ཏུ་མང་བ་ལ་བཤད་པ་རྒྱ་ཆེར་མཛད། འུག་པ་ལུང་གི་གཙུག་ལག་ཁང་ལེགས་པར་བཞེངས། ཤངས་ཀྱི་མདར་སྲམ་པ་སྒྲུབ་ཁང་དུ་དཔལ་ཆེན་པོ་ལྷ་དགུ་ལྡེ་གུར་བཞེངས། དེའི་ཚེ་གནས་དེ་ནས་ཡ་ཟད་ཕྱིན་པ་ན། འོག་གདོང་གི་བྲག་ལ་གནས་འཆའ་བའི་ཀླུ་ཞིག་ཡོད་པ་དེ་གཟུང་ནས་རྫ་མར་བཅུག་སྟེ་ཁ་སྐྱི་མས་བཅད་དེ་རྒྱ་བཏབ་ནས་བཞག་པས། ཀླུ་དེས་ཕྱོགས་ཕྱོགས་ཀྱི་ཆང་རྣམས་བསྡུས་ནས་ལས་བྱེད་པ་དང༌། རབ་ཏུ་གནས་པའི་སྐབས། ཐམས་ཅད་དུ་རྫ་མ་གཅིག་ལས་ཆང་ཟད་མི་ཤེས་པ་བྱུང༌། རབ་ཏུ་གནས་པའི་ཚེ་གྲོང་པའི་ཕྱུགས་མང་པོ་གཡར་ནས་བསད་དེ། རབ་ཏུ་གནས་པའི་ཤ་སྟོན་ཆེན་པོ་བྱས། ཉིན་མོའི་མཇུག་ཏུ་ཕྱུགས་རྣམས་མ་ཚང་བ་མེད་པར་གྲོང་པ་རྣམས་ལ་སོ་སོར་གཏད། གཙང་པོ་ལྷོ་ཁར་ཡང་དེ་ལྟ་བུ་ཞིག་མཛད་བཞེད་ནས། ཆང་གི་རྫ་མ་དེ་ཁྱེར་བྱོན་པ་ལ། ཉེ་གནས་ཀྱིས་ལམ་ཁར་འདི་ན་ཅི་ཡོད་པ་ཡིན་ནམ་སྙམ་ནས། རྫ་མའི་ཁ་ཕྱེ་བས་སྤྲུལ་དཀར་པོ་ཞིག་འཐོན་སོང་བས། དེ་ནས་ལྷ་བཞེངས་རྒྱུ་མ་བྱུང༌། ཐག་གི་རྒྱལ་པོར་ཡང་དག་གི་སྒྲུབ་པ་མཛད་པའི་ཚེ། བླ་ཆེན་འབྲོག་མིས་ང་པཎྚི་ཏ་རྫོང་པའི་གསེར་གྱིས་མ་ལྡངས་པས། ཁྱོད་ཀྱིས་གསེར་མང་པོ་ཁྱེར་ལ་ཤོག །ངས་གདམས་པ་ཟབ་མོ་བྱིན་ནོ་ཟེར་བའི་བཀའ་འཕྲིན་བྱུང་བ་ལ། འབྱོན་པར་བཞེད་པའི་ཚེ་འཁོར་རྣམས་ཀྱིས་གཤོལ་ཀྱང༌། བླ་མའི་གསུང་ཉིད་དངོས་གྲུབ་ཡིན་པས་འགྲོ་གསུང་ཞིང༌། གནས་དེ་དང་ཧ་ཅང་མི་རིང་བའི་སུལ་ཞིག་ཏུ་མི་མ་ཡིན་ལ་གསེར་བླངས་པས། གཞི་བདག་དེ་ན་རེ། གསེར་སྲོག་ཆགས་ཀྱི་གཟུགས་ཅན་མ་བྱུང་གི་བར་དུ་གསེར་རྣམས་ལོང་ཞིག་ཅེས་ཟེར་ཞིང་ཕུལ་བས། ཁུང་བུ་གཅིག་ནས་གསེར་ཤིན་ཏུ་མང་བར་བྱུང་བའི་མཐར་གསེར་སྦལ་པ་འདྲ་བ་ཞིག་བྱུང་བ་དང་འཕྲོ་བཅད། མྱུ་གུ་ལུང་དུ་བྱོན་ནས་ལོ་ཙཱ་བ་ལ་གསེར་སྲང་བརྒྱའི་འཐུད་བྱས། སྟོན་གྱི་དུས་བེར་གྱི་ཐོག་ཏུ་ཚར་མ་འཁུར་བ་མཛད་པ་སོགས་གུས་པའི་སྤྱོད་ལམ་གྱིས་ཀྱང་མཉེས་པར་མཛད། བསམ་མི་ཁྱབ་ཀྱི་གདམས་ངག་གནང༌། ལྷ་རྗེ་འུག་པ་ལུང་པ་སྐུ་བསོད་རྒྱས་པའི་དུས་ན་ཉ་རི་ན་མ་མ་གཡུང་དྲུང་བཀྲ་ཤིས་བཟའ་མི་གཉིས་ཆོས་འཁོར་བྱ་བ་འདོད་ནས་ཡུལ་མི་དང་ཉེ་དུ་ཀུན་བསགས་ཏེ། སློབ་དཔོན་གང་བཟང་དྲིས་པས། ལ་ལ་ན་རེ་སྔགས་པ་བཟང་བས་སྔགས་པ་ལ་བྱེད་དགོས་ཟེར། ལ་ལ་བཙུན་པ་ལ་བྱེད་དགོས་ཟེར། ལ་ལ་བོན་པོ་ལ་བྱེད་དགོས་ཟེར། དེ་ལྟར་ཁོང་རྣམས་ཁ་མ་འཆམ་པས། ངེད་རྣམས་ཁ་མི་འཆམ་པ་འདུག །ཁྱེད་རང་གང་མོས་པ་ལ་གྱིས་ཤིག་ཅེས་སྨྲས་པས། མོ་ན་རེ། འོ་ན་ངའི་ཡོ་བྱད་ཀྱིས་ལྡེངས་པ་ཡོད་པས་གསུམ་ཀ་སྤྱན་དྲང་ངོ་ཟེར་ནས། མཆོད་གནས་སྡེ་གསུམ་སྤྱན་དྲངས་ཏེ། སྔགས་པ་ལ་འུག་པ་ལུང་པ། བོན་པོ་ལ་ཀེ་རྩེ་བ། བཙུན་པ་ལ་ཆུ་མིག་རིང་མོ་བ་གདན་དྲངསསོ། །མཆོད་གནས་གསུམ་པོ་ན་རེ། འུ་ཅག་ཚོ་ལྷ་ཁང་ཅིག་བརྩིག་དགོས་ཟེར་ནས། གསུམ་པོ་འདུས་སྟེ་ལྷ་ཁང་སྟབས་སུ་བརྩིག་པའི་གྲོས་བྱས་པས་ལྷའི་གཙོ་བོ་ལ་མ་མཐུན་ཏེ། སྔགས་པས་རྡོ་རྗེ་སེམས་དཔའ་ལ་བྱེད་ཟེར། བཙུན་པས་ཤཱཀྱ་ཐུབ་པ་ལ་བྱེད་ཟེར། བོན་པོ་ན་རེ་གཤིན་རབ་མི་བོ་ལ་བྱེད་དགོས་ཟེར་བས། ལྷ་ཁང་སོ་སོ་བརྩིགསསོ། །ལྷ་རྗེ་འུག་པ་ལུང་པས་སྒྲོ་ཕུག་པས་དམའ་བ་ཅིག་ཏུ་རྨང་བཏིང་སྟེ་བོན་པོ་དང་སྡེབས་ནས་བརྩིགས་པས། བོན་པོ་ན་རེ། ད་གདོད་ལྷ་བཞེངས་ཙ་ན་ཡང༌། ཡང་ན་ཁྱེད་ཀྱི་ལྷས་གཙོ་བོ་བྱས་ནས་ངའི་ལྷས་འཁོར་བྱེད་དགོས། ཡང་ན་ངའི་ལྷས་གཙོ་བོ་བྱས་ནས་ཁྱེད་ཀྱི་ལྷས་འཁོར་བྱེད་དགོས་ཟེར་བས། དེ་གཉིས་གང་བྱས་ཀྱང་ལེགས་པ་ཅིག་མི་འོང་བར་འདུག་ནས། ལྷ་ཁང་དེ་བོན་པོ་ལ་བྱིན་ཏེ། སྒྲོ་སྟོན་གྱིས་སྒྲོ་སྦུག་ཕུལ་ཏེ་དེར་ལྷ་ཁང་སྒྲོ་སྦུག་ཏུ་བརྩིགས་པ་ལགསསོ། །དེ་ནས་ཡོན་བདག་གཉན་སྡེ་གསུམ་ན་རེ། ལྷ་ཁང་ལ་རྒྱ་ཕིབས་སུས་ཁེལ་བ་ལ་མེ་ཏོག་བསྡུད་ཟེར་བ་ལ། སྔགས་པ་དང་བོན་པོ་གཉིས་ཀྱིས་ཁེལ། བཙུན་པས་མ་ཁེལ་ལོ། །དེར་སྔགས་བོན་གཉིས་ཀྱིས་ལོ་རེས་མོས་སུ་མེ་ཏོག་བསྡུས་པས། བཙུན་པ་ན་རེ། རྒྱ་ཕིབས་མ་ཁེལ་ཀྱང་བདག་ཅག་སློངས་རེ་ཞུ་ཟེར་བས་ལོ་གཅིག་བྱིན་པས། ལོ་རེས་སྡུད་དུ་སོང་ཞིང༌། ལོ་རེའི་ཡུལ་གྱི་རྒྱ་ཡང་བསྲུང་བ་ལགས་སྐད་དོ། དེ་ལྟར་སྒྲོ་སྦུག་གི་གཙང་ཁང་འབྱོངས་ཙམ་ལ་རྒྱ་བོ་བ་ལ་གཏད་ནས་འུག་པ་ལུང་པ་དགུང་ལོ་དྲུག་ཅུ་རྩ་གཅིག་པ་ཅིག་སྐུ་གཤེགསསོ། །འབངས་རྩེ་མོ་བཞིའི་ནང་ནས་མཆོག་ཏུ་གྱུར་པ་བདེ་གཤེགས་རྒྱ་བོ་བ་ནི། མེས་པོ་ཨ་ཙ་ར་བྱ་བའི་བུ་ཟུར་སྒོམ་བྱ་བ་ལྡོམ་བུ་བྱེད་པའི་བཙུན་རྒན་གཅིག་ཡོད་པ་ལ། ལྷ་རྗེ་རྒྱ་བོ་བ་ཁ་བཙུན་ཆུང་ཕའི་ཕྱིར་འབྲེང་བ་ཅིག་ཡོད་པ། འུག་པ་ལུང་དུ་ཕྱིན་ནས་ལྷ་རྗེ་ཟུར་པོ་ཆེའི་ཞལ་ནས། ཁྱོད་ཀྱི་རུས་པ་ཅི་ཡིན་གསུང༌། ཟུར་ལགས་བྱས་པས། འོ་ན་བཙུན་ཆུང་འདི་ངའི་རྩར་ཞོག །ངས་གསོས་པས་ཆོག །ཁྱོད་རང་གིས་གོས་འདྲ་བ་རྙེད་ན་སྐྱོལ་གསུངས་པས། ཁོ་དགའ་སྟེ། འོ་ན་དེ་ཙུག་ཞུ་ཟེར་ནས་བུ་ལྷ་རྗེའི་རྩར་བཞག་ནས་གསོས། མིང་ཤེས་རབ་གྲགས་པ་བྱ་བ་ཡིན། བླ་དྭགས་སུ་ཟུར་ཆུང་ཞེས་བྱ་བར་ཐོགས། ཕྱིས་ཟུར་ཆུང་ཤེས་རབ་གྲགས་སུ་གྲགས། བྲག་རྒྱ་བོ་དགུ་འདུས་ཀྱི་རྩེ་མོ་ལ་སྒྲུབ་པ་མཛད་པས་བདེ་གཤེགས་རྒྱ་བོ་བ་ཞེས་བྱའོ། །དེ་ལྟར་འུག་པ་ལུང་པས་བཙུན་ཆུང་གསོས་པས་ཤེས་རབ་ཤིན་ཏུ་ཆེ་བ་ཅིག་བྱུང་སྟེ། སློབ་གཉེར་བྱེད་དུ་བཅུག་པས་ཆོས་མཁས་པར་ཤེས་ཀྱང་ཡོ་བྱད་མེད་པའི་སྟབས་ཀྱིས་དབང་རྣམས་མ་ཐོབ་ཅིང་དཔེ་ཆའང་མ་བྲིས་པར་ཡོད་ཙ་ན། ལྷ་རྗེ་འུག་པ་ལུང་པ་ལ་བན་གྱི་ཁང་སྔོན་ན་ཇོ་མོ་གཡུ་མོ་བྱ་བ་སྒོམ་མ་ཕྱུག་མོ་མ་སྨད་གཉིས་ཡོད་པས། ལྷ་རྗེའི་ཞལ་ནས། ཁྱོད་རང་མ་སྨད་འདི་གཉིས་ཀྱི་ཐོག་ཏུ་སྡོད་གསུང༌། ང་ཁྱིམ་ཐབ་མི་བྱེད་བྱས་པས། འདུ་ཤེས་མ་ཆུང༌། ཁྱོད་ཡོ་བྱད་མེད་པ་ལ་ཁོང་གཉིས་ཀྱི་ཡོ་བྱད་སྤྱད་ནས་དབང་ཞུས། དཔེ་བྲིས། ཆོས་ཐམས་ཅད་ལྷག་མ་མ་ལུས་པར་རྫོགས་པར་ཉན་པས་ཆོག་པ་ཡིན། དེས་ཁོང་གཉིས་ཀྱི་ཆོས་ཀྱང་རྫོགས། ཁྱོད་རང་གི་དོན་ཡང་གྲུབ་པ་དེ་དགའ་མོད་གསུང༌། དེར་གསུང་བཞིན་ཉན་པས་འདོད་པ་ཐམས་ཅད་རྫོགས་པར་གྱུར་པ་དང༌། ད་ཁྱོད་དེར་མ་བསྡད་པར་དཔེ་ཆ་ལ་སོགས་པ་ཁྱོད་རང་གི་ཡོ་བྱད་རྣམས་རིམ་གྱིས་སྐྱོས་ལ་ངའི་འདིར་ཤོག་གསུང༌། དེ་ལྟར་བྱས་པས་ཅང་མཆི་འམ། ཁོང་གཉིས་ཀྱང་དྲིན་ཆེ་ཞུས་པས། བློ་མ་ཆུང༌། ཁྱོད་ཀྱིས་འགྲོ་བའི་དོན་ནུས་པ་ཞིག་འོང་བར་འདུག་པས། སྙིགས་མའི་དུས་འདིར་བདེ་བར་གཤེགས་པའི་བསྟན་པ་རྒྱས་པར་བྱས་ནས་འགྲོ་བ་མཐའ་དག་གི་དོན་བྱེད་དགོས་པ་ཡིན། ཁོང་གཉིས་ཀྱི་དྲིན་ལན་དུ་ཡང་དེ་ཆེ། ཁོང་གཉིས་པོ་ལ་གབ་པས་རང་དོན་གཞན་དོན་གང་ཡང་མི་ནུས་གསུང༌། དེ་ནས་ཇི་སྐད་གསུང་བ་བཞིན་ཉན་པས། ལུང་སྟོང་བྱེ་མའི་གསེབ་ཏུ་ཚད་པས་ཚིག་ཅིང་ཞལ་སྐེམས་པའི་ཚེ་ཆང་འདྲེན་པ་བྱུང་བ་དང༌། རི་སྟོང་གི་རྩེ་མོ་ལ་བྱོན་པས་སྐུ་བཀྲེས་པ་ལ་ཞལ་ཟས་འདྲེན་པ་བྱུང་བ་ལ་སོགས་པ་གང་འདོད་པའི་ཐུགས་དགོངས་འབད་པ་མེད་པ་གྲུབ་པ་གྲུབ་པ་བྱུང་བས། ད་ནི་ངས་འགྲོ་བའི་དོན་བྱས་ཀྱང་འགྲུབ་འོང་བར་འདུག་སྙམ་པ་ལ། བླ་མའི་ཞལ་ནས། ད་ཁྱོད་ཀྱིས་བཤད་པ་གྱིས་གསུངས་ནས། དེར་མདོ་དགོངས་འདུས་གསུངས་པས་དུས་གཅིག་ལ་དཔེ་འགྲེམས་སུམ་བརྒྱ་བྱུང་ངོ༌། །དེ་ལ་དང་པོ་བཙུན་ཆུང་གི་དུས་ན། འུག་པ་ལུང་གི་སྒོ་རྩ་ན་མཆོད་རྟེན་ཅིག་ཡོད་པ་ལ་སྐོར་བ་བྱེད་ཅིང་འདུག་པ་ལྷ་རྗེས་གཟིགས་པས། ཞབས་ས་ལ་མི་རེག་པ་ཁྲུ་གང་ཙམ་ན་ཡར་སྒོ་ར་ར་གདའ་བས། འོ་ན་འདི་སྤྲུལ་པའི་སྐུ་ཞིག་ཡིན་ཉེན་འདུག་པས་ངོ་མཚར་ཅན་ཅིག་འོང་བར་འདུག་སྙམ་ནས་ཤིན་ཏུ་དགྱེསསོ། །ཡང་ལྷ་རྗེས་ཤངས་ཀྱི་བསམ་པ་སྒྲུབ་ཁང་དུ་ཡང་དག་གི་ལོ་སྒྲུབ་མཛད་པའི་ཚེ། ལྷ་རྗེའི་ཞལ་ནས་ཁྱེད་འབངས་རྩེ་མོ་བཞི་པོ་དང་དགོངས་པ་འགྲན་དང་གསུང་བས། ཐམས་ཅད་ཀྱིས་མཉམ་པར་བཞག་པས། གསུམ་པོ་ལ་དགོངས་པ་རི་བོ་ལྟར་གཡོ་འགུལ་མེད་པ་བྱུང་བ་ལ། ཟུར་ཆུང་པ་ཏལ་གང་ཙམ་འཕགས་ནས་གདའ་སྐད། གཡོག་མོ་ཅིག་ལ་ཟུར་ཆུང་གི་རུ་ལུའི་སྒྲ་འདི་ཆེ་ཆུང་ཉོན་དང་གསུངས་ནས། གཡོག་མོ་དེས་སྒྲུབ་ཁང་གི་ཕྱི་རོལ་ནས་ཉན་པས་སྔར་བས་ཆུང་དུ་མ་སོང༌། རི་ཟུར་གཅིག་འདས་ནས་ཉན་པས་ཀྱང་ཆུང་དུ་མ་སོང་བར་འདུག་ལ། དེར་ལྷ་རྗེའི་ཞལ་ནས། ཁྱེད་ཚོ་མཆེད་གྲོགས་མཉམ་པོ་ཡིན་ཀྱང་གསུམ་པོས་ཟུར་ཆུང་གི་གྲིབ་མ་ལ་མ་འགོང་ཞིག་གསུང༌། སྤྱིར་བདེ་གཤེགས་འདི། ལྷ་རྗེ་འུག་པ་ལུང་པའི་དགོངས་པ་ཇི་ལྟ་བ་བཞིན་དུ་ལོངས་པ། མཁྱེན་པ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་མངའ་བ། ཆོས་ཀྱི་དོན་ལ་བློ་གྲོས་ཀྱི་སྤོབས་པ་མཆོག་དང་ལྡན་པ་ལགསསོ། །དེ་ཡང་གཡས་རུ་ཁང་ཁྲིའི་ལྷ་ཁང་ན་འཆད་ཉན་སྐྱོང་བའི་དུས་སུ། གྲྭ་པ་རྣམས་གོ་མ་ཆོད་མི་གསུམ་ལ་གཏད་ནས། ཁྱེད་ཚོས་འཆད་ཉན་གྱི་བསྟན་པ་སྐྱོངས་ཤིག །ང་སྒོམ་སྒྲུབ་ལ་འགྲོ་གསུངས་ནས་བྲག་རྒྱ་བོ་ལ་གཤེགས་ཏེ། བྲག་རྒྱ་བོ་དེ་བཅོམ་ལྡན་འདས་དཔལ་ཆེན་པོ་ལ་གཽ་རཱི་མ་བརྒྱད་ཀྱིས་བསྐོར་བ་འདྲ་བ་ཡིན་པས། འདི་ལ་སྒྲུབ་པ་བྱས་ན་བྱིན་རླབས་ཆེ་བ། སྒྲུབ་ཐག་ཉེ་བ་འོང་གསུང་ནས། མིང་ལ་བྲག་རྒྱ་བོ་དགུ་འདུས་ཞེས་ཟེར་ལ། དེར་བྱོན་ནས་སྒྲུབ་པ་མཛད་པས་དང་པོ་ཆོ་འཕྲུལ་ཤིན་ཏུ་ཆེ་བར་བྱུང་སྟེ། ས་ཕྱོགས་ཐམས་ཅད་སྡིག་པས་ཁེངས་ཀྱི་བྱུང་བ་དང་སྡིག་པ་རྩིད་བུ་ཙམ་ཡང་བྱུང༌། ནུབ་གཅིག་གི་མནལ་ལམ་ན། བྲག་རྒྱ་བོའི་རྩེ་མོར་མི་ནག་པོ་ཆེན་པོ་ཅིག་བྱུང་ནས། ལྷ་རྗེའི་ཞབས་གཉིས་ནས་བསྡུས་ཏེ་ཀླད་ལ་བསྐོར་ནས་བསྐྱུར་བས། བྲག་གི་མདུན་དུ་ཐང་ཆེན་པོ་ཅིག་ཡོད་པའི་དཀྱིལ་དུ་བརྡབས་པ་ཅིག་རྨིས། མནལ་ཕྲས་དེ་སད་ཙ་ན། ཐང་དཀྱིལ་ན་དངོས་སུ་འདུག་སྐད། ཡང་ཡར་ལ་འཛེགས་ཏེ་དེ་འདྲ་བའི་ཆོ་འཕྲུལ་ཆེན་པོ་ཀུན་ལ་མ་འཛེམ་པར་བཞུགས་ནས་སྒྲུབ་པ་མཛད་དོ། །དེ་ཡང་དང་པོ་རྡོ་རྗེ་སེམས་དཔའི་ཁང་བུ་བྱ་བར། གསང་བ་སྒྱུ་འཕྲུལ་ལས་བྱུང་བའི་ཕྱག་རྒྱ་བསམ་གཏན་གྱི་སྒྲུབ་པ་བྱ་བ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཤིག་ལ་ཕྱག་ལེན་མཛད་ནས་བསྒྲུབས་པས། རྡོ་རྗེ་སེམས་དཔའི་ཞལ་གཟིགས་ཏེ་ཐག་གི་ལུང་པ་རྡོ་རྗེ་སེམས་དཔས་ཁེངས་པ་བྱུང༌། སྣང་བ་ཟད་པར་གྱི་སྐྱེ་མཆེད་བརྙེས་ཤིང༌། ཅིར་སྣང་ཐམས་ཅད་རྡོ་རྗེ་སེམས་དཔའི་རང་བཞིན་དུ་བཀྲ་ལམ་ལམ་གསལ་བ་བྱུང་བ་ལ། དེ་དག་ཀྱང་བཟང་རྟོག་གི་མཐུ་བརྟས་པ་ཡིན། ཡང་དག་པར་གཏད་པ་ཅི་ཡང་མེད་སྙམ་དུ་དགོངས་ནས། བསམ་གཏན་གྱི་ཁང་བུར་རྫོགས་པ་ཆེན་པོ་རྩོལ་བྲལ་གྱི་ངང་ལ་བཞུགས་པས། རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་ཤར་ཏེ། ས་རྡོ་རི་བྲག་ཐམས་ཅད་ལ་ཐོགས་པ་མེད་པར་འགྲོ་བ་བྱུང་ངོ༌། །མཚན་ཉིད་པའི་དགེ་བཤེས་སྦ་དགེ་མཐོང་བྱ་བ་ཞིག་དེའི་དུས་སུ་ཐག་ཏུ་ཆོས་འཁོར་ལ་བྱོན་ནས་ཁོང་གི་གྲྭ་པ་མཁས་པ་ཞིག་ལྷ་རྗེ་ལ་བགྲོ་གླེང་བྱེད་དུ་བྱུང་སྟེ། ཁོས་མདུན་ན་ཀ་བ་ཡོད་པ་དེ་ཆོས་ཅན་དུ་བཞག་ནས། ཀ་བ་ཆོས་ཅན་བྱས་པས། ཀ་བ་ཆོས་ཅན་ཀ་བ་ཆོས་ཅན་ཁྱོད་འཇིག་རྟེན་རང་རྒྱུད་པའི་འཁྲུལ་ངོ་ལ་ཀ་བ་རང་རྒྱུད་དུ་སྣང་ཡང༌། རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དོན་ལ་ཀ་བ་གྲུབ་པ་མི་གདའ་གསུང་ནས། ཕྱག་ཡུག་ཡུག་མཛད་པས་ཀ་བ་ལ་ཐོགས་ཆགས་མེད་པར་ཕྱམ་ཕྱམ་གདའ་སྐད། དེར་ཁོ་ངོ་མཚར་སྐྱེས་ནས་སྨྲ་མ་ནུས་པར་དད་པ་ཐོབ་ནས་ལྷ་རྗེའི་སློབ་མ་བྱས་པ་ནི་མ་ཐོག་བྱང་འབར་ཡིན་ནོ་ཡང་ཟེར། དེ་ལྟར་བྲག་རྒྱ་བོ་ལ་ལོ་རིལ་པོ་བཅུ་གསུམ་ཡལ་ཡོལ་གཅིག་དང་བཅུ་བཞི་བཞུགས་པ་ལ། དགོན་པ་ནས་འབྱོན་པའི་རྐྱེན་གཉིས་ལགས་སྐད། གཅིག་ནི་གོ་མ་ཆོད་མི་གསུམ་གྱིས་རྒྱབ་ཚོལ་ཚོལ་ནས་མདུན་ཤོར་ཏེ། འགོ་བྱ་ཚ་ན་རེ། གསང་བ་སྙིང་པོ་འདི་ལ་ཐབས་ལམ་གྱི་སྐབས་སུ་རྒྱབ་ཏུ་མ་རྒྱུད་དགོས་པ་འདུག་ཟེར་ནས། འགོས་ཁུག་པ་ལྷས་བཙས་ཀྱི་སར་དགྱེས་རྡོར་ཉན་དུ་བྱོན་པས། ལམ་དུ་བཙུན་པ་གཉིས་དང་ཕྲད་ནས་ཇོ་བོ་བན་དེ་ལམ་དུ་དགྲ་འདུག་གོ་ཟེར་བ་ལ། ལན་དུ། གཟུང་འཛིན་གྱི་འཕྲང་ལ་ཉོན་མོངས་ཀྱི་ཇག་པ་བཀྱེ་ནས། ཉན་ཐོས་ཀྱི་བྱིས་པ་བཙོན་དུ་མཆི་འོ་གསུང༌། བཙུན་པ་གཉིས་ན་རེ། བན་དེ་སྐུ་མཐོང་ཅན་སྦོས་སུ་རེ་བ་ཅིག་འདུག་གོ་ཟེར་བས། ཡང་ལན་དུ་ཐེག་རྒྱལ་གྱི་ཁ་ནས་ལྟ་རྒྱལ་གྱི་རྦབ་འདྲིལ་ནས། ཉན་ཐོས་ཀྱི་གྲོང་ཁྱེར་བཅོམ་པར་མཆིའོ་གསུང༌། དེར་འགོས་ཀྱི་གྲྭ་སར་བྱོན་ཙ་ན། གྲྭ་ས་དེ་ན་རྨ་ར་ཇོ་སྲས་རྨ་བྱ་ཞེས་བྱ་བ། ཞབས་ཏོག་ཆེ་བ། དྲེགས་པ་ཆེ་བ། སྟ་གུར་བྱེད་བྱེད་པ་ཅིག་ཡོད་པས། འགོ་བྱ་ཚ་ཁོང་རང་ལ་སྟ་གུར་འོང་དུ་རེ་བ་ལ་མ་བྱུང་ནས། ཕྱག་ཟུར་ལ་ཕུལ་གྱི་ཕྱིན་པས། ནམ་ཞིག་འགོས་ཀྱི་ཞལ་ནས། དགེ་བཤེས་འགོ་བྱ་ཚ་ཆོས་ཀྱང་གུས་པར་ཉོན། ཞེ་ས་ཡང་ཚུལ་བཞིན་དུ་ཕུལ་གསུངས་པས། ལན་དུ། ཉིད་ཀྱི་འབངས་རྨ་ར་ཇོ་སྲས་རྨ་བྱ་བ་འདི་དོར་མ་དྲུད་ནས་བྱུང༌། སྐེ་རགས་གོན་ནས་བྱུང༌། གོང་དུ་ནི་ཁོས་མི་གཏོང༌། འོག་ཏུ་ནི་ངོས་མི་མཆི། ཆོས་ནི་གུས་པས་ཉན་ཞིང་མཆིས། ཞེ་ས་ཟུར་ལ་ཕུལ་བ་ལ་བཀའ་བཀྱོན་མི་མཛད་པར་ཞུ་གསུང་སྐད། མེས་དབང་སེང་ན་རེ། སྒྱུ་འཕྲུལ་འདི་ལ་དཀྱིལ་འཁོར་ཕྱིར་འདོན་པའི་དུས་སུ། རྒྱབ་ཏུ་ཡོ་ག་ཅིག་དགོས་པ་འདུག་གསུངས་ནས། སུམ་པ་ཡེ་འབར་གྱི་སར་ཡོ་ག་ཉན་དུ་སོང༌། འགོ་ཆུང་དབང་དེ་ན་རེ། སྒྱུ་འཕྲུལ་འདི་ལ་གཞི་ལམ་གྱི་གྲུབ་མཐའི་སྐབས་སུ། རྒྱབ་རྟེན་དུ་ཚད་མ་ཅིག་དགོས་པ་འདུག་གསུང༌། སྤང་ཀ་དར་ཆུང་བའི་སར་ཚད་མ་ཉན་དུ་སོང་ངོ༌། །དེ་ལྟར་གསུམ་གྱིས་བསྟན་པ་མ་འཁྱོངས་པས་གྲྭ་པ་བསྐྱང་དགོས་པ་བྱུང་ནས་བྱོན་པ་ལགས་སྐད། དེ་གསུམ་གོ་མ་ཆོད་དུ་སོང་བའི་རྒྱུ་མཚན་ཡང་དེ་ལགས། གཅིག་ནི་ལྷ་ཁང་མ་འབྱོངས་པ་ལ་ལྷ་རྗེ་འུག་པ་ལུང་པ་སྐུ་གཤེགས་ཏེ། ངའི་ལག་རྗེས་འདི་ཁྱོད་ཀྱིས་སྦྱོངས་ཤིག་གསུངས་ནས་བླ་མའི་བཀའ་བྱུང་བས་བྱོན་པ་ཡིན་ནོ། །དེ་ལ་སློབ་མ་ཀ་བ་བཞི། གདུང་བརྒྱད། ཕྱམ་བཅུ་དྲུག །དྲལ་མ་སུམ་ཅུ་གཉིས། སྒོམ་ཆེན་མི་གཉིས། ཡུས་པོ་ཆེ་མི་གཅིག །དཀྱུས་པ་མི་གཉིས། སྟ་གུར་མི་གཉིས། གོ་མ་ཆོད་མི་གསུམ་པ་ལ་སོགས་མང་དུ་བྱོན་ནོ། །ཀ་བ་བཞི་པོ་འདི། དང་པོ་དགེ་བཤེས་ཁྱུང་པོ་གྲགས་སེའི་གྲྭ་པ་མཚན་ཉིད་པ་ཆེན་མོ་ཤིན་ཏུ་མཁས་པ་ཡིན་པ་ལ། དགེ་བཤེས་ཁྱུང་པོ་དང་ལྷ་རྗེ་ཆེན་པོ་གཉིས་ཡོན་བདག་གཅིག་གིས་མྱང་ངོར་གདན་དྲངས་ནས་ཆོས་སྟབས་གཅིག་ཏུ་བཙུགས་ཏེ་འཛོམ་པའི་དུས་སུ། དགེ་བཤེས་ཁྱུང་པོའི་ཞལ་ནས། ཟུར་ཆུང་ཤེས་རབ་གྲགས་བྱ་བ་ཆོས་ལོག་མཁན་འདི་སུན་ཕྱུང་ལ་ཤོག་གསུངས་ནས། ཁོང་བཞི་པོ་བཏང་བ་ན། ཁོང་བཞིས་ཡང་ལྷ་རྗེའི་སྤྱན་སྔར་ཕྱིན་ཏེ། ཐོག་མར་སྐྱོ་སྟོན་ཤཱཀ་ཡེས་དྲིས་པ། ལྷ་རྗེ་ཆེན་པོ་ལགས། ཁྱེད་རྫོགས་པ་ཆེན་པོ་བའི་ལུགས་ཀྱི་སྒོམ་ཁོ་ན་ལ་གཙོ་བོ་མཛད་པ་ལགས་སམ་ཞུས་པས། ང་དམིགས་པ་གང་ལ་གཏད་འདུག་གསུང༌། འོ་ན་མི་སྒོམ་པ་ལགས་སམ་ཞུས་པས། ང་གང་ལ་གཡེངས་འདུག་གསུངས་པས། སྤོབས་པ་ལན་མེད་པར་གྱུར་ཏོ། །དེའི་རྗེས་ལ་གླན་སྟོན་ཤཱཀ་བཟངས་ཀྱིས་དྲིས་པ། ཁྱེད་གསང་བ་སྒྱུ་འཕྲུལ་པའི་ལུགས་ཀྱིས་སྣང་བ་ཐམས་ཅད་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་འདོད་པ་མ་ལགས་སམ་ཞུས་པས། ཡུལ་བེམ་པོ་རང་རྒྱུད་དུ་སྣང་བ་མངོན་སུམ་གྱི་ཚད་མ་སུས་འགེགས་གསུང༌། འོ་ན་མི་འདོད་དམ་བྱས་པས། སེམས་ཅན་རྣམས་ཀྱི་མ་དག་པའི་འཁྲུལ་སྣང་རང་རྒྱུད་པ་སྦྱོར་བར་བྱ་བའི་ཆེད་དུ། བཀའ་མདོ་རྒྱུད་དུ་མ་ལས་གསུངས་པ་དང་སུས་འགལ་བར་ནུས་གསུངས་པས། ཡང་ལན་མེད་པར་གྱུར་ཏོ། །དེ་ལྟར་ཁོང་བཞིས་རིམ་གྱིས་དྲིས་པས། ཐམས་ཅད་སྤོབས་པ་ལན་མེད་དུ་གྱུར་ཏེ། དེར་ཁོང་རྣམས་ན་རེ། ཐེག་པ་ཆེན་པོའི་ཆོས་ཕྱིན་ཅི་མ་ལོག་པར་རྟོགས་པ། རིགས་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པ་འདི་འདྲ་བའི་བཤེས་གཉེན་གང་ནས་ཀྱང་མི་རྙེད་པས། འོན་ཀྱང་བུ་གཅིག་དངོས་སུ་ཕྱིན་ན་སློབ་དཔོན་མི་དགྱེས་པ་འོང་བས། སང་ཕོད་ཐབས་ཀྱིས་སློབ་དཔོན་དང་བྲལ་ལ་ཟུར་ཆུང་གི་ཞབས་དྲུང་དུ་མི་འདུད་རེ་མནའ་མཐོ་གྱིས་ཟེར་ནས་མནའ་མཐོ་བཅད། དམ་བཅས་ནས་སང་ཕོད་ལྷ་རྗེའི་སྤྱན་སྔར་བྱུང་བས། དེ་རྣམས་ལ་ཀ་བ་བཞི་བྱུང་བ་ཡིན་ནོ། །དེ་ནས་ཁོང་རྣམས་ཚུར་ལོག་ནས་སློབ་དཔོན་གྱི་དྲུང་དུ་ཕྱིན་ཙ་ན། ཁྱེད་ཚོས་ཟུར་ཆུང་བ་སུན་ཕྱིན་ནམ་གསུང༌། སུན་ཕྱིན་པར་མི་གདའ་བྱས་པས། མ་དགྱེས་ཏེ་ཕྲག་དོག་གི་མུན་པས་བཀབ་ནས་ཟུར་ཆུང་ཤེས་རབ་གྲགས་པ་དང་འདྲ་བའི་ལྟ་བ་ངན་པ་ཅན། སྐྱེ་བོ་ཐམས་ཅད་ལོག་པའི་ལམ་ལ་འཁྲིད་པ་འདི་བསད་ན། སངས་རྒྱ་ངེས་ཏེ་ཐེ་ཚོམ་མེད་པར་ཐག་ཆོད། དེ་ཅིའི་ཕྱིར་ན་དོན་དུ་འགྱུར་ན་བཀག་པ་རྣམས་གནང་བའི་ཕྱིར་རོ་གསུང་སྐད། དེ་ལྷ་རྗེའི་གྲྭ་པ་རྣམས་ཀྱིས་ཐོས་ནས། དགེ་བཤེས་ཁྱུང་པོས་ངེད་རང་ལ་འདི་སྐད་གསུང་གི་འདུག་ཟེར་ཞེས་སྙན་དུ་གསོལ་བས། དེའི་ཚེ་ཅང་མི་གསུང་བར་ནང་པར་ཆོས་ཁྲིའི་ཁར་བྱོན་ནས་ཆོས་གསུང་ཁར་བཞད་ཀྱི་འདུག་སྟེ། ཅི་ལ་དགྱེས་ཞུས་པས། ཆོས་བྱ་བའི་ངའི་ཐེག་པ་ཆེན་པོ་གསང་སྔགས་འདི་ཡིན་པར་འདུག །སྒྲོལ་བ་ལ་བརྟེན་ནས་སངས་རྒྱ་བར་འདོད་པ་འདི་གསང་སྔགས་ཀྱི་ལུགས་ཡིན། མཚན་ཉིད་པ་ལ་མེད་སྙམ་ཙ་ན། ཟུར་ཆུང་བ་ལྟ་བུ་བསད་ན་སངས་རྒྱས་གསུང་ནས་ཁྱུང་པོ་གྲགས་སེ་ལྟ་བུའི་མཚན་ཉིད་པ་ཆེན་པོ་ཡང་བློ་ཕུགས་ངའི་ཆོས་ལ་གཏོད་པར་འདུག་པས། དེ་དགའ་བ་ཅིག་བྱུང་གསུང་སྐད། དེ་ལ་སེམས་ཕྱོགས་ཀྱི་ཀ་བ་གུང་བུའི་སྐྱོ་སྟོན་ཤཱཀ་ཡེས། མདོའི་ཀ་བ་སྐྱེད་ལུངས་ཀྱི་ཡང་ཁེང་བླ་མ། སྒྱུ་འཕྲུལ་གྱི་ཀ་བ་ཆུ་བར་གྱི་གླན་ཤཱཀྱ་བཟང་པོ། ཕྲིན་སྒྲུབ་ཀྱི་ཀ་བ་ནག་མོ་རིའི་མདའ་ཏི་ཇོ་ཤཱཀ་གོ །མ་ཐོག་བྱང་འབར་དང་བརྒྱུད་པ་ལྔ་ཞེས་ཀྱང་གྲགས། གདུང་བརྒྱད་ནི། མ་ཐོག་པ་དང༌། སྐྱ་སྟོན་ཆོས་སེང༌། གླན་ཤཱཀྱ་བྱང་ཆུབ། རྩགས་ཤཱཀ་རིངས། སྣུབས་སྟོན་བག་མ། དབུས་པ་ས་འཐོར། ཤུ་སྟོན་ཟླ་གྲགས། རྩེ་ཕྲོམ་བྱང་དཔལ་དང་བརྒྱད་དོ། །ཡང་འ་ལ་གཟི་ཆེན། ནལ་རྦ་སྙིང་པོ། རམ་སྟོན་རྒྱལ་བ་གསུམ་བཅུག་པ་ཡང་འདུག་གོ །སྒོམ་ཆེན་མི་གཉིས་ནི། འབའ་སྒོམ་དིག་མ་དང༌། བོན་སྒོམ་དོ་བའོ། ཡུས་པོ་ཆེ་ནི། ལས་སྟོད་ཀྱི་ཟི་སྟོན་བསོད་རྒྱལ་ལོ། སྟ་གུར་མི་གཉིས་ནི། ཞང་སྟོན་སྔགས་སེ་དང་ཁྱུང་པོ་རྟ་ཆུང་གྲགས་སེའོ། ཕྱམ་ཕྲན་དང་དྲལ་མ་དང་དཀྱུས་པའི་མིང་མ་སྨོསསོ། །དེ་ལྟར་ལྷ་རྗེ་རྒྱ་བོ་བ་སྐུ་བསོད་བསྡོ་བའི་དུས་སུ། བོད་ཀྱི་སྔགས་པ་འཚོགས་ཚད་ཀྱིས་ཕྱག་མི་བྱེད་པ་དང་གྲལ་གོང་དུ་འགྲོ་བ་མེད། འགོས་ལོ་ཙཱ་བ་ན་རེ། གསར་མ་བ་རྣམས་ལ། ངེད་རང་ཚོ་ཁོ་ལ་ཕྱག་འཚལ་དོན་ཡང་མེད། གྲལ་ཞབས་སུ་བསྒྲིགས་དོན་ཡང་མེད་པས། ངེད་རང་ཚོ་ཁྲིམས་གྱིས་ཤིག་ཟེར་ནས་ཁྲིམས་བྱས་པ་ལ། ནམ་ཞིག་ཤངས་སུ་སྟོན་མོ་ཆེན་པོ་ཞིག་བྱུང་བའི་ཚེ་སྔགས་པ་ཐམས་ཅད་འཚོགས་པ་ན། ཟུར་ཆུང་བ་གྲལ་འགོ་ན་བཞུགས་པའི་སྤྱན་སྔར་འགོས་ལོ་ཙཱ་བ་བྱོན་ནས་ཕྱག་འཚལ་གྱི་འདུག་གོ །དེར་ཁོང་རྣམས་ཀྱིས་ཀྱང་ཕྱག་བྱས་ཏེ། སྟོན་མོ་གྱེས་པའི་ཚེ་ཁོང་རྣམས་ན་རེ། ཟུང་ཆུང་བ་ལ་ཕྱག་མི་བྱེད་པའི་ཁྲིམས་བྱེད་ཟེར་ནས་ཁྱེད་རང་ཕྱག་མཛད་པ་ཇི་ཙུག་ལགས་བྱས་པས། ཁོའི་དྲུང་དུ་ཕྱིན་ཙ་ན་བཅོམ་ལྡན་འདས་དཔལ་ཆེན་པོའམ་དེ་འདི་ཀ་ཡིན་པར་འདུག་སྙམ་པ་ལས། མི་ཡིན་པའི་འདུ་ཤེས་མི་སྐྱེ་བར་འདུག་གསུང་ངོ༌། གཞན་ཡང་ལྷ་རྗེ་ཡང་ཁྱེད་དེ་གྲྭ་པའི་དུས་སུ་ཤིན་ཏུ་འབྱོར་པ་ཆུང་བཀྲེས་པ་ཅིག་ཡོད་པ་ལ། དུས་ནམ་ཞིག་ན་ལྷ་རྗེ་ཆེན་པོས་ཁོང་གི་བྲང་ཁང་དུ་གསེའི་གའུ་ཕུལ་དགུ་ཤོང་བ་ཅིག་ཡོད་པ་དེ་ཁྱེར་ནས་བྱོན་ཏེ། ང་སྐོམ་ཁྱོད་ལ་སྐོམ་མེད་དམ་གསུང༌། ཟན་ཆང་བདོག་སྟེ་ཞུས་པས། འོ་ན་ཁྱེར་ལ་ཤོག་གསུང༌། བོན་པོའི་ཡས་རྟགས་བསྡུས་པའི་ཟན་ཆང་ཡོད་པ་དྲངས་པས་གསེའི་གའུ་དོ་གསོལ་ནས་ད་མེད་དམ་གསུང༌། ཡང་དྲངས་པས་གང་གསོལ་ནས་ཡོད་ན་ད་རུང་ཁྱོག་གསུང༌། ཡང་གང་དྲངས་པ་ན་ད་མེད་དམ་གསུང༌། ད་དུང་བྲེ་གང་ཙམ་བདོག་ཞུས་པས་འོ་ན་མི་ཡོག་པ་འདུག །ཡོག་ན་ཁྱོད་ལ་བསོད་ནམས་བོད་འདིར་མི་ཤོང་བ་ཞིག་འོང་བ་ཡིན་ཏེ། འོན་ཀྱང་བསོད་ནམས་ཆེ་བ་ཞིག་འོང་གི་གསུངས་ནས། ནས་ཁལ་གསུམ་གནང་ནས་དེའི་བར་ལ་འདི་ཟོ། དེ་ནས་ཁྱོད་རང་ལ་སྟེར་བ་འོང་གི་གསུང༌། དེ་ནས་དེ་ཟད་པ་དང་སྐུ་བསོད་རྒྱས་ནས་བྱུང་བ་ཡིན་སྐད། དེ་ལྟ་བུ་ལ་སོགས་པའི་ཆེ་བའི་ཡོན་ཏན་དུ་མ་དང་ལྡན་པའི་ལྷ་རྗེ་བདེ་གཤེགས་རྒྱ་བོ་བའི་སྐུའི་སྲས་ལྕམ་སྲིང་གསུམ་བྱུང་བ་ཡིན་ཏེ། སྔ་ཚར་ཕྱི་ཚར་གཉིས་ལས། ཇོ་མོ་སྔ་མ་བཙད་མོ་དར་མ་བོ་དྷཱི་ལ་བཙད་ཚ་ལྕམ་དྲལ་གཉིས་འཁྲུངས་ཏེ། ཇོ་བཙུན་རྡོ་རྗེ་འབར་དང༌། ཇོ་སྲས་མ་ཤཱཀྱ་ལྕམ་མོ། ཕྱི་ཚར་རྗེ་བཙུན་སྒྲོ་ཕུག་པ་ཆེན་པོའི་ཡུམ་ནི། ཇོ་སྲས་མོ་མངའ་མོ་གཙུག་ཏོར་ལྕམ་བྱ་བ་མངའ་ཏིག་ཇོ་ཤཱཀ་གི་ལྕམ་མོ་ཡིན། དང་པོ་ནས་ཇོ་མོ་བཞེས་པ་མིན་ནའང༌། གྲྭ་ས་ན་ཆོས་ཉན་ཞིང་ཡོད་པ་ཇོ་མོ་ལྟར་སོང་ནས། གྲྭ་པ་རྣམས་ལ་བག་སྡང་བར་བྱུང་བས་འདོན་པར་བྱས་པ་ལ། སྐྱོ་སྟོན་ཤཱཀ་ཡེས་ན་རེ། འདིའི་སྲིན་ལག་ལ་བསྟན་པའི་གཙོ་བོ་གཅིག་འདུག་པ་ཁོ་བོ་ལ་རྨིས་པས། གལ་ཏེ་སྲས་འདྲ་བ་མཐོང་ན་འུ་ཅག་རྣམས་ལ་ཕན་ཐོགས་པ་འོང་ཉེན་ཆེ་བ་ཞོག་གསུང་སྐད། དེར་མ་བཏོན་པར་བཞག་པས། ལྷ་རྗེ་ཆེན་པོ་སྒྲོ་ཕུག་པ་ཤིང་ཕོ་སྟག་ལ་འཁྲུངསསོ། །ཡབ་ཀྱི་ཞལ་ནས། སྐྱོ་སྟོན་ཤཱཀ་ཡེས་ཀྱི་རྨི་ལྟས་ཀྱང་བཟང༌། ངའི་བུ་འདི་བསྟན་པའི་གཙོ་བོ་དང་ཚུལ་མཐུན་པ་འགྲོ་བ་ལ་ཕན་ཐོགས་པ་ཅིག་འོང་བར་འདུག་པས། མིང་ཡང་ཤཱཀྱ་སེང་གེར་ཐོགས་གསུང༌། ཡུམ་གྱི་ཞལ་ནས། མི་རྩ་གྲུང་ཧོར་པའི་མིག་འདྲ་བས་ཤིན་ཏུ་གྲུང་བ་ཅིག་འོང་བར་འདུག་པས། མིང་ཧོར་པོར་ཐོགས་གསུང༌། དེ་ལྟར་ཟུར་ཤཱཀྱ་སེང་གེ་དང་མདའ་ཚ་ཧོར་པོར་གྲགས། དེ་ཡང་འཁྲུངས་དུས་སུ་ཡབ་ཀྱིས་སྤོང་ཐག་བྱས་ནས་ཅི་ཡང་མེད་པའི་དུས་གཅིག་དང་ཐུག་པས། ཡུམ་ན་རེ། ཁ་ནིང་ནས་བུ་འདི་སྐྱེ་བའི་རྒྱུད་ནི་ཡོད། རྐན་མར་ཙམ་ཞིག་མི་འཇོག་པ་ད་སྦྱིན་རྒྱུ་མེད་ཟེར་བས། རུའི་ཞལ་ནས། ཁོང་རང་ལ་བསོད་ནམས་ཤིག་ཡོད་ན་ངས་མ་བཞག་ཀྱང་འོང༌། བསོད་ནམས་མེད་ན་ངས་བཞག་ཀྱང་ཕན་མི་ཐོགས་གསུང་ནས་ཁང་ཐོག་ན་བཞུགས་འདུག་ཙ་ན། བཙུན་མ་མོ་ཅིག་གིས་ནས་བོང་རྒྱབ་བརྒྱ་དང་མར་ཁལ་བརྒྱ་འབུལ་དུ་བྱུང་བས། རུའི་ཞལ་ནས། རྐན་མར་བྱུང་ངོ་གསུང་སྐད། དེ་ནས་འདི་ལ་བསོད་ནམས་ཅན་འགྲོ་བ་ལ་ཕན་ཐོགས་པ་ཅིག་འོང་བར་འདུག་གསུང་ནས་དགྱེསསོ། །དེའི་སྲས་ཇོ་བཙུན་རྡོ་རྗེ་གྲགས། སྲས་མོ་རྡོ་རྗེ་ལྕམ་མོ། ཇོ་བཙུན་རྡོ་རྗེ་གྲགས་པ་ལ་སྲས་ལྔ། རྣལ་འབྱོར། རྒྱལ་ཚབ། ཅུང་ངེ། འཁྱམ་མ། བྲག་གེའོ། །ལྷ་རྗེ་རྣལ་འབྱོར་ལ་སྲས་གཉིས། སྲེགས་ཚ་དང་སྣོད་ཚའོ། །རྒྱལ་ཚབ་ཀྱི་སྲས་ཇོ་བཙུན་ཀུན་དགའ་སྙིང་པོ། ཅུང་ངེའི་སྲས་རྒྱལ་ཚའོ། །སྲས་སྔ་ཚར་ཇོ་བཙུན་རྡོ་རྗེ་འབར་གྱི་སྲས་བཙང་ཚ་ཤཱཀ་རྡོར། དེའི་སྲས་ཐག་པ་ལྷུན་པོ། དེའི་སྲས་ལྷ་རྗེ་བླ་མ་ལགསསོ། །དེ་ཡང་བསྟན་པ་ཕྱི་དར་གྱི་ཐོག་མར་སྐྱེས་བུ་ཆེན་པོ་ལོ་ཙཱ་བ་རིན་ཆེན་བཟང་པོ་འཁྲུངས་པ་ཡིན་ཏེ། དེས་ལོ་ལྔ་བཅུ་རྩ་བདུན་བཞེས་པ་ཤིང་ཕོ་སྟག་ལ་ཟུར་ཆུང་པ་འཁྲུངས་ཤིང༌། ཆུ་ཕོ་བྱི་བ་ལ་རྗེ་མར་པ་འཁྲུངས་པའི་ལོ་གསུམ་པ་ལ་ཟུར་ཆུང་པ་འཁྲུངས། མར་པའི་བཅུ་དྲུག་པ། ཟུར་ཆུང་པའི་བཅུ་བཞི་པ་བརྩིས་པ་རྣམས་ཀྱི་འདས་ལོའི་ཐོག་མ་མེ་ཡོས་ཤར། ཟུར་ཆུང་པས་ཉི་ཤུ་རྩ་དགུ་བཞེས་པ་དང་མར་པས་སོ་གཅིག་བཞེས་ཤིང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་བརྒྱད་ཅུ་རྩ་ལྔ་པ་ཆུ་ཕོ་རྟ་ལ་ཇོ་བོ་རྗེ་མངའ་རིས་སུ་ཕེབས། ཟུར་ཆུང་པ་འདི་འགོས་པ་ཁུག་པ་ལྷས་བཙས་དང་ཡང་དུས་མཚུངས་ལ། འཁོན་དཀོན་མཆོག་རྒྱལ་པོ་ཡང་ཟུར་ཆུང་པའི་ཉི་ཤུ་རྩ་གཅིག་པ་ཤིང་ཕོ་ཁྱིའོ། །དེ་ལྟར་ཟུར་ཆུང་པ་དྲུག་ཅུ་རྩ་གཅིག་བཞེས་པའི་ཤིང་ཕོ་སྟག་ལ་འབྲུམ་པའི་བསྙུན་གྱིས་གཤེགས་ཏེ། དེའི་ཚེ་ལོ་ཙཱ་བ་བློ་ལྡན་ཤེས་རབ་འཁྲུངས་ནས་ལོ་བཅུ་དྲུག་ལོན། ཆུ་ཕོ་སྟག་ལ་མ་གཅིག་ཞ་མ། སོ་ཆུང་པ། ཀོར་ནི་རཱུ་པ་རྣམས་འཁྲུངས་པའི་བཅུ་གསུམ་ལ་ཟུར་ཆུང་པ་གཤེགས་ཤིང༌། སྒྲོ་སྦུག་པ་འཁྲུངས། དེ་ལ་ལྷ་རྗེ་སྒྲོ་སྦུག་པ་ཆེན་པོ་ནི། སྐུ་ན་གཞོན་པའི་དུས་སུ། ཡུམ་དང་ཞང་པོས་བསྐྱངས་ནས་མདའ་ཕུར་ལོ་བཅོ་ལྔ་བཞུགས། དེ་ནས་ཆུ་བར་དུ་གླན་གྱི་སར་བྱོན། དེ་ནས་སྐེད་ལུངས་སུ་ཡང་ཁྱེང་གི་སར་བྱོན་ནས་དེ་ལྟར་ལོ་གསུམ་ལ་ཆོས་གསན། དགུང་ལོ་བཅུ་དགུ་ལ་ཆེ་འདོན་མཛད་པས། སྐུ་བསོད་ཆེན་པོ་རྒྱས་ཏེ་སློབ་གཉེར་གྱི་འཕྲོ་བྱེད་པའི་སྐབས་མ་བྱུང་བ་ལ། སྐབས་བཙལ་ནས་གོང་བུར་སྐྱོའི་རྩར་ལོ་གཅིག་བྱོན། དེ་ནས་སྐུ་བསོད་རྒྱས་པས་གཞན་དུ་བཞུད་པའི་སྐབས་མ་བྱུང་ནས། བླ་མ་མཁས་པ་དག་ཚུར་ལ་སྤྱན་དྲངས་ཤིང༌། གོ་འདེགས་མཛད་ནས་སློབ་གཉེར་རྣམས་རྫོགས་པར་མཛད་དེ། དེ་ཡང་ཀ་བ་བཞི་ལ་མདོ་སྒྱུ་འཕྲུལ་སེམས་ཕྱོགས་གསུམ་གྱི་རྒྱུད་མན་ངག་ཕྲིན་སྒྲུབ་ཕྱག་བཞེས་དང་བཅས་པ་གསན་ཞིང༌། དབང་རྣམས་རྫོགས་པར་ཞུས། གླན་ཤཱཀྱ་བྱང་ཆུབ་ལ་རྫོགས་ཆེན་སྐོར་ལུགས་གསན། ལྷ་རྗེ་ཤངས་པ་ནག་པོ་ལ་རྫོགས་ཆེན་བརྒྱུད་པ་ཐ་མའི་སྐོར་རྒྱུད་གདམས་ངག་དང་བཅས་པ་གསན། དེ་ལྟར་མཁས་པ་མང་པོ་ལ་གསན་ནས་ཐོས་བསམ་གྱིས་སྒྲོ་འདོགས་ཆོད་པར་མཛད་པ་ལགས། སྤྱིར་ལྷ་རྗེ་སྒྲོ་སྦུག་པ་ནི་གསང་བདག་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཡིན་ནོ་ཞེས་གྲགས་ལ། བྱང་ཕྱོགས་ཀྱི་རྒྱུད་འདིར་གསང་སྔགས་ཀྱི་བསྟན་པ་རྒྱས་པར་མཛད་པ་ལ་བྱོན་ནས། གདུལ་བྱའི་ཚོགས་བསམ་གྱིས་མི་ཁྱབ་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར། སློབ་མ་དགེ་བའི་བཤེས་གཉེན་ཆེན་པོ་གྲྭ་ས་འཛིན་ཞིང་བསྟན་པ་སྐྱོང་བ་གདུགས་ཐོགས་སྟོང་ཐོན་ནས། གསང་སྔགས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་དེ། ཉི་ཟླ་ལྟར་གྲགས་པ་ཡིན་ནོ། །དེ་དག་གི་ནང་ནས་ཀྱང་ཐུགས་ཟིན་པའི་སློབ་མ་བཞི་གསུམ་བཅུ་གཉིས་བྱུང་བ་ལ། མེ་བཞི་ནི། དཔང་སྟོན་ལྕགས་ཀྱུ། ཤབ་རྩེ་གསེར་པ། བྱ་སྟོན་རྡོ་རྗེ་གྲགས། གཡུ་སྟོན་ནོ། །ནག་བཞི་ནི། ལྕེ་སྟོན་རྒྱ་ནག །ཟུར་ནག་འཁོར་ལོ། མྱང་ནག་མདོ་བོ། མདའ་ནག་གཙུག་ཏོར་དབང་ཕྱུག་གོ །སྟོན་བཞི་ནི། རྒྱ་སྟོན། གྱབས་སྟོན། ཉེ་སྟོན། ཞང་སྟོན་ནོ། དུས་ལན་གཅིག་ཙ་ན། ལྷ་རྗེའི་ཞལ་ནས། སྟོན་བཞི་ལ་ཁྱེད་ཚོས་ཚོགས་འཁོར་ཆ་རྐྱེན་འདྲ་བ་ཁྱེར་ལ་ཤོག །ངས་ཀྱང་ཁྱེར་ལ་འོང་གི་གསུང་ནས། སྟོན་བཞིས་ཀྱང་གསུང་བ་བཞིན་དུ་ཆ་རྐྱེན་ཁྱེར་ལ་ཕྱིན་པ་དང༌། སློབ་དཔོན་ཡང་བྱོན་ནས་སྒྲོ་སྦུག་གི་ལྟག་ན་རི་བོ་སྤོ་ཏོ་ཅིག་ཡོད་པའི་ཁར་བྱོན། ཚོགས་འཁོར་བསྐོར། གསུང་གླེང་མང་དུ་མཛད་ནས། ཁྱེད་ང་མེད་པ་ལ་མྱ་ངན་མ་བྱེད་ཅིག །ངས་ད་རེས་ལུས་མ་སྤོང་བར་ཁྱེར་ནས་རིག་འཛིན་གྱི་ས་ལ་སོང་བ་འདིས། ཁྱེད་རྣམས་ལ་ཤུལ་དུ་ཡང་བཀྲ་ཤིས་པ་མི་རྒྱུད་དང་བསྟན་པ་འཕེལ་བ་ཞིག་འོང་ངོ་གསུངས་ནས་མགུར་ཞིག་བཞེངས། ནམ་མཁའ་ལ་འཕགས་ནས་གཤེགསསོ། །ཡང་མགུར་ཞིག་བཞེངས་ཏེ་འཕགས་ནས་གཤེགས། དེ་ལྟར་མགུར་རེ་བཞེངས་ཏེ་རིམ་གྱིས་འཕགས་ཏེ། མཇུག་ཏུ་ནམ་མཁའི་དབྱིངས་མིག་གིས་མ་མཐོང་བའི་སར་ཡང་གཤེགསསོ། །དེ་ནས་ཁོངས་རྣམས་ཀྱིས་སེམས་ཀྱིས་མི་བཟོད་དེ་ངུས། ཆོ་ངེས་བཏབ་རྒྱང་འདྲེས་བྱས། མཚན་ནས་བོས་པས་མར་ལ་བྱོན་ཏེ། ཁྱེད་རྣམས་ཞན། དེ་ལྟར་མི་བྱེད་པོ་ཡིན་ཏེ། ངས་གོང་དུ་ཁ་ཆོས་ནི་ལེགས་པར་བཅུག་པ། དེ་ལ་མི་ཉན་པར། ད་ངའི་མི་རྒྱུད་ལ་བཀྲ་ཤིས་པ་བག་མི་འོང་གསུང༌། དེ་ནས་དེའི་ཕྱི་ལོ་ལ་སྐུ་འདའ་ཚུལ་བསྟན་པ་ཡིན་ཏེ། དགུང་ལོ་དྲུག་ཅུ་རྩ་གཅིག་པ་ཤིང་ཕོ་སྟག་ལ་གཤེགས། སྤུར་སྦྱོང་བའི་ཚེ་སྔགས་པ་གཞོན་པ་ཆ་ལུགས་མཛེས་པ་ཞིག་གིས་རྟ་ངང་པ་བཟང་པོ་ཞིག་ལ་དུང་གི་སྒ་རང་གུགས་ལེགས་མོ་ཅིག་བསྟད་ནས་ཕུལ། འབུལ་མཁན་དེ་འདི་ནས་བྱུང་དང་འདིར་སོང་འདི་འདྲ་ཞིག་ཡིན་ཞེས་སུས་ཀྱང་ངོ་ཤེས་མ་བྱུང་སྟེ། དེ་ལྷས་འདེགས་སྐྱེལ་བ་ཡིན་ནོ་ཞེས་གྲགས། གཞནཡང་བཙན་དང་མ་མོ་ཀླུ་རྣམས་ཀྱིས་ཀྱང་འདེགས་བསྐྱལ་ཏེ། མི་ལ་མེད་པའི་ནོར་སྣ་བཞི་བྱུང་བའི་ལོ་རྒྱུས་ཀྱང་ཡོད་དོ། །སྒྲོ་ཕུག་པའི་བཅུ་དགུ་པ་ཆུ་སྤྲེལ་ལ་ས་ཆེན་ཀུན་སྙིང་འཁྲུངས་པ་ཡིན་ནོ། ཡི་གེ་གཞན་དག་ན་བི་མ་ལའི་སློབ་མ་རོང་ཆུ་ཚན་གྱི་དགེ་སློང་མ་སྒྲེ་མོ། དེའི་སློབ་མ་ལྷོ་བྲག་བྱ་སེའི་མར་པ་ཤེས་རབ་འོད། དེའི་སློབ་མ་ཤངས་ལྷ་ཕུའི་ལང་སྟོན་དར་མ་བསོད་ནམས། དེའི་སློབ་མ་ཉ་རིའི་ལྷ་རྗེ་ཧོར་པོ་ཟེར་བ་ཡང་འདུག་གོ །ལྷ་རྗེ་སྒྲོ་ཕུག་པ་ཆེན་པོའི་ཐུགས་ཀྱི་སྲས་ནག་པོ་བཞིའི་ནང་ནས་མཆོག་ཏུ་གྱུར་པ་ལྷ་རྗེ་ལྕེ་སྟོན་རྒྱ་ནག་ནི། མེས་པོ་འཕངས་བྱང་བརྩོན་བྱ་བས་ཁམས་སུ་བྱོན་ནས་ཡར་ལོག་སྟེ། གློང་ཐང་སྒྲོན་མའི་གཙུག་ལག་ཁང་ལ་དཔེ་བླངས་ནས་སྐྱི་མཁར་ལྷ་ཁང་བཞེངས། དེ་ལ་སྐུ་མཆེད་གསུམ་ཡོད་པའི་ཨ་མི་ཤེར་བརྩོན་གྱི་སྲས་རྒྱལ་གསུམ། དེ་ལ་སྲས་པོ་བཞི་སྲས་མོ་ལྔ་སྟེ་དགུ་བྱུང་བ་ལ། སྲས་བཞི་ནི། རིན་ཆེན། ཉི་པོ། རྒྱལ་བཟངས། རྒྱ་ནག་གོ །རིན་ཆེན་དང་ཉི་པོ་གཉིས་མྱངས་སྟོད་དུ་མཚན་ཉིད་ཀྱི་གྲྭ་སར་སློབ་གཉེར་ལ་བཏང་ནས། ལྷ་རྗེ་རྒྱ་ནག་གིས་རྒྱགས་སྐྱེལ་དུ་ཕྱིན་ཏེ་ཞོར་ལ་ཐུན་ཉན་བྱས་པས་གོ་བར་བྱུང་སྟེ་ཕུ་བོ་གཉིས་ལ་དྲིས་པས་ཁོ་གཉིས་ཀྱིས་ལོ་གསུམ་ཉན་ཡང་གོ་བ་ཅི་ཡང་མི་འདུག་སྟེ། འདི་འདྲ་འོང་བ་ཇི་ལྟར་ཡིན། ངས་ཉན་ན་གོ་བར་འདུག་སྟེ་བྱས་པས། ཁོང་གཉིས་ན་རེ། ངེད་ལ་དེ་ལས་མ་བྱུང་ཁྱོད་ཀྱིས་གོ་ན་ཁྱོད་རང་ཉོན། ངེས་ཀྱིས་རྒྱགས་བསྐྱལ་གྱི་ཆོས་ཤེས་ན་སུས་ཤེས་ཀྱང་འདྲ་ཡིས་ཟེར་ནས། དེར་ལྷ་རྗེ་རྒྱ་ནག་གིས་བཞུགས་ནས་ཆོས་གསན་པ་ལ། དེ་ཡང་དགུང་ལོ་ཉི་ཤུ་རྩ་གཅིག་ནས་སློབ་གཉེར་མཛད་དེ་དང་པོར་མཚན་ཉིད་གསན་པ་ལས། དུས་དེའི་ཚེ་ན་མཁས་པར་གྲགས་པ་ཤེ་ཁྱུང་གཉིས། འབན་འབྲེ་གཉིས། རྒྱ་སྟག་གཉིས་བྱ་བ་ཡོད་པའི། ཁྱུང་པོ་གྲགས་སེ་ལ་ཕ་རོལ་ཏུ་ཕྱིན་པ་གསན། འབན་ཐམས་ཅད་མཁྱེན་པ་ལ་མངོན་པ་གསན། སྟག་པ་ཁ་ཆེ་ལ་དབུ་ཚད་གསན། དེ་དག་གི་སྟེང་དུ་འགར་བསོད་ཡེས་ལའང་གསན་ཏེ། དེ་ལྟར་མཚན་ཉིད་ལོ་དགུར་གསན་ནོ། དེ་ནས་ལྷ་རྗེ་ཆེན་པོ་སྒྲོ་ཕུག་པའི་ཞབས་དྲུང་དུ་སྔགས་གསན་དུ་བྱོན་ནས་ལོ་བཅུ་གཅིག་བཞུགས་པ་ལ། ལོ་གསུམ་བར་དུ་ཇོ་སྲས་མྱང་སྟོད་པ་གསུང་བ་ཙམ་ལས། ནན་ཏར་གྱི་ཐུགས་ཕེབས་མོའི་སྤྱན་སྔར་གསུང་གླེང་ཞིབ་མོ་ཙམ་ཡང་མ་བྱུང་བ་ལ། རྒྱ་བརྩོན་སེང་དཔོན་གཡོག་དང་ལྷ་རྗེ་ཆོས་འཁོར་སྟབས་ཤིག་ཏུ་བྱུང་བའི་ཚེ། རྒྱ་བརྩོན་སེང་དཔོན་གཡོག་གིས་རྩོད་པ་བཙུགས་པའི་དུས་སུ། ལྷ་རྗེ་རྒྱ་ནག་གིས་ཁོང་སུན་ཕྱུང་ཞིང་ང་རྒྱལ་བཅག་པ་ལ་དགྱེས་ནས་ཐུགས་ལ་ཤིན་ཏུ་འདོགས་པར་བྱུང་བའི་སྟེང་དུ། སྲས་ཇོ་བཙུན་རྡོ་རྗེ་གྲགས་བློ་ཁ་ཕྱེ་བས་རབ་ཏུ་དགྱེས་ཏེ། དེ་དག་གི་དྲིན་ལན་དུ་བསྐྱེད་རྫོགས་གསུམ་གྱི་གཞུང་གདམས་ངག་ཐམས་ཅད་གནང་ཞིང༌། ཁྱད་པར་གྱི་གདམས་པ་ཟབ་མོ་དང་ཆ་ལག་གི་ཡིག་ཆུང་ཕྲ་མོ་རང་ལ་རྒྱུས་མེད་པ་ཐམས་ཅད་ཀྱང་ཚུར་ལ་སྤུན་ནས་གནང་བས་ན། ལྷ་རྗེ་ལྷ་ཁང་པ་ཟུར་ཆོ་གཞན་རྣམས་ལས་མན་ངག་ཟབ་ཅིང་ཆོས་ཀྱི་ཁ་ཚང་བའི་ལོ་རྒྱུས་རྒྱུ་མཚན་ཡང་དེ་ཡིན་གསུངས། དེ་ལྟར་ལོ་ཉི་ཤུ་ཐམ་པ་སློབ་གཉེར་མཛད་ནས། བཞི་བཅུ་ཐམ་པ་བཞེས་པ་ན་གཤེགས་བཙུན་མཛད་དེ། དེའི་དུས་སུ་དབུས་པ་སྟོན་ཤཱཀ་དང་དབུས་པ་ཞིག་པོ་ལ་སོགས་པ་སྒྲོ་སྦུག་པའི་གྲྭ་པ་སུམ་ཅུ་ཙམ་ཕྱིར་འབྲེང་ལ་ཤོར་བ་ཡིན་ལོ། གཞན་ཡང་མྱང་སྟོད་ཀྱི་རྒྱ་རྩད་སྐོར་པ་ལ་བདུད་རྩི་གསན། མྱང་སྨད་ཀྱི་སྒྲོ་དར་སེང་ལ་རྣམ་འཇོམས་དང་ཕུར་པ་རྩ་བ་སོར་བཞག་གི་ལུགས་གསན། གཞན་ཡང་ཕུར་པ་སྐྱི་ལུགས་ལ་སོགས་པ་ཕུར་པའི་ལུགས་མང་དུ་གསན། དམ་པ་སྤོང་མང་ལ་རྫོགས་པ་ཆེན་པོ་སྤོར་ལུགས་གསན། ཇོ་མོ་མྱང་མོ་ལ་སློབ་དཔོན་ཨ་རོའི་ཐུགས་ཀྱི་ཡང་བཅུད་རྫོགས་ཆེན་ཁམས་ལུགས་ཀྱི་ཁྲིད་ཞུས་ཤིང༌། དེའི་སྐོར་གྱི་གདམས་ངག་དང་བཅས་པ་གསན། དེ་བཞིན་དུ་རྫོགས་ཆེན་བྲམཟེའི་སྐོར་དང་སྐེ་ཚང་མ་ལ་སོགས་པ་ཡང་གཞན་དག་ཀུན་ནས་མང་དུ་གསན་ཏེ། སྔགས་མཚན་ཉིད་རྒྱུད་སྒྲུབ་ཐབས། གཞུང་གདམས་ངག་དང་བཅས་པ་ཀུན་གྱི་བདག་པོར་གྱུར་པ་ལགསསོ། །བདུད་རྩིའི་སྒྲུབ་པ་མཛད་པའི་ཚེ་ན། སྨན་གྱི་ཕོ་བྲང་ལས་སྨན་གྱི་ལྷ་མོ་ཞིག་དོན་ནས་བྱུང་སྟེ། དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ནས་དེ་ནས་ཕོ་བྲང་ལ་ཐིམ་པ་ཀུན་གྱིས་མཐོང༌། དེ་ཡང་བཞི་བཅུ་ནས་ལྔ་བཅུ་རྩ་དྲུག་གི་བར་ལོ་བཅུ་དྲུག་ཏུ་གཞན་དོན་མཛད་ནས་གཤེགས་ཏེ། དང་པོར་ཤིང་ཕོ་ཁྱི་ལ་འཁྲུངས། ལོ་ཉེར་གཅིག་ལོན་པ་ནས་སུམ་ཅུའི་བར་དུ་ཤེའུ་བ་དང་ཁྱུང་ལ་སོགས་པ་ལ་གསན་པ་མང་དུ་མཛད། དེ་རྟིང་སྒྲོ་སྦུག་པ་ལ་གསན་པ་རྒྱ་ཆེར་མཛད་དེ། འདིས་ཞེ་གཅིག་བཞེས་པའི་ཤིང་སྟག་ལོ་དེ་ལ་སྒྲོ་སྦུ་པ་གཤེགས། ལོ་དེ་ནས་འགྲོ་དོན་མཛད། རང་ལོ་ལྔ་བཅུ་རྩ་དྲུག་པ་ས་སྦྲུལ་ལ་གཤེགས། དེའི་དབོན་པོ་ལྕེ་སྟོན་ཇོ་གཟུངས་ནི། ཉི་བོའི་སྲས་ཡིན་ལ། སྤྱིར་ཉི་བོ་ལ་སྲས་གསུམ། ཇོ་སྐྱེས། བླ་མ་ཆེན་པོ། དཔོན་ནག་རྡོ་རྗེའོ། ཇོ་སྐྱེས་ལ་སྲས་གཉིས། སློབ་དཔོན་ཉེ་ཉེ་དང༌། ཁང་གསར་རོ། །དཔོན་ནག་རྡོ་རྗེ་ལ་སྲས་ལྔ། རྡོ་རྗེ་འབུམ། ཉི་ཁྲི་འབུམ། བདུད་རྩི་འབུམ། བཀྲ་ཤིས་འབུམ། དར་མ་འབུམ་མོ། བླ་མ་ཆེན་པོ་ཡོན་ཏན་གཟུངས་ནི། མེ་ཕོ་རྟ་ལ་འཁྲུངས། བཅུ་གཅིག་པ་ལ་སློབ་གཉེར་མཛད། ལོ་བཅུ་གསུམ་ཁུ་བོ་དང་འགྲོགས་སུ་བྱུང་སྟེ། བཀའ་བསྐྱེད་རྫོགས་གསུམ་གྱི་རྒྱུད་ལུང་མན་ངག་དང་བཅས་པ་ཀུན་ལ་སློབ་གཉེར་རྫོགས་པར་མཛད། ལོ་ཉི་ཤུ་རྩ་བཞི་བཞེས་པའི་ཚེ་ཁུ་བོ་རྒྱ་ནག་པ་སྐུ་གཤེགས་ནས་གདན་ས་མཛད། སློབ་གཉེར་གྱི་དྲས་ཐག་མ་ཆོད་པ་བག་རེ་ཡོད་པ་ཀུན་དབུས་པ་སྟོན་ཤཱཀ་དང་དབུས་པ་ཞིག་པོ་ལ་སོགས་པ་བུ་སློབ་རྣམས་ལ་དྲས་ཐག་བཅད་པ་ཡིན་ནོ། །དེ་ལ་དབུས་པ་སྟོན་པ་ཤཱཀ་ནི། མི་ཆོས་གཟད་ཀྱི་གཅེར་པ་ཝང་ཐུང་བརྒྱུད་ཡིན། ལྷ་རྗེ་ཉ་རི་བའི་གྲྭ་སར་ཡི་གེ་འབྲིར་བྱོན་པས་དད་པ་ཐོབ་ནས་སློབ་གཉེར་མཛད། དེ་ནས་གོང་དུ་སྨོས་པ་བཞིན་དུ་ལྷ་རྗེ་རྒྱ་ནག་གི་ཕྱིར་ བྱོན། རྒྱུད་གདམས་ངག་ཐམས་ཅད་མ་ལུས་པར་གསན་ནས་སྒོམ་སྒྲུབ་མཛད་པར་དགོངས་ཏེ་བྱང་རི་ལ་དགོན་པ་ཚོལ་དུ་བྱོན་པས། ཡོལ་བ་བྲག་ལ་དམ་པ་ཡོལ་ཆུང་བ་བྲག་རྐོ་ཞིང་འདུག་སྐད། འདིར་དགོན་པ་མཛད་པ་ལགས་སམ་ཞུས་པས། ཡིན་ཟེར། འདི་མིན་པ་བྱ་ས་མི་གདའམ་བྱས་པས་ཕར་ངོས་ཀྱི་བྲག་སེ་བ་ཁ་སྦྲག་ཅན་དེ་ན་བྱས་ན་འོང་བ་ཅིག་འདུག་སྟེ། དེ་བས་འདི་བཙན་པར་འདུག་པས་ང་འདིར་བྱེད་པ་ཡིན། དེ་མིན་པ་བྱ་ས་མི་འདུག་ཟེར། དེ་ནས་དམ་པ་སྟོན་ཤཱཀ་གིས་བྲག་སེ་བ་ཁ་སྦྲག་སྐྱེས་པ་དེར་བྱོན་ཙ་ན། དེའི་ཆུ་མིག་འགྲམ་ན་དབུས་ཀྱུ་ཅིག་འདུག་གམ་ཡང་ཟེར། ཟན་རྡོག་ལྔ་འདུག་གམ་ཡང་ཟེར་ཏེ་བཟང་ལྟས་ཤིག་བྱུང༌། དེ་ནས་དེར་བཞུགས་ཏེ་སྒོམ་སྒྲུབ་མཛད་པས་དགོངས་པ་ཚད་དུ་སྐྱོལ། ལྷ་འདྲེ་དམ་ལ་ཐོགས། གདུལ་བྱ་མང་པོའི་དོན་ནུས་པ་བྱུང་སྟེ། དམ་པ་སེ་སྦྲག་པ་ཞེས་གྲགས་པ་ཡིན་ནོ། །དབུས་པ་ཞིག་པོ་ནི། མི་ཆོས་ཡར་ཀླུངས་བྱ་ས་བ་ཡིན། རྗེ་སྒྲོ་སྦུག་པའི་གྲྭ་སར་ཡིག་མཁན་ཆོས་ལ་ཚུད་པ་ཞིག་སྟེ། ལྷ་རྗེ་རྒྱ་ནག་གི་ཕྱིར་བྱོན། བསྐྱེད་རྫོགས་གསུམ་ལ་ཐུགས་འབྱོངས་པར་མཛད་དེ། ཡུལ་ལ་ཆེ་འདོན་ལ་འགྲོ་སྙམ་སྟེ། དེའི་ཆ་རྐྱེན་དུ་གདུགས་དང་དུང་དང་མཆོད་ཆ་ལ་སོགས་པ་འདོན་པའི་ཕྱིར་བལ་ཡུལ་དུ་བྱོན་པ་ལ། ལམ་དུ་ནུབ་ཅིག་བསམས་པས་ཆོས་དེ་ཙམ་ཤེས་ཀྱང་ཉམས་སུ་བླང་རྒྱུ་མི་འདུག་སྟེ། ད་ལྟ་ཤི་ན་ལམ་ཁྱེར་ཅིག་མེད་པར་གོ་ནས། ཅིས་ཀྱང་མི་ཕན་གདམས་ངག་ཅིག་ཞུ་དགོས་པར་འདུག་སྙམ་ནས་ལམ་ནས་ལོག་སྟེ། བླ་མའི་སྤྱན་སྔར་ཕྱིན་ནས་ཞུས་པས་སྙན་རྒྱུད་རིན་པོཆེའི་གདམས་ངག་གནང་ནས་དེ་ལ་ཉམས་ལེན་མཛད་ཀྱི་བྱོན་པས། མང་ཡུལ་གུང་ཐང་དུ་བྱོན་ཙ་ན། རྫོགས་པ་ཆེན་པོ་རིས་མེད་ཀྱི་དགོངས་པ་ཞག་བདུན་བྱུང༌། དེར་བལ་པོ་ནས་མཆོད་ཆ་བླངས་ནས་བྱོན་ཏེ་མང་ཡུལ་གུང་ཐང་དུ་སླེབས་ཙ་ན་ཚད་པ་ཕྱིར་འབྲེང་བྱུང་སྟེ་བསྙུང་བ་ལ། ཀ་ཆ་རྣམས་གྲོང་དུ་བཅོལ་ཏེ་རི་ལ་བྱོན་ནས་ཉམས་སུ་བླངས་པས། ཡང་རིས་མེད་ཀྱི་དགོངས་པ་ཤར་ཏེ་ས་རྡོ་རི་བྲག་ཐམས་ཅད་ལ་ཐོགས་པ་མེད་པ་བྱུང་ནས་ཅི་ཡང་དགོས་མེད་དུ་ཤེས་ཏེ་ཆེ་འདོན་གྱི་ཆ་རྐྱེན་ཐམས་ཅད་གང་དགར་བསྐྱུར་བ་ལ། ཏིང་མན་ཇི་བདུན་ཙ་ཅིག་ཡོད་པ་བླ་མའི་དྲིན་དྲན་ཏེ། ང་ལ་དགོངས་པ་འདི་འདྲ་འཆར་བ་ཡང་བླ་མའི་དྲིན་ཡིན་པས་འདི་ཙམ་ཞིག་བླ་མ་ལ་འབུལ་དགོས་སྙམ་ནས་ཁྱེར་བྱོན་པ་ལ། དེ་ཡང་ལམ་དུ་བསྐྱུར་སྙིང་འདོད་པ་བྱུང་བ་ལ། ཡང་བླ་མའི་དྲིན་བསམས་ཏེ་ལྷ་ཁང་དུ་སླེབ་ཙ་ན། བླ་མའི་དྲུང་དུ་བསྐྱུར་ཏེ་དགོས་ན་ཚགས་གྱིས། ལར་ཁྱོད་ཀྱིས་ཇི་ཙམ་ཅིག་བཅིངས་གསུང་སྐད། དེ་ལ་རི་ལ་བཞུགས་ཀྱིན་ཉམས་ལེན་མཛད་པས། ཐེག་པ་ཐམས་ཅད་ཀྱི་ཆོས་ཚིག་གཅིག་ཀྱང་མ་ལུས་པར་ཐུགས་ལ་ལམ་ལམ་གསལ་བར་བྱུང༌། གཞན་ཡང་རྦབ་ཀྱིས་མ་ཚུགས་ཏེ་གཟུགས་སྣང་སྟོང་དབྱེར་མེད་ཡིན་གསུང༌། གཡས་རུའི་སྦ་གོར་ཕུར་བཞུགས་པའི་ཚེ་གཟིམས་སྤྱིལ་ལ་ཐོག་ཕོག་སྟེ་གཟིམས་མལ་གྱི་སྟེང་དུ་བྱུང་ཡང༌། རུ་ཉིད་དང༌། མཆན་ན་བྱིན་རླབས་ཞུ་བའི་གཅེས་ཕྲུག་གཅིག་ཡོད་པའང་ཅི་ཡང་མ་ཉེས་པར་འདུག །ཐོག་བྱུང་ངམ་ཞུས་པས། ཐོག་གམ་དེ་བྱུང་གསུང༌། འོ་ན་མ་གནོད་དམ་ཞུས་པས་སྒྲ་གྲག་སྟོང་དབྱེར་མེད་ལ་ཐོག་ལ་རང་བཞིན་ག་ལ་ཡོད་གསུང༌། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་འདི་ལ་དེ་ལ་སོགས་པའི་ཆེ་བ་ཡོན་ཏན་དུ་མ་ཡོད་དོ། །དེ་ལྟ་བུས་ཁོང་གི་ཁུ་བོ་སློབ་མ་བཟང་པོ་ཡོད་པ་རྣམས་ལ་ཆོས་ཞུས་ཤིང༌། ཐག་ཆོད་པ་མཛད་ནས་གྲྭ་ས་བསྐྱངསསོ། །སྒོམ་སྒྲུབ་ལ་བཞུགས་ནས་མཚམས་འོག་ནས་གྲྭ་ས་སྐྱོང་བ་ལ་ལོ་བཅོ་བརྒྱད་མཛད་དེ། དགུང་ལོ་བདུན་ཅུ་པ་ཤིང་མོ་ཡོས་ཀྱི་ལོ་ལ་གཤེགསསོ། །བདག་ཉིད་ཆེན་པོ་དེའི་སློབ་མར་བྱུང་བ་ཞིག་པོ་བདུད་རྩི་དང༌། སྟོན་པ་བླ་སྐྱབས་དང༌། དབུས་པ་ཇོ་བསོད་དང༌། སྙེ་སྟོན་ཉི་མ་རྡོ་རྗེ་ལ་སོགས་པ་གཞུང་ལུགས་སྨྲ་བ་ལ་མཁས་པ་མང་དུ་བྱོན། གཞན་ཡང་ལ་སྟོད་ཀྱི་མེས་སྟོན་མགོན་པོ་དང༌། དཔྱལ་ཀུན་དགའ་རྡོ་རྗེ་ལ་སོགས་པས་ཀྱང་ཆོས་ཞུས་ཞབས་ལ་གཏུགསསོ། ། ཁུ་དབོན་འདི་གཉིས་མཁྱེན་པའི་སྲོལ་སྔ་མས་གཏོད་པ་ཡིན་ཡང༌། གདུལ་བྱ་ལ་ཕན་པའི་བསྟན་པའི་བྱ་བ་ཕྱི་མས་རྒྱ་ཆེར་མཛད་པ་ཡིན་ནོ། ཟུར་ཆུང་པ་འཁྲུངས་ནས་ཡོན་ཏན་གཟུངས་ཤིང་ཡོས་ལ་གཤེགས་པ་ཡན་ཆོད་ལ་ལོ་བརྒྱ་དང་བརྒྱད་ཅུ་རྩ་གཉིས་སོང་ངོ༌། །ལྷ་རྗེ་ལྷ་ཁང་པའི་ཐུགས་ཀྱི་སྲས་དམ་པ་སྤྲུལ་སྐུ་ཞིག་པོ་བདུད་རྩི་ཡིན་ཏེ། དེ་ཡང་མེས་རྡོ་རྗེ་རྒྱལ་མཚན་ཞེས་བྱ་བ་དགེ་བའི་བཤེས་གཉེན་ཞིག་ཡོད་པ་ལ། སྲས་སྟོན་པ་འཁང་རེ་དང་འཁར་ཆུང་ཞེས་བྱ་བ་ཡོ་ག་ལ་མཁས་པ་ཞིག་ཡོད་པ་ལ། དེའི་འཁར་ཆུང་གི་སྲས་ཤུ་སྟོན་མོན་སྲས་བྱ་བ་དེ་ཡང་ཕྱི་རྒྱུད་ལ་མཁས། དེའི་སྲས་སྟོན་པ་ལྷ་སྣང་བྱ་བ་ནུས་མཐུ་བྱིན་རླབས་ལྡན་པ་ཞིག་བྱུང༌། དེ་ལ་སྲས་སངས་རྒྱས་དྭགས་ཆུང་དང་སྒོམ་ཤུ་གཉིསསོ། །སངས་རྒྱས་དྭགས་ཆུང་ནི། ཞིག་པོ་བདུད་རྩིའི་ཡབ་ཡིན། དྭགས་པོ་རྒྱ་རས་ཀྱི་ཕྱིར་ཕྱིན་པས་དྭགས་ཆུང་པར་གྲགས་པ་ཡིན། གཞན་ཡང་སངས་རྒྱས་སྟོང་དང༌། དཀར་སྒོམ་ཇོ་ཉག་དང་མྱང་སྟོན་རྩེགས་སེ་ལ་སོགས་པ་བླ་མ་མང་པོ་ལ་ཆོས་གསན་ཞིང་སྒྲོ་འདོགས་བཅད་ནས། ལྷོ་བྲག་ཏུ་གཤེགས་ཏེ། ལྷོ་སྟོད་ཀྱི་དགོན་པ་ཕུར་མོ་སྒང་བྱ་བར་འགྲོ་དོན་མཛད་ཀྱི་བཞུགས་པ་ལ། གཟད་པའི་ཡོན་བདག་རྣམས་ཀྱིས་སྒོམ་ཤུ་བཏང་ནས་གདན་དྲངས། གཟད་ཀྱི་ལྷ་གདོང་དགོན་པ་དང་འུག་སྐད་དགོན་པ་ལ་སོགས་པ་གནས་དགོན་མང་དུ་ཕུལ་ནས་བཞུགས་ཏེ། བུ་སློབ་མང་དུ་འཕེལ། ཞིག་པོ་ཡང་ལྷ་གདོང་དགོན་པར་སྐུ་འཁྲུངས་པ་ཡིན་ནོ། སྤྱིར་སངས་རྒྱས་དྭགས་ཆུང་ལ་སྲས་ལྕམ་དྲལ་བཞི་བྱུང༌། ཆེ་ཤོས་ལྷོ་བྲག་ཏུ་འཁྲུངས་པའི་ལྷོ་ཚ་བླ་མ་སྐྱབས་ནི་འཇིག་རྟེན་ལ་ཞེན་པ་ལོག་པ། མངོན་པར་ཤེས་པ་མངའ་བ་ཞིག་བྱུང་བ་ཁམས་སུ་བཞུད་ནས། སྐུ་ཡང་ཁམས་སུ་འདས། དེ་འོག་བླ་མ་རྒྱལ་མཚན་ནི་ཞིག་པོར་བཞུགས། བྱ་བྲལ་ཀློང་ཆེན་གྱི་དགོངས་པ་འཁྲུངས་ནས། རྟོགས་ལྡན་དགེ་བའི་ཕྱག་བཞེས་མང་དུ་མཛད་པ་ཞིག་བྱུང་སྟེ། ཡུམ་ནི་འབྲོག་གི་སྟོང་ར་མ་ཡིན། ཁོང་ལ་སྲས་སངས་རྒྱས་དབོན་སྟོན་དང༌། སྤྲུལ་སྐུ་ཤེར་འབྱུང་ངོ༌། སངས་རྒྱས་དབོན་སྟོན་ལ་སྲས་སྔ་ཚར་གཅིག་དང་ཕྱི་ཚར་གསུམ། སྲས་མོ་གཅིག་དང་ལྔ། སྔ་ཚར་བདུད་རྩི་དང་། ཕྱི་ཚར་དབང་ཕྱུག་འབུམ། བདུད་རྩི་དཔལ། རིན་ཆེན་མགོན་ནོ། སྲས་མོ་སྟོན་མ་བདུད་རྩི་འབུམ། བླ་མ་རྒྱལ་མཚན་གྱི་འོག་མ་ཇོ་སྲས་མ་རྒྱ་མ་ཧོར་ཡིན། དེའི་སྲས་མཁར་པ་ཇོ་ནམ། དེའི་སྲས་སུམ་སྟོན་ཉི་མའོ། ཇོ་སྲས་མ་རྒྱ་མའི་ཡང་འོག་མ་སྤྲུལ་སྐུ་ཞིག་པོ་ཡིན་ཏེ། བླ་མ་དྭགས་ཆུང་གིས་གཟད་ཀྱི་གཅེན་པ་ཝང་ཐུང་རྒྱུད་ཀྱི་བུ་སྲིང་མོ་ཝང་མོ་རྒྱ་གར་གསལ་བྱ་བ་ཞིག་བཞེས་པས། དེ་ལ་ཇོ་སྲས་མ་རྒྱ་མ་སྐྱེས་ནས་ཟླ་བ་བརྒྱད་ལོན་པ་ལ་ཨ་མ་འདས། དེའི་ཨ་མའི་ནུ་མོ་ཝང་མོ་གཅིག་ཡོད་པ་བོས་ནས་ནུ་བཅོལ་ལ་བཏང་བས། དེ་ཇོ་མོར་སོང་ནས་དེ་ལ་ཞིག་པོ་འཁྲུངས་པ་ཡིན། དེ་ལ་རིན་པོ་ཆེ་ལྷུམས་ན་བཞུགས་པའི་དུས་སུ། ཡུམ་གྱི་རྨི་ལམ་ན་མི་དཀར་པོ་ཞིག་གིས་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་ཞིག་མགོ་ལ་ཡང་ཡང་ཕུབ་པ་རྨི་བ་ཞིག་བྱུང༌། བླ་མ་ཞང་འཚལ་པས་ལོ་ཉེར་བདུན་བཞེས་ཤིང༌། ཡོན་ཏན་གཟུངས་ཀྱིས་ཉི་ཤུ་རྩ་བཞི་བཞེས་པ་ས་མོ་སྦྲུལ་ལ་ཞིག་པོ་བདུད་རྩི་འཁྲུངས། སྐུ་བལྟམས་ནས་ཞིབ་མའི་ནང་དུ་བསྙལ་བ་ན་འཇའ་ཚོན་ཟུག་པ་བྱུང༌། དགུང་ལོ་གཉིས་ཙམ་ལོན་པའི་ཚེ་ནུབ་གཅིག་ཡབ་ཀྱི་ཞལ་ནས། ཨ་མ་ལ་ཝང་ཆུང་མ་ཡར་ལ་ལོངས་དང༌། ང་ལ་རྨི་ལམ་ལྟད་མོ་ཆེ་བ་ཞིག་བྱུང་ཁྱོད་ལ་བཤད་ཀྱི་གསུང༌། ཇི་འདྲ་ཅིག་བྱུང་ཞུས་པས། ང་ཡུལ་ཐག་རིངས་ཤིག་ཏུ་འགྲོ་བར་འདུག་ནས་རི་ལོགས་ཅིག་ནས་ཕར་ཕྱིན་ཙ་ན། ལམ་ཁ་ན་ཕ་བོང་སྔོན་པོ་ཞིག་འདུག་ང་ལ་ཞྭ་ཐེབས་གསར་པ་འོག་ཅག་དར་ཕུག་རོན་སྐེ་ལ་བྱས་པའི་ལེགས་མོ་ཅིག་འདུག་ནས། དེར་ངའི་ཞྭ་དེ་ཕུད་དེ་ཕ་བོང་དེ་ལ་གཡོགས་ཏེ། ང་འགྲོ་དགོས་པར་འདུག་པས་ཁྱོད་ཀྱིས་འགྲོ་བའི་དོན་གྱིས་ཤིག་ཨང་བྱས་པས། སྙིགས་མའི་དུས་འདིར་འགྲོ་དོན་ང་རང་གིས་ཤེས་ཅིག་ཟེར་ནས་མགོ་ལྕགས་བྱུང༌། དེ་རང་རི་ཟུར་དེ་འདས་ནས་རི་ལོགས་ཅིག་ན་མར་ཕྱིན་ཙ་ན། བག་ཤེས་པ་མ་དགའ་བ་སྐྱོ་བ་སྐྱེ་བ་ཞིག་བྱུང་ནས། བཻ་རོ་ཙ་ན་ཚ་བ་ཡུལ་དུ་གཤེགས་ཙ་ན་ཤིང་ལོའི་གསེབ་ཏུ་ཁབ་བྱིལ་བ་ལྟར་བཞུད་ཟེར་བ་དེའི་ཉམས་བྲོ་བ་ཞིག་བྱུང༌། དེ་ནས་ཀླུངས་སུ་ཕེབས་ཙ་ན་ཉི་མ་དྲོན་པོ་ཞིག་ཀྱང་ཤར་ནས་བྱུང༌། ལུང་པ་ཡངས་པ། ཆུ་གཙང་བ། མེ་ཏོག་མང་པོ་རྒྱས་པ། ནེའུ་སིང་དང་ཤིན་ཏུ་ཉམས་དགའ་བ་ཞིག་བྱུང་བ་ན་གཉིད་སད། ད་ང་འཆི་བ་འདུག །ཤི་ནས་ཀྱང་རིག་འཛིན་གྱི་ས་ལ་འགྲོ་བར་འདུག །ཁྱོད་ཀྱི་བུ་འདི་ལ་འགྲོ་བ་ལ་ཕན་ཐོགས་པ་ཞིག་འོང་བ་འདུག་ཅིག་གསུང༌། དེར་ཨ་མས། རུ་གྲོངས་ན་བུས་ཅི་བྱེད་བྱས་ངུས་པས། མ་ངུ༌། ནམ་གྱི་གུང་ལ་ངུས་པས་གྲོང་པས་ཐོས་ན་བཟའ་འཐབ་ཤོར་བ་ཡིན་སྙམ་ནས་འོང་གསུང༌། དེ་ནས་ཟླ་བ་གཉིས་ཙམ་ལོན་པ་དང་བླ་མ་དྭགས་ཆུང་སྐུ་གཤེགས་ཏེ། བཞི་བཅུ་རྩ་དགུ་པའོ། དེ་ནས་ཞིག་པོརིན་པོ་ཆེ་ཆུང་ངུ་ཞིག་ཨ་མས་བསྐྱངས། ཆེར་སྐྱེས་པ་དང་གོས་བཅོས་པ། ཐམས་ཅད་ལམ་ཟན་པ་སྙིང་རྗེ་བ་ཞིག་ཡོད་པ་ལ་བྱིན། ཨ་མས་འབར་བས་ཀྱང་མ་ཕན། མ་མོ་རྣོན་པོ་ཞིག་ལ་ཐམས་ཅད་མོ་འདེབས་ཀྱི་འདུག་ནས། ཨ་མས་ཀྱང་དེར་ཕྱིན་ཙ་ན། མོ་ན་རེ། ཁྱོད་ཀྱི་བུ་འདི་ལ་ཇི་འདྲ་ཅིག་འོང་ངམ། འཇིག་རྟེན་གྱི་ལྷ་འདྲེ་ཐམས་ཅད་འཚོགས་ནས་འདི་ལ་སྐོར་བ་བྱེད། མཆོད་པ་བྱེད་པར་འདུག །སྟོན་ཀ་ཅིག་འོངས་འདོན་པའི་དུས་སུ། ཨ་མ་ན་རེ། གླེན་པ། དེ་རིང་ཐམས་ཅད་འོངས་འདོན་པས་གཏོར་མ་དང་ཆུ་གཏོར་གཏོང་གི་འདུག །ཁྱོད་རང་ཡང་ཆུ་གཏོར་དང་གཏོར་མ་འདྲ་བ་ཐོངས། ངེད་རང་ཡང་འོངས་འདོན་དགོས་པར་ཡོད་བྱས་པས། ཆུ་གཏོར་མེད་པར་འོངས་མོའི་རྩར་སོང་ནས། གཡའ་བཟང་ལུང་པའི་ལྷ་འདྲེ་ཚོ། མྱང་ནག་འོལ་པོའི་ལྷ་འདྲེ་ཚོ། སྤྲང་པོ་འ་ལུའི་རྒྱལ་ནག་ད་ནང་སུའི་སར་ཡང་མ་འགྲོ་བར། རྒན་མོ་ཝང་འོངས་འདོན་གྱི་ཡོད་པས་འདིའི་འོངས་ལས་ཁྱེར་ཅིག་གསུང་ནས། འོངས་མོ་ལས་ཐོར་ཐོར་བྱས་པས། མ་རྒན་ཚིག་པ་ལོག་ནས་འབོད་ཀྱིན་ཕྱར་བས། ཞིང་རེ་བཞི་བྱ་བ་ནན་ཏར་ལེགས་ན་བཞི་བཅུ་ཐོན་ཙམ་ཞིག་ཡོད་པ་ལ། དེའི་ལོ་ལེགས་ངེས་པ་མེད་པ་ལ་ལྔ་བཅུ་བྱུང་ནས། དེར་ཨ་མ་ངོ་མཚར་སྐྱེས་ཏེ་སྔར་ཕོབ་འགྱོད་ནས་ཕུབ་མ་ཚོ་ཕྱར་བས་ཀྱང་ཁལ་གསུམ་ལྷག་པ་ཅིག་བྱུང་སྐད། དེ་ནས་ཡིད་ཆེས་ཏེ་འདི་སྤྲུལ་པའི་སྐུ་ཡིན་ནམ་མི་ཤེས་པར་འདུག་སྙམ་ནས། ཞང་པོ་དམ་པ་སེ་སྦྲག་པའི་སར་སློབ་གཉེར་ལ་བཏང་བ་ཡིན་ནོ། དེ་ནས་ལོ་གསུམ་ཞང་པོ་དང་འགྲོགས་རྒྱུ་བྱུང༌། དེའི་བར་དུ་རྫོགས་ཆེན་རོང་ལུགས་ཀྱི་ཆོས་སྐོར་རྣམས་གསན། ཁྱད་པར་སྒང་དྲིལ་མཁས་པར་མཁྱེན། གབ་ཕྱུང་ཡང་ལེགས་པར་ཐོས་ཤིང༌། དགུང་ལོ་བཅུ་དྲུག་བཞེས་པའི་ཚེ་ན་དམ་པ་སྐུ་གཤེགས། འདའ་ཁར་འདི་རྣམས་གལ་ཆེ་བ་ཡིན་གསུངས་ནས། གདབ་པ་དང་སྤྲུངས་པ་ལ་སོགས་པ་གདམས་ངག་ཟབ་ཤོས་ཤས་ཤིག་ལ་བཀའ་ཐོབ་ཙམ་བྱས་པ་ཡིན་ཏེ། བླ་མ་འདའ་བ་འདུག་པས་མིག་ཆུ་མས་འགགས་ནས་དྲན་པ་ཙམ་མ་བྱུང་གསུང་སྐད། ལོ་བཅུ་དྲུག་པར་སྐྱི་མཁར་ལྷ་ཁང་པ་ཡོན་ཏན་གཟུངས་ཀྱི་ཞབས་ལ་གཏུགས། སེ་སྦྲག་པ་འདའ་ཁར་སེ་སྦྲག་པའི་བུ་བཞི་བྱ་བ་ཡོད། གངས་པ་ཉི་ཁྲི། སྟག་པ་ལྷ་བོ། སེར་པ་རྒྱལ་མཚན། ད་རུ་འོད་དེ་དང་བཞི་ཡིན་པས་འདི་རྣམས་ཀྱི་སར་སོང༌། དེ་དག་གི་ནང་ནས་གངས་པ་ཉི་ཁྲི་འདི་ང་རང་དང་འདྲ་བ་ཡིན་པས། ཁྱོད་རང་གངས་པ་ཉི་ཁྲིའི་རྩར་སོང་གསུང་བ་ཡིན་ཏེ། ང་རང་བླ་མ་ལྷ་ཁང་ལ་མོས་པ་བྱུང་བས་ཁོང་གི་རྩར་ཕྱིན་པ་ཡིན་གསུང་སྐད། དེར་བླ་མ་ལྷ་ཁང་པའི་རྩར་བྱོན་ནས་ཆོས་གསན་པ་ཡིན་ཏེ། དེ་ཡང་དམ་པ་འདས་མ་ཐག་བླ་མ་ལྷ་ཁང་པའི་སར་བྱོན་མ་ཐག་གི་དུས་སུ། ཨ་མ་ཝང་མོས་བླ་མ་ཆེན་པོ་ལ་དབང་ཞུས་ཏེ་མགོའི་ཅོད་པན་མ་ཉམས་པར་ཡོད། དམ་པ་འདས་པའི་མྱ་ངན་ཡང་མ་ཡལ་བར་ཡོད་ཙ་ན། ལྷོ་བལ་ངོས་ནས་རྣལ་འབྱོར་མ་མེ་ཏོག་བྱ་བ་སྒོམ་མ་གྲུབ་ཐོབ་མ་བྱེད་པ་བསོད་ནམས་ཅན་ཞིག་བྱུང་ནས། ཨ་མ་དང་ཨ་མའི་གྲོགས་མོ་རང་འཐག་མཁན་པོའི་ཆུང་མ་ཅིག་ཡོད་པ་དེ་སྡེབས་ནས་སྒོམ་མ་དེའི་ཞལ་བལྟར་ཕྱིན་པས། མོའི་དྲུང་ན་ཁྲོམ་ཆེན་མོ་འཚོགས་ནས་ཕྱག་རྟེན་འབུལ་བྱིན་རླབས་ཞུ་བྱེད་ཀྱི་འདུག་པ་ན། ཨ་མའི་བསམ་པ་ལའང་ང་བླ་མ་ཆེན་པོ་སྐྱི་མཁར་བ་འདྲ་བ་ལ་དབང་ཐོབ། མགོ་ལ་ཅོད་པན་ཆོ་རེ་བྱས་ནས། སྒོམ་མ་འདི་འདྲ་ལ་བྱིན་རླབས་མི་ཞུ་སྙམ་ཙ་ན། ཐམས་ཅད་ཞུ་འདུག་པ་མཐོང་ནས། ཨ་མ་ཡང་ནན་ཏར་ཞུ་སྙིང་འདོད་པ་བྱུང་ནས་རང་འཐག་མཁན་མོ་དང་གཉིས་རྣལ་འབྱོར་མའི་དྲུང་དུ་ཕྱིན་ནས་བྱིན་རླབས་ཞུས་པས། རྣལ་འབྱོར་མ་དེ་ན་རེ། ཨ་མ་ལ། ཁྱོད་བླ་མ་སྐྱིལ་མཁར་བ་འདྲ་བ་ལ་དབང་ཐོབ། མགོ་ལ་ཅོད་པན་ཆོ་རེ་བྱས་ནས། ང་ལ་བྱིན་རླབས་ཞུ་ཅང་དགོས་སམ་ཟེར། དེར་ཨ་མ་སྐྱེངས་ཤིང་མོས་པར་བྱུང་ནས་ནན་གྱིས་ཞུས་པས་མཛད། དེ་ནས་རང་ཐག་མཁན་པོའི་ཆུང་མས་ཞུས་པས། མོ་ལ་ཅེ་རེ་བལྟས་ནས། ཁྱོད་ཀྱི་ཁྱོ་བོ་རང་ཐག་མཁན་པོས་དབུས་གཙང་རུ་བཞི་བསྐོར། གདོང་ཤ་མི་ལ་བྱིན། བྱིན་ཤ་ལ་ཁྱི་ལ་བྱིན་ནས། ཤ་ཐང་ཆད་དུ་བཙལ་བའི་ནས་ལ་ཁྱོད་ཀྱིས་ལྐོག་བསོག་བྱས་ནས། སྡིག་པ་དཔག་ཏུ་མེད། ཁྱོད་ལ་ཅི་ཡང་མི་བཏུབ་གསུང་པས། མོ་ལྕེ་ནར་གྱིས་བྱུང༌། ཨ་མས་དེ་ཙུག་བྱས་སམ་བྱས་པས། བྱས་ཟེར། དེའི་སྡིག་ཇི་ལྟར་བྱས་ན་འབྱང་ཞུས་པས། རྣལ་འབྱོར་མའི་ཞལ་ནས། ཁྱོད་ལ་དཔག་ན་ནས་ཁལ་བཞི་བཅུ་ཙམ་འདུག་པ་དེ། བླ་མ་བཟང་པོ་ཅིག་ལ་ཕུལ་ལ་ཆོས་འཁོར་ཚུགས། དེ་ནས་ཁྱོད་རང་ཁོས་ཅི་ཟེར་ལ་ཉོན་ལ་གཡོག་གྱིས། དེ་ལྟར་བྱས་ན་དགའ་རབ་འོང་གི། དེ་མིན་ན་ཁྱོད་ལ་སྐྱིད་པོ་མི་ཡོང་གསུང༌། ཡང་ཨ་མ་ལ། ཁྱོད་མིང་པོ་དམ་པ་སེ་སྦྲག་པ་འདས་པ་ལ་མྱ་ངན་དེ་ཙམ་བྱ་མི་དགོས། ཁོང་རྒྱ་གར་རྒྱལ་པོའི་བཙུན་མོ་འདི་སྐད་བྱ་བའི་མངལ་ན་ཞུགས་ཡོད། སྐྱེས་ནས་ཆོས་རྒྱལ་ཆེན་པོ་འགྲོ་བའི་དོན་དཔག་ཏུ་མེད་པ་འོང་བར་འདུག་གསུང༌། དེར་ངོ་མཚར་སྐྱེས་ནས་མངོན་ཤེས་ཅན་དུ་རིག་ནས། ང་ལ་བུ་ཅིག་ཡོད་པས་འདི་ལ་ཇི་འདྲ་ཞིག་འོང༌། ངེད་མ་སྨད་ལ་ཤི་གོ་ལོག་མི་འོང་ངམ་ཞུས་པས། ཨ་མའི་སྤྱི་བོར་ཕྱག་བཞག་ནས་མགུར་བཞེངས་པ། ཁྱོད་ཀྱི་བུ་འདིས། སྙིགས་མའི་དུས་འདིར་འགྲོ་བའི་ཁ་ལོ་གྱེན་ལ་བསྒྱུར། མིག་ཕྱེད་གནམ་ལ་བལྟ་ཞིང་གོས་ཕྱེད་ས་ལ་འདྲུད། རྒན་མོའི་མི་ཚེ་སྐྱིད་ལ་སྐྱེལ་བར་འདུག་སྟེ། འདི་ལ་འཁོར་མང་པོ་འདུས་ནས་འཁོར་རྣམས་འཐབ་མོ་བྱས་ཏེ། དེ་ལ་སྐྱོ་བ་སྐྱེས་ནས་དགུང་ལོ་མང་པོ་མ་ལོན་པ་ལ་ཐག་རིངས་ཤིག་ཏུ་འབྲོས་པའི་ཉེན་ཡོད་དོ་གསུངས། དེ་ནས་ཞིག་པོ་སྐྱིལ་མཁར་ལྷ་ཁང་པའི་དྲུང་དུ་ལོ་མང་དུ་བཞུགས་ནས། གསན་པ་བསྐྱེད་རྫོགས་གསུམ་ག་ལ་ཐུག་ཐག་ཆོད་པ་མཛད། ཞལ་གྱིས་ནི། ང་སེམས་ཕྱོགས་ཁོ་ན་སྒྲུབ་པ་ཡིན་གསུང་ནས་སེམས་ཕྱོགས་གཅིག་པུ་ལས་མི་བཞེས་ཏེ། ཉན་སེམས་དང་འཆད་ཉན་ཐམས་ཅད་སེམས་ཕྱོགས་ཁོ་ན་ལ་མཛད་པ་ཡིན། སེམས་ཕྱོགས་ཇི་ལྟར་གསན་པའི་ཚུལ་ནི། རྒྱུད་ཀྱི་སྐོར་ལ། ཀུན་བྱེད་མདོ་བཅུ་ལ་སོགས་པ་སེམས་ཕྱོགས་ཀྱི་རྒྱུད་སྡེ་ཆེན་པོ་ཉི་ཤུ་རྩ་བཞི་གསན། རྩ་བ་སེམས་སྡེའི་སྐོར་ལ། རྩ་བ་བཅོ་བརྒྱད་ལ་སྐོར་ལུགས་རོང་ལུགས་ཁམས་ལུགས་ལ་སོགས་པ་ཀུན་གྱི་བཤད་སྲོལ་ལུགས་མི་གཅིག་པ་བཅུ་བཞི་གསན། བཤད་དུ་གཏུབ་པ་བཅུ་བཞི་ཡོད་གསུང༌། རྫོགས་ཆེན་རོང་ལུགས་ཀྱི་སྒོམ་ཡིག་ཆེན་པོ་རྣམས་ལ། རྣལ་འབྱོར་རིག་པའི་ཉི་མ་དང། བསམ་གཏན་མིག་གི་སྒྲོན་མ་དང༌། བསམ་གཏན་སྙིང་གི་ཉི་མ་དང༌། གདར་ཤ་དང་གཟེར་བུ་དང༌། ཞུས་ལན་ཁུངས་ཀྱིས་གདབ་པ་དང༌། རྡོ་རྗེ་སེམས་དཔའི་ཞུས་ལན་ལ་སོགས་པ་སྒོམ་ཡིག་ཆེན་མོ་ཕལ་ཆེར་གསན། གདམས་པ་སྙན་བརྒྱུད་ཀྱི་སྐོར་ལ། སྐོར་ལུགས་རོང་ལུགས་ཁམས་ལུགས་གསུམ་གྱི་གདམས་ངག་རྣམས་དང༌། གཞན་ཡང་བྲམ་ཟེ་སྐོར་གྱི་སྙན་བརྒྱུད་རྣམས་དང༌། སྐེ་ཚང་དང་རྫོང་འཕྲང་བསྙན་བརྒྱུད་དང༌། ཀློང་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཅིག་གསན་ཏེ་ཐོས་བསམ་གྱི་སྒྲོ་འདོགས་ཆོད་པར་མཛད་པ་ཡིན་ནོ། སྤྱིར་དགུང་ལོ་བཅུ་གསུམ་ལོན་ནས་སློབ་གཉེར་མཛད། བཅུ་དྲུག་མན་ཆད་ལོ་གསུམ་དམ་པའི་སར་བཞུགས། དེ་ནས་ལྷ་ཁང་དུ་བྱོན། བླ་མ་མྱང་སྟོད་དུ་ལྷ་རྗེ་སྣུབས་སྨན་བྱ་བས་ཆོས་འཁོར་ཚུགས་པའི་ཚེ་ཞར་ཆོས་མཛད་ནས། དགུང་ལོ་བཅུ་དྲུག་ལ་བཤད་པ་མཛད་དེ། སྐོར་ལུགས་སྟོང་ཐུན་གསུངས་པས་མཁས་པའི་ཐོག་ཆོད། ལྷ་རྗེ་བསྣུབས་སྨན་ན་རེ། དབུས་པའི་ཇོ་སྲས་ཁྱོད་ངའི་རྟ་ཁྱུང་ཕྲུག་ཁ་ཆེ་དང་འདྲ་བ་འདུག་ཟེར་ཏེ། ནས་ཁལ་བཅུ་གཅིག་གི་ཕོགས་བྱས་སྐད། དེ་ནས་ཆོས་མགོ་ཐོན་ནས་གྲགས་པས་ཁྱབ་ཀྱང་དགུང་ལོ་སུམ་ཅུ་མན་ཆད་སློབ་གཉེར་མཛད་དེ། བླ་མ་ལྷ་ཁང་པའི་ཞབས་དྲུང་དུ་ལོ་བཅུ་བཞི་བཞུགས། བར་སྐབས་ཀུན་ཏུ་ཞང་པོའི་གདན་ས་སེ་སྦྲག་ཏུ་བཞུགས་ཏེ། སྒོམ་སྒྲུབ་དང་བཤད་པ་བག་རེ་ཡང་མཛད། དེ་ལྟར་སློབ་གཉེར་ཚར་བ་དང༌། གཟད་ནས་ཡབ་ཀྱི་སློབ་མ་བན་རྒན་བླ་འདོས་བྱ་བ་ཅིག་ཡོད་པས་གདན་དྲངས་ཏེ་བྱོན་ནས། ཆེ་འདོན་གྱི་ཚུལ་ཙམ་ཞིག་མཛད་དེ། འུག་སྐད་དགོན་པ་ལ་སོགས་པ་གཟུང༌། གཙང་དུ་སེ་སྦྲག་དང་ཆོས་སྡིངས་ལ་སོགས་པ་མང་དུ་གཟུང་སྟེ། སྐུ་བསོད་རྒྱས་པ་ལ། དེ་ཡང་དམ་པ་སེ་སྦྲག་པའི་སྒོམ་མ་རྣལ་འབྱོར་མ་ཤཱཀྱ་གཉན་ཤཱཀ་འོད་ཨ་སྟག་འོད་ལྡན་དང་བཞིས། ངེད་ཀྱིས་སེ་སྦྲག་ལ་མི་ཐར་བར་འདུག་པས་རི་སྒབ་འདིར་ངལ་བསོས་ཅིག་བྱེད་ཟེར་ནས་ཆོས་སྡིངས་བརྩིགས་པ་ལ། དེའི་དུས་སུ་བླ་མ་ཞང་འཚལ་བའི་སློབ་མ་གཙང་སྒོམ་སྒྲུབ་ཧྲུལ་པོ་བྱ་བ་ཅིག་ཏི་སེ་ལ་འགྲོ་བའི་ཡར་ལམ། ཞིག་པོའི་སྤྱན་སྔར་བྱོན་བླ་མ་ཞང་གི་ལོ་རྒྱུས་མང་དུ་བཤད་པས། མཇུག་ཏུ་དད་པར་བྱུང་ནས་གདན་དྲངས་ཏེ་ཆོས་འཁོར་བཙུགས། ཆོས་འབྲེལ་མ་ཞུས་ཀྱང་བློ་བྱིན་གྱིས་བརླབས་པའི་བླ་མ་ཡིན་གསུང་ནས། མོས་གུས་དང་ཞབས་ཏོག་ཆེ་བར་མཛད། དེའི་ཚེ་བླ་མ་ཞང་གི་ཞལ་ནས། ཁྱོད་ཀྱི་དགོན་པ་འདི་ཆུ་ཤིང་འཛོམ་པར་མི་འདུག་སྟེ། མི་འདུ་བ་འགྲོ་བ་ལ་ཕན་ཐོགས་པ་ཅིག་འོང་བར་འདུག་པས། ཆོས་སྡིངས་སུ་ཐོགས་གསུང་ནས། དགོན་པའི་མིང་ཞང་གིས་བཏགས། དེའི་དུས་སུ་མི་རྣམས་ན་རེ། ཆོས་ལྷ་ཁང་ལ་ཉན་ནས་ཞབས་ཏོག་འཚལ་པ་ལ་བྱེད་པར་འདུག་ཟེར་སྨྲ་བ་ལ། བླ་མ་ལྷ་ཁང་པས་ནས་ཁལ་ཉི་ཤུ་ཙམ་དང་ཤ་མར་ཁ་ཡར་བསྐུར་ཏེ། ཁྱོད་བླ་མ་བཟང་པོ་གདན་དྲངས་ནས་ཆོས་འཁོར་འཛུགས་པ་ལ། ངས་ཀྱང་འཐུད་བྱེད་དགོས་པ་ཡིན་ཏེ་ལས་མ་འབྱོར་གསུངས་པས། མི་རྣམས་ཁ་སྨྲས་ཀྱང་འཕྲོ་ཆད། ང་རང་ཡང་བླ་མ་རྙིང་པ་ལ་མོས་གུས་གསར་པ་སྐྱེས་གསུང༌། དེ་ལྟ་སྐུ་བསོད་རྒྱས་ཤིང་ཐུགས་དགོངས་ནས་ནམ་མཁའ་ལྟ་བུ་ལ་ཐུགས་རྗེའི་ཉི་ཟླ་ལྟ་བུར་ཤར་ནས་སྙན་པའི་གྲགས་པས་ཕྱོགས་མཚམས་ཐམས་ཅད་དུ་ཁྱབ་ཅིང༌། གདུལ་བྱའི་ཚོགས་བསམ་གྱི་མི་ཁྱབ་པ་འདུས་ནས་བླ་མའི་ཞབས་ཏོག་དང་འགྲོ་བའི་དོན་རྒྱ་ཆེན་པོ་དཔག་ཏུ་མེད་པ་མཛད་དོ། དེ་ཡང་བླ་མ་མཉེས་པ་གསུམ་གྱིས་མཉེས་པ་མཛད། གུས་པ་གཞུང་བཞིན་དུ་སྐད་ཅིག་ཀྱང་མི་འགལ་བར་མཛད། ངས་བླ་མའི་ཞབས་དྲུང་ནས་འགྲོ་བ་ལ་ཞབས་སྤྱི་བོར་མ་བླངས་པར་འགྲོ་མ་མྱོང་གསུང༌། གསེར་གྱི་རྒྱས་འབྲིང་རྣམ་གསུམ་ལ་སོགས་པ་མདོ་ཚར་བཅུ་བདུན་གྱིས་སྣ་དྲངས་པའི་ཆོས་དང་ཟང་ཟིང་གི་ཞབས་ཏོག་བསམ་གྱིས་མི་ཁྱབ་པ་མཛད། ཐུགས་དགོངས་ཇི་ལྟ་བ་བཞིན་ལོངས། རྟོགས་གྲོལ་དུས་གཅིག་ལ་བྱུང༌། རྫོགས་ཆེན་རང་སྣང་རིས་མེད་ཀྱི་དགོངས་པ་ཤར་ནས་ས་རྡོ་རི་བྲག་ཐམས་ཅད་ལ་ཐོགས་མེད་དུ་འགྲོ་ནུས་པ་བྱུང༌། མི་མ་ཡིན་གྱིས་སྐོར་བ་བྱེད་པ་གཟིགས། མངོན་པར་ཤེས་པ་མངའ་བའི་ལོ་རྒྱུས་མང་དུ་ཡོད། གཟད་ཕུའི་ད་ལུང་དགོན་པར་བཞུགས་པའི་ཚེ་ཕ་ཝོང་ལ་ཐིམ་པ་དང༌། སྲིན་པོ་རིར་གྱང་ལ་ཐོགས་མེད་དུ་གཤེགས་པ་ལ་སོགས་པ་མང་ངོ༌། སྐྱེས་བུ་ཆེན་པོ་འདིས་བྱང་ཕྱོགས་ཀྱི་རྒྱུད་གངས་རིའི་ཁྲོད་འདིར་ཡུལ་ཕྱོགས་ཐམས་ཅད་དུ་བྱོན་ནས། སྐྱེ་དགུ་རྣམས་ཆོས་ལ་བསྒྱུར་ནས་ཐར་པའི་ལམ་ལ་བཀོད། རྗེས་སུ་ཕྲིན་ལས་སྒྲུབ་པའི་དགེ་བའི་བཤེས་གཉེན་བསམ་གྱིས་མི་ཁྱབ་པ་བྱུང་སྟེ། ཉི་ཟླ་ལྟར་གྲགས་པ་ཡིན་ནོ། གཞན་ཡང་བསྟན་པའི་བྱ་བ་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང༌། གསོ་བ་དང་།གཞན་དག་བཞེངས་པ་ལ་ཡོ་བྱད་གཏོང་བ་ལ་སོགས་པ་དཔག་ཏུ་མེད་པ་མཛད། རྒྱ་གར་ནས་བྱོན་པའི་ལོ་པཎ་མཁས་པ་རྣམས་ཀྱི་ཞབས་ཏོག་མཛད། བསྟན་པའི་བདག་པོ་སྔགས་མཚན་ཉིད་ཀྱི་སྡེ་སྣོད་འཛིན་པ་ཆེན་པོ་རྣམས་ཀྱི་ཞབས་ནས་འདེགས། འཇིག་རྟེན་གྱི་བྱ་བ་སྤངས་ནས་སྒོམ་སྒྲུབ་མཛད་པ་དང༌། སེམས་ཅན་དབུལ་ཞིང་ཕོངས་པ་ཀུན་གྱི་སྦྱིན་བདག་མཛད། རྒྱ་གར་དང་རྒྱ་ནག་དང་བལ་པོ་ལ་སོགས་སྐད་རིགས་མི་གཅིག་པའི་སྐྱེ་བོ་ཀུན་ཀྱང་འདུས་ཤིང༌། ཐམས་ཅད་ཀྱི་དགོས་འདོད་འབྱུང་བའི་གནས་སུ་གྱུར་ཏེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལྟ་བུ་ཡིན་ནོ། གཞན་ཡང་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐྱེ་བའི་གནས། མེ་བདུན་ཆུ་གཅིག་ལ་སོགས་པས་ཀྱང་གཞིག་པར་མི་ནུས་པའི་གནས། བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེའི་གདན་ལ་མཆོད་པ་ལན་གསུམ་བསྐྱལ། སྟོན་པའི་སྐུ་ཚབ་ལྷ་སའི་ཇོ་བོ་རྣམ་གཉིས་ཀྱི་ཞབས་ཏོག་ལན་བཞི་མཛད། དེ་ལ་སོགས་པའི་འགྲོ་བ་རྣམས་ལ་དངོས་དང་བརྒྱུད་པས་ཕན་གདགས་པའི་ཕྲིན་ལས་དཔག་ཏུ་མེད་པ་མཛད་དེ། བྱང་ཕྱོགས་ཀྱི་རྒྱུད་འདིར་རྩོད་མེད་དུ་གྲགས་པ་ཡིན་ནོ། ལྷ་སའི་རྡོ་རགས་ལན་བཞི་མཛད་པའི་ཕྱི་མ་ལ་གཤེགས་སྐྱེམས་ཀྱི་དུས་སུ། འཁོར་ཚོས་ཆང་འཐབ་བརྒྱབ་པས་ཐུགས་ལོག་སྟེ། ཁྱོད་ཚོ་ངས་སུན་འདུག་སྟེ་ང་ཡང་ཁྱེད་ཚོས་སུན་འདུག་ཅིག །ངས་ག་ཤེད་ཅིག་ལ་ཁྱེད་ཚོས་མིག་གིས་མི་མཐོང་རྣ་བས་མི་ཐོས་པ་ཅིག་བྱ་ཡིས་གསུང་སྟེ། དགུང་ལོ་ལྔ་བཅུ་རྩ་གཅིག་བཞེས་པ་ས་མོ་ལུག་གི་ལོ་ལ་གཤེགས་ཏེ། དེ་ཡང་གསང་ཕུའི་རྒྱ་ར་གད་ལོགས་ཀྱི་དགོན་པར་སྐུ་གཤེགས་ནས། སྤུར་ཆབ་ལ་གདན་དྲངས་ནས་བཟད་དུ་འུག་སྐད་དགོན་པར་ཟླ་བ་བཞི་བཞུགས། དེ་ནས་ཐང་སྐྱར་གདན་དྲངས། ས་རབ་ཏུ་གཡོས། མདུན་གྱི་ཡོན་ཆབ་ཀྱི་སྣོད་ནང་ནས་འཇའ་ཚོན་ལྟ་བུའི་པདྨའི་སྡོང་པོ་སྐྱེས་ཏེ། ཞག་གསུམ་གྱི་བར་དུ་ཀུན་གྱིས་མཐོང་བ་བྱུང༌། ནང་པར་སྤུར་སྦྱོང་བའི་སྲོད་ལ་ཉི་ཟླ་དུས་གཅིག་ལ་ཤར་བ་མཐོང་བ་དང༌། སྤུར་སྦྱངས་པའི་ཚེ་ན་སྒྲ་དང་འོད་དང་འཇའ་ཚོན་དང་སྐུ་དང་ཡིག་འབྲི་དང་མཆོད་རྟེན་དང་རིང་བསེལ་གྱི་ཚོགས་དཔག་ཏུ་མེད་པ་བྱོན། བཙན་པོ་དང་དབོན་པོ་དང་སློབ་མར་གྱུར་པ་རྣམས་ཀྱིས་སྐྱེས་བུ་ཆེན་པོ་དེའི་གདན་སར་དགོངས་ནས། གཟད་ཐང་སྐྱའི་གཙུག་ལག་ཁང་བཞེངས་ཤིང༌། ཆོས་གསུངས་པ་དང་བཞུགས་པའི་གདན་ས་ཆེ་ཆུང་ཀུན་ཏུ་ཡང་སྐུ་གསུང་ཐུགས་ཀྱི་རྟེན་མང་དུ་བཞེངསསོ། །ཞིག་པོ་ལ་སློབ་མ་མང་ཡང་ཐུགས་སྲས་སུ་གྱུར་པ་ནི། རྟ་སྔོན་ཇོ་ཡེས་དང༌། མ་ཧཱ་ལྷུན་པོ་དང༌། མཁས་པ་ཇོ་མན་དང༌། དབུས་པ་ཇོ་བསོད་དང༌། བཟང་སྟོན་ཧོར་གྲགས་དང༌། གཉོས་སྟོན་བླ་མ་དང་དྲུག་ཏུ་གྲགས་པ་ལ། དེའི་ནང་ནས་ཀྱང་གདམས་པའི་བཀའ་བྱོ་ཞིང༌། མཁྱེན་པའི་བཅུད་ཐོབ་པ། ཐུགས་ཟིན་གྱི་སྲས་ཀྱི་ཐུ་བོར་གྱུར་པ་རྟ་སྟོན་ཇོ་ཡེ་ཡིན། དེ་ཡང་མེས་པོ་རྟ་བོན་དབང་གྲགས་བྱ་བ་ཆོས་དང་ཡོན་ཏན་གཉིས་ཀ་བྱེད་པའི་བུ་ནོར་དབང་གསུམ་འཛོམ་པ། གཡུ་རུ་སྟོད་ཀྱི་བདག་པོ་བྱེད་པ་ཞིག་ལ། བུ་བརྒྱད་བུ་མོ་གཉིས་སྟེ་བཅུ་ཐམ་པ་ཡོད། བུ་བརྒྱད་ཀྱི་ཆུང་ཤོས་རྟ་སྟོན་ཇོ་འབུམ། དེའི་བུ་ཇོ་ཡེསསོ། །ཇོ་འབུམ་གྱིས་ཆུང་དུས་སུ། གཟད་ཀྱི་གྲུབ་བུ་ལུང་པའི་བླ་མ་མདའ་བྱང་ཆུབ་སེམས་དཔའི་སྤྱན་སྔར། པོ་ཏོ་བའི་བཀའ་གདམས་ཀྱི་ཆོས་རྣམས་གསན། དེ་ནས་རང་ཡུལ་དུ་བཞུགས་ཏེ། འཁོར་འབངས་དང་ཡུལ་གཞིས་ཤིན་ཏུ་འཛོམས་པར་ཡོད་པ་དེ་དག་ལ་སྐྱོ་བ་སྐྱེས་ཞེན་པ་ལོག་ནས། གཡོག་བཞི་ཁྲིད་དེ་ལྷ་རྗེ་གླན་ཉ་ཚལ་བའི་ཐུགས་སྲས་གཉོས་ཆུ་བོ་རི་པའི་སྤྱན་སྔར་བྱོན་ཏེ། དཔོན་གཡོག་ལྔས་སྟབས་གཅིག་ཏུ་ཆོས་སྒོར་ཞུགས་ནས། སྔགས་རྙིང་མའི་ཆོས་མང་དུ་གསན། ཁྱད་པར་དུ་རྫོགས་ཆེན་སྐོར་ལུགས་གཞུང་གདམས་ངག་དང་བཅས་པ་ལ་ཤིན་ཏུ་མཁས་པར་གྱུར། བླ་མ་ཕག་མོ་གྲུ་པའི་སྤྱན་སྔར་བྱོན་ནས་ལམ་འབྲས་དང་ཕྱག་རྒྱ་ཆེན་པོའི་གདམས་པ་མ་ལུས་པ་གསན། གཞན་ཡང་དབུ་རུ་སྟོད་ཀྱི་བླ་མ་འཚར་སྟོན་ལ་ཕྱག་རྒྱ་ཆེན་པོ་སྒང་ལུགས་ཀྱི་དོ་ཧ་སྐོར་གསུམ་ཉན། ཟངས་རི་འབྲོ་རས་ལ་ལོ་རོ་རས་ཆུང་པའི་ཆོས་སྐོར་རྣམས་གསན། ནང་སྟོན་མགོན་པོ་ལ་རྣམ་འཇོམས་དང་ཕུར་པ་གསན། དམར་སྟོན་འཇམ་ལ་བདེ་མཆོག་གསན། བདེ་མཆོག་གི་དབང་བརྒྱ་རྩ་བརྒྱད་ཞུས། དེ་ལྟར་བླ་མ་མང་དུ་བསྟེན་ཀྱང༌། གཉོས་ཆུ་བོ་རི་བ་དང༌། ཕག་མོ་གྲུ་པ་ལ་རྩ་བའི་བླ་མར་འཛིན། གསན་པ་ཐུགས་ཐག་ཆོད་པ་དང་ཆུ་བོ་རི་ལ་བཞུགས་ཏེ་སྒྲུབ་པ་མཛད། གདུལ་བྱའི་ཚོགས་ཀྱང་མང་དུ་འདུས་ཏེ། གཞན་དོན་རྒྱ་ཆེར་བསྐྱངས། དེ་ལ་སྲས་རྟ་སྟོན་ཇོ་ཡེས་དང༌། དབུས་པ་ཇོ་བསོད་དོ། ཇོ་ཡེས་ཀྱིས་ལོ་བཅུ་གཉིས། ཇོ་བསོད་ཀྱིས་ལོ་བདུན་ལོན་པ་ལ། ཡབ་ཇོ་འབུམ་ལྔ་བཅུ་རྩ་གཅིག་པ་རྟ་ལོ་ཆོ་འཕྲུལ་གྱི་ཚེས་བཅུ་གསུམ་ལ་འདས། ཇོ་བསོད་ཀྱིས་ཞིག་པོའི་དྲུང་དུ་ཕྱིན་པས་ཐུགས་ལ་བཏགས་ནས་སེམས་ཕྱོགས་ཀྱི་རྒྱུད་གདམས་ངག་རྫོགས་པར་གནང༌། ཞིག་པོའི་ཞལ་ནས་ཁྱོད་ཆོས་ལ་ནན་ཏན་བྱེད་པར་སྣང་བས་ངའི་བླ་མའི་སར་བསྐྱལ་ཅིག །དེར་སོང་ལ་རྒྱ་ཆེར་ཉོན་གསུངས་ནས། ལྷ་ཁང་ཆེན་པོ་ལ་གཏན་ནས་མདོ་སྒྱུ་འཕྲུལ་སེམས་གསུམ་མ་ལུས་པར་གསན། ཞིག་པོ་དང་ལྷ་ཁང་པའི་ཐུགས་སྲས་དབུས་པ་ཇོ་བསོད་ཅེས་གྲགས་པ་མཁས་པའི་ཕུལ་དུ་ཕྱིན་ཏེ། སུམ་ཅུ་རྩ་གཅིག་ལ་འདས། རྟ་སྟོནཇོ་ཡེས་དགུང་ལོ་བཅུ་གཉིས་ལ་བླ་མ་དམར་སྟོན་འཇམ་གྱི་སར་བྱོན་ཏེ། བདེ་མཆོག་དང་ཕྱག་ན་རྡོ་རྗེ་བདུད་རྩི་ཐིགས་པའི་ཆོས་སྐོར་ཞུས་ཤིང༌། གཟུངས་རིང་ལ་བསྙེན་པ་ལོ་གཉིས་མཛད། བདེ་མཆོག་གི་དབང་ཡབ་དང་ལྷན་དུ་བརྒྱ་རྩ་བརྒྱད་ཞུས། ཕྱིས་ཐོབ་པ་དང་སྦྲགས་པས་བརྒྱ་དང་བཅུ་དྲུག་ཞུས། ཁ་རག་སྟོན་སྙིང་གི་སར་སྒྱུ་འཕྲུལ་ལོ་གཉིས་གསན། བླ་མ་རྩགས་དང་སེ་དུར་ལུང་པ་གཉིས་ལ་རྫོགས་ཆེན་སྐོར་ལུགས་གཞུང་གདམས་ངག་དང་བཅས་པ་ཞུས། དགུང་ལོ་བཅུ་དྲུག་ལ་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལ་བཤད་པ་མཛད། བཅུ་དྲུག་གི་ཞབས་ལ་ངམས་ཤོད་སྨད་དུ་བྱོན་ཏེ། ཡབ་ཀྱི་སློབ་མ་རྗེ་བཙུན་ཧགས་ལ་ཕྱག་རྒྱ་ཆེན་པོ་སྒང་ལུགས་གསན། བླ་མ་ཟངས་རི་རྒྱ་རས་ལ་ལོ་རོ་རས་ཆུང་པའི་ཆོས་སྐོར་རྣམས་དང༌། དགྱེས་རྡོར་མེས་ལུགས་དང༌། འཇམ་དཔལ་གསང་ལྡན་དང༌། བདེ་མཆོག་ལཱུ་ཡི་པ་དང༌། མཚོ་སྐྱེས་རྡོ་རྗེའི་སྒྲུབ་ཐབས་དང༌། ལམ་འབྲས་ཞམ་ལུགས་དང༌། ཞི་བྱེད་ལུགས་གསུམ་ག་གསན། ཁྱད་པར་སྐམ་ལུགས་གཙོ་ཆེ། ཆོས་སྐྱོང་ཏྲག་སང་ལ་སོགས་པ་ཞུས། བླ་མ་ཟངས་རི་བའི་མཁྱེན་པ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན། བླ་མ་རླུང་ཕྱག་དུམ་ལ་ཕྱག་རྒྱ་ཆེན་པོ་རླུང་གི་ལུགས་གཞུང་རྩ་བའི་སྐོར། སྟོང་ཐུན་གདམས་ངག་གི་སྐོར། ཕག་མོ་བྱིན་རླབས་ཀྱི་སྐོར་དང་གསུམ་སྟེ། དེ་ལྟར་དོ་ཧ་སྐོར་གསུམ་དུ་གྲགས་པའི་ཆོས་སྐོར་མ་ལུས་པ་དང༌། གཏོར་རྒྱུད་ཆེན་པོ་གསན། མགོན་པོ་སྟག་ཞོན་གྱིས་སྣ་དྲངས་པའི་བསྟན་སྲུང་གི་སྐོར་བསམ་གྱིས་མི་ཁྱབ་པ་གསན། གྲུབ་ཐོབ་མལ་བྱེ་ཚང་པ་ལ་ཀ་ཀི་ནིའི་སྐོར་ཞུས། དེ་ལྟར་ངམས་ཤོད་སྨད་དུ་གསན་པ་མཛད་ཅིང་ལོ་བདུན་ལྷག་ཅིག་བཞུགས། ཉི་ཤུ་རྩ་བཞི་ལ་ཡར་བྱོན་ཏེ། སློབ་དཔོན་ཇོ་བསོད་བཅུ་དགུ་ལ་གཙང་ནས་མར་བྱོན་པ་དང་གུང་བསྟུན་ནས་སྐུ་མཆེད་གཉིས་ཆེ་འདོན་མཛད། གཤེགས་སུན་ཚར་བ་དང་ཁོང་གཙང་དུ་གཤེགས། ཇོ་ཡེས་ཀྱིས་ནང་སྟོན་ཇོ་འཁྱམས་ལ་ཕུར་པ་གསན་ཏེ། ཆུ་བོ་རིར་བཞུགས་ནས་སྒྲུབ་པ་མཛད། དེ་ནས་ཞིག་པོའི་དྲུང་དུ་བྱོན་པ་ཡིན་ཏེ། དང་པོ་ཆོས་ཞུ་བའི་རྟོག་པ་མེད། ཆོས་ཀྱང་ང་རང་མཁས། གདམས་ངག་ཀྱང་ང་རང་ཆེ། ཁོང་སྙན་པ་དང་གྲགས་པ་ཆེ་བར་འདུག་པ་དང༌། ནུ་བོའི་སློབ་དཔོན་ཡིན་པས་མཇལ་ཕྲད་ཀྱི་རྣམ་གཞག་ཅིག་ཀྱང་བྱ་སྙམ་ནས། ཞལ་བལྟ་ཞིང་རྣམ་གཞག་ལ་བྱོན་པས། ཞིག་པོ་བདུད་རྩི་འུག་སྐད་དགོན་པ་ན་བཞུགས་པ་དང་མཇལ། ཞལ་མཐོང་བ་དང་གུས་པ་རང་དབང་མེད་པ་སྐྱེས་ནས། ནང་པར་འགྲོ་ཙ་ནའང་ཞབས་དྲུང་དུ་འོང༌། གུས་པར་བྱུང་བས་ཐུགས་ཀྱིས་གཟུང་བར་ཞུ། ཞུས་པས། མོས་པར་བྱུང་ངམ་གསུང༌། ཤིན་ཏུ་མོས་པ་བྱུང་ཞུས་པས། འོ་ན་ལས་འཕྲོ་ཡོད་པ་ཡིན་པས་ད་ལྟ་རང་ནས་སྡོད། འཁོར་བའི་མཚན་ཉིད་མི་རྟག་པ་ཡིན་པས་ཕྱིས་ཀུན་ཇི་ལྟར་འོང་ཆ་མེད་གསུང༌། ད་རེས་སྡོད་རྩིས་མེད་པས་ཆ་རྐྱེན་ཅི་ཡང་ཁྱེར་མ་ཡོངས་ཞུས་པས། འདིར་འོང་བ་ལ་རྒྱགས་ཕྱེ་ཁུར་ནས་འོང་བ་སུ་ཡང་མེད། ཁྱོད་གཅིག་པུ་ལ་ཆ་རྐྱེན་ལོགས་པ་ག་ན་དགོས་གསུང་དེ་ནས་དེའི་ཚེ་རང་ནས་ཞབས་དྲུང་དུ་བཞུགས་ཏེ་ཆོས་གསན་པ་ལས། དེ་ཡང་རྒྱུད་ཀྱི་སྐོར་ལ། ཀུན་བྱེད་རྒྱལ་པོ་མ་བུ་སུམ་བསྐོར། བཤད་རྒྱུ་མདོ་བཅུ། འཁོར་བ་རྩད་གཅོད་ཀྱི་རྒྱུད་ལ་བཤད་རྒྱུད་སྡེ་བཞི། རྩ་བ་འགྲེལ་པ་རྒྱན་ཆོས་མན་ངག་དང་བཅས་པ་གསན། རྩ་བ་བཅོ་བརྒྱད་ཀྱི་བཤད་སྲོལ་ལ་ཟབ་པ་གཞུང༌། གབ་པ་མངོན་དུ་ཕྱུངས་ཏེ་མན་ངག་སྒོམ་སྡེབས་སུ་བཤད་པ། དེའི་སྒོམ་འགྲེལ་སྙིང་གི་ཉི་མ་དྲུག །ཡང་སྙིང་རིག་པའི་ཉི་མ་དྲུག་སྙན་རྒྱུད་སྤྲོ་བ་ནག་པོའི་ཆོས་སྐོར་དང་བཅས་པ། སྒོམ་ཡིག་ཆེན་མོ། རིག་ཉེ། མིག་སྒྲོན། གདར་ཤ གཟེར་བུ་རྣམས་གསན། གདམས་པ་སྙན་བརྒྱུད་ཀྱི་སྐོར་ལ། སྐོར་ལུགས་རོང་ལུགས་ཁམས་ལུགས་གསུམ་གྱི་གདམས་ངག་ཕྱག་བཞེས་ཁྲིད་དང་བཅས་པ་རྣམས་ལ་ནན་ཏན་ཆེར་མཛད། ཞིག་པོའི་ཞབས་ལ་གཏུགས་ཤིང༌། གསུང་གི་ཆུ་རྒྱུན་དྲི་མ་མེད་པ་ལེགས་པར་འཐུངས་པས་ཐུགས་དགོངས་ལོངས། བྱིན་རླབས་ཞུགས། རྟོགས་གྲོལ་དུས་གཅིག་ཏུ་གྱུར་པ་ལགས། ཆོས་སྐུ་རང་ལ་གནས་ཀྱང་རང་ངོ་མ་ཤེས་པ། ཐོག་མ་མེད་ནས་འཁྲུལ་ལུགས་བསམ་མི་ཁྱབ། ལས་འཕྲོ་སད་དམ་བསགས་པའི་སྟོབས་ཀྱིས་སུ། མཚན་ལྡན་བླ་མ་གསང་སྔགས་ཟབ་མོ་དང་མང་དུ་མཇལ་ཏེ་ཐོས་པ་བག་རེ་བྱས། སེམས་ཀྱི་སྒྲོ་འདོགས་ཞིག་པོའི་དྲུང་དུ་ཆོད། མཉམ་མེད་རིན་ཆེན་དེ་ཡི་ཐུགས་ཀྱི་བཅུད། བརྒྱུད་པ་བཞི་ལྡན་གདམས་ངག་ཟབ་དགུ་གནང༌། ཞེས་ཀྱང་གསུང༌། དེ་ལ་སྤྱིར་སྐྱེས་བུ་འདི་ནི་ཐོག་མ་ནས་སྔོན་སྦྱངས་ཀྱི་བསགས་པ་དང་ལྡན་པས་རིགས་རྒྱུད་དང་ཤེས་རབ་གཞན་ལས་ཁྱད་པར་དུ་འཕགས་པ། སྐུ་གཞོན་ནུ་ནས་བླ་མ་མཁས་གྲུབ་མང་པོའི་ཞབས་དྲུང་དུ་གཏུགས་པས་མཁྱེན་པའི་ནོར་བུ་ཕུན་སུམ་ཚོགས་པ་དང་ལྡན་པ། རྒྱུད་གདམས་ངག་མཐའ་དག་གི་དོན་ཐུགས་སུ་བྱོན་ཤིང་རྗེ་གོང་མ་རྣམས་ཀྱི་བྱིན་རླབས་ཞུགས་པས་སྣང་བ་ཆོས་ཉིད་ཀྱི་དཀྱིལ་འཁོར་དུ་རྟོགས་པ། འཇིག་རྟེན་གྱི་སྒྲོ་བཀུར་ལ་ཉམ་མི་ང་བས་ཚུལ་འཆོས་མེད་པའི་སྤྱོད་པ་མཛད་པ། དུས་ཐམས་ཅད་དུ་བླ་མའི་གུས་པ་དང་མ་བྲལ་བས་བླ་མའི་འཕྲིན་ལས་སྒྲུབ་པ་དང༌། གདན་སའི་ཞབས་ཏོག་མཛད་པ་ལ་སྐྱོ་ངལ་མེད་པ། ཐུགས་བརྩེ་བ་ཆེན་པོའི་སེམས་བསྐྱེད་དང་ལྡན་པས་རང་གཅིག་པུའི་ཞི་བདེའི་བློ་མ་སྐྱེ་བར་ཞི་དྲག་གི་ཕྲིན་ལས་ཀྱིས་གང་ལ་གང་འདུལ་དུ་སེམས་ཅན་གྱ་དོན་མཛད་པ། མཛད་པ་གང་ལྟར་སྤྱོད་ཀྱང་ཆོས་ཉིད་ཀྱི་རྟོགས་པ་ལས་གཡོ་འགུལ་མེད་པ་རི་བོ་ལྟ་བུའི་རྟོགས་ལྡན་གྱི་རྒྱལ་པོ་ཡིན་ནོ། དེ་ལ་སྤྱིར་རྟ་སྟོན་ཇོ་ཡེས་འདི་ཆུ་མོ་ལུག་ལ་འཁྲུངས། ལོ་ཉེར་ལྔ་ལ་ཞིག་པོ་དང་མཇལ། སོ་བདུན་ལ་ཞིག་པོ་གཤེགས། དེའི་བར་དུ་ལོ་བཅུ་གཅིག་དབུ་སྔས་སྦྲེལ། ཞག་གཅིག་ཀྱང་མ་བྲལ་བར་ལོ་བདུན་བསྟེན། མཉེས་པ་གསུམ་གྱིས་མཉེས་པར་མཛད། ཐུགས་དགོངས་གཉིས་སུ་མེད་པར་འདྲེས། བླ་མ་ཅི་མཉེས་བྱེད་པ་ཅི་བསམ་གྲུབ་པར་གྱུར་ཅིག་གསུང་བ་ལན་གསུམ་ཐོབ། སྤྱིར་བླ་མ་ཐམས་ཅད་ལ་ཞབས་ཏོག་མ་གྲུབ་པ་མེད། ཁྱད་པར་ཞིག་པོ་ལ་ཡུལ་གཞིས་ཐམས་ཅད་བཙོངས་ནས་སྤོང་ཐག་བྱས་ཏེ་ཆོས་འཁོར་ལན་བཞི་བཙུགས། སྔ་ཕྱི་བསྡོམས་པས་རྟ་བཟངས་བདུན་ཅུ་རྩ་བཞི་ཕྱག་ཏུ་སོང༌། གདམས་པ་གསུང་སྒྲོས་ཐམས་ཅད་ཡི་གེར་བཀོད་པས་ཕྱི་རབས་རྗེས་འབྲངས་རྣམས་ལ་དྲིན་ཆེ་བ་ལགས། དེ་ལྟར་ཆོས་ཞུ་བའི་སྤྲོས་པ་རྣམས་ཆོད་ནས། ཡུལ་ག་ཤེད་ཅིག་ཏུ་ཕྱིན་ལ་ནགས་ཁྲོད་དམ་རི་སུལ་མིས་མི་མཐོང་རྣ་བས་མི་ཐོས་པ་ཞིག་ཏུ་དངོས་གྲུབ་ཐོབ་པ་མ་བྱུང་ཡང༌། འདིར་སོང་དང་འདིར་ཤི་མེད་པ་ཞིག་བྱ་དགོས་སྙམ་ནས་དཔེ་རྣམས་ཀྱང་ཡིག་ཆུང་འབའ་ཞིག་བྲིས་པ་ཡིན་ཏེ། ཞིག་པོ་བཞུགས་དུས་ཞིག་པོས་མ་གནང༌། དེ་རྗེས་སུ་དཔོན་སེང་གེ་རྒྱལ་དང་སློབ་དཔོན་སྤྲུལ་སྐུ་རྒྱལ་གཉིས་ཀྱི་གསུང་གཅོག་མ་ཕོད་པ་དང༌། གདན་སའི་བྱ་བ་ཡང་གཅིག་ཕྱིར་གཉིས་བཏུད་ནས་བྱུང་བར་བློས་མ་ཐོངས་པས། རྒས་ཁར་བུ་སྨད་ཀྱི་ཕ་རྒན་འདི་འདྲ་བ་ཅིག་བྱུང་གསུང༌། འོན་ཀྱང་བླ་མའི་ཞབས་ཏོག་འབའ་ཞིག་བྱས་པས་སྒྲིབ་པ་དག་ནས། ཏིང་ངེ་འཛིན་ཀྱང་གོང་འཕེལ་དུ་སོང་སྟེ། རི་ཁྲོད་འགྲིམས་པ་བས་ཀྱང་འདི་རང་སྟོབས་ཆེ་བ་འདུག་སྙམ་པ་བྱུང་གསུང༌། ཕྱིས་བོ་དོང་གི་བླ་མ་བྲག་དཀར་མོ་བ་ལ། རིན་པོ་ཆེ་གསལ་བ་སྒྲོན་མའི་རྒྱུད་དང༌། འཕགས་ལམ་བཀོད་པའི་རྒྱུད་གཉིས་གསན། གདམས་ངག་ཕྲ་མོ་དག་ཀྱང་ཞུས། ཆོས་ཞུས་ཚད་ཀྱི་བླ་མ་བརྩིས་པས་བཅུ་དྲུག །སློབ་དཔོན་གཉེར་ནན་ཏན་བྱས་པ་བཅུ་གསུམ། དེའི་ནང་ནས་ཀྱང་རྩ་བའི་བླ་མ་དྲུག །དེ་ལས་ཀྱང་ཁྱད་པར་དུ་དྲིན་ཆེ་བ་གསུམ། འགྲན་ཟླ་དང་བྲལ་བ་ཞིག་པོ་རིན་པོ་ཆེའོ། ཡབ་དང༌། དམར་སྟོན་འཇམ་དང༌། ཁ་རག་པ་ཡབ་སྲས་གཉིས་དང༌། སེ་དུར་ལུང་པ་དང༌། བླ་མ་རྩགས་དང༌། རྗེ་བཙུན་ཧགས་དང༌། ཟངས་རི་རྒྱ་རས་དང༌། རླུང་ཡབ་སྲས་གཉིས་དང༌། ཞར་ཆོས་པ་དང་། ལྷོ་པ་ལྟོ་འབེར་དང༌། མལ་བྱེ་ཚང་པ་དང༌། ནང་སྟོན་ཇོ་འཁྱམས་དང་ཞིག་པོ་བདུད་རྩི་དང༌། རྨ་བྱ་བྱང་བརྩོན་དང༌། བྲག་དཀར་མོ་བའོ། ཞིག་པོ་ལ་བརྟེན་ནས་ཡོན་ཏན་རྒྱུད་ལ་སྐྱེས་ཚུལ་ཡང༌། ཐང་སྐྱའི་ཐུགས་རྗེ་ཆེན་པོ་བཞེངས་པའི་ཚེ། ཟུང་མཁུར་དུ་ཟངས་ཞུས་ཀྱི་ལས་ཟླ་བ་བཅོ་བརྒྱད་མཛད་པའི་དུས་སུ་རྟོགས་པ་སྐྱེས་པ་དང༌། གློག་བ་ལམ་དུ་སྙན་བརྒྱུད་སྤུངས་པ་གསུང་པའི་ཚེ་ཐོག་བབས་ཀྱི་སྐབས་སུ་བྱིན་རླབས་ཞུགས་ནས། སྣང་བ་ཆོས་ཉིད་ཀྱི་དཀྱིལ་འཁོར་དུ་རྟོགས་པའི་མྱོང་བ་ཁྱད་པར་ཅན་འཁྲུངས། སློབ་དཔོན་སྤྲུལ་སྐུའི་ཆིབས་པ་ཕོ་བྲག་བཙད་པོས་ཁྱེར་བའི་ཚེ། རྡོར་ཐོས་ཕུའི་སྣང་གསལ་བྲག་ལ་ཆོས་སྐྱོང་བསྒྲུབ་པའི་ཚེ་མགོན་པོའི་ཞལ་གཟིགས། སྟོད་ལུངས་ཀྱི་སྟོང་ཁུན་བདེ་ལྡན་ཡར་བསོད་སྙོམས་ལ་བྱོན་པའི་ཚེ། ཉི་ཤུ་དགུའི་མཆོད་པའི་ནུབ་རྨི་ལམ་དུ་ཞིག་པོ་བྱོན་ནས་གདམས་ངག་གསུངས་པས། སྡུག་བསྔལ་རང་སངས་ལ་སོང་ནས། དེ་ནས་བཟུང་སྡུག་བསྔལ་རང་རྒྱུད་ལ་སྐད་ཅིག་ཀྱང་སྐྱེ་མ་མྱོང༌། ད་ལྟ་གདན་སའི་བྱ་བ་དང་ཞིག་པོའི་ཕྲིན་ལས་བསྒྲུབ་པའི་ཕྱིར། རྒྱལ་ཁམས་ཀུན་ཏུ་བྱོན་ཞིང་འགྲོ་དོན་རྒྱ་ཆེར་མཛད། ལྷ་སའི་ཇོ་ཤཱཀ་རྣམ་གཉིས་ཀྱི་ཞབས་ཏོག་ཀྱང་སྔ་ཕྱི་བསྡོམས་པས་ལོ་དྲུག་མཛད་དེ། དགུང་ལོ་དྲུག་ཅུ་རྩ་བརྒྱད་པ་ལྕགས་ཕོ་སྟག་གི་སྟོན་ཟླ་ར་བའི་ཚེས་བཅུ་དགུ་ལ་གཤེགས་ཏེ། སྐུ་གདུང་རིང་བསྲེལ་ཡང་མང་དུ་བྱོན་ནོ། ལྕགས་སྟག་འདི་ལ་གྲུབ་ཆེན་ཨུ་རྒྱན་པ་འཁྲུངས་ཏེ། དེ་ནི་དཔལ་ཕག་མོ་གྲུ་པ་ཞི་བར་གཤེགས་པའི་ལོ་ནས་བརྩམས་ཏེ། དྲུག་ཅུ་རྩ་གཅིག་པའོ། སངས་རྒྱས་དབོན་སྟོན་གྱི་སློབ་མ་རྟ་སྟོན་གཟི་བརྗིད་ཅེས་བྱ་བ་ཤིན་ཏུ་མཁས་པ་ཞིག་བྱུང་སྟེ། གསང་བའི་སྙིང་པོའི་ཊི་ཀ་རྒྱས་པ་ཞིག་མཛད། དེས་བརྒྱུད་པ་འདིའི་ལོ་རྒྱུས་ཀྱི་ཡི་གེ་མཛད་ཚུལ་སྣང་བཞིན་དུ་བྲིས་ཏེ། འདི་ཡན་ཆད་དུ་སྒྱུ་འཕྲུལ་དང་སེམས་ཕྱོགས་མཐའ་དག་ལ་མཁས་པར་གྲགས་ཏེ། དེ་གཉིས་ཀའི་བརྒྱུད་པ་ཡིན། གཡུང་སྟོན་པའི་ཁོག་དབུབ་ཏུ། སྒྲོ་སྦུག་པའི་སློབ་མ་རྣམས་འདིར་སྔར་བགྲངས་པ་རྣམས་དང་ཅུང་ཟད་མི་གཅིག་པར་སྣང་ངོ༌། སྒྲོ་སྦུག་པའི་སློབ་མ་གཙང་པ་བྱི་སྟོན་དང༌། སྒོང་དྲིངས་པ་ཉེ་སྟོན་ཆོས་ཀྱི་སེང་གེ་གཉིས་གྱིས་གཙང་ནག་འོད་འབར་ལ་གསུངས། དེ་ལ་མེས་སྟོན་མགོན་པོས་གསན། དེ་ལ་བླ་མ་སྲོས་གསན། དེ་ལ་པ་ཤཱི་ཤཱཀ་འོད་དང༌། རྟ་ནག་བདུད་འདུལ་གྱིས་གསན། པ་ཤཱི་ཟེར་བའི་རྒྱུ་མཚན་ནི། གོང་མ་སེ་ཆེན་གྱི་ལུང་གིས། བྲག་རྡོ་རྗེ་ཚེ་བརྟན་ནས་སློབ་དཔོན་པདྨས་སྦས་པའི་ཚེ་ཆུ་བཏོན། གསེར་ཡིག་པ་ལ་བསྐུར་བས། གོང་མའི་བླ་མ་རྣམས་དང་བྱས་པ་མཉམ་པའི་ཕྱིར་ཤཱིར་བཏགས་ཞེས་ཟེར། རྟ་ནག་བདུད་འདུལ་མ་མདའ་ཤཱཀྱ་འཕེལ་གྱིས་གསན། དེ་ལ་ཟུར་བྱམས་པ་སེང་གེས་གསན་ཏེ། དེ་ནི་སྐུ་ན་གཞོན་ནུ་ཉིད་ནས་ཐུགས་རབ་དང་མཁྱེན་པའི་རྩལ་ཤིན་ཏུ་ཆེ་ཞིང༌། ཁྱད་པར་དུ་སྒྱུ་འཕྲུལ་ལ་མཁས་པ་ཞིག་སྟེ་དགུང་ལོ་ཉི་ཤུ་རྩ་བདུན་ལ་གཤེགས། དེ་ལ་གཡུང་སྟོན་པ་དང༌། འཇམ་དབྱངས་བསམ་འགྲུབ་རྡོ་རྗེ་གཉིས་ཀྱིས་གསན་ཏེ། དེ་ལ་གཡུང་སྟོན་པའི་གདུང་རུས་གླན་ཡིན་ལ། འཁྲུངས་ས་ནི་ཚོང་འདུས་པ་ཡིན། གཞོན་ནུ་ནས་མཁྱེན་པ་ཤིན་ཏུ་ཆེ། སྔགས་གསར་རྙིང་དང༌། མཚན་ཉིད་ཀྱིའང་མངོན་པ་ཀུན་ལས་བཏུས་ལ་མཁས། ཟུར་བྱམས་པ་སེང་གེས་ཤངས་པ་ཤཱཀ་འབུམ་ལ་གཤིན་རྗེའི་སྐོར་གསན་པའི་ཕྱགས་ཕྱིར་བྱོན་ནས། བླ་མ་དང་ལྷན་ཅིག་ཏུ་ལེགས་པར་བསླབས་པས། འཁྲུལ་འཁོར་ལས་སྦྱོར་སོགས་ལ་ཤིན་ཏུ་མཁས་ཤིང་མཐུ་ཆེ། གཞོན་དུས་སུ་གོང་མའི་ལུང་གིས་རྒྱ་ཡུལ་དུ་བྱོན། འཆམས་ལ་སོགས་པའི་རྣམ་འགྱུར་དང༌། གོང་མ་ལ་འབྲུ་འདབ་དགོས་པའི་མི་སྡེ་མང་པོས་ཐན་པ་བྱུང་བའི་ཚེ། གོང་མ་ལ་ཆར་འབེབ་པ་རྫོངས་བ་ཞུ་བ་བྱས། དེར་ཁོང་བརྫངས་པས། ཁོང་གིས་དཀོན་མཆོག་ལ་གསོལ་བ་བཏབ་པས། ཆར་ཡང་དག་པར་ཕེབས། གོང་མ་དགྱེས་ཏེ་གནང་སྦྱིན་མང་པོ་གནང་བས། ནོམ་པ་ཆེན་པོ་དང་བཅས་ཏེ་བོད་དུ་ཕེབས་པ་ལ། ངོ་ཤེས་དང་གྲོགས་མཆེད་སོགས་ལ་ཅི་ཡང་མ་བྱིན་པར་ཡུམ་གྱི་དོན་དུ་བླ་མ་དང་དགེ་འདུན་ལ་ཡོ་བྱད་རྣམས་ཕུལ། བླ་མ་མང་པོ་ལ་ལུང་དང་མན་ངག་གི་གསན་པ་ཤིན་ཏུ་རྒྱ་ཆེ། ཆོས་རྗེ་རང་བྱུང་རྡོ་རྗེ་དང༌། བུ་སྟོན་རིན་པོ་ཆེའི་ཡང་སློབ་མ་ཡིན་ཞིང་དུས་ཀྱི་འཁོར་ལོ་ལ་མཁས། རྫོགས་པ་ཆེན་པོ་ལ་སོགས་པའི་མན་ངག་རྣམས་ལ་ཉམས་ལེན་དྲག་པོ་མཛད། མོན་པ་གྲོར་བྱོན་ནས་ཐུགས་དམ་གྱི་རྩལ་ཆེན་པོ་བྱུང་བའི་དོན་ལ། མཉམ་མེད་རྒྱལ་བ་གཡུང་སྟོན་ངས། ཞེས་བྱ་བ་ལ་སོགས་པའི་མགུར་གསུངས། ཁྱད་པར་དུ་ཕུང་པོ་རི་བོ་ཆེ་དང་ར་དུམ་བྲག་ལ་སོགས་པར་མང་དུ་བཞུགས། བཤད་པས་ཀྱང་གཞན་ལ་ཕན་པ་ཆེན་པོ་མཛད། རྒོད་སྒྲོས་ཆུའི་གྲོད་པ་དུམ་བུར་བཅད་ཀྱང་ཆུ་མི་འབོ་བ་དང༌། ལྕགས་སྲེག་བླངས་ཀྱང་མི་འཚིག་པ་དང༌། རྩིག་པ་ལ་རྡོ་དྲུག་སྦྱོར་གྱི་ཞལ་བ་བྱས་པས། རྩིག་པ་ཆེན་པོ་གཅིག་ཏུ་གྱུར་པ་ལ་སོགས་པའི་རྟེན་འབྲེལ་མང་པོ་ཡང་མཁྱེན། སྔགས་ཀྱི་སངས་རྒྱས་དང་མཚན་ཉིད་ཀྱི་སངས་རྒྱས་གཉིས་ཀྱི་ཁྱད་འབྱེད་མཛད་པ་གཡག་སྡེ་པཎ་ཆེན་གྱིས་གཟིགས་པས་ཤིན་ཏུ་དད་དེ། དཔོན་སློབ་བཅོ་ལྔས་ཕུང་པོ་རི་བོ་ཆེར་བྱོན་ནས་ཞབས་ལ་གཏུགས། སྐུ་ཚེའི་སྨད་ལ་ཚོགས་པ་ཆོས་ལུང་པ་ལ་བསྙེན་པར་རྫོགས་པར་མཛད། མཚན་རྡོ་རྗེ་འབུམ་ཞེས་པ་རྡོ་རྗེ་དཔལ་ཞེས་པར་བསྒྱུར། སྐྱེས་བུ་དམ་པ་འདི་ནི་ཤིང་ཕོ་སྤྲེའུ་ལ་འཁྲུངས་ནས། བརྒྱད་ཅུ་རྩ་གཉིས་པ་ཤིང་མོ་སྦྲུལ་ལ་ཞི་བར་གཤེགས། འཇམ་དབྱངས་བསམ་གྲུབ་རྡོ་རྗེ་ནི། སྙིང་མའི་སྐུ་ཡོན་ཏན་ཅན་རིམ་པར་བྱོན་པའི་སྲས་སུ་རྟ་ནག་གནས་གསར་དུ་ཤིང་མོ་ལུག་གི་ལོ་ལ་འཁྲུངས། ཟུར་བྱམས་པ་སེང་གེ་ལ་གསན་པ་རྒྱ་ཆེན་པོ་མཛད། ཁྱད་པར་དུ་སྒྱུ་འཕྲུལ་སྐོར་ལ་མཁས། སྒྱུ་འཕྲུལ་གྱི་དབང་རྣམས་གླན་ཉ་ཚལ་བ་བསོད་ནམས་མགོན་པོ་ལ་གསན། ཡང་དབེན་པའི་ཟུར་ཤཱཀྱ་འབྱུང་གནས་ཞེས་པ་ཤིན་ཏུ་མཁས་གྲུབ་ཏུ་གྲགས་པ་དེ་དང༌། འུག་པ་ལུང་པའི་བླ་མ་སེང་གེ་བ་གཉིས་ཆུང་ཆུང་ནས་ཞབས་དྲུང་དུ་བཞག་ནས་ལེགས་པར་བསྐྱངས་པས། ཕྱིས་ཟུར་པའི་བརྒྱུད་པ་ལ་ཤིན་ཏུ་བཀའ་དྲིན་ཆེ། བྱེ་མ་སེང་གེར་རྫོགས་པ་ཆེན་པོ་སྙིང་ཐིག་ལ་ཐུགས་དམ་རྩེ་གཅིག་ཏུ་མཛད་པས། ཐིག་ལེ་ཆེན་པོའི་སྐུར་གྱུར་ནས་སངས་རྒྱས་ཀྱི་ཞིང་མང་པོར་བྱོན་པ་ལ་སོགས་པ་ཐུགས་དམ་ཤིན་ཏུ་མཐོ་བར་མངའ་སྟེ། དགུང་ལོ་བརྒྱད་ཅུ་རྩ་གཉིས་པ་མེ་ཕོ་འབྲུག་ལ་གཤེགས་ཏེ། གཤེགས་ཁར་རང་གི་སྲས་ལ། ང་བདེ་བ་ཅན་དུ་འགྲོ། ཉིད་ཀྱིས་ཀྱང་བརྒྱད་ཅུ་རྩ་གཉིས་ཐུབ་པར་འདུག་སྟེ། དེ་ནས་བདེ་བ་ཅན་དུ་ཤོག་གསུང་བའི་བཀའ་སྩལ་གནང༌། ཤངས་པ་ཀུན་མཁྱེན་པ་ཞེས་གྲགས་པ་དང་སྙན་པས་ཕྱོགས་ཀུན་ཏུ་ཁྱབ་པ་དེའང༌། བྱིས་པའི་དུས་ན་བླ་མ་འདིས་དབང་མང་དུ་བསྐུར། ལེགས་པར་བྱིན་གྱིས་བརླབས་པས་མཁས་པ་ཆེན་པོར་གྱུར་པ་ཡིན་ནོ། ། བདག་ཅག་གི་བླ་མ་རྗེ་བཙུན་སངས་རྒྱས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ་ཞེས་གྲགས་པ་དེ་ནི། ཡབ་ཀྱི་ལྔ་བཅུ་རྩ་དྲུག་པ་ལྕགས་ཕོ་སྟག་ལ་རྟ་ནག་གནས་གསར་དུ་འཁྲུངས། ལྕགས་སྟག་འདི་ཕག་མོ་གྲུ་པ་འཁྲུངས་ནས་ཉིས་བརྒྱ་དང་བཞི་ཅུ་རྩ་གཅིག་པ་ཡིན། ལོ་འདི་ལ་མཁའ་སྤྱོད་པ་དང༌། མཁན་ཆེན་རིན་པོ་ཆེ་རྒྱལ་བཟངས་པ་ཡང་འཁྲུངས། ཡབ་ལ་མི་རྣམས་ཀྱིས། ཁྱེད་ཀྱི་སྲས་འདི་ཕན་ནི་མི་ཐོགས། དེ་ཙམ་གྱི་ཚིས་ཀྱིས་ཅི་བྱ་ཞུས་པས། འདིས་འགྲོ་བ་ལ་ཕན་ཐོགས་པ་ཅིག་འོང་གསུང་ནས་ལུང་བསྟན། དགུང་ལོ་དྲུག་པ་ལ་གསང་བ་སྙིང་པོའི་རྒྱུད་ཐུགས་སུ་ཆུད་པ་ཞིག་རིན་པོ་ཆེ་ཤཱཀ་འབྱུང་བའི་སྤྱན་སྔར་བྱོན་པས། ངའི་བླ་མའི་སྲས་གསུང་ནས་གཅེས་གཅེས་མཛད་པས་བརྗེད་དེ། ཡང་ལོ་བརྒྱད་ལོན་པ་ན་ཐུགས་ལ་བཙུད། ཆོ་ག་ཕྲིན་ལས་རྣམས་ཀྱང་ཡབ་ཀྱིས་ལེགས་པར་བསླབ་པས། དགུང་ལོ་བཅུ་བཞི་བཞེས་པ་ན་གཞན་ལ་དབང་བསྐུར་བའི་སློབ་དཔོན་ཕེར་བ་བྱུང༌། ཡབ་ལས་སྒྱུ་འཕྲུལ་སྐོར་གྱི་ཆོས་རྣམས་ལེགས་པར་ཐུགས་སུ་ཆུད་པ་ན། ད་ང་རབ་ཏུ་བྱུང་བ་ཞིག་བྱས་ནས་མཚན་ཉིད་ཀྱི་པུ་ཏི་འགའ་རེ་དང་གསར་མའི་རྒྱུད་སྡེ་འགའ་རེ་ཡང་སློབ་པ་ཡིན་ཞུས་པས། དེ་ལེགས་པོ་ནི་ཡིན། འོན་ཀྱང་ང་ལ་ཁྱོད་གཅིག་པུ་ལས་མེད་པས། ཇོ་མོ་ཞིག་ལོངས་ལ་སྲས་ཚ་ཞིག་བྱུང་བ་ན། གཟོད་རབ་ཏུ་བྱུང་བས་ཆོག་གསུང་བས། ཉི་ཤུ་རྩ་བཞི་པ་ལ་མ་ཅིག་འདི་བླངས། དེ་ལ་སྲས་པོ་དྲུག་དང་སྲས་མོ་གཉིས། ཡུམ་གཞན་པ་ཞིག་ལ་ཡང་སྲས་གཅིག་བྱུང༌། དེ་རྣམས་སྐྱོར་བའི་ལོང་ལ་ལོ་མང་པོ་ཐལ་གསུང་ཞིང༌། དགུང་ལོ་ལྔ་བཅུ་རྩ་དྲུག་བཞེས་པ་ན་ཆོས་འཁོར་སྒང་ཏུ་ཆིག་རྫོགས་མཛད་དེ། སྐུ་ཤིན་ཏུ་བཙུན་པར་བཞུགས། སྒྱུ་འཕྲུལ་ལ་ཤིན་ཏུ་མཁས་པར་གྱུར་པས་དགུང་ལོ་བཞི་བཅུ་སྐོར་ལ་གསང་བ་སྙིང་པོའི་རྒྱུད་ལ་ཊི་ཀ་ཆེ་བ་ཅིག་དང༌། ལམ་རྣམ་པར་བཀོད་པ་ཡང་རྣམ་བཤད་ཆེན་པོ་ཞིག་མཛད། ཕྲིན་ལས་ཤར་བ་བརྒྱད་ལས། ཁྲོ་བོ་ལ་མངོན་པར་རྟོགས་པ་རྒྱས་པ་དང༌། གནས་ལུང་ལ་ཡང་ཆོ་ག་ཤིན་ཏུ་རྒྱས་པ་ཞིག་མཛད། ཡབ་དང་ཐུགས་སྲས་ཐུབ་པ་རྡོ་རྗཻ་སོགས་ལ་མན་ངག་གི་གསན་པ་མང་དུ་མཛད་ཅིང་སྐུ་ཉམས་སུ་བཞེས། དགུང་ལོ་བདུན་ཅུ་པ་ས་མོ་ཕག་གི་ལོ་ལ་སྒྱུ་འཕྲུལ་ཞི་ཁྲོའི་དབང་དང༌། སྒྱུ་འཕྲུལ་གྱི་ཚེ་དབང་དང༌། ན་རག་དོང་སྤྲུགས་ཀྱི་དབང་དང༌། ཚེ་བདག་གི་དབང་དང༌། ཡང་དག་མེ་གཅིག་གི་དབང་དང༌། རྟ་མགྲིན་རྣ་བོ་བའི་ལུགས་ཀྱི་རྗེས་གནང་དང༌། ཟླ་རྒྱལ་མའི་ལུགས་ཀྱི་རྗེས་གནང་དང༌། ཕུར་པ་ས་ལུགས་ཀྱི་དྲག་པོའི་རྗེས་གནང་དང་བཅས་པ་དང༌། སེམས་སྡེ་བཅོ་བརྒྱད་ཀྱི་རིག་པའི་རྩལ་དབང་དང༌། གསང་བ་སྙིང་པོའི་རྒྱུད་འགྲེལ་པ་དང་བཅས་པའི་རྣམ་བཤད་དང༌། ལམ་རྣམ་པར་བཀོད་པའི་ཊི་ཀ་ཉིད་ཀྱིས་མཛད་པའི་ཐོག་ནས་རྒྱས་པར་བཤད་པ་དང༌། གཞན་སྒྱུ་འཕྲུལ་གྱི་ཁོག་གཞུང་གསལ་སྒྲོན་ལ་སོགས་པའི་གཞུང་ཆུང་བཞི་བཅུ་ཙམ་དང༌། མདོ་དགོངས་པ་འདུས་པ་དང༌། དེའི་རྩ་བའི་རྒྱུད་ཀུན་འདུས་དང༌། སྣུབས་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་མདོའི་འགྲེལ་པ་མུན་པའི་གོ་ཆ་དང་། སྒྱུ་འཕྲུལ་བརྒྱད་ཅུ་པ་དང༌། བླ་མ་གཉིས་དང༌། ཡང་དག་རྩ་བའི་ལུང་རྣམས་ཀྱང་གནང༌། སྙིང་ཐིག་གི་སྤྲོས་བཅས་ལ་སོགས་པའི་དབང་བཞི་དང༌། མེ་ལོང་རྡོ་རྗེས་མཛད་པའི་ཁྲིད་ཡིག་གི་སྟེང་ནས་ཁྲིད། རྫོགས་པ་ཆེན་པོ་ཨ་རོའི་མན་ངག་ཀྱང་ཁྲིད་དུ་མཛད། ཐུགས་རྗེ་ཆེན་པོའི་དམར་ཁྲིད་འཇམ་དབྱངས་བསམ་གྲུབ་རྡོ་རྗེས་བྱང་སེམས་རྒྱལ་བ་ཡེ་ཤེས་ལ་གསན། དེ་ལ་ཆོས་རྗེ་ཉིད་ཀྱིས་གསན་ཏེ། ཆོས་རྗེ་བླ་མའི་ཁྲིད་ཡིག་གི་སྟེང་ནས་དེ་ཡང་བདག་ལ་གནང་སྟེ། གསང་སྔགས་རྙིང་མ་ཞེས་གྲགས་པའི་ཕྱོགས་ལ་ལྷག་པར་མོས་པ་ཐོབ་ཅིང༌། ཆོས་སྤོང་བའི་སྒྲིབ་པས་མ་སྦགས་ཙམ་མོ། །དགུང་ལོ་བདུན་ཅུ་རྩ་གཉིས་པ་ལྕགས་མོ་ལུག་གི་ལོ་ལ་དབུས་སུ་ཕེབས། ཆུ་ཕོ་སྟག་ལ་བསམ་གླིང་དུ་དབང་གྲགས་པ་རྒྱལ་མཚན་གྱིས་ཞབས་ནས་བཏེག་སྟེ། འདུས་པ་མདོའི་དབང་ལ་སོགས་པ་དབང་མང་པོ་དང༌། གསང་སྙིང་ལ་སོགས་པའི་བཤད་པ་དང་ལུང་མང་དུ་མཛད་དེ། འབྲུག་གི་ལོ་ལ་གཙང་དུ་ཕེབས། དགུང་ལོ་བརྒྱད་ཅུ་རྩ་གཉིས་པ་ལྕགས་མོ་ཕག་ལ་གཤེགས། ལྕགས་ཕག་དེ་ནས་མེ་ཕོ་སྤྲེའུ་འདི་ཡན་དུ་ལོ་བཞི་བཅུ་རྩ་དྲུག་སོང༌། སྤྱིར་ཟུར་ཆུང་པ་འཁྲུངས་ནས་མེ་ཕོ་སྤྲེའུ་ཡན་ལ་ལོ་བཞི་བརྒྱ་དང་དྲུག་ཅུ་རྩ་གསུམ་སོང་ངོ༌། ཡང་རྒྱས་སྨན་སྟག་རྩེ་སར་གདུང་རུས་གཉལ། མཚན་སངས་རྒྱས་གྲགས་ཞེས་བྱ་བ་བྱུང་སྟེ། དེས་དང་པོ་ཛམྦྷ་ལ་བསྒྲུབ་པའི་མཐར་ཞིང་ཆུང་ཞིག་ཡོད་པ་ཆུས་ཁྱེར་ཏེ། དེ་ནས་བྱ་བྲལ་ལ་བྱོན་པས་སྤུ་གུ་དོར་ཕྱུག་པོ་མཛེས་ཁྱེར་བ་ཞིག་ཤི་བའི་རོ་འཁུར་མི་མ་བྱུང་བར་འདུག་པ་ལ། རྟོག་མེད་མཛད་དེ། རོ་དྲིལ་བའི་ལས་བྱས་པས། དེའི་མལ་འགྲམ་ནས་གསེར་མང་པོ་བྱུང༌། དེ་ནས་སླར་ལོག་སྟེ་གྲྭ་ཕྱི་ཁང་དམར་དུ་ཁྱུང་པོ་ཁྲོ་བོའི་སློབ་མ་བྱས་ནས། ཁོང་ཡང་དག་སྒྲུབ་པའི་ཕྱག་ཕྱིར་བཞུགས་ཏེ་སྒྲུབ་པ་མཛད་པས། ཡང་དག་མར་མེ་དགུ་པའི་ཞལ་གཟིགས། དེ་ནས་གཙང་དུ་བྱོན་ནས་སྒྲོ་སྦུག་པའི་སློབ་མ་བྱ་ཆེན་པོ་དེའི་དབོན་པོ་ཞིག་ལ། མདོ་དང་སྒྱུ་འཕྲུལ་ལ་སོགས་པའི་གསན་པ་མཛད་པའི་ཚེ། ཕྱུག་པོ་ཞིག་གིས་ནས་ཁལ་བརྒྱ་ཐམ་པ་ཕུལ། དེར་མདོ་དང་སྒྱུ་འཕྲུལ་ལ་སོགས་མཁས་པར་བསླབས། གཞན་ཡང་སྒྲོ་སྦུག་པའི་སློབ་མ་མྱང་ནག་མདོ་བོ། དེའི་སློབ་མ་ལྷ་རྗེ་མདའ་སེང་གེ་ལ་ཡང་མདོ་དང་སྒྱུ་འཕྲུལ་གསན་པ་མཛད། མཁས་པ་ཆེན་པོར་གྱུར་ཏེ། མཉལ་པ་ཞིག་པོའི་སློབ་མ་རྒྱ་འཆིང་རུ་བས་ཀྱང་ཁོང་ལ་གཏུགས་ཏེ་གསན་པ་མང་དུ་མཛད། ཁོང་གིས་རང་ཡུལ་དུ་རྡོ་ཐོག་ཐེལ་བཏབ། དེའི་སློབ་མ་སྐྱི་ཆོས་ཀྱི་སེང་གེ་ཞེས་བྱ་བ་མཁས་ཤིང་གྲུབ་པ་བརྙེས་པ་ཞིག་བྱུང༌། དེས་ཧོར་རྒྱལ་པོའི་སྤྱན་སྔར་བྱོན། གོང་མ་སེ་ཆེན་གྱིས་ཐུབ་ཆོད་མཛད་དེ། མཆོད་རྟེན་ཞིག་གི་ནང་དུ་བཅུག་ནས་སྒོ་ལེགས་པར་བཅད་དེ་ལོ་དུས་སུ་བལྟས་པས། རྡོ་རྗེ་ཕུར་བུའིསྐུར་གྱུར་ནས་འདུག་པས་ངོ་མཚར་སྐྱེས་ཏེ། རྡོ་ཐོགས་པ་ལ་དར་རིངས་ཆེན་མོ་ལ་སོགས་པའི་དངོས་པོ་ཚན་ཆེར་གནང༌། འཇའ་ས་བཅད་པའི་དགོན་གཞིས་ཀྱང་མང་དུ་ཡོད། སྐྱི་ཆོས་ཀྱི་སེང་གེ་ལ། འཕྱོང་པོ་ཁེ་རུའི་མྱང་སྟོན་ཆེན་པོའི་སྲས་མཉམ་མེད་པ་ལ་སྲས་ལྔ་འཁྲུངས་པའི་ཆེ་ཤོས་སྨན་ལུང་པ་ཤཱཀྱ་འོད་དམ། གསང་མཚན་མི་བསྐྱོད་རྡོ་རྗེ་ཞེས་གྲགས་པ་དེས་མདོ་དང་སྒྱུ་འཕྲུལ་སྐོར་རྣམས་མཁས་པར་བསླབས། དུས་ཕྱིས་གླན་རྡོ་རྗེ་འོད་པོའི་སྲས་གླན་མཁས་པ་བསོད་རྒྱལ་ལ་ཡང་གསན་ནས། གསང་བ་སྙིང་པོའི་ཁོག་དབུབ་དང༌། ཊི་ཀ་དང་རྒྱུད་དོན་རྣམ་ངེས་ལ་སོགས་པའི་ཡིག་ཆ་མང་དུ་མཛད། འདི་ལ་དྭགས་པོའི་སངས་རྒྱས་གོང་ལ་བས་གསན་ནས། རྗེས་དྭགས་པོ་ཉིད་དུའང་སློབ་མ་བླ་མ་གཉན་ལ་སོགས་པ་མང་དུ་ཐོན་ཞིང༌། གོན་གྱོ་བདག་པོའི་བླ་མར་གྱུར་ཏེ་ཁམས་སུ་ཤིན་ཏུ་དར་བར་མཛད་དོ། །སྨན་ལུང་པ་ལ་ཡར་ཀླུངས་སྤྲུལ་སྐུའི་སྲས་རིན་པོ་ཆེ་ཤཱཀ་འབུམ་པས་གསང་བ་སྙིང་པོའི་བཤད་པ་མཁས་པར་བསླབས། དེ་ལ་མཁས་གྲུབ་ཆོས་དཔལ་ཡབ་སྲས་གཉིས་ཀྱིས་ཀྱང་གསང་སྙིང་གི་བཤད་པ་ལེགས་པར་གསན། ཡང་སྤྱི་ཆོས་ཀྱི་སེང་གེའི་གདན་ས་རྒྱ་ཡེ་ཤེས་མགོན་པོས་ཀྱང༌། སྐྱི་དང་གླན་བསོད་རྒྱལ་གཉིས་ཀ་ལ་གཏུགས་ནས་མདོ་དང་སྒྱུ་འཕྲུལ་མཁས་པར་མཁྱེན། དེ་ལ་དབོན་པོ་དཔལ་ལྡན་རྡོ་རྗེ་རྒྱལ་མཚན་གྱིས་དང་པོ་གསང་ཕུར་བྱོན་ནས་ཚད་མ་རྣམ་ངེས་མཁས་པར་བསླབས། ཕྱིས་རྒྱ་ཡེ་ཤེས་མགོན་པོ་ལ་མདོ་དང་སྒྱུ་འཕྲུལ་སོགས་ལེགས་པར་བསླབས་ཤིང༌། གསང་བ་སྙིང་པོའི་འགྲེལ་པ་སྤར་ཁབ་ཉིད་གཞུང་དུ་བྱས་པའི་ཊི་ཀ་དབང་གི་ཆོ་ག་ལ་སོགས་པ་མཛད། དེས་ཁོང་རང་གི་དབོན་པོ་བླ་མ་ཚུལ་རྒྱལ་བ་ལ་གསུངས། དེ་ལ་རི་གདོང་བ་ཤེས་རབ་རྒྱལ་མཚན་གྱིས་གསན་ཞིང༌། འདིས་དྭགས་པོར་བྱོན་ནས་ཀུ་རབ་པ་དཔོན་གཡོག་དང་སྔགས་པ་རྣམས་ལ་བཤད་པས། དིང་སང་གི་བར་དུ་ཡང་སྒྱུ་འཕྲུལ་ཞི་ཁྲོའི་ལག་ལེན་རྣམས་མ་ཆད་པར་ཡོད། ཤེས་རབ་རྒྱལ་མཚན་གྱི་སློབ་མ་ཞང་མཁར་བ་བསོད་ནམས་བཟང་པོ། དེའི་སློབ་མ་སློབ་དཔོན་བདག་ཉིད་ཆེན་པོ་བཀྲ་ཤིས་རྒྱ་མཚོ་བ་ཡིན་ཏེ། དེ་ལ་བདག་གིས་རྡོ་རྗེ་རྒྱལ་མཚན་པས་མཛད་པའི་གསང་བ་སྙིང་པོའི་ཊིཀ་ཆེན་གྱི་ལུང་ལེགས་པར་ཐོབ། གཞན་ཡང་བདག་ཉིད་ཆེན་པོ་འདི་ལ་ཕུར་པ་ལྷ་ནག་མའི་དབང་རྡོ་རྗེ་རྒྱལ་མཚན་པའི་ཡིག་ཆའི་སྟེང་ནས་ཞུས་ཤིང༌། བཤད་འབུམ་རྡོ་རྗེ་དོན་གསལ་ལ་སོགས་པའི་ཁྲིད་འགའ་ཞིག་ཀྱང་ཐོབ། དེའི་བརྒྱུད་རིམ་ཡང༌། སློབ་དཔོན་པདྨ་ཡབ་ཡུམ། འབྲེ་ཨ་ཙ་ར་ས་ལེ། ལང་ལབ་བྱང་ཆུབ་རྡོ་རྗེ། སྣ་ནམ་ཚུལ་ཁྲིམས་ཤེས་རབ། ཁྱུང་པོ་འཆལ་ཆེན། འཆལ་ཆུང༌། བློ་གྲོས་རྒྱལ་མཚན། ཡ་འབྲོག་པ་གུ་རུབ་ཡང་དག །འདིས་ཕུར་པ་མྱ་ངན་ལས་འདས་པའི་རྒྱུད་ལ་བརྟེན་ནས། ལྷ་ཐམས་ཅད་ནག་པོར་མཛད། དེའི་སློབ་མ་འགོས་སྟོན་བྱང་འབར། ཁྱུང་པོ་སེང་གེ ཁྱུང་པོ་ཁྲོ་བོ། གཉལ་སྟོན་གྲགས། སྐྱི་ཆོས་ཀྱི་སེང་གེ རྒྱ་ཡེ་ཤེས་མགོན་པོ། དཔལ་ལྡན་རྡོ་རྗེ་རྒྱལ་མཚན། བླ་མ་ཚུལ་རྒྱལ་བ། རི་གདོང་བ་ཤེས་རབ་རྒྱལ་མཚན། སློབ་དཔོན་བསོད་ནམས་བཟང་པོ། སློབ་དཔོན་བཀྲ་ཤིས་རྒྱ་མཚོ་བའོ། ། རྩེ་པ་སྒང་པ་དང་སྙེ་མདོའི་ཕུར་པ་ཡང༌། གུ་རུབ་ལ་རོག་ཤེས་རབ་བླ་མས་གསན། དེའི་སྲས་རོག་བཀྲ་ཤིས་གྲགས་པ་ཡིན། དེ་ནས་སྲས་པོ་རྣམས་ལ་བརྒྱུད་པའོ། གཞན་ཡང་མདོ་དང་སྒྱུ་འཕྲུལ་གྱི་བཤད་པའི་བཀའ་ནི། རོག་ཤེས་རབ་འོད་ཀྱིས་བླ་མ་མང་པོ་ལས་ལུགས་ཐ་དད་པ་མང་བར་གསན་ཏེ། དང་པོར་རོག་སྟོན་བཙན་པོ་ལ་སོ་ལུགས་ཀྱི་མདོ་དང་སྒྱུ་འཕྲུལ་དང་སེམས་ཕྱོགས་རྣམས་གསན། ལྷབ་ཀྱི་དྲེས་མ་གོང་པ་ལ་མདོ་དང་སྒྱུ་འཕྲུལ་སྐྱོ་ལུགས་གསན། ལྷབ་ཀྱི་ཟུར་ཆོས་པ་སློབ་དཔོན་ཡམ་ཤུད་དངོས་གྲུབ་ལ་མདོ་དང་སྒྱུ་འཕྲུལ་ཟུར་ལུགས་གསན་ཏེ། སྒྲོ་སྦུག་པའི་སློབ་མ་སྣུབས་སྟོན། དེས་ཁ་རག་སྙིང་པོ། དེས་ཡུམ་ཤུད། ཡང་ན་ཁ་རག་སྙིང་པོས་སྲས་པདྨ་འབར། དེས་ཤེས་རབ་འོད། སོ་དར་མ་སེང་གེ་ལ་མདོ་སྒྱུ་འཕྲུལ་ཚན་མངས་གསན་ཏེ། ཆུ་བར་གྱིས་གླན་ཤཱཀྱ་བཟང་པོ། དེས་སྲས་གླན་ཇོ་བཙུན་སང་ངེ༌། དེས་སོ་དར་མ་སྙིང་པོ། དེས་སོ་དར་མ་སེང་གེའོ། ལྷ་རྗེ་ཉ་རི་བའི་སློབ་མ་མྱང་ནག་མདོ་བོ་ལའང་མདོ་དང་སྒྱུ་འཕྲུལ་གསན། སྒྱུ་འཕྲུལ་གྱི་གཞི་ལམ་འབྲས་བུ་གསུམ་གྱི་སྟོང་ཐུན་དང༌། ལམ་རྣམ་བཀོད་ཀྱི་ཊི་ཀ་བརྩམས། དེས་སྙེ་མདོ་ཐམས་ཅད་མཁྱེན་པ་ལ་གསུངས་ཤིང༌། དེས་ཀྱང་གསང་བ་སྙིང་པོ་ལ་ཊི་ཀ་དང༌། ལམ་རྣམ་བཀོད་ལ་མཆན་ཞིབ་པར་མཛད་དེ། དེ་དག་ལ་སོགས་པ་རོག་ལ་གདུང་བརྒྱུད་རྣམས་ལ་དབང་དང་རྒྱུད་ཀྱི་བཤད་པ་ནི་ཤིན་ཏུ་དར་བ་བྱུང་ངོ༌། དན་བག་ཏུ་ཡང་སྒྱུ་འཕྲུལ་གྱི་བཤད་པ་རིམ་པར་བྱུང་ཞིང༌། ཀློང་ཆེན་རབ་འབྱམས་ཀྱིས་ཀྱང་དེར་གསན་པ་མཛད་ནས། གསང་བ་སྙིང་པོའི་འགྲེལ་པ་སྤར་ཁབ་ཀྱི་ལུགས་ལྟར་འཆད་པ་ལེགས་པ་མ་ཡིན་གྱི། རོང་ཟོམ་གྱི་ལྟར་ལེགས་པ་ཡིན་ཞེས་གསུང་མོད་ཀྱི། སྤྱིའི་ཁོག་དབུབ་དང་རྒྱུད་ཀྱི་རྣམ་བཤད་གཉིས་མཛད་དེ། དེ་མན་ངག་སྙིང་ཐིག་དང་བསྟུན་ནས་མཛད་དོ། །གཙང་སྟོད་མང་དཀར་དུ་ཡང་མང་སྟོན་ཟུར་པ་ཞེས་གྲགས་པ་རིམ་པར་བྱུང་བ་རྣམས་ཀྱིས་ཀྱང་བཤད་སྒྲུབ་ལེགས་པར་མཛད་དེ། ལས་སྟོད་ལྷོ་དང་བྱང་ཐམས་ཅད་དུ་ཡང་ཤིན་ཏུ་དར་བས། བྱང་དུ་སེ་སྟོན་འབྱུང་གནས་འོད་ཅེས་པ་དང༌། སྣར་སེང་གེ་འོད་ཅེས་པ་དང༌། བྱང་ཏར་ལ་མོ་པ་ཡོན་ཏན་དབང་ཕྱུག་ཅེས་པ་ལ་སོགས་པའི་བཤད་པ་འགའ་རེ་ཡང་མཐོང་ངོ༌། །ཟུར་རྣམ་པ་གསུམ་གྱི་སློབ་མའི་གྲངས་སྔ་མ་རྣམས་ཀྱིས་བཤར་དུ་བཏབ་པ་ལྟར། དེ་དག་ལས་མཆེད་པས་གྲངས་མེད་པ་ཞིག་བྱུང་བར་མཚོན་ནུས་མོད་ཀྱི། སོ་སོའི་མིང་དང་རུས་དང་བཅས་པ་ནི་བསྙད་པར་མི་ནུསསོ། །ཁམས་ཀྱི་སའི་ཆ་རྣམས་སུ་ཡང་ཡོངས་སུ་གྲགས་པ་ཁམས་ལུགས་པ་ཞེས་པ་བྱུང་བར་རོང་ཟོམ་གྱི་འགྲེལ་པ་ལས་བཤད་ཅིང༌། འབྲི་ཆུའི་འགྲམ་སྦོམ་པོར་དང་ཉེ་བར་ཀ་ཐོག་ཅེས་པའི་གནས་དགོན། དཔལ་ཕག་མོ་གྲུ་པའི་ཡུམ་སྤུན་དུ་གྱུར་པ་སྒ་དམ་པ་བདེ་གཤེགས་ཞེས་པས་བཏབ་པར་གཙང་སྟོན་ཞེས་པ་ལས་བརྒྱུད་ནས་མདོ་དང་སྒྱུ་འཕྲུལ་གྱི་བཤད་པ་དབང་སྒྲུབ་ཀྱི་ལག་ལེན་དང་བཅས་པ་དིང་སང་ཡང་ཡོད་པར་སྣང་ལ། གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཉི་མའི་འོད་ཀྱི་སེང་གེས་མཛད་པ་ཡང་ཁམས་ནས་བྱུང་བར་སྔར་བཤད་པ་ལྟར་ན། བཻ་རོ་ཙ་ན་ལས་བརྒྱུད་པའི་བཤད་པ་ཡང་ཁམས་ཀྱི་ཡུལ་དུ་བྱུང་བར་ཤེས་པར་བྱའོ། །དེ་དག་ནི་སྒྱུ་འཕྲུལ་གཙོ་བོར་གྱུར་པའི་སྐབས་སོ། ༣.༢ འདུས་པ་མདོའི་བརྒྱུད་ལུགས་ཀྱི་སྐབས། དེ་ལ་འདུས་པ་མདོ་ཞེས་གྲགས་པ་ལ། རྩ་བའི་རྒྱུད་ཀུན་འདུས་རིག་པའི་མདོ་དང༌། བཤད་པའི་རྒྱུད་མདོ་དགོངས་པ་འདུས་པ་གཉིས་ཡོད་དེ། བུ་རིན་པོ་ཆེའི་རྒྱུད་སྡེ་སྤྱིའི་རྣམ་གཞག་ཏུ། མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་ལས། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུང་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང༌། །སངས་རྒྱས་གཞན་ནས་མི་ཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུངས། །ཞེས་ཞུས་པ་དང༌། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ན། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། ཞེས་དྲངས་པ་དེ་ཡང༌། མདོ་དགོངས་པ་འདུས་པའི་མདོ་ཉིད་ན། འདྲེན་པའི་ཐེག་པ་རྣམ་གསུམ་ལ། །གང་དག་རིམ་པར་བཀོད་ལགས་ན། །མཉམ་པས་བླང་དོར་མེད་སྤྱོད་ཅིང༌། །བྱང་ཆུབ་གཞན་ནས་མི་ཚོལ་བའི། །ཐབས་མཆོག་དཔག་གིས་མི་ལང་བའི། །ངེས་པའི་ཐེག་པ་ཡོད་མ་གསུངས། །ཞེས་འབྱུང་བ་དེ་ཡིན་པར་སྣང་སྟེ། མདོ་འདིའི་བརྒྱུད་པའི་རིམ་པ་ནི། རྗེ་སྒྲོ་སྦུག་པས་མི་དང་མི་མ་ཡིན་པ་གཉི་ག་ལ་བརྒྱུད་པ་ནི། གསང་བདག་གིས་རི་མ་ལ་ཡའི་རྩེ་མོར་དམ་པའི་རིགས་ཅན་ལྔ་ལ་སོགས་པའི་རིག་པ་འཛིན་པ་འདུས་པ་ཕལ་མོ་ཆེ་ལ་བརྒྱུད་པའོ། །གང་ཟག་རྣ་བ་ནས་རྣ་བར་བརྒྱུད་པ་ནི། གསང་བདག་གིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་བྱིན་རླབས་ཀྱིས་དང་པོ་སྐལ་ལྡན་རྒྱལ་པོ་ཛ་ལ་རྨི་ལྟས་བདུན་པོ་འདི་སྣང་བར་མཛད་དེ། གསང་བདག་གིས་དབང་བསྐུར་ཏེ་བྱིན་རླབས་ཀྱིས་པུ་སྟི་དང་གླེགས་བམ་གྱི་དོན་སྣང་བར་མཛད། དེས་སྲས་ཨིནྡྲ་བོ་དྷི་དང༌། ནཱ་ག་བོ་དྷི། གུ་ཡ་བོ་དྷི་ལ། ནཱ་ག་བོ་དྷི་ནི་ཀླུ་བ་སུ་རིགས་དྲུག་གིས་ལོ་དགུར་ཤོད་དུ་མ་སྟེར། ཨིནཱདྲས་ཁྱིའི་རྒྱལ་པོ་ཀུ་ཀུ་རཱ་ཛ་ལ། དེས་རོ་ལངས་བདེ་བ་ལ། དེས་རྡོ་རྗེ་བཞད་པ་ལ། དེས་ཟ་ཧོར་གྱི་རྒྱལ་པོ་པྲ་ཧ་སྟི་ལ། དེས་ཤཱཀྱ་སེངྒེ། ཤཱཀྱ་པྲ་བྷ། ཤཱཀྱ་མུ་དྲ་གསུམ་ལ་བཤད། ཤཱཀྱ་སེངྒེས་དྷ་ན་རཀྵི་ཏ། དེས་སྠི་ར་མ་ཏི་ལ། དེས་བདེ་བར་གསལ་མཛད་ལ། དེས་དྷརྨ་བོ་དྷི་དང་བ་སུ་དྷ་ར་ལ་བརྒྱུད་པའམ། ཡང་རྣམ་པ་གཅིག་ཏུ་དྷ་ན་རཀྵི་ཏ་བྲུ་ཞའི་རུ་ཆེ་བཙན་སྐྱེས་ཀྱིས་སྤྱན་དྲངས་ནས། བྲུ་ཞའི་ཡུལ་ཁྲོམ་དུ་བསྒྱུར་བར་བྱས་པས། མོས་པ་ཆུང་ནས་མ་འགྱུར་བར་བལ་ཡུལ་དུ་བྱོན་ནས། དྷརྨ་བོ་དྷ་དང་བ་སུ་དྷ་ར་ལ་བཤད། དེ་ནས་ཕྱིས་བྲུ་ཞའི་ཁྲོམ་དུ་བསྒྱུར། རུ་དྷརྨ་བོ་དང་བ་སུ་དྷ་ར་དང་བྲུ་ཞའི་མཁན་པོས་ཟོ་བོ་སྣུབས་སངས་རྒྱས་ལ་བཤད། དེས་ཇོ་བོ་ཡོན་ཏན་རྒྱ་མཚོ་ལ། དེས་སྲས་ཡེ་ཤེས་རྒྱ་མཚོ། དེས་རྒྱ་བློ་གྲོས་བྱང་ཆུབ་དང་སྣ་ནམ་ཚུལ་ཁྲིམས་བྱང་ཆུབ་ལ་བཤད། རྒྱས་ཐོ་གར་ནམ་མཁའ་ལ། དེས་སྐུ་ཚེ་སྟོད་ལ་ལྷོ་བྲག་གི་སྣ་ནམ་ཉལ་ཡོན་པོ་ལ་སོགས་པ་བཞི་ལ། བར་དུ་ཞུ་བསོད་ཤཱཀ་ལ། ཐ་མ་ལྷ་རྗེ་འུག་པ་ལུང་པ་ལ་གསུངསསོ། །ཡང་སྣ་ནམ་ཚུལ་ཁྲིམས་བྱང་ཆུབ་ཀྱིས་དགེ་བཤེས་མར་ཆུང་ལྷོ་བྲག་པ་ལ་གསུངས། མར་པས་ལྷ་རྗེ་བདེ་གཤེགས་ཀྱི་སྤྱན་སྔར་སྐུ་དྲིན་ཞུས་པས། ལྷ་རྗེ་ཤངས་ཆུང་པ་དང་དར་མ་བསོད་ནམས་གྲྭ་ས་རྙིང་པར་བཞུགས་པ་དང་མཇལ་ནས། མར་པ་སྐུ་སྙོམ་པ་དྲག་པོ་གཅིག་གི་ཞབས་ཏོག་ལྷ་རྗེ་ཤངས་པས་མཛད་པས་དགྱེས་ཏེ། མར་པས་ཤངས་པ་ལ་གནང༌། ལྷ་རྗེ་ཤངས་པ་བདག་གིས་སྤྱན་དྲངས་ནས་ཚུལ་བཞིན་དུ་ཞུས་པས་བདག་ལ་གནང་བའོ། ཞེས་གསུངས་ཏེ། དེ་མན་ཆད་སྒྱུ་འཕྲུལ་གྱི་བརྒྱུད་པ་མཐུན་པའི་སྒོ་ནས་རྗེ་བཙུན་སྒྲོལ་མ་བས་མདོ་དང༌། དེའི་འགྲེལ་པ་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པ་མུན་པའི་གོ་ཆ་ཞེས་བྱ་བའི་ལུང་ཡང་བདག་ལ་གནང་ངོ༌། །མདོའི་བརྒྱུད་ལུགས་ཀྱི་སྐབས་སོ། ༣.༣ རོང་ཟོམ་ཆོས་ཀྱི་བཟང་པོའི་ལོ་རྒྱུས་ཀྱི་སྐབས། ཕུལ་དུ་བྱུང་བའི་སྐྱེས་བུ་ཆེན་པོ་རོང་པ་ཆོས་ཀྱི་བཟང་པོ་ཞེས་བྱ་བའི་གཏམ་བརྗོད་པར་བྱ་སྟེ། དེ་ཡང་རོང་བན་ཡོན་ཏན་རིན་ཆེན་གྱི་སྲས་རོང་བན་རིན་ཆེན་ཚུལ་ཁྲིམས་ཞེས་བྱ་བ་ཞིག་བྱུང་སྟེ་དེའི་སྲས་ཡིན་ནོ། འདིའི་ཆེ་བའི་ཡོན་ཏན་ནི། དེ་ཉིད་ཀྱི་སློབ་མ་ཡོལ་དགེ་བསྙེན་རྡོ་རྗེ་དབང་ཕྱུག་གིས་མཛད་པ་བཞིན་བྲི་བར་བྱའོ། །དགེ་བའི་བཤེས་གཉེན་རོང་ཟོམ་ཆོས་ཀྱི་བཟང་པོ་ཞེས་བྱ་བ་བོད་ཀྱི་པཎྚི་ཏ་ཆེན་པོར་གྲགས་པ་དེ་ནི། བོད་རུ་བཞིའི་ནང་ནས་རུ་ལག་གཙང་སྨད་ཀྱི་སྣར་ལུངས་རོང་དུ་སྐུ་འཁྲུངས་ཏེ། དེ་བས་ཅུང་སྔ་བར་ཡུལ་ཁམས་སུ་སློབ་དཔོན་སྨྲ་ཏི་ཛྙཱ་ན་ཀིརྟི་ཞེས་བྱ་བའི་པཎྚི་ཏ་ཡོན་ཏན་དང་ལྡན་པ་ཞིག་བྱོན་ནས་རྒྱུད་འགའ་ཞིག་གི་འགྱུར་ཡང་བཅོས། ཐ་ག་ནའི་མཚན་བརྗོད་ཀྱི་འགྲེལ་བ་ལ་སོགས་པ་གསང་སྔགས་ཀྱི་འགྲེལ་བ་དང༌། འཇམ་དཔལ་གསང་ལྡན་དང་འཇིག་རྟེན་སྣང་བྱེད་ཟླ་བའི་ནོ་བི་ཀ་ལ་སོགས་པ་སྒྲུབ་ཐབས་མང་པོ་བསྒྱུར། སྒྲའི་བསྟན་བཅོས་འགའ་ཞིག་ཀྱང་མཛད་ནས་སྐུ་འདས་ཏེ། དེ་ཉིད་རོང་དུ་སྐུ་འཕོས་པ་དགེ་བཤེས་འདི་ཉིད་ཡིན་པར་ཡང་གྲགས། ཁ་ཅིག་ན་རེ། ཨ་ཙ་ར་ཕྲ་ལ་རིང་མོ་ཞེས་བྱ་བའི་པཎྚི་ཏ་ཞིག་ཁམས་སུ་བྱོན་ནས། གསང་བ་འདུས་པའི་རྒྱ་ཆེར་འགྲེལ་བ་ཆེན་པོ་ལ་སོགས་པ་བསྒྱུར་ཏེ་བཤད་པ་མཛད་ནས། འདས་ཏེ་སྐྱེ་བ་འཕོས་པ་དགེ་བཤེས་རོང་ཟོམ་ལོ་ཙཱ་བ་ཡིན་ཞེས་ཀྱང་ཟེར། གཞན་ཡང་ཇོ་བོ་རྗེ་ཞེས་བྱ་བ་མངོན་པར་ཤེས་པ་དང་ལྡན་པ་ཡོན་ཏན་མང་པོ་མངའ་བའི་པཎྚི་ཏ་དེ་ཉིད་དང་བླ་མ་ཆེན་པོ་མཇལ་བས་ཇོ་བོའི་ཞལ་ནས། རྒྱ་གར་གྱི་ཨཱ་ཙརྻ་ནག་པོ་ཞབས་ཆེན་པོ་སྤྱོད་པ་བ་དེ་ཉིད་ཚེ་འཕོས་པ་ཇོ་བོ་འདི་ཁོ་ན་ཡིན་ཏེ། ཁོ་བོས་འདི་དང་ཆོས་ཀྱི་གཏམ་བྱ་བ་ག་ལ་ཐུབ་ཅེས་ངེས་པར་གསུང་སྐད། སྐྱེས་བུ་དེ་ནི་ལ་ལར་བདེ་བར་གཤེགས་པའི་སྤྲུལ་པ་ཡིན་ཞེས་ཀྱང་གྲགས་ལ། ཕལ་ཆེར་འཕགས་པ་འཇམ་དཔལ་གྱི་སྤྲུལ་པར་གྲགས། འདི་ལྟར་དགུང་ལོ་བཅུ་གཅིག་པ་ལ་མཚན་ཉིད་གསན། བཅུ་གསུམ་མན་ཆད་ལ་གསན་པ་རྫོགས་པ་དང་འདྲ་བར་མཁྱེན་པ་ཆེ་བར་གྱུར། ཤེས་བྱ་ཐམས་ཅད་ལ་མ་རྨོངས་ཞེས་གྲགསསོ། །ཁོང་ཉིད་ཀྱི་ཞལ་ནས་བདག་ཐོས་པ་ཆུང་བ་ཡང་མིན་ཏེ། ཆོས་ཐམས་ཅད་ལ་མ་ཐོས་པ་མེད་དོ། ཐོས་པ་ཆེ་བ་ཡང་མིན་ཏེ། ཆོས་ཕལ་ཆེ་བ་ལ་ཚར་རེ་ལས་མ་དགོས་སོ་ཞེས་གསུང་སྐད་དོ། །སྐྱེས་བུ་དེ་ནི་ཤེས་རབ་ཟབ་ལ་རྒྱ་ཆེ་བ་དྲི་མ་མེད་པ་དང་ལྡན་པས། རྒྱ་གར་གྱི་ཆོས་བཟང་པོ་མདོ་རྒྱུད་དམ་བསྟན་བཅོས་སུ་གཏོགས་པ་སྔར་མ་གཟིགས་པ་མཐའ་དག་ལ་ཚར་རེ་རེ་གཉིས་གཉིས་གཟིགས་པས་མཁྱེན་ཅིང༌། ཚིག་དང་དོན་མ་ལུས་པ་ཐུགས་ལ་ཟིན་ཅིང་ཐམས་ཅད་མི་བརྗེད་པའི་གཟུངས་ཐོབ་ཅེས་གྲགས་ སོ། །གཞན་ཡང་ཙ་ན་ཀ་ལ་སོགས་པ་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་དང༌། ཚད་མའི་བསྟན་བཅོས་དང༌། རིག་བྱེད་ཀྱི་བསྟན་བཅོས་དང༌། དོན་དུ་འགྱུར་བའི་ཚིགས་བཅད་དང༌། སྙན་དངགས་མང་པོ་མཁྱེན་པ་ཡིན། ཐུགས་ཀྱང་ཤིན་ཏུ་ཆེ་བས་ཆོས་ལ་མོས་པའི་མི་རྣམས་དང༌། ཆོས་ཀྱི་གང་ཟག་དང༌། ཁྱད་པར་དུ་རྡོ་རྗེའི་ཐེག་པ་ལ་ཞུགས་པ་དང༌། གསང་སྔགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པར་འདོད་པའི་གང་ཟག་དགེ་བ་ཅན་རྣམས་ལ་ཕན་གདགས་པའི་དགོངས་པ་བཟང་པོ་མངའ་བས། ཕྱི་ཅི་མ་ལོག་པའི་གདམས་པས་ནན་ཏན་དུ་ཕན་ཐོགས་པར་མཛད་པ། མངོན་པར་ཤེས་པའི་ཆ་དང་ལྡན་ཞིང་སེམས་ཅན་འདུལ་བའི་དུས་དང་ཚད་ལ་མཁས་པས། འགྲོ་བ་ཕལ་པ་དང་ཆོས་ཀྱིས་བློ་བསྒྱུར་བ་རྣམས་ཚེ་འདི་དང་ཕྱི་མ་གཉིས་ཀ་བདེ་བ་ལ་འགོད་པའི་ཕྱིར། འབྱོར་ཞིང་འགྲིག་པའི་བསྟན་བཅོས་ཉིད་ཀྱི་ཞལ་སྔ་ནས་ཕྱུང་སྟེ། དེ་དག་ལ་ཕན་འདོགས་པ་ལ་དུས་རྟག་ཏུ་སྐྱོ་བ་མི་མངའ། ཆོས་ཀྱིས་བློ་མ་བསྒྱུར་བའི་སྐྱེ་བོ་ཕལ་བ་ལ་ཡང་སེར་སྣ་དང་གནོད་སེམས་སྤངས་ནས་ཐུགས་རྗེའི་ཡུལ་དུ་མཛད་དེ་ཞི་བདེ་ལ་འགོད་པ། སྡོམ་པ་དང་ཐུགས་དམ་ལ་ནོར་བུ་རིན་པོ་ཆེ་དང་སྲོག་གི་དབང་པོ་ལྟར་གཅེས་པར་མཛད་ཅིང༌། གཞན་ཡང་དེ་ལ་འགོད་པ། དམ་པའི་ཆོས་རྩོམ་པ་ན་གླེགས་བམ་བསྡུ་ཞིང་གཟིགས་པ་ལ་སོགས་པའི་རྩོལ་བ་མ་མཛད་ཀྱང༌། ཆོས་ཕྱོགས་མེད་ལ་ཐོགས་རྡུག་མེད་པར་སྤྲོ་བར་ནུས་པ། དེས་མཛད་པའི་ཆོས་ཐམས་ཅད་ཀྱང་ལུང་དང་རིགས་པ་དང་བླ་མའི་ཉེ་བར་བསྟན་པ་དང་མི་འགལ་ཞིང༌། སྒྲ་སྐྱོན་དང་དོན་སྐྱོན་དང་རྣམ་པར་བྲལ་བས་གཞན་མཁས་པར་གྲགས་པ་གང་གིས་ཀྱང་རྩོད་མི་ནུས་པར་གྲགས་པའོ། དེ་ཉིད་ནི་ཐོག་མ་ཉིད་ནས་ཧ་ཅང་མ་འབད་པར་སཾ་སྐྲྀ་ཏའི་སྐད་ལ་སོགས་པ་རྒྱ་གར་གྱི་སྒྲའི་བྱེ་བྲག་མང་པོ་དང༌། སྒྲའི་བསྟན་བཅོས་ཀྱི་དོན་ལ་མ་རྨོངས་པར་གྲགས། སྐུ་བྱིས་ཆུང་གི་དུས་སུ་ཨ་ཙ་ར་འདུག་ཚད་ལ་དགྱེས་ཤིང་དེ་དག་གི་སྐད་ལ་དགྱེས། དེ་ནས་བི་བརྟའི་པུ་ཏི་ལ་བརྟགས་པས་མཁྱེན་པ་ལ་ཚེགས་མ་བྱུང༌། ཐ་ན་དུད་འགྲོའི་བརྡ་དང་སྐད་ཀྱང་མཁྱེན་པར་གྲགས། དེའི་ཕྱིར་དེས་མཛད་པའི་གསར་སྔགས་ཀྱི་ཡི་གེ་རྣམས་ལ་སློབ་པའི་བརྒྱུད་དུ་བྱུང་བའི་གང་ཟག་རྣམས་ཀྱིས། ལུང་མ་ཐོབ་པར་ཡི་གེ་ལས་བྱུང་བ་བཞིན་དུ་སྦྱར་བ་ལས་བྱིན་རླབས་མ་བྱུང་བ་མེད་ཅེས་གྲགསསོ། །ལོ་ཙཱ་བ་ཆེན་པོ་དེ་ལ་དུས་དེའི་ཚེ་བོད་རུ་བཞིའི་མཁས་པ་མང་པོས་བཏུད་པར་གྱུར་ཏེ། གོ་རུབ་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཅེས་བྱ་བ། ཆོས་ཕྱོགས་མེད་ལ་མཁས་པར་གྲགས་པ་ཞིག་གིས། ཐོག་མར་བོད་དུ་སྐྱེས་པའི་གང་ཟག་གིས་ཆོས་མང་པོ་རྩོམ་པ་ཞེས་དཔྱསསོ། །ཕྱིས་བླ་མ་རོང་ཟོམ་གྱིས་མཛད་པའི་ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པའི་པུ་སྟི་དེ་མཐོང་ནས། གུས་པ་ཆེན་པོ་སྐྱེས་ཏེ། ཟང་ཟིང་མང་པོས་བསྙེན་བཀུར་བྱས་ཏེ་ཉེས་པ་བཤགས་ནས། བདག་རྗེས་སུ་གཟུང་དུ་གསོལ་ཞེས་བཀའ་ཞུས་པས་གནང་སྟེ། འཇམ་དཔལ་གསང་བའི་རྒྱུད་ལ་སོགས་པའི་ཆོས་མང་དུ་གསན། གཞན་ཡང་མར་པ་ཆོས་ཀྱི་དབང་ཕྱུག་ལ་སོགས་པའི་ལོ་ཙཱ་བ་དང༌། མཁས་པར་གྲགས་པའི་བློ་རྩལ་ཅན་མང་པོས་བཏུད་ཅིང་གསན་པར་གྱུར་ཏེ། གསན་པ་དེ་དག་གི་སློབ་བརྒྱུད་ཐམས་ཅད་ཀྱང་ཤིན་ཏུ་དད་པར་གྱུར་ནས་བླ་མ་དམ་པར་འཛིན་ནོ། །གསང་རྒྱུད་ཀྱི་སྐབས་ན་མར་དགེ་བཤེས་ཆེན་པོའི་ཞལ་ནས། འོ་སྐོལ་ལ་ད་ལྟ་རྒྱ་དཔེ་ཡོད་པར་གྱུར་ན་འདི་ལྟར་འགྲོ་བ་ཡིན་ཏེ། རྒྱ་དཔེ་མེད་པས་ད་ལྟ་བཅོས་སུ་མེད་གསུང་བ་ལ། གོ་རུབ་ཀྱིས་དེ་གཟུང་ནས་ཕྱིས་ཇོ་བོ་ཀྲྀཥྞ་པ་ཞེས་བྱ་བའི་པཎྚི་ཏ་ལ་རྒྱ་དཔེ་བྱུང་ནས་དེ་ལ་གསན་པས། རོང་པ་ཆེན་པོ་གསུང་བ་བཞིན་བྱུང་ནས་ཤིན་ཏུ་མོས་ཏེ། ཀྲྀཥྞ་པ་ལས་བྱུང་བའི་དཔེ་ཞིག་རོང་པ་ཉིད་ལ་ཕུལ་ནས་ཡང་གསན་སྐད། གཞན་ཡང་རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་ཝརྨ་དང༌། མཉྫུ་ཤྲཱི་ཛྙ་ན་དང༌། ཨུ་པཱ་ཡ་ཤྲཱི་མི་ཏྲ་དང༌། བུདྡྷ་ཨཱ་ཀ་ར་བྷ་དྲ་དང༌། དེ་བཱ་ཀ་ར་ཙནྡྲ་དང༌། པ་ར་མེ་ཤྭ་ར་དང༌། ཨ་མོ་གྷ་བཛྲ་ལ་སོགས་པ་པཎྚི་ཏ་མང་པོ་བསྟེན་ནས། དེ་དག་གི་ལོ་ཙཱ་བ་མཛད། རྡོ་རྗེ་འཇིགས་བྱེད་དང༌། གཤིན་རྗེ་དགྲ་རྒྱུད་དང༌། འཇམ་དཔལ་སྔགས་དོན་དང༌། བདེ་མཆོག་རྩ་རྒྱུད་ལ་སོགས་པ་མང་དུ་བསྒྱུར། འགྱུར་ཡང་ཤིན་ཏུ་བཟང་བས་གསར་འགྱུར་མཛད་དེ་ཕན་ཆེ་བར་བཏགསསོ། །རྒྱ་གར་གྱི་པཎྚི་ཏ་ཀུན་ན་རེ། དྷརྨ་བྷ་དྲ་ཁྱོད་ཀྱིས་ཆོས་མང་པོ་རྩོམ་ལ་འགྲོ་བ་རྣམས་སྐྱོབས་ཤིག །ཁྱོད་ཀྱི་ཡོན་ཏན་གཞན་ལྟ་ཞོག་གི །སྒྲ་ཚད་ཀྱི་ལུགས་འདིའི་སུམ་ཆ་ཙམ་ལས་མི་ཤེས་པས་ཀྱང་རྒྱ་གར་ན་ཆོས་རྩོམ་པ་ཡིན་ན། ཁྱོད་ཅིའི་ཕྱིར་མི་རྩོམ་ཞེས་གསུང་སྐད། དེ་ལྟར་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་ཡང༌། བདག་བསྟོད་ལ་སོགས་པའི་དྲི་མ་དང་བྲལ་ཞིང༌། གཞན་གྱི་ཆོས་ལུགས་དང་སྤྱོད་པ་དམན་ཡང་དོན་དུ་འགྱུར་བ་མ་གཏོགས་པ། ཕ་རོལ་ཁྱད་དུ་གསོད་པའི་ངག་རྩུབ་ལ་སོགས་པ་ཐམས་ཅད་མི་གསུང་ངོ༌། །གཞན་ཡང་བྲག་གཟར་པོའི་ངོས་ལ་གཤེགས་ཤིང༌རྩིབས་བསྐོར་བ་མཛད་པ་མཐོང་བ་ལ་སོགས་པ་མང་དུ་ཡོད་པ་ཐོས་མོད་ཀྱི། ཡི་གེ་མངས་ཀྱིས་དོགས་ནས་མ་བྲིསསོ། །ཡོལ་དགེ་བསྙེན་རྡོ་རྗེ་དབང་ཕྱུག་གིས་བླ་མ་དམ་པའི་ཡོན་ཏན་གཞན་ལས་ཀྱང་ཡང་དང་ཡང་དུ་ཐོས་པ་རྣམས་ཡི་གེར་བཀོད་པའོ། ཡང་ཡི་གེ་གཞན་དག་ན། སྤྲུལ་པའི་སྐུར་གྲགས་པའི་པཎྚི་ཏ་ཆེན་པོ་དེ། སྐུ་བྱིས་པ་གཞོན་ནུ་ལ་མྱང་སྨད་དུ་རྗེ་འགར་སྟོན་ཚུལ་ཁྲིམས་བཟང་པོ་ལ་གསན་པ་མཛད། དེ་ཙ་ན་ཡབ་རོང་བན་རིན་ཆེན་ཚུལ་ཁྲིམས་ཀྱིས་རྒྱགས་སྐྱེལ་དུ་བྱོན་པས། མཆེད་པོ་རྣམས་ན་རེ། ཁྱེད་ཀྱི་བུ་འདི་ཁོང་རང་བློ་དྲེད། ངེད་ལ་ཡང་ཐོ་ཅོ་ཆེ་བ་གནོད་པར་འདུག་པས། ཁྱེད་རང་ད་རེས་ཁྲིད་པ་ལེགས་ཟེར་སྐད། དེ་ཡབ་ཀྱིས་དགེ་བཤེས་འགར་ལ་བསྙད་ནས། ཁོང་དེ་སྐད་ཟེར་ཁྲིད་ལ་འགྲོའམ་ཞུས་པས། སློབ་དཔོན་གྱི་ཞལ་ནས། དེ་སྐད་མ་ཟེར་ཅིག །ཁོས་ཆོས་ཐམས་ཅད་གོ་ནས་ཡོད་དོ་གསུང་སྐད། དེ་ཙ་ན་དགུང་ལོ་བཅུ་གཉིས་ཙམ་བཞེས་ཏེ། གཞོན་ནུ་དེས་བྱིས་པ་རྩེད་སར་ཡང་སློབ་དཔོན་གྱིས་གསུངས་ཚད་ཤར་རེ་འོང་ལ། ཆོས་ཐམས་ཅད་ཚར་རེ་གསན་པ་ལས་ཚིག་གཅིག་ཀྱང་མ་ནོར་བར་ཐུགས་སུ་ཆུད་སྐད་དོ། ལོ་བཅུ་གསུམ་པ་ལ་མཁས་པ་མདོ་སྟོན་སེང་གེ་རྒྱལ་མཚན་བྱ་བ་ལ་ཡང་གསན། ནམ་ཞིག་ན་ཁོང་གི་རྨི་ལམ་དུ་གསང་བ་སྙིང་པོས་ཟན་བྱས། སངས་རྒྱས་མཉམ་སྦྱོར་གྱིས་ཚོད་མ་བྱས་ནས་གསོལ་གྱི་འདུག་པ་རྨི་བ་བྱུང་ནས། སློབ་དཔོན་ལ་བཤད་པས། གུ་རུའི་ཞལ་ནས། དེ་ཤིན་ཏུ་བཟང༌། ཆོས་དེ་ཁོང་དུ་ཆུད་པའི་རྟགས་ཡིན་པས། ཁྱོད་ཀྱིས་འགྲེལ་པ་རེ་གྱིས་གསུང་སྐད་དོ། །དེར་དགུང་ལོ་བཅུ་གསུམ་མན་ཆད་ལ་གསན་པ་རྫོགས་པ་དང་འདྲ་བར་སོང༌། སྤྱིར་གཏམ་དུ་ཡང༌། འདུལ་བ་འཚུར་སྟོན་དབྱིག་གེ་མཁས། །ཆོག་ཁྲིགས་བཟངས་ཀྱི་ཡེ་གྲགས་མཁས། །སྒྲ་དང་ཚད་མ་རོང་བ་མཁས། །ཐམས་ཅད་འཛོམས་པ་ཨ་ཕོ་རང་ཆོས་གྲགས་རང་། ཟེར་སྐད། དེ་ནས་དུས་ཕྱིས་བླ་མས་གསུངས་པའི་དགོངས་པ་རྫོགས་པའི་ཕྱིར། བསླབ་པ་རིན་པོ་ཆེ་གསུམ་ལ་བརྟེན་པའི་ཆེད་དུ་མན་ངག་གསུམ་མཛད་དེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རྒྱུད་ལ་བསྐྱེད་པའི་ཕྱིར་དམ་ཚིག་མདོ་རྒྱས་མཛད། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་རྒྱུད་ལ་བསྐྱེད་པའི་ཕྱིར་འགྲེལ་པ་ཚུལ་བཞི་ཡན་ལག་བཅོ་ལྔ་པ་མཛད། མཉམ་སྦྱོར་ལའང་འགྲེལ་པ་མཛད། ལྷག་པ་ཤེས་རབ་ཀྱི་བསླབ་པ་རྒྱུད་ལ་བསྐྱེད་པའི་ཕྱིར་རྫོགས་པ་ཆེན་པོའི་ལྟ་སྒོམ་མན་ངག་མཛད། ངན་སོང་སྦྱོང་རྒྱུད་དང༌། འཇིགས་བྱེད་དང༌། སྨྲ་སྒོ་ལ་སོགས་པའི་འགྲེལ་པ་དང་བསྟན་བཅོས་མང་དུ་མཛད། དེའི་དུས་སུ་ཤབ་ཀྱི་ཡང་ཁྱེད་བླ་མ། མར་པ་དོ་བ། འུ་ཡུག་པ་མདའ་བསམ་གཏན། མདོའི་ཁྱུང་པོ་ཧཱུཾ་སྙིང༌། སེ་ཁྲོམ་རྒྱ་མཚོ་འབར། མཚམས་སྟོན་གོ་ཆ། པང་ཀ་དར་ཆུང༌། འགོས་ལྷས་བཙས། རྒྱ་རྒྱལ་ཚུལ་ལ་སོགས་པ་བོད་རུ་བཞིའི་མཁས་པ་ཐམས་ཅད་རྩོད་དེ། བོད་དུ་སྐྱེས་པའི་གང་ཟག་གིས་བསྟན་བཅོས་འདི་ཙམ་རྩོམ་པ་མི་རིགས་སོ་ཞེས་ཟེར་ཞིང་སུན་འབྱིན་དུ་འོངས་བ་ལ།བསྟན་བཅོས་རེ་མཐོང་ཞིང་གསུང་གླེངས་རེ་མཛད་པས་ཐམས་ཅད་ངོ་མཚར་སྐྱེས་ནས་ཞབས་ཏོག་རེ་མཛད། ཆོས་རེ་ཡང་གསན། ཀུན་གྱིས་བླ་མར་འཁུར་ཞིང་སྤྱི་བོས་འདུས་པར་གྱུར་ཏོ། །ཞེས་པ་ཡང་རོང་ཟོམ་གྱི་ཐུགས་སྲས་གཡག་རྡོ་རྗེ་འཛིན་པ་ལས་བྱུང་བའོ། །སྐྱེས་བུ་དམ་པ་འདིའི་གདུང་རབས་ནི། རོང་བན་དཔལ་གྱི་རིན་པོ་ཆེ། དེའི་སྲས་རོང་བན་རིན་ཆེན་ཚུལ་ཁྲིམས། དེའི་སྲས་རོང་ཟོམ་ཆོས་ཀྱི་བཟང་པོ་དང་སྒོམ་ཆེན་ཆོས་འཕགས་གཉིསསོ། །ཆོས་བཟང་གི་སྲས་གཟི་བརྗིད་འབར་དང་། འབུམ་པ་གཉིས། གཟི་བརྗིད་འབར་གྱི་སྲས་སྟོན་དར་དང་སྟོན་སྐྱབས་གཉིསསོ། །སྟོན་དར་གྱི་སྲས་སྟོན་སེང༌། དེའི་སྲས་ཇོ་སྲས་ར་པེ། དེའི་སྲས་འབུམ་དཔལ། སྟོན་སྐྱབས་ཀྱི་སྲས་ཇོ་སྲས་འོད་ཟེར། དེའི་སྲས་སློབ་དཔོན་འབུམ་བསྟན། རོང་པ་འབུམ་འབར་གྱི་སྲས་ཆོས་ཀྱི་རྒྱལ་མཚན་དང༌། ཇོ་རྩེགས་དང༌། ཇོ་བཟད་ལ་སོགས་པའོ། །ཆོས་ཀྱི་རྒྱལ་མཚན་གྱི་སྲས་རུ་ཨཱ་ནནྡ་བཛྲ་སྟེ་རོང་པ་ཀུན་དགའ། དེའི་སྲས་སློབ་དཔོན་མེ་དཔུང་ངོ་། །དེའི་སྲས་ཆོས་ཀྱི་བཤེས་གཉེན་དང༌། ཆོས་བཞད་དོ། །རོང་པ་ཇོ་བཟད་ཀྱི་སྲས་ཀྱི་སྲས་སློབ་དཔོན་ཇོ་བཀྲ །དེའི་སྲས་དར་བཟང་དང་རྡོ་རྗེ་བརྟན། དར་བཟང་གི་སྲས་སློབ་དཔོན་གསེར་འོད། ཇོ་བརྟན་གྱི་སྲས་ཉི་སེང༌། དེའི་སྲས་འོད་ཟེར་འབུམ་དང་འབུམ་རྒོད། རོང་སྒོམ་ཆོས་འཕགས་ཀྱི་སྲས་སློབ་དཔོན་སྟོན་གཡུང༌། དེའི་སྲས་ཇོ་སྲས་ལྷས་སྤུངས། དེའི་སྲས་སློབ་དཔོན་བྱམས་ཆོས་པ་ཆེན་པོ་དར་མ་བརྟན། དེའི་སྲས་སློབ་དཔོན་སྲ་བརྟན་རྡོ་རྗེ་ཡིན་ནོ། །དེ་ལྟར་རོང་ཟོམ་འདི་ནི་འཁྲུངས་པ་ཙམ་ཉིད་ནས་ལྷུན་གྱིས་གྲུབ་པའི་ཤེས་རབ་ཆེན་པོ་དང༌། ངང་གིས་དགེ་བའི་སྤྱོད་པ་ཅན་འདི་ནི། རང་དང་དུས་མཚུངས་པའི་མཁས་པ་ཐམས་ཅད་ཀྱིས་མངོན་པར་བསྟོད་པ། ཕྱི་དང་ནང་གི་རིག་པའི་གནས་དང༌། སཾ་སྐྲྀ་ཏ་དང་སྐད་རིགས་ཀྱི་བྱེ་བྲག་གཞན་མང་པོ་ལ་མ་རྨོངས་པ། བོད་ཀྱི་སྐད་ཉིད་ལ་ཡང་འདི་ནི་དོན་འདི་ཙམ་ཞིག་ལ་འཇུག་གོ །ཞེས་བྱ་བའི་ཁྱད་པར་ཕྲ་མོ་དག་ཀྱང་གཞན་ལས་ཆེས་ལྷག་པ། མདོ་སྡེ་དང་རྒྱུད་སྡེ་དང་བསྟན་བཅོས་ཀྱི་བྱེ་བྲག་མ་ལུས་པ་ཐུགས་སུ་ཆུད་པ། ཐ་ན་འཇིག་རྟེན་པའི་འཚོ་ཚིས་ཞིང་ལས་དང༌། ཕྱུགས་སྐྱོང་བ་དང༌། དཀར་ཤེ་ཇི་ལྟར་སྒྲུབ་པའི་ཚུལ་གྱི་བསྟན་བཅོས་ཀྱང་མཛད་ལ། བོད་ཀྱི་ལྷ་འདྲེ་ཕལ་ཆེ་བའི་གནས་དང་སྤྱོད་པ་ཡང་ཐུགས་སུ་ཆུད་ཅིང། ལྟ་བ་མཆོག་ཏུ་གྱུར་པ། ཀུན་ལས་ཁྱད་པར་དུ་གྱུར་པས། བོད་གངས་ཅན་གྱི་རྒྱུད་འདིར་འདི་དང་མཉམ་པའི་མཁས་པ་ནི་སུ་ཡང་མ་བྱུང་ངོ༌། །འདི་ལ་སྔོན་གྱི་མན་ངག་བརྒྱུད་པ་མང་དུ་མངའ་བ་དག་ཀྱང་བླ་མའི་བརྒྱུད་པའི་རིམ་པར་འདུས་པར་སྣང་སྟེ། འདི་ལྟར་སློབ་དཔོན་པདྨའི་གདམས་པ་རྣམས་སྣ་ནམ་རྡོ་རྗེ་བདུད་འཇོམས། མཁར་ཆེན་དཔལ་གྱི་དབང་ཕྱུག །དོམ་ཨ་ཙ་ར་དཔལ་མེ་ཏོག །སྒྲོ་རྡོ་རྗེ་གཞོན་ནུ། ཞང་ཞུང་ཡོན་ཏན་གྲགས། རོང་བན་ཡོན་ཏན་རིན་ཆེན། རོང་བན་རིན་ཆེན་ཚུལ་ཁྲིམས་ཀྱི་བར་དུ་བརྒྱུད་དེ་གསན་ནོ། །ཡང་བཻ་རོ་ཙ་ནས་གཡུ་སྒྲ་སྙིང་པོ། དེས་བླ་ཆེན་པོ་དགོངས་པ་གསལ། དེས་གྲུས་ཤིང་གླག་ཅན། དེས་སྣྲུབས་དཔའ་བརྟན། དེས་ཡ་ཟི་བོན་སྟོན། དེས་རོང་ཟོམ་ལ་བཤད་དེ་སེམས་སྡེའི་བརྒྱུད་པ་གཅིག་གོ །ཡང་ལྡན་གློང་ཐང་སྒྲོན་མར་ཨ་རོ་ཡེ་ཤེས་འབྱུང་གནས་ཞེས་བྱ་བ་གྲུབ་པའི་སྐྱེས་བུ་ཞིག་བྱུང་སྟེ། དེ་ལ་རྒྱ་གར་བདུན་བརྒྱུད་དང༌། རྒྱའི་ཧྭ་ཤང་བདུན་བརྒྱུད་ཀྱི་གདམས་པ་མངའ་ཞིང༌། དེས་ཅོག་རོ་ཟངས་དཀར་མཛོད་ཁུར་དང༌། ཡ་ཟི་བོན་སྟོན་ལ་གསུངས་ཏེ། དེ་གཉིས་ཀྱིས་རོང་ཟོམ་ལ་བཤད། འདི་ལ་རྫོགས་ཆེན་ཁམས་ལུགས་ཞེས་ཟེར། ཡང་བི་མ་ལས་མྱང་ཏིང་འཛིན་བཟང་པོ་ལ་གསུངས་པ་དང༌། བི་མ་ལས་རྨ་རིན་ཆེན་མཆོག་དང༌། གཉགས་ཛྙཱ་ན་ཀུ་མཱ་ར་ལ་གསུངས་པའི་མན་ངག་ཀྱང༌། དེ་གཉིས་ཁུ་བྱང་ཆུབ་འོད་དང༌། ཁྱུང་པོ་དབྱིག་འོད་ལ་བརྒྱུད་ནས་རིམ་གྱིས་རོང་ཟོམ་ཆོས་བཟང་ལ་མན་ངག་རྣམས་མངའ་བ་ཡིན་ནོ། །སྐྱེས་བུ་ཆེན་པོ་འདི་འཁྲུངས་པ་དང་ཞི་བར་གཤེགས་པའི་ལོ་ཚིགས་མ་རྙེད་ནའང༌། སྔར་བརྗོད་པ་ལྟར་ཇོ་བོ་རྗེ་བོད་དུ་བྱོན་དུས་མཇལ་ཟེར་བ་དང༌། འགོས་ལོ་དང༌། དེའི་བླ་མ་མ་ནག་པོ་དམ་ཚིག་རྡོ་རྗེ་བོད་དུ་བྱོན་པའི་དུས་དང༌། གོ་རུབ་ལོ་ཙཱ་བ་དང༌། མར་པ་དོ་པ་དང༌། ཡང་ཁྱེད་བླ་མ་རྣམས་དང་ཕལ་ཆེར་དུས་མཚུངས་པ་ཉིད་དུ་ཤེས་པར་བྱའོ། །མ་ཅིག་ཞ་མའི་མིང་པོ་རྗེ་འཁོན་ཕུ་བས་ཀྱང་ལོ་བཅུ་གསུམ་ལོན་པའི་ཚེ་འདིའི་ཐད་དུ་སློབ་གཉེར་ལ་བྱོན་ཞེས་ཟེར་རོ། །རོང་ཟོམ་ཆོས་ཀྱི་བཟང་པོའི་ལོ་རྒྱུས་ཀྱི་སྐབས་སོ། ༣.༤ སེམས་ཕྱོགས་ཀྱི་སྐབས། ཡང་རྫོགས་པ་ཆེན་པོ་སེམས་ཕྱོགས་སུ་གྲགས་པ་འདི་རྣམས། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་བླ་མ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་བན་དེ་ཆུང་མ་ཅན་དུ་བསྟན་ནས། ཞལ་ལུང་ལ་སོགས་པའི་ཡེ་ཤེས་ཞབས་ཀྱི་ཆོས་སྐོར་རྣམས་བྱུང་བའི་ཁུངས། འཇམ་དཔལ་བཤེས་གཉེན་དེ་ཉིད་ལ་པཎྚི་ཏ་ཤྲཱི་སིདྷས་གསན། དེ་ལ་བཻ་རོ་ཙ་ནས་གསན་པ་ཡིན་ལ། བཻ་རོས་ཁམས་སུ་བྱོན་ནས་རྒྱ་ཆེར་གསུངས་པ་ཡིན་ནོ། །སྤྱིར་ན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་ཞལ་ལུང་སྐོར་དང༌། སེམས་ཕྱོགས་དང༌། མན་ངག་གི་སྡེ་རྣམས་ཆོས་སྐད་ཤིན་ཏུ་མཐུན་པར་ཡོད་དེ། སེམས་ཕྱོགས་ལ་དཔལ་འཛིན་གྱིས་དག་པ་བརྗོད་པ་ན། གསང་སྔགས་གསར་མའི་རྒྱུད་འགྲེལ་པ་སྒྲུབ་ཐབས་མན་ངག་འདི་ཙམ་ཞིག་འགྱུར་བ་ལ། ཐ་ན་རྫོགས་པ་ཆེན་པོ་ཞེས་པའི་མིང་ཙམ་ཡང་མེད་ཅེས་སྨྲ་བ་ནི། རང་ཉིད་མཐོང་བ་ཆུང་བར་སྟོན་པ་སྟེ། འཇམ་དཔལ་ཞལ་ལུང་ལས། །རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་གཟུགས་ཅན། ཞེས་གསུངས་ཤིང༌། སྨན་ཞབས་ཀྱིས་ཇི་ལྟ་བའི་དོན་སྒོམ་པ་ཡིན་པར་ཡང་བཤད་དོ། །ཡེ་ཤེས་ཞབས་ཀྱིས་མཛད་པའི་སྒྲུབ་ཐབས་ཀུན་ཏུ་བཟང་མོར་ཡང་རྫོགས་པ་ཆེན་པོ་ཞེས་བཤད་ཅིང༌། སྨན་ཞབས་ཀྱིས་མཛད་པའི་དངོས་གྲུབ་འབྱུང་གཏེར་དུ་ཡང་རྫོགས་པ་ཆེན་པོའི་མཚན་གསལ་བར་བཤད་པའི་ཕྱིར་རོ། །གཞན་ཡང་ཞལ་ལུང་གི་འགྲེལ་པར། གསང་བའི་སྙིང་པོ་ལས་གསུངས་པའི་ནུས་པའི་དབང་ལྔ་པོ་དེ་སྨོས་ནས། དེ་ཆ་མཐུན་པའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་གསུངས་པར་ཡང་བཤད་དོ། །གཞན་ཡང་ཞལ་གྱི་ལུང་དུ། འཇིག་རྟེན་གསུམ་གྱི་སྒྲོན་མ་ཀུན་གྱིས་རབ་བསྔགས་པ། །ཆོས་རྣམས་ཀུན་གྱི་སྙིང་པོ་དངོས་གྲུབ་དེ་བཞིན་ཉིད། །སྲིད་པའི་དུག་ཆུ་བཟློག་བྱེད་གསུམ་ཁོང་བམ་སྟེང་འབར། །འཇམ་དབྱངས་བླ་མའི་ལུང་གིས་རྟོགས་ཕྱིར་བཤད་པར་བྱ། །ཞེས་གསུངས་པ་དང༌། སེམས་སྡེ་བཅོ་བརྒྱད་ཀྱི་དང་པོ་རྡོལ་གསེར་ཞུན་དུ། སྟོན་པ་འཇིག་རྟེན་སྒྲོན་མར་གྱུར་པ་ཀུན་གྱིས་མཚུངས་པར་རབ་བསྔགས་པ། །ཆོས་ལ་ཆོས་ཀྱི་སྙིང་པོར་གྱུར་པ་འཇམ་དཔལ་གཞོན་ནུའི་སྙིང་པོ་ཉིད། །བདེ་གཤེགས་མ་ལུས་ཡུམ་དུ་གྱུར་པས་རྒྱལ་བ་ཀུན་གྱི་ལམ་གཅིག་པུ། །ཚུལ་ཁྲིམས་ལ་སོགས་ཕ་རོལ་ཕྱིན་ལམ་སྤྱོད་པ་རྒྱ་མཚོའི་ཞིང་གྱུར་པ། ཞེས་གསུངས་པ་དག་ཚིག་གི་འཇུག་པ་ཤིན་ཏུ་མཐུན་པར་ཡང་སྣང་བའི་ཕྱིར་རོ། །འདིར། ཚུལ་ཁྲིམས་ལ་སོགས་ཕ་རོལ་ཕྱིན་ལམ་སྤྱོད་པ་རྒྱ་མཚོའི་གཞིར་གྱུར་པ། ཞེས་གསུངས་པ་འདི་ནི་རྫོགས་པ་ཆེན་པོ་ཐབས་ཀྱི་སྤྱོད་པ་རྣམས་འགེགས་ཤིང་མི་འདོད་པར་སྨྲ་བ་ཡང་བསལ་བ་ཡིན་ནོ། །དེ་ཡང་ཞལ་གྱི་ལུང་ལས། །ཆོས་རྣམས་གཟུགས་ལ་སོགས་པ་རྣམས། །ཀུན་མཁྱེན་བར་གྱི་རང་བཞིན་ནི། །ནམ་མཁའི་དཀྱིལ་ལྟར་རྣམ་དག་པའི། །ཟབ་གསལ་གཉིས་མེད་ཡེ་ཤེས་ཏེ། ཞེས་གསུངས་ཤིང༌། དེའི་དོན་འཆད་པ་ན། །རྣམ་པར་རྟོག་པ་ཀུན་བྲལ་བས། །བསམ་བརྗོད་ཡུལ་ལས་ཤིན་ཏུ་འདས། །མཁའ་བཞིན་དྲི་མེད་ཀུན་འབྱུང་བ། །བརྟགས་བྲལ་ཟབ་མོ་ཉིད་ཅེས་བྱ། །ཕྱག་རྒྱ་ཆེན་པོའི་གཟུགས་འཆང་བ། །སྒྱུ་མ་གཞའ་ཚོན་ལྟ་བུ་རུ། །རང་དང་གཞན་གྱི་རྒྱུད་སྦྱོང་བས། །ཡང་དག་གསལ་བ་ཞེས་བྱའོ། །ཞེས་གྲོལ་བའི་ཐིག་ལེ་ལས་གསུངས་ཏེ། དེ་ལྟ་བས་ན་སེམས་ཕྱོགས་པ་རྣམས་ལ་གསལ་བ་གཏན་མེད་པ་མ་ཡིན་མོད་ཀྱི། །ཟབ་མོའི་ཕྱོགས་ཤས་ཆེ་བར་སྣང་ལ། མན་ངག་པ་རྣམས་ལ་ཟབ་མོའི་ཕྱོགས་ཡོད་ཀྱང་གསལ་བ་ཤས་ཆེ་བར་སྣང་ངོ༌། །ཀློང་གི་སྐོར་རྣམས་ལས་ནི་ཟབ་པ་དང་གསལ་བ་གཉིས་ཆ་མཉམ་པར་འཆད་དོ། །དེ་ལ་སློབ་དཔོན་རྙིང་མ་བ་རྣམས། སློབ་དཔོན་སངས་རྒྱས་གསང་བ་དང་དེའི་སློབ་མ་བི་མ་ལ་ཡིན་པར་བཤད་ནས། ཆོས་ཕལ་ཆེར་དེ་གཉིས་ལས་བརྒྱུད་པར་འཆད་དེ། སློབ་དཔོན་སངས་རྒྱས་གསང་བ་ནི། སློབ་དཔོན་ཡེ་ཤེས་ཞབས་ཀྱི་དངོས་ཀྱི་སློབ་མ་མཁས་པ་ཆེན་པོའོ། །བཻ་རོས་ཁམས་སུ་སྔ་ཕྱི་རིམ་པ་གསུམ་དུ་བཤད་པར་གྲགས་ཏེ་དང་པོ་རྒྱལ་མོ་རོང་གི་བྲག་ལ་མགོན་པོའི་དགོན་པར་རྒྱལ་མོ་གཡུ་སྒྲ་སྙིང་པོ་ལ་གསུངས་པ་དང༌། ཚ་བ་རོང་གི་སྟག་རྩེ་མཁར་གྱི་དགོན་པར་གསང་སྟོན་ཡེ་ཤེས་བླ་མ་ལ་གསུངས་པ་དང༌། སྟོང་ཁུང་རོང་གི་བྲག་དམར་རྫོང་གི་དགོན་པར་སྤངས་སངས་རྒྱས་མགོན་པོ་ལ་གསུངས་པ་དང༌། སྔར་རྒྱལ་པོ་ལ་གསུངས་པ་དང༌། ཕྱིས་དབུས་སུ་བྱོན་ནས་དགེ་སློང་མ་ལ་ཟི་ཤེས་རབ་སྒྲོན་མ་ལ་གསུངས་པ་དང་རིམ་པ་ལྔར་གྲགས་ཏེ། དེ་རྣམས་གཉགས་ཛྙཱ་ནས་བཻ་རོ་ཉིད་དང་གཡུ་སྒྲ་ལ་གསན་ཞིང༌། ཕྱི་འགྱུར་རྣམས་བི་མ་ལ་གསན་ནོ། །དེ་ལ་གཉགས་ནི། ཡར་ཀླུངས་གཉགས་ཀྱི་སྟག་སྒྲ་ལྷ་སྣང་དང༌། སྲུ་གཟའ་སྒྲོན་མ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། བི་མ་ལ་དང་གཡུ་སྒྲ་སྙིང་པོ་ལ་སོགས་པ་ལས་མཁྱེན་པ་ཆེ་ཞིང༌། བཀའི་ཆུ་བོ་ཆེན་པོ་བཞི་འདུས་པ་ཡིན་ཏེ། དཀྱུས་བཤད་གཞུང་གི་ཆུ་བོ་འགྲེལ་ཊི་ཀ་སྟོང་ཐུན་དང་བཅས་པ། སྙན་བརྒྱུད་གདམས་ངག་གི་ཆུ་བོ་གནད་ཡིག་དམར་ཁྲིད་དང་བཅས་པ། བྱིན་རླབས་དབང་གི་ཆུ་བོ་བསྐུར་ཐབས་ངོ་སྤྲོད་དང་བཅས་པ། ཕྱག་བཞེས་ཕྲིན་སྒྲུབ་ཀྱི་ཆུ་བོ་བསྟན་བསྲུངས་དྲག་སྔགས་དང་བཅས་པའོ། །དེས་སོག་པོ་དཔལ་གྱི་ཡེ་ཤེས། གྲ་དཔལ་གྱི་སྙིང་པོ། ལྷ་ལུང་དཔལ་གྱི་རྡོ་རྗེ། འོ་ཕྲན་དཔལ་གྱི་གཞོན་ནུ། སྙན་དཔལ་དབྱངས། འཚུར་ནག་ཡེ་ཤེས་དཔལ། ཨུ་པ་དེ་གསལ། ཐང་པ་ཟངས་དཔལ་གྱི་རྡོ་རྗེ། དགྱེ་འཕགས་པ་ཤེས་རབ། བྷུ་སུ་ཀུ་མཆོག་གི་བྱང་ཆུབ་རྣམས་ལ་གནང་ནས་སོག་པོས་སངས་རྒྱས་ཡེ་ཤེས་ལ་རིམ་པར་བརྒྱུད་པ་སྟེ། ལུགས་གཅིག་གོ །འདིའི་སྤངས་སངས་རྒྱས་མགོན་པོ་ནི། རྡོ་རྗེ་ཟམ་པ་བ་དག་གི་སྤངས་མི་ཕམ་མགོན་པོ་དང་གཅིག་པ་འདྲའོ། ཡང་བརྒྱུད་པ་གཞན་རྩད་ཚ་ཤཱཀ་རྡོར་གྱིས་བཤད་པ་ནི། སྤངས་ཀྱིས་སྦ་རཀྵི་ཏ་ལ་བཤད། དེས་ཡ་ཟི་དར་མ་ཤེས་རབ། ཟེར་མོ་དགེ་སློང་མ་བདེ་གནས་མ་ལ་བཤད། རྗེས་མར་པ་ཤེས་རབ་འོད་པས། དེས་ལྷ་རྗེ་ཅན་བཀའ་དྲིན་ནོད་དུ་འོངས་པས། དེར་བསྙུན་དྲག་པོ་ཅིག་བྱུང་བ་ཤངས་ཀྱི་ལང་ཟ་སྟོན་པ་དར་མ་བསོད་ནམས་ཀྱིས་བཅོས་པས། དེའི་ལན་དུ་རྡོ་རྗེ་མེ་ལོང་དང༌། ལམ་རྣམ་བཀོད་དང༌། ཟབ་མོ་དབང་གི་མན་ངག་རྣམས་དང༌། མདོའི་འགྲེལ་པ་ལུང་བསྟན་རྡོ་རྗེ་དང༌། སེམས་ཕྱོགས་ཀྱི་ཆོས་སྐོར་མ་ལུས་པ་རྣམས་གནང༌། དེས་སྒྲོ་སྦུག་པ་ལ་གནང༌། དེས་ཤཱཀྱ་རྡོ་རྗེ་ལ་གནང་ངོ༌། ཡང་ཡི་གེ་གཞན་ན། བི་མ་ལ་ཉིད་ཀྱིས་ཐལ་བ་ལ་སོགས་པའི་སྒྱུ་འཕྲུལ་གྱི་བཤད་རྒྱུད་རྣམས་ཇོ་མོ་སྒྲེ་མོ་ལ་གནང༌། དེས་མར་པ་ཤེས་རབ་འོད་ལ་གནང༌། དེས་ལངས་སྟོན་ལ་གནང་ཟེར་བ་འདུག་སྟེ། དེ་ལྟ་ན་ཇོ་མོ་ཟེར་མོ་དང་སྒྲེ་མོ་གཉིས་དོན་གཅིག་པ་འདྲའོ། །འདི་དག་རྨོངས་པ་ཆོས་ལ་ལོག་པར་རྟོག་པ་དག་གི་སྡིག་པ་ཆེན་པོ་བསལ་བའི་སླད་དུ། བླ་མ་བརྒྱུད་པའི་ཡོན་ཏན་དང་ལྡན་པའི་ཕྱོགས་ཙམ་བརྗོད་པ་སྟེ། བདག་ཉིད་ཀྱིས་ནི། གསང་བདག་མདའ་ཚ་ཧོར་པོ་ནས་འགྲོ་མགོན་དམ་པ་ཤཱཀྱ་རྒྱལ། མཁས་པ་ལྕེ་སྟོན་ཡབ་སྲས། བླ་མ་ཐང་སྟོན་འབུམ་མེ། ཆོས་རྗེ་བླ་སྐྱབས་རྡོ་རྗེ། དྲིན་ཅན་མཁས་པ་ཆེན་པོ། མཁའ་འགྲོ་དཔལ་གྱི་ཡེ་ཤེས། མ་གཅིག་དྲིན་ཅན་ཟུར་མོ། ཆོས་རྗེ་སངས་རྒྱས་རིན་ཆེན་པའི་བར་དུ་བརྒྱུད་དེ། རིག་པའི་རྩལ་དབང་བཅོ་བརྒྱད་དང༌། ཀུན་བྱེད་རྒྱལ་པོའི་རྒྱུད་ཀྱི་ལུང་ཙམ་ཞིག་ལས་སེམས་ཕྱོགས་དག་མ་ཐོས་ཏེ། འོན་ཀྱང་གུས་པ་ཆེན་པོ་དང་ནི་ལྡན་ནོ། །སེམས་ཕྱོགས་ཀྱི་སྐབས་སོ། ༣.༥ རྡོ་རྗེ་ཟམ་པའི་ལོ་རྒྱུས་ཀྱི་སྐབས། རྫོགས་པ་ཆེན་པོ་ཀློང་གི་སྡེའི་སྐོར་ལ། ནམ་མཁའ་དང་མཉམ་པའི་རྒྱུད་ཆེན་པོའི་དོན་ཀློང་དགུ་དང་ཚིག་བམ་པོ་ཉི་ཁྲི་ཞེས་འབྱུང་བ་ལ། བམ་པོ་ཉི་ཁྲི་ནི་གྲུབ་པའི་སྐྱེས་བུ་རྣམས་ཀྱི་ཕྱག་ན་བཞུགས་པའི་དབང་དུ་བྱས་པ་ཡིན་གྱི། འདིར་གཞུང་ཚང་བར་འགྱུར་བ་ནི་མེད་དོ། །ནམ་མཁའ་དང་མཉམ་པའི་རྒྱུད་ཆུང་བའི་དོན་ཡང་ཀློང་དགུ་སྟེ། དང་པོ་ལྟ་བའི་ཀློང༌། གཉིས་པ་སྤྱོད་པའི་ཀློང༌། གསུམ་པ་དཀྱིལ་འཁོར་གྱི་ཀློང༌། བཞི་པ་དབང་གི་ཀློང༌། ལྔ་པ་དམ་ཚིག་གི་ཀློང༌། དྲུག་པ་སྒྲུབ་པའི་ཀློང༌། བདུན་པ་ཕྲིན་ལས་ཀྱི་ཀློང༌། བརྒྱད་པ་ས་ལམ་གྱི་ཀློང༌། དགུ་པ་འབྲས་བུའི་ཀློང་སྟེ། དེ་དག་ཀྱང་ལེའུ་བཅུ་གཅིག་པ་ནས་བཅུ་དགུ་པའི་བར་ལེའུ་རེ་རེས་སྟོན་པ་ཡིན་ནོ། །གཞན་ཡང་ཡེ་ཤེས་གསང་བ་ལ་སོགས་པའི་རྒྱུད་ལ་བརྟེན་པའི་རྡོ་རྗེ་ཟམ་པའི་མན་ངག་རྣམས་བཻ་རོ་ཙ་ནས་སྤངས་མི་ཕམ་མགོན་པོ་ཞེས་བྱ་བ་ལོ་བརྒྱད་བཅུ་རྩ་ལྔ་ལོན་པ་ཞིག་ལ་གནང་སྟེ། རྒས་ཆེས་ཏེ་ལུས་ཀྱིས་ཟུངས་མ་ཐུབ་པས་སྒོམ་རྟེན་དང་བཅས་ཏེ་ལུས་གནད་འཆར་བཅུག །གདམས་པ་ཡིད་ལ་ཟིན་པའི་ཕྱིར་ཚུལ་ཤིང་གཏད། སྔར་གཞོན་པའི་དུས་ཆོས་མ་གྲུབ་ཅིང༌། རྒས་ཏེ་འཁོར་དང་གཉེན་འདུན་ཡང་སྡང་བར་གྱུར་པ་ཞིག་ལ། སློབ་དཔོན་གྱི་གསུང་བཞིན་ཉམས་སུ་བླངས་པས་སྐྱེ་བ་མེད་པའི་དོན་རྟོགས། དགའ་ཆེས་ཏེ་སློབ་དཔོན་གྱི་མགུལ་ནས་འཁྱུད་ནས་ཞག་གཅིག་གི་བར་དུ་མ་བཏང༌། ཉམས་སུ་བླངས་པས་ལོ་ཡང་བརྒྱ་ལྷག་པ་ཐུབ་ཟེར། དེའི་སློབ་མ་ངན་ལམ་བྱང་ཆུབ་རྒྱལ་མཚན་ཡིན། ཡུལ་དབུ་རུ་ངན་ལམ་རལ་གསུམ་པ་ཡིན། དགེ་སློང་ལོ་དྲུག་ཅུ་རྩ་བདུན་ལོན་པ་ཞིག་གིས། རྒྱལ་མོ་སྟག་རྩེ་མཁར་དུ་བྱོན་ནས་སྤངས་མི་ཕམ་མགོན་པོ་ལ་གདམས་པ་ཞུས། སྤངས་ཀྱི་ཞལ་ནས་ཡུལ་དུ་མ་འགྲོ་བར་ཝ་སེང་གེ་བྲག་ལ་སོང་ལ་སྒོམས་གསུངས་ནས། དེར་བྱོན་ནོ། །དེའི་སློབ་མ་ཟ་ངམ་རིན་ཆེན་དབྱིག་ཅེས་པ་མདོ་ཁམས་སྟོད་པ་ཞིག་གིས་ངན་ལམ་ལ་གདམས་པ་ཞུས། ཝ་སེང་གེ་བྲག་ཏུ་བླ་མའི་རྩ་ཉིད་དུ་བཞུགསསོ། །དེའི་སློབ་མ་ཡར་ཀླུངས་འཆོས་ཀྱི་ཁུ་འགྱུར་གསལ་བའི་མཆོག་ཡིན་ཏེ། དགེ་སློང་ལོ་ལྔ་བཅུ་རྩ་བདུན་ལོན་པ་ཞིག་གིས་ཟ་ངམ་ལ་གདམས་པ་རྣམས་ཞུས་ནས། ཝ་སེང་གེ་བྲག་ཏུ་བཞུགས་ནས་ཡར་མ་བྱོན་ནོ། །ངན་ལམ་བྱང་ཆུབ་རྒྱལ་མཚན་བརྒྱ་དང་བདུན་ཅུ་རྩ་གཉིས་ལོན་ནས་ལྷག་མེད་དུ་གཤེགས། ཟ་ངམ་རིན་ཆེན་དབྱིག་བརྒྱ་བཞི་བཅུ་ཞེ་བཞི་ལོན་ནས་ལྷག་མེད་དུ་གཤེགས། ཁུ་འགྱུར་གསལ་བ་མཆོག་ལོ་བརྒྱ་དང་བཅུ་བདུན་ལོན་ནས་ལྷག་མེད་དུ་གཤེགས་ཏེ། དེ་གསུམ་ཀ་ཝ་སེང་གེ་བྲག་ལ་སྦྲུལ་ལོ་ལ་གཅིག་རྟིང་ལ་གཅིག་གཤེགས་ཏེ། སྐུ་ན་བུན་ཡལ་བའམ་འཇའ་ཡལ་བ་བཞིན་དུ་གཤེགསསོ། །དེའི་སློབ་མ་མྱང་བྱང་ཆུབ་གྲགས་ནི། ཡུལ་མྱང་གཡུ་འབྲུག་སྟོད་པ་དགེ་སློང་ལོ་བཞི་བཅུ་རྩ་གཉིས་ལོན་པ་ཞིག་གིས། ཁུ་འགྱུར་གསལ་བའི་མཆོག་ལ་གདམས་པ་རྣམས་ཞུས་ནས་ཡར་བྱོན་ཏེ། བསམ་ཡས་འཆིམས་ཕུ་ན་བཞུགས་ཙ་ན། དབུ་རུ་ཞྭའི་མྱང་ཤེས་རབ་བྱུང་གནས་དགེ་སློང་བགྲེས་པོ་ཞིག་བཞུགས་འདུག་ནས། ཁོང་ན་རེ། བསྙེན་པར་རྫོགས་ནས་ལོ་ང་རྒན་ཀྱང་གདམས་པ་ཁྱེད་ཆེ་བར་འདུག་པས། སློབ་དཔོན་ཞུ་གསུང་ནས། གདམས་པ་རྣམས་མྱང་ཤེས་རབ་འབྱུང་གནས་ལ་གནང་ངོ༌། །མྱང་བྱང་ཆུབ་གྲགས་ནི། གཙང་རྒྱ་མ་ཉེའུ་ཁའི་ཕུང་པོ་རི་བོ་ཆེ་ལ་ད་ལྟ་འདུག་པའི་འཕྲོ་ལ། རི་ཟུར་ན་ཡར་ལ་སྐུ་སྤྲིན་ཆད་པ་བཞིན་དུ་ལྷག་མེད་དུ་གཤེགས། མྱང་ཤེས་རབ་འབྱུང་གནས་ཀྱིས་འཆིམས་ཕུ། སྒྲགས་ཀྱི་ཡང་རྫོང༌། ཕུག་པོ་ཆེ་རྣམས་སུ་བཞུགས། མཇུག་ཏུ་ཕུག་པོ་ཆེ་ན་ཕུག་ཆུང་ཟུར་ར་རི་བྱ་བ་ཡོད་པས་དེར་བཞུགས་ཡོད་ཙ་ན། ཕུག་པོ་ཆེ་ལྷ་རིའི་རྩེ་མོ་ལ་ཤུག་པ་རྐང་གཅིག་ལ་ན་བཟའ་དང་ཕྲེང་བ་དང་ཀཱ་པ་ལི་རྣམས་གཟར་ནས་ཕུང་པོ་ལྷག་མེད་དུ་གཤེགས། དེའི་སློབ་མ་སློབ་དཔོན་སྦ་སྒོམ་ཡིན་ཏེ། ཡུལ་ལོ་མོ་བ། རུས་པ་སྦ། ཡུལ་ན་འཁྲུག་པ་ཡོད་པས་ཡུམ་ན་རེ། བུ་འདི་སྲིང་མོ་དྲུག་གི་མིང་གཅིག་པོ་ཡིན། སློབ་དཔོན་མྱང་ཤེས་རབ་འབྱུང་གནས་ལ་འཆོལ། མ་ཤི་བས་ཆོག་ཟེར་ནས། སྦ་སྒོམ་ལོ་བཅུ་དྲུག་ལོན་པ་ཞིག་མྱང་ལ་བཅོལ་ནས་ཡོད་ཙ་ན། མྱང་བྱང་ཆུབ་གྲགས་པ་ཕུག་པོ་ཆེ་དང༌། ཡང་རྫོང་དང༌། འཆིམས་ཕུ་རྣམས་སུ་ཤ་བ་ཞིག་ཁྲིད་ནས་བྱོན་པས། མྱང་ཤ་བ་ཅན་ཞེས་ཀྱང་བྱ། ཕྱུང་པོ་ཆེར་ཕྱི་མ་དག་བྱོན་ཙ་ན། ངས་ཁྱེད་གཉིས་ལ་ལྟད་མོ་ཅིག་བསྟན་ཅིག་ལྟོས་ཤིག་གསུང༌། སློབ་དཔོན་ཤེས་རབ་འབྱུང་གནས་དང་སྦ་སྒོམ་གཉིས་ཀྱིས་གཡས་གཡོན་ནས་བལྟས་པས། ཁོང་དབུས་ན་ཡོད་པ་དེ་མི་སྣང་བར་སོང༌། དེ་རླུང་ཚུབ་ཁྲུ་གང་བ་ག་ཏུ་སོང་སྟེ་ཕར་སྐྱིལ་ཚུར་སྐྱིལ་བྱས་ཏེ་མེར་སོང༌། དེ་ཆུ་གཏོར་གཏོང་བའི་འཁར་གཞོང་ཞིག་ཏུ་ཚུར་ལྟེམས་ཀྱིས་སོང༌། དེ་ཡང་ས་ཚུབ་རིད་སྟེ་སློབ་དཔོན་དུ་དཀྲོངས་ཀྱིས་སོང༌། འབྱུང་བའི་སྙིགས་མ་དྭངས་ནས་དྭངས་མ་མ་ཡལ་བའི་བར་དུ་དེ་ལྟར་འོང་བ་ཡིན། ཤེས་རབ་ཀྱིས་སྒོམ་རྒྱུ་མེད་པའི་དོན་མཐོང་ཡང༌། བརྡ་ལ་ཡེངས་པ་མེད་པར་བསྐྱངས་ན་དེ་ལྟར་རང་དབང་ཐོབ་པ་ལ་ཚེགས་མེད། མ་ཡེངས་པར་སྐྱོང་བ་གལ་ཆེ་བ་ཡིན་གསུང༌། དེ་ནས་ནམ་ཞིག་སྦ་སྒོམ་གྱིས་བལ་བུའི་ནགས་ལ་ཤིང་འཐུར་ཕྱིན་པས། ཁོང་རང་གི་ལྗགས་སྤྱིལ་མེར་དམར་རིང་དེ་མཐོང༌། སློབ་དཔོན་ནི་མེ་མི་འབུད་ཅི་ཙུག་ཡིན་སྙམ་ནས་ལྟར་ཕྱིན་པས་ཅི་ཡང་མ་བྱས་པར་འདུག་ནས། སློབ་དཔོན་ལ་དེ་སྤྱི་ཙུག་ཡིན་དྲིས་པས། ངས་མེར་བསྒོམ་པ་ཡིན། མྱང་བྱང་ཆུབ་གྲགས་པའི་དེ་མ་དྲན་ནམ་གསུང༌། ཡང་ནམ་ཞིག་སློབ་དཔོན་གྱི་བཞུགས་ས་ན་ཆུར་ལྟེམ་མེ་འདུག་པ་ཡང་མཐོང༌། སློབ་དཔོན་གྱི་ཞལ་ནས། ད་མི་འདུག་ན་ལྷ་རིའི་རྩེ་མོ་ལ་ལྟོས་ཤིག་གསུང་ནས། རི་ལ་སྐྱོ་བསང་ལ་བཞུད་ནས་སང་དགུང་འབྱོན་དུ་རེ་ཡང་མ་བྱོན་ནས། ལྟར་ཕྱིན་ཙ་ན། སློབ་དཔོན་ཕུང་པོ་ལྷག་མེད་དུ་གཤེགས། ན་བཟའ་དང་དབུ་ཞྭ་དང་བོ་དྷི་ཙིའི་ཕྲེང་བ་ལ་སོགས་པ་ཤུག་པ་ལ་གཟར་འདུག་སྐད། སྦ་སྒོམ་ཡེ་ཤེས་བྱང་ཆུབ་ཀྱིས་དགུང་ལོ་ཉི་ཤུ་རྩ་བཞི་ལོན་ཙ་ན་མྱང་གིས་གདམས་ངག་རྣམས་གནང༌། སྦ་སྒོམ་ཕུག་ཆུང་ཟུར་ར་ན་ཉེ་གནས་བཙུན་ཆུང་ཞིག་གིས་བྱེད་ཀྱི་ཡོད་ཙ་ན་འཛེང་གིས་མཇལ་པ་ཡིན། སྤྱིར་སྦ་སྒོམ་ཡེ་ཤེས་བྱང་ཆུབ་རྟེན་དགེ་བསྙེན་དུ་བཞུགས་པ་དེ། དགུང་ལོ་དགུ་བཅུ་རྩ་བརྒྱད་ལོན་པའི་ཚེ་བསྙུང་བ་མེད་པར་གཤེགས་པའི་ཚེ་ཇོ་མོ་གད་མོས་ཕྱི་རོལ་གྱི་མི་རྣམས་མཇལ་དུ་མ་བཅུག་པར་མཆོད་ཁང་དུ་སྤུ་མེ་ལ་བསྲེགས་པས། འོད་རྫ་མ་ཙམ་ཞིག་ནམ་མཁའ་ལ་སོང་བ་ཕྱི་རོལ་གྱི་མི་རྣམས་ཀྱིས་ཀྱང་མཐོང་བ་བྱུང༌། ཤུལ་དུ་གདུང་རུས་ཀྱང་མ་བྱུང་ངོ༌། །འཛེང་དེ་ནི། ཡབ་བཀྲ་ཤིས་གཡུང་དྲུང་ཞེས་བྱ་བ་ཚེ་སྨད་ལ་རབ་ཏུ་བྱུང་ནས་ཚུལ་ཁྲིམས་རྒྱལ་མཚན་དུ་བཏགས། ལོ་དྲུག་ཅུ་རྩ་བདུན་ལ་ཕུར་བུ་ཨུ་ནན་གྱི་ལུགས་ལ་གྲུབ་པ་ཐོབ་ནས་རྡོ་རྗེ་གཞོན་ནུའི་ཞལ་གཟིགས་ལོ་བརྒྱད་ཅུ་རྩ་ལྔ་ལ་གཤེགས། གདུང་སྦྱངས་པས་རྡོ་རྗེ་གཞོན་ནུའི་སྐུ་དང་རིང་བསྲེལ་མང་དུ་བྱོན། ཡུམ་ནི་འཚར་དགུ་གཟའ་སྐྱིད་དེ་ཞེས་བྱ་བ་ཡར་ཀླུངས་ཐང་ཆུང་པའི་བཙུན་མ་ཡིན་པ། ཐང་ཆུང་བཙད་པོའི་བུ་ཆེ་བས་ཕབ་ནས་འཛེང་འཁྲུངས། འཛེང་བྱོན་དུས་ཐང་ཆུང་བཙད་པོ་བྱུང་ཟེར་བ་ཡང་ཡོད། ལོ་བརྒྱད་ཀྱི་བར་དུ་འཚར་དགུ་ཀླུངས་སུ་ཞང་པོའི་སར་བཞུགས། དེ་ནས་གོང་པོ་དབེན་ཚར་བཞུགས། དེ་ནས་སྐྱི་ཁུང་དུ་ལོ་ལྔ་བཞུགས། ལོ་བཅུ་དྲུག་ལོན་ཙ་ན། ཞང་པོ་གཤེན་ཚ་དར་མ་འོད་ཀྱི་སློབ་དཔོན་གཙང་པ་རལ་གཅིག་མའི་གཡོག་པོ་རྡོ་རྗེ་སྙིང་པོ་དང༌། ཇོ་ཤོ་རེ་དང༌། གཉགས་དགེ་བ་འབར་རྣམས་ཀྱིས་དོལ་གྱི་གདོང་སྣ་རུ་ཚོང་ལ་ཕྱིན་ཙ་ན། དོལ་གྱི་འཚར་འཆུར་ན་མི་མང་པོ་འཕུངས་འདུག །དེར་བལྟ་ཕྱིན་པས་དམ་པ་རྒྱ་གར་དང་མཇལ། ཟླ་བ་རིལ་པོ་བཅུ་བཞི་དམ་པའི་ཕྱག་ཕྱིར་འབྲེངས། གཙང་གི་གནས་གཞི་ཟངས་ཅན་དུ་སླེབ་ཙ་ན། དམ་པས་སྣམ་བུ་ཞིག་གནང་ནས་ཁོང་ངང་ཐུང་འདུག་པས་ཁྱོད་རང་ཡུལ་དུ་ལོག །དྭགས་པོ་ནས་ཁམ་བུ་ཁྱེར་ལ་ཤོག །དོལ་དུ་འགྲོ་བའི་ཟླ་བོ་འདུག་གོ་གསུང༌། དེ་ནས་འཛེང་གིས་བྱོན་ཙ་ན། དམ་པ་རྒྱ་གར་ཕྱིན་ཚུར་བྲེངས་ཀྱིས་བྱོན་ནས། འཛེང་གི་མདན་པ་གཉིས་ནས་ཕྱག་གིས་འཇུས་ཏེ། ཅི་ཡང་མ་ཡིན་གནས་གྱུར་པ། །གནས་གྱུར་པ་ལ་གཉིས་འཛིན་མེད། །ཅེས་གསུངས་ནས་མགོ་ཐུག་ལན་གཉིས་བརྒྱབ་པས། སེམས་ཅི་ཡང་མ་དྲན་པར་ཤེས་པ་ས་ལེ་བ་ཞིག་བྱུང་ནས། ཁ་ན་ཚུར་ཆུ་འདུར་ལ་བྱུང༌། དེར་དམ་པས་བྱིན་གྱིས་བརླབས། རྡོ་རྗེ་ཟམ་པ་དང་མཇལ་བར་ལུང་བསྟན་པར་འདུག་སྟེ། ད་གདོད་ལས་མ་གོ་གསུང༌། དམ་པས་རྟེན་འབྲེལ་འགའ་ཟུང་དང་སྔགས་ཀྱི་གནད་མང་དུ་གནང༌། རྒྱང་རོ་འཚལ་མར་ཡི་གེ་དྲུག་པའི་གདམས་ངག་གནང་ནས་བསྒྲུབ་པས་བྱིན་རླབས་ཐུན་མོང་མ་ཡིན་པ་བྱུང༌། ཆུ་བོ་ཆེན་པོ་འདིའི་ཤར་ཕྱོགས་ན་ཙན་དན་གྱི་ནགས་ཡོད། དེ་ན་ཁྱོད་ཀྱི་བླ་མ་ཡོད་གསུང་ནས་ལུང་བསྟན། དེ་ནས་དབུས་སུ་བྱོན་ནས་ཨ་ཁུ་དཔལ་འབལ་ལ་ཞིང་ཕུལ་ནས་ཁྲག་འཐུང་དང་དཔེ་བཀར་གསང་སྒྲུབ་ཞུས། སྣུབས་ཤངས་པོ་ཆེ་ལ་ཀྲྀ་ཡའི་སྒྲུབ་ཐབས་དང་ཁ་འབར་མའི་གཏོར་ཆེན་ཞུས༌། ཁོང་གིས་གཙང་དུ་བ་རི་ལ་འབུལ་བ་སྐྱེལ་དུ་བཏང་ནས། བ་རི་ལའང་འཇམ་དཔལ་དང་ཁྱུང་གི་སྒྲུབ་ཐབས་ཞུས། དགེ་བཤེས་སྦོ་ལ་སྔ་འགྱུར་ལྔ་ཞུས། དེ་ནས་ངམས་ཤོད་ན་མར་བྱོན་ནས་ལྕགས་རྩིགས་སུ་བྱོན། དེའི་ཚེ་ལོ་སུམ་ཅུ་རྩ་ལྔ་ཙམ་ལོན། དེའི་ཚེ་ཕུག་པོ་ཆེའི་ལ་ཁ་ན། དགེ་བཤེས་བཙན་ཁ་བོ་ཆེ་རྒྱ་གར་ནས་བྱོན་མ་ཐོག་ཅིག་ཇོ་མོ་བས་སྤྱན་དྲངས་ནས། ཆོས་དང་བཟའ་དང་ལྟད་མོ་རྣམས་ཡོད་ཟེར་ནང་པར་སྔ་བ་ནས་ལ་ཁར་བྱོན་ཙ་ན། བུད་མེད་ཅིག་ན་རེ། ཁྲབ་ནས་ལམ་ཟུར་འདི་ན་ཡར་ཕྱིན་ན། སློབ་དཔོན་སྦ་གོམ་བྱ་བ་བྱུང་ཚེ་མ་ལ་ལྟོ་སྟེར་བ་ཞིག་ཡོད་ཟེར་ནས་ཕྱིན་པས། རྣལ་འབྱོར་པ་ཚོ་གཅིག་གིས་སླེབ་ནས་ཚ་བ་དྲངས། ཕྱེ་ཟངས་ཀྱི་ཐུམ་བུ་རེ་རེ་གཏོང་གི་འདུག །དེ་ཚོ་ཁྱེབ་པ་དང་འོ་དེ་ན་གཅིག་ཀྱང་འདུག་གསུང་ནས་ཆུ་བུམ་པ་གང་ལེན་བཅུག །ཆུ་གཏོར་བཏང་ནས་ཁྱིམ་དུ་ཁྲིད་ནས་སྲན་མ་ཀེ་རུའི་ཚོད་མ་ཕོར་པ་གང་དྲངས། དེ་ནུབ་ཀྱང་ལྟོ་བྱིན་ནས་བྲག་རྩ་ཅིག་ཏུ་ཉལ། ནང་པར་འགྲོ་དགོས་སེམས་ཙ་ན། ཡང་ལྟོ་བྱིན་ནས་ང་ལ་ཉེ་གནས་བཙུན་ཆུང་ཞིག་ཡོད་པ་ཟོ་ཐུང་དུ་གསེར་ལེན་དུ་སོང་བ་ཆར་ཆེས་པས་མ་བྱུང༌། ཤིང་ཞིག་སྒྲུགས་དང་གསུང་ནས། ནགས་ཁྲོད་ནས་ཤིང་སྐམ་ཁུར་ཆེ་བ་ཞིག་ཁུར་ནས་ཕྱིན་པས་མཉེས་ནས་ཕྱག་རྒྱ་ཆེན་པོ་བརྡའི་མན་ངག་གནང༌། རྫོགས་པ་ཆེན་པོ་སྐོར་བདུན་རང་ཆས་བྱ་བའང་བཤད། དེ་ནས་ཉེ་གནས་དེ་བྱུང་ནས་མདང་སང་སློབ་དཔོན་འོ་བརྒྱལ་སེམས་ཙ་ན། བླ་མ་གོ་བཅད་འདུག་པས་ད་དུང་ཞག་འགའ་ཞིག་བཞུགས་པར་ཞུ་ཟེར་ནས། ཡང་ཡར་ཀླུངས་ལན་གཅིག་སྐོར་ནས་བྱུང༌། དེ་ནས་སྦ་སྒོམ་ངོ་མཚར་ཅན་དུ་ཤེས་ནས་ཡུལ་དུ་མ་ཕྱིན་པར་འོན་དང་ཟངས་རི་ཡན་ཆད་དུ་སྟོན་སྔ་བ་ཀུན་ལ་བླངས་ནས། སྒྱེ་གང་དང་བཅས་པ་སློབ་དཔོན་སྦ་སྒོམ་ལ་འབུལ་དུ་ཕྱིན་པས། ངའི་གཡོག་ཁྱེད་ཀྱིས་བྱས་པ་ཡིན་པས་ང་ལ་འདི་འབུལ་མི་དགོས། འདི་ལ་ཁྱོད་རང་གིས་རྒྱགས་གྱིས། ང་ལ་གདམས་ངག་རྡོ་རྗེ་ཟམ་པ་ཞེས་བྱ་བ་སྐད་ཅིག་མའི་དོན་རྟོགས་ནས་ཚེ་གཅིག་གིས་སངས་རྒྱ་བ། ཕུང་པོ་ལྷག་མེད་ཀྱི་བརྒྱུད་པ་བྲེང་མ་ཆད་པ་ཞིག་ཡོད། དེ་གོང་ཕན་ཆད་སུའང་མ་སྨྲས་པར་གསངས་པ་ཡིན། ད་ཁྱོད་ལ་སྦྱིན་ནོ་གསུང་བས། འདི་སློབ་དཔོན་རང་ལ་བསྔོས་པ་ཡིན་གདམས་ངག་ཐུགས་ལ་གདགས་པར་ཞུ། རྒྱགས་རྙེད་འོང་ཞིག་ཞུས་པས། ཕྱག་གཡོན་པས་སྤྱི་བོ་ལ་གཟུང་གཡས་པས་ལྟག་ཁུང་ནས་ཏབ་ཏབ་བྱས་ནས། འོར་ཆེ་དམ་ཚིག་ཅན་དུ་འདུག་པས། གདམས་ངག་གིས་ཕན་ཐོགས་འོང་བར་འདུག་ཅིག་གསུང༌། དེར་ལོ་ཆུང་གི་སྔགས་པ་ཅིག་ལ་གཤིན་རྗེ་དམར་པོའི་སྒྲུབ་ཐབས་ཤིག་བྱིན་པས། སྲན་སྲེས་ནས་ཁལ་བརྒྱད་བྱུང༌། ལོ་མོ་དང་འཕྲུན་དུ་བསྲུང་སྐྱོབ་ཞར་རེ་བྱས་པས་ཆོས་རྒྱགས་ལྡང་བར་བྱུང༌། རྡོ་རྗེ་ཟམ་པའི་བྱིན་རླབས་མ་གཏོགས་པ་ཚོ་གནང༌། དེ་བྱེད་པ་ལ་འཇེན་ཅི་ཡང་མེད་པས་ཞུ་བ་མ་བྱུང་བ་ལ། སློབ་དཔོན་གྱི་ཞལ་ནས་བྱིན་རླབས་ད་ལྟ་བྱ། ཕྱི་ནས་བར་ཆད་འོང་གསུང༌། གངས་པར་དུ་གྲོགས་པོ་ཞིག་ལ་པིར་མོ་ཞིག་བཅོལ་ཡོད་པའི་རིན་སློང་དུ་ཕྱིན་པས། ཇོ་མོ་བ་བཅོམ་པའི་ཤམ་ཐབས་ཤིག་བྱིན། དེའི་སྣམ་བུ་ཚོ་ཕྲལ་ནས་བཙོངས། ཆང་ཕུད་དང་གཏོར་མ་དང་ནས་བྲེ་ལྔ་ཤ་གཟུགས་གཅིག་རྣམས་ལ་བརྟེན་ནས། མར་མེའི་དོད་ཉིན་པར་བྱའོ་གསུང་ནས། གྲོལ་ལམ་དབང་བཞི་རྫོགས་པར་བསྐུར། གདམས་ངག་མ་ལུས་པར་གནང༌། བྱིན་རླབས་ཕྱི་ནས་ཀྱང་ལན་བཞི་ཙམ་གནང༌། ཞབས་ཏོག་ཀྱང་ནས་དང་གསེར་ལ་སོགས་པ་ལན་གང་མོ་བྱ་བ་ཞིག་ཡོད། སློབ་དཔོན་གྱི་ཞལ་ནས། སྣང་བ་འདི་ཀུན་བདེན་སྙམ་པ་མི་འདུག་གསུང་ནས། ཆུ་རྡོ་རྗེ་ཅིག་ལ་ཕྱག་ཆར་གྱིས་རྒྱབ་པས་གྲུ་མོ་མན་ཆད་ཐིམས་ཀྱིས་སོང༌། སྐུ་ལུས་ཕྱིར་ཤིགས་ཀྱིས་མཛད་པས་བྲག་ལ་སྐུ་ལུས་ཐིམ་གྱིས་སོང་ནས་རྗེས་ཝལ་ལེ་བྱུང༌། ཕུག་ཆུང་རོང་ནས་ཏིང་ངེ་འཛིན་གྱིས་ཤུག་པའི་གདུང་མང་པོ་དྲངས་ནས། ཇོ་མོའི་མཆོད་ཁང་ཕུབ་པའི་ཤིང་རྣམས་ཡིན་གསུང༌། སྦ་སྒོམ་ལ་ཇོ་བོ་རྗེའི་ཕ་རོལ་དུ་ཕྱིན་པའི་ལམ་རྐྱང་ཁུག །ར་མ་པཱ་ལའི་གདམས་པ་ཞུས། འུ་ལུག་ཏུ་དགེ་བཤེས་ཧབ་ཀྱིས་ཞུ་བ་བྱས་ནས། ཡུ་མོ་ལ་དུས་འཁོར་གྱི་སྦྱོར་དྲུག་ཞུས། དེ་ནས་དབུ་རུར་བྱོན་ནས། ཁམ་པ་ལུང་པ་ལ་ཐུན་བརྒྱད་མ། སྣེའུ་ཟུར་པའི་སློབ་མ་ཞིག་ལ་དམིགས་པ་སྐོར་གསུམ་དང༌། ཚོགས་བདག་གི་སྒྲུབ་ཐབས་དང༌། ནད་སེལ་གྱི་གདམས་པ་རྣམས་ཞུས། ཡང་ཕུག་པོ་ཆེར་བྱོན་པས་སྦ་སྒོམ་གྱིས་བདུད་རྩིའི་བཅུད་ལེན་དང༌། རྡོ་རྗེ་ཟམ་པའི་སྒྲུབ་སྡེ་རྣམས་གནང༌། སྤྱན་སྔ་རྣལ་འབྱོར་པའི་གྲྭ་ས་རུ་སྤྱོད་པ་བྱས་པས་ཤིན་ཏུ་མཉེས། ཤོང་བུ་ལོ་ཙཱ་བ་ལ་འགྲེལ་ཆུང་ཉན། དགེ་བཤེས་དགྲོལ་སྒོམ་ལ་ནཱ་རོ་པའི་ཐབས་ལམ་ཞུས། རྡོ་རྗེ་ཟམ་པ་ཕར་ལ་བཤད། ལྷ་རྗེ་སྙིང་སྒོམ་ལ་ཆོས་དྲུག་དང་སྐྱེས་སྦྱོར་ཞུས། རྟོགས་པ་བསྡུར་བས་ཤིན་ཏུ་མཉེས། སོ་བསྙུན་གདངས་པ་སྒྲོན་སྤྲུལ་དང་རྒྱབ་ཤ་ཞུས། རྫ་བོར་བ་ལ་བདུད་རྩི་ཐིགས་གསུམ། རི་ཁྲོད་རླུང་ཆུང་ལ་རྣ་བརྒྱུད་ཚིག་གསུམ། བླ་མ་རླུང་དམ་པ་ཆེན་པོ་ལ་དོ་ཧའི་གདམས་ངག །ལབས་སྒྲོན་ལ་གཅོད་ཡུལ། རྒྱལ་བ་སྦོ་སྟོན་ལ་ལྷུན་གྲུབ་སྡེ་སྐོར་བདུན་པ། སྣུབས་ཤངས་པོ་ཆེ་ལ་བ་རི་ལོ་ཙཱ་བའི་ཀྲྀ་ཡའི་ཆོས་ལྔ་གསུམ་བཅོ་ལྔ་པ་ཞུས། ལ་སྟོད་དུ་བྱང་ཆུབ་སེམས་དཔའ་ཀུན་དགའ་ལ་གདམས་པ་ཁ་ཡར་དང༌། ཨ་བ་རཱ་ཛི་ཏའི་སྒྲུབ་ཐབས་ཞུས། གྲོགས་མཆེད་ཨ་ཙར་སྟག་ཤམ་ཅན་དང༌། བླ་མ་དབུ་ལྟེབས་དང༌། བླ་མ་ཐུད་ཁ་འབར། བླ་མ་དྲོད་འབྱོར། ཞང་འབྲོ་སྙོན་ལ་སོགས་པ་དེ་ཙ་ནའི་རྣལ་འབྱོར་པ་བཟང་པོ་ཤ་སྟག་དང་འགྲོགས། གཙང་དུ་གཅེར་བུ་ལོ་ལྔ་བྱས། འཁྱག་པའི་ནང་དུ་མཆོང་བ་དང༌། ཆུར་མཆོང་བ་དང༌། གཡང་ལ་མཆོང་བ་དང༌། མགོ་བརྡེག་པ་དང༌། མཚོན་རྡེག་པ་ལ་སོགས་པ་ཅི་ཡང་བྱས་ཏེ་སྤྱོད་པའི་ཚན་ཆེ་ཤོས་ཡིན། དཔའ་བོ་འཛེང་ཆུང་བ་ཟེར་བ་ཡིན། སོ་མང་བཙན་ལ་ཕྱག་རྒྱ་ཆེན་པོ་བཏབ་པས། འཁྲུལ་སྣང་དག་ནས་ཡེ་ཤེས་ཀྱི་སྣང་བ་འབའ་ཞིག་ཏུ་ཤར། དངུལ་མོ་རྒྱ་ལེ་ལྕམ་ལ་ཡི་གེ་བཞི་པ་དང་རྫོགས་ཆེན་གྱི་གདམས་པ་བཏབ་པས་ཞིག་མོ་མི་ལས་འདས་པ་ཞིག་བྱུང༌། རི་ཁྲོད་ཀླུ་ཆུང་བ། དངུལ་མོ་རྒྱ་ལེ་ལྕམ། མོན་ཁྲ་ཟེར་མོའི་མཚོ་ལ་སོང་བའི་མ་ཇོ། ཀོང་པོ་མཚོ་རྫོང་ལ་སོང་བའི་ཁམས་པ་རྣམས་ལ་གདམས་པ་བཏབ་པས་ཕུང་པོ་ལྷག་མེད་དུ་སོང༌། རས་པ་སྒོམ་སྟག །ཤོ་རས། རྒྱ་རས། རླུང་རས་ལ་སོགས་ལ་གདམས་པ་བཏབ་པས་དྲོད་འབར་བ་ཡང་བྱུང༌། བསྟན་པ་ཙམ་གྱིས་རྡོགས་གྲོལ་ལ་སོང་བ་ཡང་བྱུང༌། ངའི་གམ་དུ་ལོ་ཙཱ་བ་ཡང་བཞི་ཙམ་བྱུང༌། རབ་བྱུང་དང་སྟོན་ཆེན་དང་སྒོམ་པ་སྒོམ་མ་ཡུས་པོ་ཆེ་རང་མཐོང་ཅན་མང་ཞིག་བྱུང༌། ཚུལ་བཞིན་ཉམས་སུ་ལེན་པ་ཨ་ཅང་ཆེ་སྟེ། དྭགས་པོར་ཉམས་ལེན་ཨེན་རེ་བྱེད་པའི་ཉི་མ་བཅུ་གཅིག་ཙམ་ལ་དང་པོར་འཆི་དུས་ཐེབས་པ། འཆི་ཁར་གནད་གཅོད་མེད་པ། རོ་ལ་འཇའ་ཟུག་པ་བྱུང་བ་ཡིན། ངའི་གདམས་པ་འདི་ལ་བལ་ལས་བྱེད་པའམ། ཕ་མ་སྲེའུ་གསོ་བ་འདྲ་བའི་ཉམས་ལེན་ལོ་ལྔ་དྲུག་ཅིག་བྱས་ནས། ཕུང་པོ་ལྷག་མེད་དུ་སོང་ནས་ཤུལ་དུ་མིའི་ལུས་པོ་མི་འོང་ངེས་གསུང༌། རེས་སྐུ་ལུས་འཇའ་རུ་འཁྱིལ་བ། རེས་ཞབས་སྦལ་མི་རེག་པར་གཤེགས་པ། རེས་ཐག་རིང་པོ་ཡུད་ཙམ་རེས་འཁོར་བ་དང༌། དབུ་རུར་དར་རེ་དང་སྦུར་སྒོམ་དང་དཔལ་ལྕམ་ཆོས་འབར་དང་རིལ་པ་ལ་སོགས་པ་འཆི་བ་ཤེས་པ་དང༌། གཞན་གྱི་སེམས་ཤེས་པ་ལ་སོགས་པ་མངོན་པར་ཤེས་པ་ཡང་མངའ་ཇོ་སྲས་མ་རྡོ་རྗེ་སྐྱིད་ཀྱི་བུ་ནམ་ཕྱེད་ན་གཉིད་ཡུར་ནས་རྒྱ་མཐོངས་ན་མར་སྦབ་ཏུ་འཆོར་ལ་ཁད་པ་གཟིགས་པ་དང༌། ཅོད་པན་རྒྱུ་བའི་ཁབ་ནུབ་མོ་སྦུར་མའི་ཁྲོད་དུ་བྲུལ་བ་གཟིགས་པ་དང༌། ཉིན་མཚན་མེད་པར་གསལ་བ་ཡང་ཡོད། ཕྱི་རེས་གཙང་དུ་ལོ་བདུན་བཞུགས་ནས་མར་ལ་བྱོན་ནས་ཕུག་པོ་ཆེར་བྱོན་པས། སློབ་དཔོན་སྦ་སྒོམ་གྱིས་རྣ་བརྒྱུད་ཚིག་གསུམ་གནང་ནས། ནམ་མཁའ་འདི་ཁོང་དུ་ཆུད་པར་གྱིས། དེ་རྟེན་མེད་དུ་རྟོགས་ན་སྒོམ་མེད་དོན་གྱི་གཟེར་ཆེན་ཐེབས་པ་ཡིན་གསུང་པས། ངེས་ཤེས་ཐུན་མོང་མིན་པ་སྐྱེས། དེ་ནས་དྭགས་པོ་ཞུ་རུ་རུ་བཞུགས། བླ་མ་ཞལ་གདམས་ལ་བསྙེན་བཀུར་བྱས་ནས་གུ་རུ་བཞི་བ་སྡེ་བསྐོར་བདུན་པ་ཐུན་སྒྲུབ་ཀྱི་གདམས་པ་རྣམས་ཞུས། ཞུ་རུའི་ལྷ་ཟུར་དགོན་པར་བརྡ་བཞི་ལོ་གསུམ་བསྐྱངས་པས་ཆོས་ཐམས་ཅད་ལ་བྱན་ཚུད། དགོངས་པ་ནམ་མཁའ་བཞིན་དུ་འདྲེས། དོན་ཐམས་ཅད་སྤྲོས་བྲལ་རྣམ་དག་ལ་སོང༌། གྱུར་ཅིག་དང་ཤོག་ཅིག་ལ་ལྟོས་མ་དགོས། རིག་པ་དྭངས་པས་ཧེ་རུ་ཀའི་ཞལ་མཐོང༌། ཆེད་དུ་མ་བསྒྲུབ་པར་མངོན་ཤེས་ཤར། བླ་མ་རྣམས་བསྟེན་ནས་དཀའ་ཐུབ་མཛད་པའི་ལོ་རྒྱུས་ནི། རྡོ་རྗེ་ཟམ་པ་ཞུས་ནས་ཕུག་པོ་ཆེར་བདུད་རྩིའི་དཀའ་ཐུབ་མཛད་པས་རིམས་ཀྱིས་མི་འཇིགས་པ་བྱུང༌། སྣུབས་ཤངས་པོ་ཆེའི་དྲུང་དུ་བླ་མའི་གཡོག་གི་དཀའ་ཐུབ་མཛད་པས་གང་ཕྱིན་དུ་བླ་མ་ཐུགས་ལ་འདོགས། དམ་པ་རྒྱ་གར་གྱི་དྲུང་དུ་བསམ་བློའི་དཀའ་ཐུབ་མཛད་པས་ཆོས་གང་ལ་ཡང་བྱན་ཚུད། སྐྱི་ཁུང་དུ་ཕུར་པ་ལ་བཟླས་པའི་དཀའ་ཐུབ་བྱས་པས་འཇིག་རྟེན་གྱི་ལྷ་འདྲེས་ཅི་སྨས་ཉན། བཀའ་གདམས་ཀྱིས་རུ་ཞི་དུལ་གྱི་དཀའ་ཐུབ་བྱས་པས་གར་ཕྱིན་དུ་མི་བྱམས། ཡི་གེ་བཞི་ལ་མི་སྡོད་པ་གསུམ་གྱི་དཀའ་ཐུབ་བྱས་པས་ལུས་ལ་དྲོད་སྐྱེས་ནས་གཅེར་བུ་ལོ་ལྔ་བྱས། དེ་ལ་ངེས་ཤེས་སྐྱེས་ནས་ཕག་མོ་མངོན་འབྱུང་ལ་སྒྲུབ་པ་མཛད་པས་འགྱུར་མོ་ནུབ་ཕྱོགས་སུ་རྗེ་བཙུན་མའི་ཞལ་གཟིགས་ནས་བརྡ་མང་པོ་གནང༌། སྣུབས་ཡུལ་རོང་དུ་རྨི་ལམ་སྦྱངས་པས་སྣང་བ་ཐམས་ཅད་རྨི་ལམ་དུ་ཤེས། ལན་ཅིག་ཇོ་མོ་དང་གཉིས་ཤིང་འཐུར་ཕྱིན་པས་ཤིང་ཁུར་ཆེ་བ་ཞིག་རྙེད་ནས་ཁུར་ཕྱིན་པས་མཐའ་ཆེན་པོ་ཞིག་གི་ཁར་སླེབ་པ་དང༌། རྨི་ལམ་དུ་འདུག་སྙམ་སྟེ་མཆོངས་པས་བྱ་བབས་པ་བཞིན་དུ་བྱུང་བས། ཇོ་མོ་ན་རེ། བླ་མ་ཁྱེད་མིའི་མི་ཞིག་མི་འདུག །དམ་པ་རྒྱ་གར་དྲན་དྲན་འདུག་ཟེར། ཨོ་དཀར་བྲག་ལ་སྒྲུབ་པ་མཛད་པས་བདེ་མཆོག་ཡབ་ཡུམ་ཞལ་གཟིགས། ལན་ཅིག་འགྲོ་སྙིང་འདོད་ནས་ཕྱིན་ཏེ། མོན་འགར་གྲོང་མོ་ཆེའི་མདུན་དུ་ཆུའི་བང་མོ་ཞིག་ལ། ང་ཡོད་ཆུ་རང་ལ་ཡང་ཅང་འབྱིང་ངམ་སྙམ་ནས་མཆོངས་པས། འཁྱག་པ་ཆག་ནས་ཆུར་བྱིང་བས་སྐྱེངས་ཙ་ན། ཁོང་རྣམས་ངོ་མཚར་སྐྱེས་ནས་དགུན་ཨར་བ་སྒང་ལ་ཆུར་དེ་ཙམ་ཚུགས་པ། ལྕགས་ཚ་མོ་ཆུར་བཅུག་པ་བཞིན་ཚ་རིངས་ཀྱིས་བྱུང་ཟེར། རང་གིས་མཐོང་བར་ཡང་ཆུ་ལ་རླངས་པ་ནམ་མཁའ་མི་མཐོང་བ་ཙམ་བྱུང༌། གྲང་ནི་གྲང་བར་བྱུང་གསུང༌། གཞོའི་ཏི་སྒྲོར་བྱོན་པས་ཤེལ་ཕུག་ཏུ་ཁྲོ་བོ་བདུད་རྩི་འཁྱིལ་བ་ཞལ་མཐོང༌། མི་མ་ཡིན་ཞིག་གིས་བསྙེན་བཀུར་ཆེ་བ་བྱས། བཙུན་གཟུགས་ཞིག་ནམ་མཁའ་ལ་འཕུར་ནས་ཕར་འགྲོ་ཚུར་འགྲོ་བྱེད་པ་བཙལ་བས་མ་རྙེད། མི་ཡིན་མིན་མ་ཤེས་གསུང༌། དྭགས་པོ་ཞུ་རུར་ཨ་རྫི་བསྒྲུབས་པས་ཉི་མ་དྲོ་བར་ཁར་ཞལ་གཟིགས། དམ་བསྲེས་སྙམ་ཙ་ན་ཇོ་མོ་ཕྱལ་ལེ་བྱོན་པས། བུད་མེད་ཅན་ཟེར་ནས་ནམ་མཁའ་ལ་འོད་ཆེན་པོ་ཞིག་ཏུ་བྱས་ནས་སོང༌། ལྷ་ཟུར་དུ་བཅུད་ལེན་གྱི་སྒྲུབ་པ་བྱས་པས་ཚེ་དཔག་མེད་ཞལ་མཐོང༌། ཆོས་སང་པོའི་རྣམ་དག་རྒྱུད་ལ་ཤར། དེ་ནས་ཇོ་མོ་ཕྱལ་ལེ་དང་བྲལ་ནས་ཆོས་སྐྱིད་དང་འགྲོགས་ཏེ་འཛིན་དུ་བྱོན་ནོ། །དེ་ཡན་དུ་གདམས་པ་མང་དུ་མ་འཕེལ། བྱིན་པ་ཡང་འགའ་ཟུང་ལས་མེད། མཐུ་འགའ་རེ་བསླབས། གྲོང་མཆོག་མཛད་ཅིང་གསང་སྤྱོད་མཛད། དེ་ནས་ཐག་རིང་ནས་ཞུ་བ་ཡང་མང་དུ་བྱུང་ཞིང་མང་དུ་འཕེལ། ངོ་བོ་མཁར་ངོས་སུ་སྦལ་བུ་དོར་ལས་སྤྱན་དྲངས་ནས་གདམས་ངག་གསུངས་པས། ཉི་མ་སྔ་དྲོ་དང་པོ་ལ་འཇའི་གདུགས་དང་རེའུ་མིག་དང་ཀ་བ་ལྟ་བུ་མང་པོ་བྱུང་བ་ཐམས་ཅད་ཀྱིས་མཐོང་བས་ཕྱོགས་སུ་ཕྱག་བཙལ། ཆོས་ཐོན་ནས་རི་ལོགས་ལ་སྐྱོ་སངས་ལ་བྱོན། འཇའ་དེ་བླ་མ་འདྲོངས་པ་མིན་ནམ། མི་དགའ་ལ་ཆེ་བྱས་པས། སློབ་དཔོན་སྦ་སྒོམ་ལ་འབར་སྟོན་ཤེས་རབ་གྲགས་སྤུན་གཉིས་ཀྱིས་གདམས་པ་འདི་ཞུས་པའི་དུས་སུ། ངམས་ཤོད་ལུང་པ་དང་ཕུག་པོ་ཆེའི་རི་ལོགས་ཁེངས་པ་ཙམ་བྱུང༌། གདམས་པ་འདི་ལ་འོང་བ་ཡིན་གསུང༌། འཛིན་ན་བཞུགས་པའི་དུས་སུ་ཇོ་སྲས་འཛེང་གིས་བླ་མའི་སར་བྱོན་པས། ནུབ་ཕྱོགས་ཀྱི་མཆོད་རྟེན་རྩའི་གད་ཁ་ཅིག་ན་བཞུགས་འདུག །དེ་ནས་དབེན་ཁང་དུ་ཕྱིན་ཙ་ན་བླ་ནི་མ་མཐོང༌། འོད་གཙང་ཕུབ་ཙམ་ཞིག་འདུག །དེ་ནས་རྩར་ཕྱིན་ཙ་ན་འོད་དེ་མི་འདུག་པས། དེ་ཙུག་ལགས་ཞུས་པས། མཉམ་པར་བཞག་ཙ་ན་འོང་གི་འདུག །མི་ལ་མ་སྨྲ་གསུང༌། ཨ་ཇོ་དངོས་གྲུབ་ལ་མཛེ་བྱུང་བས། ངས་བཟླས་གྲོགས་བྱས་པས་མཛེ་ནི་མ་སོས། ངས་ཕྱག་ན་རྡོ་རྗེ་ཞལ་མཐོང་རྒོད་བྲོ་གསུང༌། དགུང་ལོ་བརྒྱ་དང་གཉིས་ལོན་པའི་དུས་སུ་བླ་མ་བསྙུང་བས། འཁོར་ཀུན་གྱིས་བླ་མ་གྲོངས་ཀྱིས་དོགས་ཙ་ན། བླ་མའི་ཞལ་ནས། མདང་རྨི་ལམ་བཟང་ང་མི་འཆི། རྒྱའི་བོ་རའི་སྟེང་ན་ང་འདུག་པ་ལ་ཉི་ཟླ་གཉིས་ཤར་བྱུང༌། རུས་པའི་སྤྱིལ་པོ་མང་པོའི་སྟེང་ན་བུད་མེད་མང་པོ་འདུག །ཁོང་ན་རེ། བླ་མ་ཛེང་ཁྱོད་ལོ་བཞི་ན་ཤོག་ཟེར་བ་ཞིག་རྨིས་གསུང༌། འཛེང་གི་ཞལ་ནས། ངས་ལོ་མང་པོ་ལོན་ཟེར་ཏེ་ང་རང་ལ་ཡང་ཏིག་པ་ཁ་ན་བཤད་རྒྱུ་མེད། སྐྱི་ཁུང་གི་དགེ་བཤེས་ཧབ་ཇོ་སྲས་འཇམ་དཔལ་ན་རེ། འཛེང་སྒོམ་དེ་ད་དུང་དྭགས་པོ་ན་འདུག་ཟེར། ང་དང་གཉིས་གཞོན་ཙ་ན་གྲོགས་པོ་ཡིན། ལོ་བཅོ་ལྔ་ཁོ་ནས་ཁོང་རྒན་པ་ཡིན། ད་ངས་ཀྱང་དགུ་བཅུ་གོ་བདུན་སོང་འདུག་ཟེར། ཁོང་དེ་ནས་ལོ་གཅིག་ན་གྲོངས། འཛེང་གིས་དེར་རྗེས་སུ་ཡང་ལོ་གསུམ་ཙམ་བཞུགས་ཏེ་དགུང་ལོ་བརྒྱ་དང་བཅུ་བདུན་ལོན་ནོ། །འཁོར་རྣམས་ཀྱིས་དགེ་རྩ་ཞིག་མཛད་པར་ཞུས་པས། འདུས་བྱས་ཀྱི་དགེ་རྩ་མཛད་མ་ཉན། བཅུད་ལེན་ཞིག་མཛད་པར་ཞུས་པས་ཀྱང་བཅུད་ལེན་བྱས་ན་ལོ་བཅུ་བཅུ་ཙམ་བསྲིང་བར་འདུག་སྟེ། དུས་ངན་ལ་ཚེ་རིང་བ་ལ་དགོས་པ་མི་འདུག་གསུང་ནས་སྐུ་གཤེགས། སྤུར་སྦྱངས་པས་ནམ་མཁའ་འཇས་གང༌། མཆོད་རྟེན་དང་རིང་བསྲེལ་མང་དུ་བྱོན་ནོ། །འཛེང་དྷརྨ་བོ་དྷི་འབྲུག་ལ་འཁྲུངས་ཟེར་བ་གོ་རི་བས་མཛད་པའི་རྣམ་ཐར་དུ་བཤད། རྣམ་ཐར་གཞན་ན་འཛེང་གིས་སོ་ལྔ་ལོན་པའི་ཚེ། བཙན་ཁ་བོ་ཆེ་རྒྱ་གར་ནས་བྱོན་མ་ཐོག་ཅིག་དང་མཇལ་ཟེར་བའི་ཚིག་འདི་གཉིས་གུང་བསྟུན་པ་ན། འབྲུག་དེ་ཆུ་ཕོ་འབྲུག །ཇོ་བོ་རྗེ་ཤིང་ཕོ་རྟ་ལ་གཤེགས་པའི་ཉེ་ལོགས་དེའོ། །འཛེང་གིས་ལོ་བཞི་ལོན་པ་ཤིང་ལུག་ལ་རྨ་སྒོམ་ཆོས་ཀྱི་ཤེས་རབ་འཁྲུངས། ལོ་ལྔ་ལོན་པ་མི་སྤྲེ་ལ་རྭ་སྒྲེང་བཏབ། དེ་ནས་ལོ་དགུ་པ་ཤིང་འབྲུག་ལ་འབྲོམ་གཤེགས། ཁོང་བརྒྱ་དང་བཅུ་བདུན་ལ་གཤེགས་པའི་ལོ་དེ་ས་ཕོ་བྱི་བ་ཡིན། དེའི་ཕྱི་ལོ་ས་མོ་གླང་ལ་ཕྱྭ་པ་གཤེགས། དེ་ལོ་གཡའ་བཟང་ཆོས་རྗེ་འཁྲུངས། དེའི་ཕྱི་ལོ་ལྕགས་སྟག་ལ་འགྲོ་མགོན་གཤེགས། འཛེང་གིས་བཅུ་གཅིག་ལོན་པའི་ཆུ་སྟག་ལ་སོ་ཆུང་པ་འཁྲུངས། ཁོང་གིས་བ་རི་ལ་འབུལ་བ་བསྐྱལ་ཟེར་བས། བ་རི་དང་རྗེ་བཙུན་མི་ལའི་བཅུ་གསུམ་པ་ལ་ཁོང་ཁྲུངས་པར་སྣང་ངོ༌། །ཡུ་མོའི་སློབ་མ་གཉོས་སྐྱི་ཁུང་པ་ཧབ་ཇོ་སྲས་འཇམ་དཔལ་ན་རེ། ཁོང་རང་ལས་འཛེང་ལོ་བཅོ་ལྔས་རྒན་པ་ཡིན་ཟེར། དེ་ལྟར་ན་མེ་མཁའ་རྒྱ་མཚོའི་འདས་ལོ་བཞི་བཅུ་བསྲེ་བའི་ཞེ་གཅིག་པ་མེ་མོ་ལུག་ལ་གཉོས་འཁྲུངས་པར་འོང༌། དེས་ལོ་གོ་བརྒྱད་ཐུབ་ཟེར། དེའི་སློབ་མ་ངོར་རྗེ། དེའི་སློབ་མ་དོལ་པ་རབ་ཏུ་དགའ་བའི་རྡོ་རྗེའོ། །སྙན་བརྒྱུད་རྡོ་རྗེ་ཟམ་པའི་གདམས་པ་འདི་འཛེང་དྷརྨ་བོ་དྷིའི་རིང་ནས་དར་རྒྱས་ཆེན་པོ་བྱུང་བ་ཡིན་ནོ། །ཁོང་ནས་མཆེད་པའི་དངོས་ཀྱི་སློབ་མ་བརྒྱུད་འཛིན་ཡང༌། སློབ་དཔོན་ཀུན་བཟངས་དང༌། འཛེང་ཇོ་སྲས་དང༌། བཙན་ཐང་པ་མྱང་དྷརྨ་སིངྷ་དང༌། སློབ་དཔོན་གསེར་ལུང་པ་དང༌། བླ་མ་དུ་རྡོ་རྗེ་རྒྱན་དང༌། གཟིག་ཡེ་ཤེས་དབང་པོ་དང༌། གཡག་སྟོན་ཟླ་བ་འོད་ཟེར་ལ་སོགས་པ་མང་དུ་བྱོན་ནོ། །དེའི་སློབ་མ་འཛེང་ཇོ་སྲས་ནི། སྔགས་པའི་རིགས་བརྒྱུད་དུ་སོང་བས་ཆུང་ངུ་ནས་ཡིག་རྩིས་བསླབས། འོལ་ཁའི་སློབ་དཔོན་ལྷ་རིས་པ་ལ་སྒྱུ་འཕྲུལ་ལ་སོགས་རྙིང་མའི་སྐོར་རྣམས་དང༌། དགྱེས་རྡོར་དང་མཚན་བརྗོད་ཞུས། སློབ་དཔོན་ལྷ་རིས་པ་མདའ་ཁར་ངས་གཞུང་ཆེན་པོ་འདི་ཙམ་ཞིག་ཤེས་ཀྱང་འཆི་ཁར་ཕན་པ་ཨ་རོ་ཐུན་བདུན་ལས་མ་བྱུང༌། ཁྱོད་རང་ཀྱང་གཞུང་མ་བསླབ་པར་གདམས་ངག་ལ་ནན་ཏན་གྱིས། དྭགས་པོ་ན་ཁྱེད་རང་གི་བླ་མ་འཛེང་བྱ་བ་ཞིག་ཡོད་པར་འདུག་པས་དེར་སོང་གསུང༌། གང་པར་དུ་རྫོགས་ཆེན་ལྷུན་གྲུབ་མཁན་སློབ་དཔོན་ཟེམ་གྱི་སར་དབྱར་དགུན་ཐོག་དྲུག་བསྡད་པས་ཐུགས་ལ་འདོགས་པོ་མ་བྱུང༌། གདམས་ངག་གི་སྤྲོས་པ་མ་ཆོད་པས་འཛེང་ལ་དཔལ་ལུང་དུ་རྡོ་རྗེ་ཟམ་པ་ཚར་གསུམ་ཞུས། སྒོམ་ཚུལ་བླ་མའི་བྱིན་རླབས་ཀྱང་མཛད་ནས། ཁྱོད་རང་གཙང་ན་ཡར་སོང་ལ་གཞུང་སློབས། གཙང་ནས་ལོག་ཙ་ན་ཨ་མིས་དགོན་པ་ཅིག་བསྔོགས་ཅིག་གསུང༌། གདམས་པ་མི་གནང་བར་དགོངས་ནས། སུས་ཤེས་དྲིས་པས། གྲྭ་ཕྱིའི་སྤྱིལ་ཇོ་སྲས་ཞང་ལ་སྐྱབས་བྱ་བས་ཤེས་གསུང༌། ཁོང་དང་མཇལ་ནས་ཞུ་བར་བྱས་པས་ཁོང་དྲོངས། ཡང་དྭགས་པོར་ཕྱིན་ནས་འཛེང་ལ་ཞུས་པས་མ་གནང་བས། བཙན་ཐང་གི་མྱང༌། འོལ་ཁའི་དྭགས་ཆུང་བ། ངུ་གཅེར་བུ་རྣམས་ཞུ་སེམས་ནས། ཤོ་སྐྱམ་དུ་སློབ་དཔོན་ངུ་ལ་ཞུས་པས་གནང༌། ངུའི་ཞལ་ནས། འདིས་མི་འོང་ད་དུང་དྭགས་པོར་སོང་ལ་ཞུས་གསུང་ནས། དྭགས་པོར་བྱོན་ནས་ཞུས་པས། ཁྱོད་ཅིས་ཀྱང་འདོད་ན་ངའི་གདམས་པ་ལ་ནན་ཏན་བྱེ་དགོས་པ་ཡིན་གསུངས་ནས། གདམས་པ་རྣམས་མ་ལུས་པར་གནང༌། དབྱར་དགུན་ཐོག་འགའ་སློབ་དཔོན་གྱི་དྲུང་དུ་བསྡད། ལོ་དྲུག་ཙམ་སོང་ནས་ཕྲན་ཙམ་ཀྱང་མ་ལུས་པར་གནང༌། གཞན་ལ་བྱིན་རླབས་མཛད་པའི་ལས་ཀྱི་སློབ་དཔོན་ཡང་མཛད། ཐོད་པའི་སློབ་མ་རོག་པོ་དགའ་དང་མ་ཇོ་ཟློ་བ་ལ་སོགས་མི་ལྔ་བཅུ་ཙམ་གྱིས་རྡོ་རྗེ་ཟམ་པ་ཞུས་པས། འཛེང་གི་ཞལ་ནས། ཇོ་སྲས་ཀྱིས་ཤོད་ཅིག །ཁྱེད་ཚོགས་ཉོན་ཅིག་གསུང་ནས། སློབ་དཔོན་གྱི་ཁྲི་ཁ་ནས་གསུངས། འཛེང་དང་འཛེང་ཇོ་སྲས་གཉིས་ལོ་ངོ་བཅོ་བརྒྱད་ཙམ་དུ་འགྲོགས་ནས་གདམས་པ་རྣམས་ཞུས་ཏེ། གདམས་ངག་གི་བཀའ་ཕོག་ནས་བརྒྱུད་འཛིན་དུ་བསྐོས་པ་ཡིན་ནོ། །འཛེང་དྷརྨ་བོ་དྷི་དང་འཛེང་ཆུང་སྨྱོན་པ་གཉི་གའི་སློབ་མ་སློབ་དཔོན་ཀུན་བཟངས་ཡིན་ཏེ། དེའི་ལོ་རྒྱུས་ནི། ཁུ་བོ་ཕ་ཇོ་དབུས་པ་རྗེ་ཁམས་པ་རྡོར་རྒྱལ་གྱི་སློབ་མ་སྒོམ་ཆེན་པ་བཟང་པོར་བཞུགས། མ་ཟི་གཟའ་དེས་ཆོག་བྱ་བ་མ་ཇོ་སྨྱོན་མ་བསམ་གྲུབ་བྱ་བ་ལ་ཆོས་ཞུས་པ་ཞིག་ཡིན། ཕ་ཇོ་དབུས་པ་དང་ཡུམ་གཉིས་ཀ་ལ་རྨི་ལམ་གྱི་མཚན་ལྟས་བཟང་པོ་དང་བཅས་ཏེ་ལུག་གི་ལོ་ལ་འཁྲུངས། ལོ་བརྒྱད་དགུ་ལོན་པ་ལ་སློབ་དཔོན་ཀོར་སྟོན་རཱ་ཛ་དང་མཇལ་ནས་སློབ་གཉེར་ཞད་རེ་བྱས། ལོ་བཅོ་ལྔ་ལོན་ཙ་ན་ཁོང་དྲོངས་ནས་སློབ་དཔོན་ངུའི་གན་དུ་ལོ་ལྔ་ཙམ་ཞི་བྱེད་ཞུ་ཞིང་བསྡད་ནས་ཞབས་ཏོག་གྲུབ་ཚད་བྱས། གསེར་ལུང་དགོན་པར་སློབ་དཔོན་ངུའི་ཐད་དུ་འཛེང་ཇོ་སྲས་དང་མཇལ་ནས། འཛེང་གི་གསང་སྒྲུབ་དང་ཕག་མོ་མངོན་འབྱུང་ཞུས། རྡོ་རྗེ་ཟམ་པ་ལྷག་མ་ལུས་པར་དབུ་བསྙུང་བཞེས་པའི་ནུབ་མོ། དཔོན་སློབ་གཉི་ག་ལ་རྨི་ལམ་བཟང་པོ་རྨིས། འཛེང་ཆུང་བས་ཁྲིད་ནས་ཛེང་དྷ་རྨ་བོ་དྷི་དང་མཇལ་བའི་ཚེ། ཚེས་བཅོ་ལྔའི་ཟླ་བ་ཤར་བའི་དཀྱིལ་དུ་སྐར་མ་གཉིས་ཐིམ་པ་ཞིག་རྨིས། དེ་ཇོ་སྲས་དང་ཁོང་རང་གཉིས་ལ་ལྟ་བར་འདུག་གསུང༌། འཛེང་ཆེན་པོ་ལ་དེར་རྡོ་རྗེ་ཟམ་པ་ཚར་གཅིག་ཞུས་པ་དེ་རྡོ་རྗེ་ཟམ་པ་ཐོས་པའི་སྔ་ཤོས་ཡིན། དེ་ནས་འཛེང་ཇོ་སྲས་སྤུང་རིངས་སུ་སྤྱན་དྲངས་ནས་རྡོ་རྗེ་ཟམ་པ་ཚར་བདུན་ཞུས། དེ་ནས་དྭགས་པོར་དགུན་ཐོག་བཞི་ཕྱིན། རྡོ་རྗེ་ཟམ་པ་ཚར་ཕྱེད་པ་ཅིག་དང་བཅུ་བཞི་ཐོས། འཛེང་ཇོ་སྲས་དང་ལོ་བརྒྱད་ཙམ་མ་བྲལ་བར་འགྲོགས་ནས་རྡོ་རྗེ་ཟམ་པ་ཚར་བདུན་ཞུས། ཕྱི་ནས་ཤོ་རུ་ཚར་གཉིས། གསེར་ལུང་དུ་ཚར་གཅིག་དང༌། གཞན་གསུང་འཕྲོ་ལ་མཇལ་བ་དང་དྲིལ་བས། འཛེང་མས་དཔོན་གཉིས་ལ་རྡོ་རྗེ་ཟམ་པ་ཚར་སུམ་ཅུ་རྩ་ལྔ་གསན། འཛེང་མེས་དབོན་གཉིས་ཀྱི་གདམས་པའི་བཀའ་བབས་ནས་གཞུང་བཤད་ཆེ་ཆུང་གཉིས་མཛད། དེའི་སྲས་སྤྲུལ་སྐུ་འོད་འབར་སེང་གེ་ནི། བློ་རྣོ་བ། ཐུགས་རབ་ཆེ་བ། དགུང་ལོ་བཅུ་བཞི་ལ་རྡོ་རྗེ་ཟམ་པ་གསུངས། དེས་བརྒྱུད་འཛིན་མགོན་ལ་གནང༌། དེས་བྱ་མེད་ཚུལ་རིན་ལ་གནང་ངོ༌། ཡང་ཡར་ཀླུངས་བཙན་ཐང་པ་མྱང་དྷརྨ་སིངྷས་འཛེང་དྷ་རྨ་བོ་དྷི་ལ་རྡོ་རྗེ་ཟམ་པ་ཚང་བར་ཞུས། རྟོགས་པ་སྐྱེས། བྱིན་རླབས་ཞུགས། དུར་ཁྲོད་དགོན་པར་བཞུགས་ཏེ་འགྲོ་དོན་མཛད། འདི་ནས་བརྒྱུད་པའི་གཞུང་བཤད་ཀྱང་ཡོད། དགུང་ལོ་དོན་བདུན་ལ་གཤེགས། དེའི་སློབ་མ་བཛྲ་པཱ་ཎི། དེའི་སློབ་མ་བླ་མ་ལྷའོ། །ཡང་འཛེང་གིས་གསེར་ལུང་པ་ལ་བཤད། དེས་སློབ་དཔོན་རང་གྲོལ་ལ་བཤད། དེས་སྲས་པོ་ཆོས་རིན་ལ་བཤད་དོ། ཡང་འཛེང་གིས་ངུ་རྡོ་རྗེ་རྒྱན་ལ་བཤད། དེས་ངུ་སྟོན་དང་བརྩོན་འགྲུས་ལ་བཤད། དེའི་སློབ་མ་ཞིག་གིས་བྱས་པའི་གཞུང་བཤད་ཀྱང་ཡོད་དོ། །ཡང་འཛེང་གིས་གཟིག་ཡེ་ཤེས་དབང་པོ་ལ་བཤད། དེས་མཁན་པོ་ལ་ཁ་བ་ལ་བཤད། དེས་སློབ་དཔོན་མགོ་སྐྱ་བ་ལ་བཤད། དེས་སློབ་དཔོན་གོ་རི་བ་ལ་བཤད། དེས་སོ་སྟོན་ལ་བཤད་དེ། སོ་སྟོན་འདིས་བྱས་པའི་གཞུང་བཤད་ཀྱང་འདུག་གོ །ཡང་འཛེང་ལ་སྦུང་རིངས་པ་གཡག་སྟོན་ཟླ་བ་འོད་ཟེར་ལོ་བཅུ་དྲུག་ལོན་པ་ཞག་གིས་ཞུས། དེས་ཀློག་སྟོན་དགེ་འདུན་སྐྱབས་ལ་བཤད། འདི་ནས་བརྒྱུད་པའི་གཞུང་བཤད་ཀྱང་འདུག།ཡང་གཡག་སྟོན་གྱིས་ལོ་དགུ་བཅུ་རྩ་བདུན་ཐུབ། དེ་ལ་འོན་ནག་པོ་སྟོད་པ་ཀླད་རུ་བན་དེ་དགོས་པ་བཙན་ལོ་ཉི་ཤུ་རྩ་བརྒྱད་ལོན་པ་ཞིག་གིས་ཞུསསོ། །འཛེང་དྷརྨ་བོ་དྷིས་སྐྱེ་ཚེ་ཡེ་ཤེས་དབང་ཕྱུག་ལ་བཤད། དེས་གཟིག་ཡེ་ཤེས་དབང་པོ་ལ། དེས་མཁན་ཆེན་དུར་བ་ཆེན་པོ་བསོད་ནམས་འོད་ལ། དེས་དུ་སྟོན་བཛྲེ་ཤྭ་ར་ལ། དེས་མཁན་ཆེན་བསོད་ནམས་རྒྱལ་མཚན་ལ། དེས་མཁན་ཆེན་ཤེས་རབ་རྒྱལ་མཚན་ལ། དེས་མཁན་གཞོན་ནུ་ཤེས་རབ་ལ། དེས་མཚུངས་མེད་གཞོན་ནུ་གྲགས་པ་ལ། དེས་མཁན་ཆེན་སངས་རྒྱས་བཟང་པོ་ལ། དེས་བླ་མ་བརྩོན་འགྲུས་དབང་ཕྱུག་ལ། དེས་མཐའ་བཞི་གྲགས་པ་རིན་ཆེན་ལ། དེས་སློབ་དཔོན་ཤཱཀྱ་རྒྱལ་པོ་བ་ལ་གསུངསསོ། །བདག་ཉིད་ཆེན་པོ་འདི་ནི་སྐུ་ན་གཞོན་ནུའི་དུས་ནས་ཁྲབ་ལ་ཁར་རབ་ཏུ་བྱུང་ཞིང༌། ལོ་ལོན་པའི་ཚེ་བསྙེན་པར་རྫོགས་པ་མཛད། མངོན་པ་མཛོད་དང་འདུལ་བ་ལེགས་པར་བསླབ་ནས་སྐྱོར་མོ་ལུང་ལ་སོགས་སུ་གྲྭ་སྐོར་ཡང་མཛད། ཐུགས་དམ་འཕེལ་བར་བཞུགས་པ་ལ། དགུང་ལོ་བརྒྱད་བཅུ་རྩ་གཉིས་པ་ཤིང་མོ་བྱའི་སྟོན་ལྗང་གི་བཀྲ་ཤིས་དགོན་པར་སྤྱན་དྲངས་ནས། དབང་དང་བྱིན་རླབས་རྒྱས་པ་དང༌། འོལ་ཇོ་སྲས་ཀྱིས་མཛད་པའི་ཁྲིད་ཡིག་གི་སྟེང་ནས་རྡོ་རྗེ་ཟམ་པའི་ཁྲིད། སློབ་དཔོན་ཀུན་བཟང་གིས་མཛད་པའི་རྣམ་བཤད་ཆེ་བ་ལ་སོགས་པའི་ཆོས་ཕྲན་དྲུག་ཅུ་རྩ་བརྒྱད་ཞུས། ཐུགས་དམ་རྒྱུན་ཆགས་ཡིན་པས་སྨན་བླའི་རྗེས་གནང་ཡང་ཞུས་ཤིང་གནང༌། རྫོགས་ཆེན་གསང་སྐོར་གྱི་ཁྲིད་ལུང་ལྷ་ལུང་པ་བླ་མ་ལྷ་ལ་གསན་པ་ཡང་དཔེ་དང་བཅས་པ་གནང༌། ལོ་རེ་བཞིན་འབུལ་བ་མི་མཚེར་ཙམ་རེ་ཕུལ་བས་ཤིན་ཏུ་དགྱེས། བདག་གིས་ཞུས་པའི་རྗེས་སུ་ཡང་ཞུ་མི་མང་པོ་བྱུང་བ་ལ། སྤྱན་མི་གསལ་ཡང་གཞན་གྱིས་བཀླགས་པའི་རྗེས་སུ་བརྗོད་དེ་ཚར་མང་དུ་གནང་བ་མཛད། དགུང་ལོ་དགུ་བཅུ་རྩ་གཅིག་པ་ཤིང་ཕོ་རྟའི་ལོའི་དཔྱིད་ཀར་ཞི་བར་གཤེགས། གདུང་སྦྱངས་པས་ནང་རིང་བསྲེལ་གྱིས་གང་བའི་ཐུགས་ཀྱང་བྱོན་ནས་རིང་བསྲེལ་ཟད་མེད་དུ་འབྱོན་པ་འདི་ཡིན་ནོ། རྡོ་རྗེ་ཟམ་པའི་ལོ་རྒྱུས་ཀྱི་སྐབསསོ། ། ༣.༦ མན་ངག་གི་སྡེའི་ལོ་རྒྱུས་ཀྱི་སྐབས། ཤིན་ཏུ་ཟབ་པ་རྫོགས་པ་ཆེན་པོ་སྙིང་ཐིག་གི་ལོ་རྒྱུས་ནི། ཤྲཱི་སིངྷ་ཡན་ཆད་སེམས་ཕྱོགས་དང་མཐུན་ཞིང༌། ཤྲཱི་སིངྷས་མཁས་པ་ཡེ་ཤེས་མདོ་ལ་བཤད། དེས་སློབ་དཔོན་བི་མ་ལ་མི་ཏྲ་ལ་བཤད། བི་མ་ལ་མི་ཏྲ་ནི་སངས་རྒྱས་གསང་བའི་ཡང་དངོས་ཀྱི་སློབ་མ་སྟེ། སྒྱུ་འཕྲུལ་གྱི་སྐོར་རྣམས་ནི་སངས་རྒྱས་གསང་བ་ལས་བི་མ་ལ་དང༌། དེས་རྨ་རིན་ཆེན་མཆོག་ལའོ། །དེ་ལ་སློབ་དཔོན་བི་མ་ལ་མི་ཏྲ་ཡང༌། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ནས་མངའ་བདག་རལ་པ་ཅན་གྱི་བར་དུ། བི་མ་ལ་མི་ཏྲ་སྔ་ཕྱི་གཉིས་བྱུང་བ་སྔོན་གྱི་ཡི་གེ་དག་ལ་སྣང་སྟེ། སྔ་མ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བྱུང་བ། རབ་ཏུ་བྱུང་བའི་ཆ་བྱད་དུ་མེད་པར་རྣལ་འབྱོར་པའི་ཆ་བྱད་དུ་ཡོད་པས། རྒྱལ་བློན་རྣམས་ཕྱི་པ་དང་ནང་པ་གང་ཡིན་ཐེ་ཚོམ་ཟ་ཞིང་རྣམ་སྣང་གི་ལྡེར་ཚོ་ལ་ཕྱག་བྱས་གུས་པས་ཀྱང་ཐེ་ཚོམ་ཟོས་པའི་གཏམ་སྣང་ཞིང༌། ཐེ་ཚོམ་བཟློག་པའི་ཕྱིར་སྐྱབས་འགྲོ་ཡན་ལག་དྲུག་པ་མཛད་པ་ལས། རྒྱལ་བློན་ཡིད་ཆེས་མ་གྱུར་པས། སྐྱབས་འགྲོ་ཡན་ལག་དྲུག་པ་བྱས། ཞེས་ཀྱང་འབྱུང་ངོ༌། །འདིས་ཤེས་རབ་སྙིང་པོའི་རྒྱ་ཆེར་འགྲེལ་པ་དང༌། །རིམ་གྱིས་འཇུག་པའི་སྒོམ་དོན་དང༌། ཅིག་ཆར་འཇུག་པའི་སྒོམ་དོན་གཉིས་ཀྱང་མཛད་དེ། དེ་དག་གི་ཚུལ་ལ་བལྟས་ན་སློབ་དཔོན་ཀ་མ་ལ་ཤཱི་ལའི་རྗེས་ཙམ་ལ་བྱོན་པ་འདྲའོ། །བི་མ་ལ་མི་ཏྲ་ཕྱི་མ་ནི་སོ་སོར་ཐར་པའི་རྒྱ་ཆེར་འགྲེལ་པ་བམ་པོ་ལྔ་བཅུ་པ་མཛད་པ་པོ་སྟེ། རྟེན་ཡང་དགེ་སློང་དུ་འཐད་དོ། །བི་མ་ལ་སྔ་མས་སྙིང་ཐིག་གི་གདམས་པ་འདི་རྒྱལ་པོ་དང་མྱང་ཏིང་འཛིན་བཟང་པོ་གཉིས་ལ་གསུངས་ནས། དེ་ནས་བི་མ་ལའི་རྒྱའི་ཡུལ་དུ་བྱོན། མྱང་ཏིང་ཛིན་བཟང་པོ་འདི། རྒྱལ་པོ་སྐུ་ཕྲ་བའི་དུས་སུ་བཙའ་བའི་བུ་རྫི་ཡིན། ཕྱིས་རབ་ཏུ་བྱུང་བ་ལ་རྒྱལ་བློན་རྣམས་བགྲོས་ནས། རྐྱེན་རིས་བཟང་པོ་བྱིན་པའི་ཡི་གེ་ཆུ་དར་ལ་བྲིས་པ་ཞིག་ཀྱང་མཐོང་ངོ༌། ཁོང་གིས་སྙིང་ཐིག་ལ་ཉམས་ལེན་མཛད་པས། ལོ་ལྔ་བཅུ་རྩ་ལྔ་ན་རང་རྒྱུད་དག་སྟེ་ཕུང་པོ་ཟག་མེད་དུ་གྱུར། རྡོ་རྗེ་ལེགས་པས་ཁམས་སུ་སེར་བ་ཕབ་ནས་རྔ་མོའི་ཁལ་བརྒྱ་བཀལ་ནས་བྱུང་བ་ལ་ཁྲལ་བླངས་ནས། ནས་མང་དུ་བྱུང་བའི་རྒྱུས་དབུ་རུ་ཞྭའི་ལྷ་ཁང་བཞེངས། དེར་སྙིང་ཐིག་གི་གདམས་པ་གཏེར་དུ་སྦས། ཚིག་བརྒྱུད་རྣམས་འབྲོམ་རིན་ཆེན་འབར་ལ་བཤད། དེས་སྦས་བློ་གྲོས་དབང་ཕྱུག་ལ་བཤད་པས་ན། ཚིག་བརྒྱུད་ནི་གང་ཟག་བརྒྱུད་པ་ལ་ཡང་ཡོད་དོ། །ཕྱི་མའི་དུས་ཤིག་ན་མྱང་མི་དར་མ་དང་དུས་མཚུངས་པའི་གནས་བརྟན་ལྡང་མ་ལྷུན་རྒྱལ་ཞེས་བྱ་བས་གཏེར་རྣམས་ཕྱུང༌། རང་གིས་ཉམས་སུ་བླངས། གཞན་སྣོད་ལྡན་བཙལ་བས། མྱང་སྟོད་ནས་ལྕེ་བཙུན་སེང་གེ་དབང་ཕྱུག་བྱ་བ་རྙེད་དེ། དེ་ལ་གདམས་པ་རིམ་པ་བདུན་བཏབ། དེ་དང་དུས་ཉེ་བར་ཁ་རག་སྒོམ་ཆུང་ལ་ཡང་བཏབ་པས་ཁོང་ཡང་དེས་གྲོལ་ཟེར། ཕྱི་ཞིག་ན་ལྕེ་བཙུན་གྱི་ལྡང་མ་ལ་ནོར་ཤིན་ཏུ་མང་པོ་འབུལ་དུ་འོངས་པ། མལ་གྲོའི་མྱང་བཀའ་གདམས་པ་དང་སྙེ་ཐང་དུ་ཕྲད་ནས། དེས་ལྡང་མ་གཤེགས་པའི་གཏམ་རྣམས་བཤད་པས། དེ་ན་གནས་གཞི་ཞིག་འདུག་པའི་དགེ་འདུན་རྣམས་ལ་ཕུལ། མྱང་བཀའ་གདམས་པས་ལྕེ་བཙུན་བླ་མ་ལ་འབུལ་བ་བཟང་པོ་བྱེད་པ་ལས་དཔགས་ནས། ཁྱེད་ལ་གདམས་པ་ཟབ་མོ་ཡོད་པར་འདུག་བྱས་ཏེ་ཞུས་པས། ལྕེ་བཙུན་གྱིས་མྱང་བཀའ་གདམས་པ་ལ་གདམས་པ་རྣམས་གནང༌། དེས་གཞོའི་ཏི་སྒྲོ་བྲག་ལ་བསྒོམས་པས་ཕུང་པོ་ལྷག་མེད་དུ་གྱུར། ཡང་ལྕེ་བཙུན་གྱིས་འུ་ཡུག་ཡན་ཆད་ཤངས་མན་ཆོད་ཀྱི་རི་རྒྱུད་རྣམས་ལ་གནས་འཕོ་ཞིང་བསྒོམ་པའི་གྲུབ་པ་བརྙེས་ཏེ། དེ་ནས་ཡང་ལོ་ལྔ་བཅུ་བཞུགས། དེ་ནས་ཟག་བཅས་མི་སྣང་བར་འོད་དུ་གྱུར། ཁོང་གིས་གདམས་པ་རྣམས་འུ་ཡུག་དང་ཡང་གྲོའི་འཆད་པ་ལྟག་དང༌། ཇལ་གྱི་ཕུ་སྟེ་གཏེར་ཁ་གསུམ་དུ་སྦས། གཏེར་སྦས་ནས་ལོ་སུམ་ཅུ་ན་རོང་སྣར་མདའི་ལྕེ་སྒོམ་ནག་པོས་གཏེར་འགའ་ཞིག་བཏོན། རང་གིས་ཉམས་སུ་བླངས་ཤིང་གཞན་མང་པོ་ལ་བཤད་དོ། །ཡང་ལང་གྲོང་འཆད་པ་ལྟག་ནས་ཤངས་པ་རས་པ་ཞེས་བྱ་བས་གཏེར་ཕྱུང་ཞིང་དེས་ཀྱང་གཞན་དག་ལ་བཤད་དོ། །ཡང་ཡར་འབྲོག་གི་སྣུབས་མཚོ་གླིང་དགུའི་བླ་དོ་ཞེས་བྱ་བར་མེ་མོ་གླང་ལ་འཁྲུངས་པའི་ཞང་བཀྲ་ཤིས་རྡོ་རྗེ་ཞེས་བྱ་མྱང་སྟོད་ན་ཡོད་པའི་ཚེ། རྡོ་རྗེ་ལེགས་པས་མི་དཀར་པོ་ཞྭ་དཀར་གྱོན་པ་ཞིག་ཏུ་བྱས་ཏེ། དེས་མྱང་སྟོད་ནས་ཁྲིད་ལམ་རྣམས་སུ་གནས་མལ་དང་བཟའ་བཏུང་གི་གྲོགས་ཀྱང་བྱས། འུ་ཡུག་མདའ་ན་འཁྲུག་པ་ཡོད་པ་ཡང་རྡོ་རྗེ་ལེགས་པས་བསྒྲིབས་པས། དམག་གིས་མ་མཐོང་བར་འུ་ཡུག་ནུབ་མའི་རིའི་བྲག་མཐོན་པོ་ཞིག་གི་སྟེང་དུ་བསྐྱལ། དེར་ཁ་བྱང་དུ་ལྟ་བའི་ཕུག་པ་སྒོ་རྩྭས་འགགས་པ་ཞིག་ནས་གཏེར་རྣམས་བཏོན་པ་ན། ཨེ་ཀ་ཛ་ཊཱི་འཇིགས་པའི་གཟུགས་སྟོན་ཞིང་སྐད་ཆེན་པོ་འབྱིན་ཞིང་བྱུང་བ་ལ། རྡོ་རྗེ་ལེགས་པས་འདི་ལུང་བསྟན་པ་དེ་ཡིན་བྱས་པས། ཨེ་ཀ་ཛཱ་ཊཱི་ན་རེ། ཚོགས་འཁོར་བརྒྱ་རྩ་བརྒྱད་ཐོང༌། ལོ་གསུམ་དུ་མི་ལ་མ་བཤད་ཟེར་ནས་སོང༌། དེ་རྗེས་ཚོགས་འཁོར་བརྒྱ་རྩ་བརྒྱད་ཀྱང་བཏང༌། གཏེར་འདོན་པའི་ཚེ་ཞང་སྟོན་གྱི་ལོ་ཉི་ཤུ་རྩ་གཅིག་པ་མེ་མོ་བྱ་ཡིན་ཟེར། གཞན་ཡང་ཇལ་གྱི་ཕུར་ལྕེ་བཙུན་གྱིས་སྦས་པའི་ཆོས་གཏེར་དང༌། འཆིམས་ཕུའི་བྲག་ལ་བི་མ་ལ་ཉིད་ཀྱིས་སྦས་པའི་ཆོས་གཏེར་ཡང་ཐོན་ཏེ། མི་རྣམས་ལ་རྒྱ་ཆེར་བཤད། ཞང་སྟོན་གྱིས་གཏེར་བཏོན་པ་ན། ལྕེ་སྒོམ་ནག་པོས་གཏེར་བཏོན་ནས་ལོ་བཅུ་སོང་ཟེར། སྤྱིར་སྐུ་ལུས་ཟག་མེད་དུ་འགྲོ་རྒྱུ། སྲས་སྐྲུན་པས་ཟག་མེད་དུ་མ་གྱུར་ཏེ། བདུན་ཅུ་རྩ་གཅིག་པ་མེ་མོ་ཕག་ལ་གཤེགས། སྲས་ཉི་འབུམ་ནི། ཡབ་ཀྱི་དྲུག་ཅུ་རྩ་གཉིས་པ་ས་ཕོ་སྟག་གི་ལོ་པ་ཡིན། ཉི་འབུམ་འདིས་སྤྱིར་བླ་མ་མང་པོ་བསྟེན་ཞིང༌། ཁྱད་པར་ས་སྐྱའི་རྗེ་བཙུན་གྲགས་པ་རྒྱལ་མཚན་དང༌། གཞུང་གི་རྔོག་རྡོ་རྗེ་སེང་གེ་སོགས་མང་པོ་བསྟེན། ཡབ་དང་ལོ་བཅུ་གཅིག་འགྲོགས་པའི་རིང་ལ་སྙིག་ཐིག་གི་གདམས་པ་ཐམས་ཅད་ཚར། ཚི་དོན་ཆེན་མོ་ཞེས་བྱ་བའི་བསྟན་བཅོས་ཀྱང་མཛད། བླ་མ་ཞང་ལ་ཡང་ཞབས་ཏོག་མང་དུ་བགྱིས། ཁོང་གི་ལོ་སོ་དགུ་པ་མེ་ཕོ་འབྲུག་གི་ལོ་ལ་སྲས་ཇོ་འབེར་འཁྲུངས། ཉི་འབུམ་ཉིད་རང་ལོ་ལྔ་བཅུ་རྩ་དྲུག་པ་ཆུ་མོ་བྱ་ལ་གཤེགས། ཉེ་འབུམ་གྱི་ཡབ་ཀྱིས་ལྕེ་སྒོམ་ཉིད་ལ་མཇལ་ཞིང་གདམས་པ་གནང་བས། དངོས་ཀྱི་སློབ་མ་ཡང་ཡིན་ལ། ཡབ་སྲས་འདི་གཉིས་གྲོངས་པའི་ཚེ་སྤུར་སྦྱངས་པས་ལྟས་ཁྱད་པར་ཅན་མང་པོ་དང༌། རིང་བསྲེལ་ཡང་མང་དུ་བྱོན་ནོ། །ཇོ་འབེར་གྱིས་རང་ལོ་བཅོ་བརྒྱད་ཀྱི་བར་དུ་ཁུ་བོ་དང་འགྲོགས་ཤིང༌། གསང་བ་བླ་ན་མེད་པའི་གདམས་པ་མ་ལུས་པ་གསན། བཅུ་དགུ་པ་ཤིང་ཁྱི་ནས་ཉི་ཤུའི་བར་ལ་ས་སྐྱ་པཎ་ཆེན་ལ་རྒྱུད་གསུམ་གདམས་པ་དང་བཅས་པ་དང༌། བདེ་མཆོག་མལ་གྱོའི་ལུགས་གསན། ཆུ་མིག་པ་ལ་ཚད་མ་བསྡུས་པ། ཉི་ཤུ་རྩ་གཉིས་པ་ལ་ཁྲོ་ཕུ་ལོ་ཙཱ་བ་ལ་གྲུབ་ཐོབ་མི་ཏྲའི་གདམས་པ་རྣམས་དང༌། བལ་པོ་གྲགས་པ་འབུམ་མེ་ལ་ཕྱག་རྒྱ་ཆེན་པོ་ཁ་འཐོར་གྱི་གདམས་པ་རྣམས་གསན་ཏེ། དགུང་ལོ་སུམ་ཅུ་རྩ་དྲུག་གི་བར་ལ་ཐོས་བསམ་གྱི་སྤྲོས་པ་བཅད། གཟིགས་སྣང་རྣམས་ཕལ་ཆེར་མི་གསུང༌། ལྷ་སར་ཇོ་བོ་ལ་མཆོད་པ་ཕུལ་དུས། འོད་ཀྱི་ཐིག་ལེའི་ནང་དུ་ཕྱག་རྡོར་དང་སྤྱན་རས་གཟིགས་གཟིགས། ཐོ་རངས་ཁ་ཅིག་འོད་ཀྱི་ཐིག་ལེའི་ནང་དུ་ཚེ་དཔག་མེད་གཟིགས། ངེད་རང་ལ་ཚེ་རིང་བརྒྱུད་མེད་ཀྱང་ཁོ་བོ་ལེགས་པར་བྱུང་བ་དེས་ཡིན་པ་འདྲ་གསུང་ཞིང༌། ཡོས་ཀྱི་ལོ་ལ་ངོ་མཚར་བའི་ལྟས་དང་བཅས་ཏེ་གཤེགས། དེ་ལ་འཁྲུལ་ཞིག་སེང་གེ་རྒྱལ་པས་ཐུག་པ་ཡིན་ཏེ། གཡུ་རུ་གྲའི་ཕུ་སོ་གད་འཕྲེང་གི་གྲོང་དུ། ཡབ་བཀྲ་ཤིས་དངོས་གྲུབ་དང་ཡུམ་དཔལ་ལེ་གཉིས་ཀྱི་སྲས་སུ་འཁྲུངས། བལྟམས་པའི་ཚེ་ཁང་པའི་རྩེ་ལ་ནི་ཉི་མ་རྩེ་ཤར་ལ་འཇའི་གུར་ཕུབ། ལོ་དགུ་ནས་དག་སྣང་དང་མོས་གུས་དཔག་ཏུ་མེད་པ་སྐྱེས། བཅུ་ལ་སྣང་བ་སྒྱུ་མར་ཤར། བཅུ་གཉིས་པ་ལ་སྐྱོ་ཤས་དྲག་པོ་སྐྱེས། བཅུ་གསུམ་པ་ལ་ཉི་ཟླ་དུས་གཅིག་ཏུ་ཤར་བ་རྨིས་པ་སད་འཕྲལ་དུ། ཐུགས་རྗེ་ཆེན་པོས་སྙིང་ཐིག་གི་དོན་སྒོམས་ཤིག་གསུང་ནས་མི་སྣང་བར་གྱུར། དེ་ནས་སྙིང་རྗེ་ཕྱོགས་མེད་དུ་རྒྱས་བཅོ་བརྒྱད་པ་ལ་སྣང་སེམས་སྒྱུ་མར་རྟོགས། ཉི་ཤུ་པ་ལ་མཁན་པོ་ལྡེའུ་སྒང་པ་དང་སློབ་དཔོན་བཀྲ་ཤིས་སྣང་བ་གཉིས་ལ་རབ་ཏུ་བྱུང༌། ཉི་ཤུ་རྩ་ལྔ་པ་ལ་སྲི་ཞལ་དུ་སེང་གེ་རྒྱབ་ཏུ་བྱོན་ནས། སེང་གེ་རྒྱབ་པ་བར་པ་ལ་འཚལ་པའི་ཆོས་སྐོར་རྣམས་གསན། བླ་མ་རྩ་རི་བ་དང༌། རླུང་སེང་གེ་འཇིང་བསྣོལ་སྐོར་རྣམས་ཞུས། རས་པ་དྲི་མེད་འོད། ལྷ་རི་དཔལ། གཞོན་ནུ་འབུམ། སྟོན་ཆར། བྱང་ཆུབ་ཡོན་ཏན། སློབ་དཔོན་ཇོ་སྲས་ལ་སོགས་པ་རྣམས་ལ་ཞི་བྱེད་དང༌། ཕྱག་ཆེན་དང་། གསང་སྔགས་གསར་རྙིང་གི་གདམས་པ་མང་དུ་ཞུས། ཁྱད་པར་ཇོ་འབེར་ལ་སྙིང་ཐིག་གི་གདམས་པ་མ་ལུས་པར་ཞུས་ནས། རི་ཁྲོད་ལུང་སྟོང་རྣམས་སུ་ལོ་དུ་མར་སྒྲུབ་པ་ལ་ནན་ཏན་མཛད། སྐལ་ལྡན་མང་པོ་སྨིན་གྲོལ་གྱི་ལམ་ལ་བཀོད་དེ། དྲུག་ཅུ་རྩ་བཞི་ལ་གཤེགསསོ། །དེའི་སློབ་མ་མེ་ལོང་རྡོ་རྗེ་ནི། སྒྲགས་ཕུར་རྣལ་འབྱོར་པ་བསམ་ཡས་དང་ཡུམ་འབར་མ་གཉིས་ཀྱི་སྲས་སུ་ཆུ་མོ་ཡོས་ལ་འཁྲུངས། ལོ་དགུ་ལ་གྲུབ་ཐོབ་ཟ་ལུང་པ་དང་མཁན་ཆེན་སེ་ལུང་བ་གཉིས་ལ་རབ་ཏུ་བྱུང༌། རངས་མཚོར་བསྒོམས་པས་ཉམས་འབར་ཞིང་མངོན་ཤེས་ཆ་ཕྲ་མོ་ཤར། བཅུ་དྲུག་ལ་སྒྲགས་ཕུའི་ཞོགས་སྟེངས་སུ་ཚོགས་བརྒྱ་ཚར་བྱས་པས་གནས་ལུགས་ཀྱི་དོན་རྟོགས། དེ་ནས་ཡུལ་ཕྱོགས་མང་པོར་བྱོན་ནས་བླ་མ་མང་དུ་བསྟེན། ཤ་བུག་སྟག་སྒོ་དང་མཁར་ཆུ་ལ་སོགས་སུ་དཀའ་ཐུབ་དང་དཀའ་སྤྱད་མང་པོ་མཛད། བཅོ་བརྒྱད་པ་ལྕེགས་སྤྲེ་ལ་སེང་གེ་རྒྱབ་ཏུ་སངས་རྒྱས་དབོན་པོ་ལ་སྙིང་ཐིག་རྣམས་ཞུས། བསྒོམ་པས་ཉིན་ཞག་དྲུག་ཅུ་རྡོ་རྗེ་སེམས་དཔའ་ཉིན་མཚན་མེད་པར་མཐོང༌། དངོས་གཞིའི་དུས་བླ་མ་བརྒྱུད་པ་རྣམས་དང་རྨི་ལམ་དུ་མཇལ་ནས་བྱིན་གྱིས་བརླབས། ཉི་ཤུ་རྩ་གསུམ་པ་ལ་སངས་རྒྱས་རས་པ་ལ་རྡོ་རྗེ་ཕག་མོ་ལ་སོགས་གཏེར་ཆོས་མང་དུ་ཞུས་པས་རྡོ་རྗེ་ཕག་མོ་དང་མཇལ། འོད་ཕུང་གི་དཀྱིལ་ན་བདེ་མཆོག་ལྷན་སྐྱེས། རྟ་མགྲིན། སྒྲོལ་མ། ཐུགས་རྗེ་ཆེན་པོ། ཀུན་བཟང༌། རྡོར་སེམས། བི་མ་ལ། ཨུ་རྒྱན། ཟ་ལུང་པ། སངས་རྒྱས་རས་པ། འགྲོ་མགོན་རིན་པོ་ཆེ་རྣམས་མཐོང༌། དུང་ལུང་དུ་མཁའ་འགྲོའི་སྒྲ་ཐོས། ཀ་བ་ཅན་དུ་ནམ་མཁའ་ལ་ཕག་མོ་དང་ཟ་ལུང་པ་བཞུགས་པ་མཐོང༌། ལོ་ཉི་ཤུ་རྩ་དྲུག་ལ་འཁྲུལ་ཞིག་དར་མ་དང༌། སྤྲུལ་སྐུ་རྒྱ་མཚོ་ལ་སོགས་བསྟེན་ནས་ཆོས་མང་དུ་ཞུས། མཚུར་ཕུའི་མདོ་བོ་རས་པ་དང༌། དགོན་རྩེ་བ་འཁྲུལ་ཞིག་དབོན་པོ་ལའང་ཆོས་མང་དུ་ཞུས། མཁན་པ་ལྗོངས་དང༌། མཁན་པ་གླིང༌། སེང་གེ་རྫོང༌། ཀུན་བཟངས་གླིང༌། མཁར་ཆུ་རྣམས་སུ་སྒྲུབ་པ་མཛད་ཅིང་འགྲོ་དོན་བསྐྱངས། ལོ་སུམ་ཅུ་རྩ་བདུན་ལ་འདས་དུས་ཡིན་པ་ལ། སློབ་དཔོན་ཀུན་དགའ་ཟེར་བའི་སྐལ་བཟངས་ཤིག་གིས་གསོལ་བ་བཏབ་ནས། དྲུག་ཅུ་རྩ་གཅིག་གི་བར་དུ་བཞུགས་ཏེ་ཆུ་མོ་ཡོས་ལ་གཤེགས། ཆུ་མོ་ཡོས་ནི་གྲུབ་ཆེན་ཨུ་རྒྱན་པའི་བདུན་ཅུ་རྩ་བཞི་པ། བུ་སྟོན་ཁ་ཆེའི་ལོ་བཅུ་བཞི་པ། ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་ལོ་གཉིས་པ། རིག་འཛིན་ཀུ་མཱ་རའི་སུམ་ཅུ་རྩ་བརྒྱད་པ། འཁྲུལ་ཞིག་དྷརྨ་སེང་གེའི་གྱ་གཅིག་པ། སྙེ་མདོ་ཀུན་དགའ་དོན་གྲུབ་ཀྱི་ལོ་དྲུག་པ་ཡིན་ལ། མེ་ལོང་རྡོ་རྗེའི་སུམ་ཅུ་རྩ་བརྒྱད་པ་ལ་སངས་རྒྱས་རས་པ་གཤེགས། མེ་ལོང་པའི་སློབ་མ་རིག་འཛིན་ཀུ་མཱ་ར་རཱ་ཛ་ནི། མེ་ལོང་པས་ཉི་ཤུ་རྩ་བཞི་བཞེས་པ་མེ་ཕོ་སྟག་ལ་བར་གསར་རྫིང་ཁར་ཇོ་སྲས་བསོད་ནམས་དཔལ་དང༌། ཁྱེ་གཟའ་འབུམ་མེ་གཉིས་ཀྱི་སྲས་སུ་འཁྲུངས། མཚན་ཐར་པ་རྒྱན་དུ་བཏགས། ཆུང་ངུ་ནས་སྙིང་རྗེ་དང་ལྡན་ཞིང་ཐུགས་རབ་ཆེ་བས་ཀློག་ཡིག་མ་བསླབས་པར་མཁྱེན། ལོ་བདུན་པ་ལ་ཀོང་པོ་འོ་ཤོད་མཐོ་སྟེངས་དགོན་པའི་བླ་མ་དགྱེས་རྡོར་བ་ལ་ཀྱེ་རྡོར་དང་བདེ་མཆོག་གི་དབང་ཞུས། ལོ་དགུ་ལ་མཁན་པོ་གཙང་པ་ལ་དགེ་བསྙེན་བྱས། འཁོར་བ་དོང་སྤྲུགས་ཀྱི་ཆོས་སྐོར་རྣམས་ཞུས། བཅུ་གཉིས་པ་ལ་ཕག་མོ་གྲུའི་མཁན་པོ་ཡེར་པ་བ་དང་སློབ་དཔོན་མངའ་རིས་པ་ལ་རབ་ཏུ་བྱུང་ནས་གཞོན་ནུ་རྒྱལ་པོར་བཏགས། འདུལ་བ་བསླབས། རིན་པོ་ཆེ་གྲགས་ཡེ་བ་ལ་ནཱ་རོ་ཆོས་དྲུག་ལ་སོགས་པ་ལོ་ལྔའི་བར་དུ་ཞུས། འཚར་སྟེངས་པ་ལ་བརྟག་གཉིས་ཞུས། དཔོན་སང་ཤེ་ལ་ལྷ་བསླབས། ཡི་གེ་དྲུག་པ་བཟླས་པས་རྨི་ལམ་དུ་ཐུགས་རྗེ་ཆེན་པོ་མཐོང༌། ཁྱུང་ནག་ཤཱཀ་དར་ལ་རྙིང་མའི་རྒྱུད་ལུང་མ་ངག་མང་དུ་ཞུས། དེ་ནས་སྒྲགས་ཀྱི་དར་ཕུག་ཏུ་མེ་ལོང་པ་དང་མཇལ་ནས། ཕྱག་རྒྱ་ཆེན་པོའི་ཁྲིད་ཞུས་པས་ངོ་འཕྲོད། རྟོགས་པ་རྒྱུད་ལ་སྐྱེས། གྲུབ་ཆེན་པ་མོན་གྱི་མཁའ་འགྲོ་གླིང་དུ་འབྱོན་པའི་ཕྱིར་བྱོན་ནས། རྡོ་རྗེ་ཕག་མོའི་ཆོས་སྐོར་ལ་སོགས་མང་དུ་ཞུས་ནས་བསྙེན་པ་མཛད་པས། རྨི་ལམ་དུ་ཨུ་རྒྱན་པདྨ་དང་མཇལ། ཨེ་མ་རིགས་ཀྱི་བུ། རྟག་ཏུ་ཆོས་གྱིས་ཤིག་གསུང༌། དེ་ནས་མཚུར་ཕུར་བྱོན་ནས་བླ་མ་གཉན་རས་དང༌། དར་མ་མགོན་པོ་ལ་ཀར་མ་བའི་ཆོས་སྐོར་རྣམས་ཞུས། དེ་ནས་ལས་སྟོད་ཀྱི་སྦུད་ཏྲར་བྱོན། གྲུབ་ཆེན་ཨུ་རྒྱན་པ་དང་རང་བྱུང་རྡོ་རྗེ་རབ་ཏུ་བྱུང་མ་ཐག་ལོ་བདུན་ལོན་པ་ཞིག་དང་མཇལ། གྲུབ་ཆེན་པ་ལ་གདམས་པ་མང་དུ་ཞུས། གྲུབ་ཆེན་པས་གཉན་རས་ལ་སྙིང་ཐིག་ཞུ་བའི་ཞར་ལ་ཚང་བར་ཞུས། རྒྱ་སྨན་པ་བླ་མ་ནམ་མཁའ་རྡོ་རྗེ་ལ་གསང་སྐོར་གནད་ཀྱི་ངོ་སྤྲོད་དང༌། སྐལ་ལྡན་ཆོས་ཀྱི་སེང་གེ་ལ་གསང་བ་གནད་ཀྱི་མེ་ལོང་ལ་སོགས་རྫོགས་ཆེན་གསང་བའི་སྐོར་མང་དུ་ཞུས། དེ་ནས་མཁར་ཆུར་མེ་ལོང་རྡོ་རྗེ་བ་ལ་སྙིང་ཐིག་གི་དབང་ཁྲིད་གདམས་པ་དང་བཅས་པ་མ་ལུས་པར་ཞུས། འབུལ་རྒྱུ་གཞན་མེད་པས་ཞབས་ཏོག་ཏུ་དབྱར་རིལ་པོ་གཉིས་སུ་ལྷ་བྲིས་མཛད་ཅིང་དཀའ་ཐུབ་ལ་བརྟེན་པས་ཤིག་ནད་བྱུང་ཞིང༌། ཐུགས་དམ་ཁྱད་པར་ཅན་ཡང་འཁྲུངས །བླ་མ་མཉེས་ནས་འགྲོ་དོན་གྱིས་ཤིག་པའི་རྗེས་གནང་ཡང་མཛད། དབང་གྲལ་དུ་བླ་མའི་དབུའི་སྟེང་ན་མགོན་པོ་ཕྱག་བཞི་པ། གཟིམས་ཁང་གི་སྒོའི་ཐད་ན་ཨེ་ཀ་ཛཱ་ཊཱི་བོངས་ཉིས་ཐོག་ཙམ་པ། དེའི་ཕྱི་ངོས་ན་ལས་ཀྱི་མ་མོ་ཁྲག་རལ་ཅན། ལག་པས་ཁྲག་བཅུས་ནས་འཐུག་བ་རྣམས་མཐོང༌། དེར་བླ་མ་ལོ་བརྒྱད་དུ་འདུ་འབྲལ་མེད་པར་བསྟེན། སྨྱུག་ཚལ་སྦུག་ཏུ་དགུན་ཅིག་བཞུགས་པས་རྡོ་རྗེ་ཕག་མོའི་ཞལ་གཟིགས། ཤེལ་རིའི་ལ་ཆུང་བརྒལ་་བའི་གཡུ་མཚོ་ཟླུམ་པོ་ལ། ནམ་མཁའ་ཤིན་ཏུ་དྭངས་པ་ལ་འཇའ་ཚོན་སྣ་ལྔ་གྱེན་དྲང་པོར་ཟུག་པ་རྣམས་མཐོང༌། དེ་ནས་མཚུར་ཕུར་ཆོས་རྗེ་རང་བྱུང་བ་ལ་སྙིང་ཐིག་གི་གདམས་པ་རྣམས་ཕུལ་ནས། ཤངས་སུ་བྱོན་ཏེ་ལྕེ་སྒྲོམ་་ནག་པོའི་བརྒྱུད་པ་སློབ་དཔོན་སྒོམ་པ་ལ་གསང་སྐོར་དང༌། བསམ་གཏན་མིག་གི་སྒྲོན་མེ་ཞུས། དིང་རིའི་སྣ་དམར་དུ་དཔོན་པོ་བྱང་གྲུབ་ལ་ཡང་དགོན་པའི་རི་ཆོས་རྣམས་ཞུས་ནས། གྲུབ་ཆེན་པ་དང་མཇལ། མར་ལམ་བླ་མ་བཀྲ་ཤིས་ལུང་པ་ལ་གཤིན་རྗེ་དགྲ་ནག་ལ་སོགས་པ་ཞུས། སློབ་དཔོན་ཡེ་མགོན་ལ་སོགས་པ་ལ་གསང་སྐོར་དང༌། རྒོད་ཚང་པའི་ཁྲིད་རྣམས་དང༌། ཨ་རོའི་ཁྲིད་མོ་ཆེ་དང་དོན་སྐོར་ལ་སོགས་པའི་ཞུན་དར་ཆོད་པར་མཛད་ནས། ཐོས་བསམ་གྱིས་སྒྲོ་འདོགས་ཆོད་པར་མཛད། ཙ་རི་གསར་མ་བསྐོས་ནས། རྙིང་མའི་འགྲམ་དུ་གཅིག་པོར་ཟླ་བ་བརྒྱད་བཞུགས་པས་ཆོ་འཕྲུལ་ཆེན་པོ་དང༌། ཛམ་ལྷས་ནོར་བུ་བྱིན་པ་དང༌། གཞི་བདག་གིས་ཁང་པར་སྤྱན་དྲངས་ནས་བསྙེན་བཀུར་བྱས་པ་དང༌། མཚོའི་དཀྱིལ་དུ་འོད་ལྔའི་ལྦུ་བ་སེལ་བོ་ཙམ་ཅིག་ལ་ཅིག་ཐིམ་དུ་འགྲོ་བ་ལ་སོགས་ངོ་མཚར་ཅན་མང་དུ་མཐོང༌། དུས་རྟག་ཏུ་རི་ཁྲོད་དང་གངས་ཁྲོད་འབའ་ཞིག་ཏུ་བཞུགས་ཏེ་སྒྲུབ་པ་སྙིང་པོར་མཛད། ཀར་མ་པ་རང་བྱུང་རྡོ་རྗེ་ལ་སོགས་པ་མང་པོ་ལ་གསང་བ་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་མང་དུ་བསྐོར། ལམ་རྒྱ་དང་ཉ་རྒྱ་དང་རི་རྒྱ་ལ་སོགས་ཀོང་པོ་ནས་གཡེ་ལ་ཐུག་གི་བར་དུ་བསྡམས། སྙིང་ཐིག་གི་གདམས་པ་རྫོགས་རིམ་གཞན་དང་མ་འདྲེས་པར། ཆོས་ཀྱི་རང་སྐད་གྲུབ་མཐའ་རྩལ་དུ་བཏོན་ནས་གསུངས་ཏེ། བདུན་ཅུ་རྩ་བརྒྱད་པ་ཆུ་མོ་ལུག་གི་ལོ་ལ་གཤེགས། དེ་ལ་ཀློང་ཆེན་པས་ཞུས་པ་ཡིན་ཏེ། དེ་ནི་གཡུ་རུ་གྲའི་ཕུ་སྟོད་གྲོང་ཞེས་བྱ་བར། སློབ་དཔོན་བསྟན་བསྲུངས་དང་འབྲོམ་གཟའ་མོ་བསོད་ནམས་རྒྱན་གཉིས་ཀྱི་སྲས་སུ་ས་ཕོ་སྤྲེའུ་ལ་འཁྲུངས། ལོ་བཅུ་གཉིས་པ་ལ་མཁན་པོ་བསམ་གྲུབ་རིན་ཆེན་དང་སློབ་དཔོན་ཀུན་དགའ་འོད་ཟེར་ལས་རབ་ཏུ་བྱུང༌། བླ་མ་མང་པོ་ལ་གསང་སྔགས་གསར་རྙིང་གི་རྒྱུད་སྒྲུབས་ཐབས་དབང་ཁྲིད་ལ་སོགས་པ་མང་དུ་གསན། གསང་ཕུར་བཙན་དགོན་པ་དང་བླ་བྲང་བ་ཆོས་དཔལ་རྒྱལ་མཚན་ལ་སོགས་པའི་མཁས་པ་མང་དུ་བསྟེན། བྱམས་ཆོས་དང་ཚད་མ་སྡེ་བདུན་ལ་སོགས་པའི་ཆོས་མང་དུ་གསན་ནས་མཁས་པའི་དབང་པོར་གྱུར་ཏེ། ལྕོག་ལ་བྲག་ཁུང་དུ་ཟླ་བ་ལྔ་མུན་ཁང་ལ་བཞུགས། དེ་ནས་བསམ་ཡས་སུ་བྱོན་ནས་རིག་འཛིན་པ་སྐྱམ་ཕུ་ན་བཞུགས་པའི་སར་བྱོན་པས། མདང་ལྷའི་བྱ་ཡིན་ཟེར་བའི་ཡ་མཚན་ཅན་ཞིག་བྱུང་བ་དེ་ཁྱོད་ལ་ལྟ་བར་འདུག །ངའི་ཆོས་འདིའི་བརྒྱུད་པ་འཛིན་པ་ཞིག་འོང་བ་འདྲ་བས་གདམས་པ་ཚང་བར་སྦྱིན་དགོས་གསུང་ནས། དགྱེས་ཚོར་ཆེན་པོ་མཛད། དེའི་དཔྱིད་དེ་ལུང་སྟོང་ཅིག་ནས་ཅིག་ཏུ་འཕོ་སྐྱས་ལན་དགུ་བྱས་པས། གཞི་རེ་ཟིན་དུས་འཕོས་པས་ལུས་ངག་ལ་དཀའ་བ་མང་དུ་བྱུང༌། དེ་དུས་ཕྱེ་བྲེ་གསུམ་དང་དངུལ་ཆུ་རིལ་བུ་རིལ་མ་ཙམ་ཉི་ཤུ་རྩ་གཅིག་གིས་ཟླ་བ་གཉིས་ཀྱི་འཚོ་བ་བྱས། ཁ་བ་བབ་དུས་སྒྱེ་ཞིག་ཡོད་པའི་ནང་དུ་ཞུགས་ནས་གོས་སྟན་གཉིས་ཀའི་གོ་བཅད། ཆོས་ཕྱོགས་སུ་དཀའ་བ་མང་དུ་སྤྱད་ནས། ལོ་གསུམ་གྱི་དམ་བཅའ་བྱས་ཏེ་འཆིམས་ཕུ་ལ་སོགས་པའི་རི་ཁྲོད་ལ་བསྒོམས་ཤིང༌། སྐབས་སྐབས་སུ་བླ་མའི་དྲུང་དུ་གདམས་ངག་གི་ཞུན་ཐར་ལེགས་པར་བཅད་དོ། །ཕག་མོ་དང་དབྱངས་ཅན་མ་ལ་སོགས་པའི་སྒྲུབ་པ་མཛད་པས། འཆད་རྩོད་རྩོམ་གསུམ་གང་ལའང་ཐོགས་པ་མེད་པའི་ཐུགས་རབ་སྐྱེས། དན་བག་ཏུ་སློབ་དཔོན་གཞོན་ནུ་དོན་གྲུབ་ལ་མདོ་སྒྱུ་འཕྲུལ་སེམས་ཕྱོགས་ལ་སོགས་པ་མང་དུ་ཞུས། ཕྱིས་གསང་བ་སྙིང་པོ་ལ་སྙིང་ཏིག་དང་མཐུན་པའི་ཊི་ཀ་དང་ཡིག་སྣ་འགའ་ཞིག་དང༌། སྙིང་ཐིག་གི་སྐོར་ལ་ཆོས་ཚན་སུམ་ཅུ་རྩ་ལྔ། སྤྱིའི་མིང་དུ་བླ་མ་ཡང་ཏིག་ཏུ་བཏགས་པ་མཛད། དེ་ལ་སོགས་པའི་རྩོམ་པ་མང་དུ་མཛད་ཅིང༌། དབུར་སྟོད་དུ་སྐྱི་ཆུའི་ཆུ་ཕན་ཚུན་གཉིས་ཀར་ཆོས་ཉན་མང་དུ་འཚོགས་པ་ལ། གསང་བ་བླ་ན་མེད་པའི་ཁྲིད་བཏབ། སྐུ་ཚེའི་སྨད་ལ་མཁའ་འགྲོ་སྙིང་ཐིག་ཀྱང་མང་དུ་གསུངས། ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་དཔོན་གཡོག་གིས་འབྲི་ཁུང་བའི་བླ་མ་ཡིན་ཟེར་ནས་མི་མཐུན་པར་ལྟ་བ་ལ། ཕྱིས་སངས་རྒྱས་དཔལ་རིན་གྱིས་མཚམས་སྦྱར་བླ་མར་ཁུར། འགྲོ་དོན་རྒྱ་ཆེན་པོ་མཛད་པའི་ངང་ནས་དགུང་ལོ་ལྔ་བཅུ་རྩ་དྲུག་པ་ཆུ་མོ་ཡོས་ལ་གཤེགས། འདི་ལ་ཡུམ་མི་གཅིག་པའི་སྲས་ཀྱང་འགའ་ཞིག་བྱུང༌། སྙིང་ཐིག་སྟོན་པ་པོའི་སྲས་བརྒྱུད་ད་ལྟའི་བར་དུ་མ་ཆད་དེ། ཕལ་ཆེར་ཁྱད་པར་དུ་འཕགས་པས་མང་པོའི་བླ་མར་གྱུར་པ་སྟེ་ངོ་མཚར་ཏོ། ཡང་མེ་ལོང་པ་ལ་བྱང་སེམས་བསོད་ནམས་བློ་གྲོས་ཞེས་པ། རྟེན་རབ་བྱུང་དུ་བཞུགས་པ་ཞིག་གིས་སྙིང་ཐིག་གསན། དེས་མྱང་སྟོད་ཀྱི་ལྡན་ཡུལ་རི་ཁྲོད་དུ་བཞུགས་ནས། ལོ་རེ་ཞིང་གདུལ་བྱ་མང་པོ་ལ་སྙིང་ཐིག་གི་ཁྲིད་བཏབ། དེ་ལ་འཇམ་པའི་དབྱངས་བསམ་གྲུབ་རྡོ་རྗེས་གསན་ནས་དེ་ལ་བདག་གི་བླ་མས་གསན་ཏེ་འགྲོ་བ་མང་པོ་ལ་སྙིང་ཐིག་གི་སྒོ་ནས་དོན་མཛད། དེ་ལ་བདག་གིས་སྙིང་ཐིག་གི་དབང་དང༌། མེ་ལོང་པའི་ཕྱག་བཞེས་བཞིན་གྱི་ཁྲིད་རིམ་ངོ་བོ་ཙམ་ཞིག་ཐོབ་བོ།དེ་ལྟར་ན་འདིར་གསང་སྔགས་རྙིང་མར་གྲགས་པའི་རྫོགས་པའི་རིམ་པའི་བརྒྱུད་པ་ཕྱོགས་ཙམ་ཞིག་བྲིས་པ་ཡིན་ལ། བཀའ་བརྒྱད་སོ་སོ་དང་སྤྱི་ལ་སྔོན་གྱི་བླ་མ་རྣམས་ཀྱིས་སྒྲུབ་པ་ཇི་ལྟར་མཛད་དང༌། གྲུབ་པ་ཇི་ལྟར་བརྙེས་པ་ཡང་མང་དུ་བྱུང་སྟེ་བྲི་བར་མ་ནུསསོ། །སྤྱིར་ན་གླང་དར་མས་བསྟན་པ་བསྣུབས་ནས་ལོ་བདུན་ཅུ་ལྷག་ཅིག་གི་བར་དུ་དབུས་གཙང་ན་རབ་ཏུ་བྱུང་བ་ནི་གཅིག་ཀྱང་མེད། རྙིང་མ་བའི་སྔགས་འཆང་མང་དུ་ཡོད་པ་རྣམས་ཀྱིས་ཡུལ་སོ་སོར་སྒྲུབ་པ་ཁྱད་པར་ཅན་གྱིས་བཀྲ་ཤིས་པར་མཛད་ཅིང༌། ཁྱིམ་པ་རྣམས་ཀྱིས་ཀྱང་དེ་དག་ལ་དད་ཅིང་ཟས་གོས་སོགས་ཀྱིས་མཉེས་པར་བྱས། བུམ་དབང་ཙམ་རེ་བླངས་ཤིང༌། རྒྱུད་རིམ་གྱིས་སྨིན་པ་ལ་བརྟེན་ནས། ཀླུ་མེས་ལ་སོགས་པའི་དབུས་གཙང་མི་དྲུག་གམ་བརྒྱད་དུ་གྲགས་པ་རྣམས་བྱོན་པའི་ཚེ། ཡུལ་དང་ཡུལ་རྣམས་སུ་གཙུག་ལག་ཁང་དང་དགེ་འདུན་གྱི་སྡེ་གྲངས་མེད་པ་འཕེལ། སྔོན་རྒྱལ་བློན་གྱི་དུས་སུ་འགྱུར་བའི་བཀའ་བསྟན་བཅོས་རྣམས་ལ་མ་ཉམས་པར་ལོངས་སྤྱད་པས་ཆོག་པ་བྱུང༌། མཁས་པ་དང་གྲུབ་པའི་སྐྱེས་བུ་མང་དུ་བྱུང་བ་ཕལ་ཆེར་ཡང་། རྙིང་མ་བའི་གྲུབ་ཐོབ་བརྒྱུད་པ་ལས་བྱུང་བ་ཡིན་ཏེ། དཔལ་ས་སྐྱ་པའི་གདུང་རབས་རྣམས་དང༌། ཁྲོ་ཕུ་བའི་གདུང་རབས་རྣམས་དང༌། རྔོག་གི་གདུང་རབས་རྣམས་དང༌། སློབ་དཔོན་པདྨའི་དངོས་ཀྱི་སློབ་མ་བྱང་ཆུབ་འདྲེ་བཀོལ་ལས་རིམ་པར་བརྒྱུད་དེ། ཐམས་ཅད་མཁྱེན་པ་རྗེ་སྤྱན་སྔའི་དབོན་བརྒྱུད་རྣམས་ཀྱིས་འགྲོ་བ་བསྐྱངས་པ་ལ་སོགས་པའོ། །མན་ངག་གི་སྡེའི་ལོ་རྒྱུས་ཀྱི་སྐབས་ཏེ། དེ་དག་ནི་གསང་སྔགས་སྔ་འགྱུར་གྱི་སྐབས་སོ། ། ། ༤.༡ གསར་མའི་འགྱུར་མགོའི་སྐབས། དེ་ལྟ་མོད་ཀྱི་དབུས་གཙང་དང་མངའ་རིས་ཀྱི་ཕྱོགས་སུ་སྔགས་ཀྱི་གདམས་པ་འགའ་རེ་ཐོབ་ཀྱང་སྤྱོད་པ་འཆོལ་ཏེ། དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་དང་བྲལ་བས་སྦྱོར་སྒྲོལ་དང་གཏད་སེར་ལ་སོགས་པའི་རྩུབ་ཆོས་མང་དུ་བྱུང་ཞིང༌། དེ་དག་མངའ་རིས་ཀྱི་རྒྱལ་པོ་རྣམས་ཀྱིས་གཟིགས་པས་དངོས་སུ་སུན་ཕྱུང་བ་མ་མཛད་ཀྱང༌། པཎྚི་ཏ་མཁས་པ་མང་པོ་སྤྱན་དྲངས་ནས་ཡང་དག་པའི་ལམ་ལ་སྐྱེ་བོ་རྣམས་བཙུད་པ་ཉིད་ཀྱིས་ཉེས་པ་དེ་དག་ཐབས་ཀྱིས་ཞི་བར་མཛད་ལ། ཇོ་བོ་རྗེས་ཀྱང༌། དང་པོའི་སངས་རྒྱས་རྒྱུད་ཆེན་ལས། རབ་ཏུ་འབད་པས་བཀག་པའི་ཕྱིར། གསང་དབང་ཤེས་རབ་དབང་བསྐུར་ནི། ཚངས་པར་སྤྱོད་པས་བླང་མི་བྱ། ཞེས་གསུངས་པས། སྔགས་པ་ཁྱིམ་པའི་རྩིང་ཆོས་རྣམས་ཀྱང་ཤུགས་ཀྱིས་བཀག་པ་ཡིན་ནོ། །གསང་སྔགས་གསར་མའི་འགྱུར་གྱི་མགོ་ཇོ་བོ་སྨྲྀ་ཏིས་བཙུགས་སོ་ཞེས་བྱ་བ་ཡོད་མོད་ཀྱི། དེས་དབུས་གཙང་དུ་ནི་འགྱུར་མ་མཛད་ལ། ཁམས་སུ་དུས་ཕྱིས་མཚན་ཡང་དག་པར་བརྗོད་པ་སྒེག་པ་རྡོ་རྗེའི་སྐོར་དང་། དཔལ་གདན་བཞི་པ་དང༌། གསང་བ་འདུས་པའི་སྐོར་ལ་སོགས་པ་མང་དུ་བསྒྱུར་མོད་ཀྱི། དེ་བས་ལོ་ཆེན་རིན་ཆེན་བཟང་པོས་གསང་སྔགས་ཀྱི་འགྱུར་མཛད་པ་སྔ་བར་སྣང་སྟེ། འབྲོམ་སྟོན་པ་ཇོ་བོ་སེ་བཙུན་གྱི་གཡོག་བྱེད་པའི་དུས་སྨྲྀ་ཏི་ལ་ལོ་ཙཱ་བསླབས་སོ་ཞེས་འབྱུང་ལ། དེ་དང་ཉེ་བར་འབྲོམ་གྱིས་མངའ་རིས་སུ་བྱོན་པའི་ཚེ། ལོ་ཆེན་གྱི་ལོ་བརྒྱད་ཅུ་རྩ་ལྔ་བཞེས་པའི་ཕྱིར་རོ། །ལོ་ཆེན་གྱིས་དེ་ཉིད་བསྡུས་པ་དང་གསང་བ་འདུས་པ་སོགས་རྣལ་འབྱོར་ཕའི་རྒྱུད་ཤས་ཆེར་བསྒྱུར་ལ། རྣལ་འབྱོར་མའི་རྒྱུད་རྣམས་ནི་ལོ་ཆེན་གྱི་ལོ་ལྔ་བཅུ་ཉེ་བ་ན་བླ་ཆེན་འབྲོག་མི་བྱུང་སྟེ། དེ་ནས་ནི་རྣལ་འབྱོར་མའི་རྒྱུད་རྣམས་ཀྱང་ཤིན་ཏུ་དར་བར་གྱུར་ཏོ། །གསར་མའི་འགྱུར་མགོའི་སྐབས་སོ། ། ། ༤.༢ རྣལ་འབྱོར་མའི་རྒྱུད་ཀྱི་བཤད་པའི་དར་སོ་དང་ལམ་འབྲས་བུ་དང་བཅས་པའི་གདམས་པ་ས་སྐྱ་པ་ཡབ་སྲས་ཀྱི་རིང་ལ་ཇི་ལྟར་འཕེལ་བའི་གཏམ་གྱི་སྐབས། འདི་ལྟར་བསྟན་པ་ཕྱི་དར་གྱི་ཐོག་མར་བྱོན་པའི་ལོ་སྟོན་རྡོ་རྗེ་དབང་ཕྱུག་ལས་བསྟན་པ་འཕེལ་བཞིན་པ་ན། མངའ་བདག་དཔལ་འཁོར་བཙན་གྱི་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་གྱིས་རུ་ལག་གི་ས་ཆར་རྒྱལ་སྲིད་བསྐྱངས་པའི་སྲས། དཔལ་ལྡེ། འོད་ལྡེ། སྐྱིད་ལྡེ་ཞེས་བྱ་བའི་སྲས་མཆེད་གསུམ་བྱུང་བ་དེས། ལོ་སྟོན་ལ་བདག་ཅག་གི་ཐད་དུ་མཁན་སློབ་ཟུང་ཅིག་གནང་ནས། བསྟན་པ་སྤེལ་བར་ཞུས་པ་ལ། མཁན་པོ་ཤཱཀྱ་གཞོན་ནུ་དང་སློབ་དཔོན་སེ་ཡེ་ཤེས་བརྩོན་འགྲུས་གཉིས་བཏང་ནས། དགེ་འདུན་གྱི་སྡེ་ལེགས་པར་བཙུགས་པའི་སྐབས། ལོ་ཙཱ་བ་རིན་ཆེན་བཟང་པོས་ལོ་ལྔ་བཅུ་ལ་ཉེ་བ་ཙམ་གྱི་སྐབས་སུ་མཁན་སློབ་དེ་གཉིས་ཀྱིས་གྲོས་བྱས་ནས་འབྲོག་མི་དང་སྟག་ལོ་གཞོན་ནུ་བརྩོན་འགྲུས་གཉིས་ལ་གསེར་མང་པོ་བསྐུར་ནས་རྒྱ་གར་དུ་བརྫངས། དེ་གཉིས་གྱིས་བོད་དུ་བི་ཝརྟ་ཅུང་ཟད་ཀྱང་བསླབས། བལ་པོར་ལོ་གཅིག་ཏུ་བཞུགས་ནས། ཤཱནྟི་པའི་སློབ་མ་བལ་པོའི་པཎྚི་ཏ་ཤིནྟཾ་བྷ་དྲ་ལ་སྐད་ལེགས་པར་བསླབས། གསང་སྔགས་ཀྱི་ཆོས་ཀྱང་འགའ་རེ་གསན། ཁོང་གིས་ཞལ་བརྡ་མཛད་པ་བཞིན་བི་ཀྲམ་ཤཱི་ལའི་མཁས་པ་དྲུག་པོ། ཤར་ན་ཤཱནྟི་བ། ལྷོ་ན་ངག་གི་དབང་ཕྱུག་གྲགས་པ། ནུབ་ན་ཤེས་རབ་འབྱུང་གནས་བློ་གྲོས། བྱང་ན་ནཱ་རོ་པཎ་ཆེན། དབུས་ན་རིན་ཆེན་རྡོ་རྗེ་དང༌། ཛྙཱ་ན་ཤྲཱི་རྣམས་བཞུགས་པ་ལ། ཤཱིནྟི་བ་ལ་གཏུགས་ཤིང་གཞན་རྣམས་ལ་ཡང་ཆོས་འབྲེལ་ཙམ་རེ་བྱས། རྒྱ་གར་དུ་བྱོན་དུས་མཁན་སློབ་གཉིས་ཀྱི་ཞལ་བཀོད་ལ། བསྟན་པའི་གཞི་མ་ཡིན་པས་འདུལ་བ་ཉོན། བསྟན་པའི་སྙིང་པོ་ཡིན་པས་ཤེར་ཕྱིན་ཉོན། བསྟན་པའི་ཉིང་ཁུ་ཡིན་པས་གསང་སྔགས་ཉོན། ཞེས་གསུངས་པ་དང་མཐུན་པར། འབྲོག་མིས་ཤཱནྟི་པ་ལ་དང་པོར་འདུལ་བ་གསན། དེ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསན། དེ་ནས་གསང་སྔགས་མང་དུ་གསན་ནས་མཁས་པ་ཆེན་པོར་གྱུར། སྙག་ལོས་ནི། རྡོ་རྗེ་གདན་དུ་བསྐོར་བ་བྱེད་ཅིང་བཞུགས་ཏེ། སློབ་གཉེར་མ་བྱས། འབྲོག་མིས་ཤཱནྚི་པའི་སར་ལོ་བརྒྱད་བཞུགས་ནས། དེ་རྗེས་རྒྱ་གར་ཤར་ཕྱོགས་སུ་བྱོན་པས་དགེ་སློང་ཞིག་ལ་ཤིང་གི་ལྷ་མོས་གཟུགས་མེད་པའི་ལག་པ་ཞིག་གིས་བསོད་སྙོམས་འདྲེན་པ་མཐོང་བས་དེ་ལ་ངོ་མཚར་སྐྱེས་ཏེ་དགེ་སློང་དེ་ལ་ཕྱག་དང་སྐོར་བ་མང་དུ་བྱས་ནས། རྗེས་སུ་འཛིན་པར་ཞུས། དེའི་མཚན་ནི་པྲཛྙཱ་ཨིནྡྲ་རུ་ཙེ་སྟེ། བོད་སྐད་དུ་ཤེས་རབ་ཀྱི་དབང་པོ་གསལ་ཞེས་བྱ། དེ་ཡང་བི་རཱུ་པའི་སློབ་མ་ཊོམྦྷི་ཧེ་རུ་ཀ དེའི་སློབ་མ་མི་ཐུབ་ཟླ་བ་སྟེ། དེའི་སློབ་མ་ཡིན། གསང་སྔགས་ཀྱི་དབང་བསྐུར། རྒྱུད་བཤད། མན་ངག་རྣམས་རྒྱ་ཆེར་གནང༌། རྩ་བ་མེད་པའི་ལམ་འབྲས་ཤིག་ཀྱང་གནང༌། ཤཱནྟི་པའི་གསང་སྔགས་ཀྱི་ཆོས་རྣམས་ལས་ཀྱང་དེའི་ཆོས་ལ་ངེས་པ་ཆེར་སྐྱེས་དེར་ལོ་བཞི་བཞུགས། སྤྱིིར་ན་ལྷོ་བལ་དུ་ལོ་བཅུ་གསུམ་བཞུགས་ཏེ་བོད་དུ་བྱོན། མཁན་སློབ་དགེ་འདུན་དང་བཅས་པས་ཐག་རིང་པོ་ནས་བསུ་བ་བྱས། འབྲོག་མིས་སྔར་བསྙད་པ་བཞིན་གྱི་ཆོས་མང་དུ་མཁྱེན་ཅིང་མཁས་པར་བྱུང་སྟེ། མཁན་སློབ་རྣམས་ཀྱང་དགྱེས་པར་གྱུར། དེ་ནས་བརྟག་པ་གཉིས་པ་ལ་སོགས་པའི་རྒྱུད་གསུམ་དང༌། གཞན་ཡང་གསང་སྔགས་ཀྱི་ཆོས་མང་དུ་བསྒྱུར། ཤཱནྟི་པའི་ངག་ལྡན་ལ་ཡང་འགྱུར་ལེགས་པར་མཛད། སྔགས་ཀྱི་བསྟན་པ་ཉིད་གཙོ་བོར་སྤེལ་ཞིང་ཆོས་མང་དུ་གསུང་ཞིང་མྱུ་གུ་ལུང་དང་ལྷ་རྩེའི་བྲག་ལ་བཞུགས། རེ་ཞིག་གནམ་ཐང་དཀར་པོའི་འབྲོག་པས་སྤྱན་དྲངས་ཏེ་དེ་ན་བཞུགས་པའི་ཚེ། ག་ཡ་དྷ་རས་པཎྚི་ཏ་འབྱོན་གྱི་ཡོད་པས་བསུ་བ་ལ་ཤོག་བྱ་བའི་ཕྲིན་བྱུང་བས། གུང་ཐང་དུ་བྱོན་ཏེ་བསུས་ནས་པཎྚི་ཏ་དང་འགྲོགས་ཏེ། ལམ་དུའང་ཆོས་མང་དུ་བཤད། མྱུ་གུ་ལུང་དུ་སྤྱན་དྲངས། དེར་ལོ་ལྔ་བཞུགས་པ། གསུང་ངག་རིན་པོ་ཆེ་ཚང་བར་གནང་བ། གསེར་སྲང་ལྔ་བརྒྱ་འབུལ་བ་རྣམས་ཀྱི་ཆད་བྱས། ལོ་གསུམ་ན་གདམས་ངག་རྫོགས། ང་འགྲོ་གསུང་བ་ལ་ཆད་བཞིན་བཞུགས་པར་ཞུས་པས། ལོའང་ལྔ་བཞུགས། གསེར་སྲང་ལྔ་བརྒྱའང་ཚང་བར་ཕུལ་ཤིན་ཏུ་དགྱེས་ནས་གསུང་ངག་བོད་གཞན་ལ་མི་གསུང་བར་ཞལ་གྱིས་བཞེས་ནས། སླར་རྒྱ་གར་དུ་གཤེགས། ཕྱིས་ཡང་པཎྚི་ཏ་གྲོ་མོ་ནས་འགོས་ཀྱིས་སྤྱན་དྲངས་ནས་བྱོན་པ་དང་མཇལ། ཡང་ཕྱིར་ཐེགས། ཐ་མ་མངའ་རིས་སུ་གྱི་ཇོས་སྤྱན་དྲངས། དེ་ནས་གཙང་དུ་ཕེབས་པའི་ཚེ་འབྲོག་མི་གཤེགས་ནས་མ་མཇལ། པཎྚི་ཏ་ཁ་རག་ཏུ་སྒོམ་ཆེན་སེ་རོགས་གཉིས་ཀྱི་ཐད་དུ་བྱོན་ཏེ། དེར་གཤེགས་འབྲོག་མིས་རྒྱུད་རྣམས་དང་བསམ་མི་ཁྱབ་ལ་སོགས་པའི་གམས་པ་རྣམས་མང་དུ་གནང༌། གསུང་ངག་ཚང་བ་ནི། ལྷ་བཙུན་ཀ་ལི། འབྲོམ་དོ་བ་སྟོན་ཆུང༌། སེ་སྟོན་ཀུན་རིག་སྟེ་གསུམ་ལ་གནང་གི།གཞན་ལ་མེད། ལྷ་བཙུན་གྱིས་སློབ་མ་མ་བསྐྱངས། དོ་བ་སྟོན་ཆུང་མྱུང་གུ་ལུང་ནས་ལ་སྟོད་ལྷོར་བྱོན། དེར་མྱུར་དུ་གཤེགས་པས་གདམས་པ་མ་འཕེལ། གསུང་ངག་ཚར་བར་མ་གནང་ཀྱང༌། དེའི་ཆ་ཤས་རེས། དགྱེས་སྒོམ་སེ་བོ། གཤིན་སྒོམ་རོག་པོ། དབུས་པ་གྲོང་པོ་ཆེ་སྟེ་ཕ་གསུམ་དང༌། སྟོད་མོ་རྡོ་རྗེ་མཚོ། བཟང་མོ་དཀོན་ནེ། ཤབ་མོ་ལྕམ་ཅིག །འཆད་མོ་ནམ་མཁའ་དང་མོ་བཞི་སྟེ། བདུན་གྱིས་གྲུབ་པ་ཐོབ། གཞུང་གི་བཤད་པ་ཚར་ཕྱིན་པ་ལྷ་རྩེའི་གྱི་ལྗང་དབུ་དཀར་བ། ཤབ་ཀྱི་བྲག་རྩེ་སོ་ནག་པ། འཕྲང་འོག་གི་དབྲང་སྟོན་དཀོན་མཆོག་རྒྱལ་པོ། ས་སྐྱའི་འཁོན་དཀོན་མཆོག་རྒྱལ་པོ། མངའ་རིས་པ་གསལ་བའི་སྙིང་པོ་སྟེ་ལྔའོ། །དེ་ལྟར་སློབ་མ་མཆོག་རྣམས་གྲངས་སུ་བྱས་ཀྱི། རབ་ཏུ་བྱུང་བ་དང་ཁྱིམ་པ་ཤིན་ཏུ་མང་པོ་ལ་ཆོས་གསུངས། འགོས་ལོ་ཙཱ་བ་དང་མར་པ་ལོ་ཙཱ་བ་གཉིས་ཀྱང་ཁོང་གི་སློབ་མ་ཡིན། མར་པས། དཔལ་མྱུ་གུ་ལུང་གི་དགོན་པ་རུ། སྒྲ་བསྒྱུར་འབྲོག་མི་ལོ་ཙཱ་ལ། སྒྲ་ཐད་ཀློག་སྐད་ཀྱི་ཡིག་ཚད་བསླབས། ཁོང་བཀའ་དྲིན་མི་ཆུང་ཆེ་བར་འཁུམས། ཞེས་གསུངས། འོན་ཀྱང་གདམས་པ་ཆུང་ངུ་རེ་ལའང་ཡོན་ཆེན་པོ་དགོས་པར་མཐོང༌། དེས་རང་ཉིད་རྒྱ་གར་དུ་འགྲོ་བའི་ཐུགས་སྐྱེས་ཤིང་བྱོན་ནོ། །འགོས་ཀྱིས་ཀྱང་བླ་མ་ཆོས་ལ་དམ་པས། རང་ཉིད་པཎྚི་ཏ་མང་པོ་ལ་གཏུག་སྙམ་ནས། གྲྭ་ས་དེ་ནས་བྱོན་ནོ། །དེ་ལྟར་ན་བླ་ཆེན་འདི་ནི་གདམས་ངག་དང་བཅས་པ་མང་དུ་གསན་པའི་ཡོན་ཏན་དང༌། བསྐྱེད་རྫོགས་གཉི་ག་ལ་བརྟན་པ་ཐོབ་ཅིང༌། རླུང་གི་སྟོབས་ཀྱིས་ནམ་མཁའ་ལ་སྐྱིལ་དཀྲུང་འཆའ་བ། འཆི་བ་ལམ་དུ་བྱས་ནས་སྐུ་ལུས་དེ་ཉིད་མ་སྤངས་པར་སངས་རྒྱ་བར་བཞེད་ནའང༌། སྲས་རྣམས་ཀྱིས་སྤུར་སྦྱོང་བ་སོགས་བྱས་པས་རྟེན་འབྲེལ་ཅུང་ཞིག་མ་འགྲིག་སྟེ། བར་དོར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པ་ཞིག་གོ །མདོར་ན་གོང་དུ་བཤད་པའི་ཚུལ་གྱིས། ལོ་ཆེན་རིན་ཆེན་བཟང་པོ་ལ་བརྟེན་ནས་བརྒྱད་སྟོང་པ་དང༌། ཉི་ཁྲི་སྣང་བ་དང༌། བརྒྱད་སྟོང་འགྲེལ་ཆེན་ལ་སོགས་པའི་འགྱུར་མང་པོ་མཛད་ཅིང་གསུངས་པས། ཟབ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དར་བར་གྱུར་པ་ཡང་ཁོང་གི་དྲིན་ལས་ཡིན་ལ། གསང་སྔགས་ཀྱི་རྒྱུད་སྡེའི་ཕྱོགས་རྣམས་ལ་ནི། མཁས་པ་དང༌། སོ་སོར་སྐུ་ཉམས་སུ་བཞེས་པས་གྲུབ་པའི་ཚུལ་ཆེན་པོ་ཡང་མངའ། ཕ་རྒྱུད་མ་རྒྱུད་གཉི་གའི་བཤད་པའི་བཀའ་མང་དུ་བཙུགས། བྱེ་བྲག་ཏུ་རྣལ་འབྱོར་གྱི་རྒྱུད་རྣམས་ཀྱི་རྒྱ་ཆེར་འགྲེལ་པ་དང་ཆོ་ག་རྣམས་ཕྱག་ལེན་དང་བཅས་པར་རྒྱ་ཆེར་སྤེལ་བས་བསྟན་པ་ཤིན་ཏུ་དར་བར་མཛད་ལ། གོང་དུ་སྨོས་པ་བཞིན་བླ་ཆེན་འབྲོག་མིས་མ་རྒྱུད་གཙོ་བོར་མཛད་པའི་བཤད་སྒྲུབ་ཀྱི་བསྟན་པ་དར་བར་མཛད་ཅིང༌། རྗེ་འགོས་ཀྱིས་གསང་བ་འདུས་པ་འཕགས་ལུགས་གཙོ་བོར་མཛད་པའི་བཤད་པ་ལ་བརྟེན་པའི་སློབ་མ་མཁས་པ་རིམ་པ་རིམ་པ་མ་ཆད་པར་འཕེལ་བ་དང༌། རྗེ་མར་པས་ཀྱང་ནཱ་རོ་མི་ཏྲིའི་མན་ངག་གཙོ་བོར་མཛད་ཅིང༌། བཤད་པ་ཡང་འདུས་པ་དང༌། སངས་རྒྱས་ཐོད་པ་དང༌། བརྟག་པ་གཉིས་པ་དང༌། རྡོ་རྗེ་གུར་དང༌། མ་ཧཱ་མཱ་ཡཱ་དང༌། དཔལ་གདན་བཞི་པ་རྣམས་ཀྱི་བཤད་པ་མཛད་པས་ཀྱང༌། སློབ་མ་མཁས་ཤིང་དངོས་གྲུབ་བརྙེས་པས་བོད་ཀྱི་རི་སུལ་ཐམས་ཅད་གང་བར་མཛད་དེ། སྔགས་ཀྱི་བསྟན་པའི་བདག་པོར་གྱུར་པ་ཡིན་ནོ། །བླ་ཆེན་འབྲོག་མིས་སེ་ལ་གསུང་ངག་མ་ལུས་པ་གནང་ཞིང༌། ཞ་མ་ལྕམ་སྲིང་ལ་བརྟེན་ནས་གདམས་པ་འཕེལ་བར་ལུང་བསྟན་པ་བཞིན། ལྕམ་སྲིང་གཉིས་པོས་ཀྱང་སེ་ལ་གསུང་ངག་ལེགས་པར་ཞུས། སྐུ་ཉམས་སུ་ཡང་བཞེས། གཞན་ལ་ཕན་པ་ཡང་རྒྱ་ཆེར་མཛད་དེ། འདི་དག་གི་ལོ་རྒྱུས་ནི་འོག་ཏུ་བྲི་བར་བྱའོ། བླ་ཆེན་ལ་སློབ་མ་མང་དུ་ཡོད་ཀྱང༌། གཞུང་དང་གདམས་པ་གཉི་གའི་བདག་་པོ་ཆེན་པོར་གྱུར་པ་ནི། དཔལ་ལྡན་ས་སྐྱ་པའི་བླ་མ་རྣམས་ཏེ། དེ་དག་གང་ལས་སུའི་མི་བརྒྱུད་དུ་བྱུང་བའི་རིམ་པ་ཡང༌། བོད་ཡུལ་དུ་ལྷ་སྲིན་དར་བའི་ཚེ་ཡར་ཀླུངས་ཤར་གྱི་གཡའ་སྤང་སྐྱེས་གཅིག་དང་སི་ལི་མ་གཉིས་མཇལ་བར་གྱུར་པ་ན། སྲིན་ཁྲག་མེད་ཀྱང་དེ་ལ་ཆགས་པས་དེ་གཉིས་འཁོན་པའི་བར་དུ་ལྷ་སྲས་སྐྱེས་པ་ལ་ཇོ་བོ་འཁོན་པར་སྐྱེས་ཤེས་གྲགས་པ་ལ། མ་སངས་ལས་འཁོན་ནས་ཀྱི་བརྒྱུད་རིམ་པར་བྱོན་ཞིང༌། རྒྱལ་པོ་ཁྲི་སྲོང་སྡེ་བཙན་གྱི་ནང་བློན་དུ་གཏོགས་པ་འཁོན་དཔལ་བོ་ཆེའི་སྲས་བཞི་སྡེ། ཁྲི་མཛེས་ལྷ་ལེགས། ཚེ་ལ་དབང་ཕྱུག །འཁོན་ཀླུའི་དབང་པོ་བསྲུང་བ། ཚེ་འཛིན་ནོ། །གསུམ་པ་དེ་སད་མི་མི་བདུན་གྱི་དྲུག་པ་ཡིན། བཞི་པའི་སྲས་རྡོ་རྗེ་རིན་པོ་ཆེ་ནས་བུ་བརྒྱུད་རིམ་པ་བཞིན། ཤེས་རབ་ཡོན་ཏན། ཡོན་ཏན་འབྱུང་གནས། ཚུལ་ཁྲིམས་རྒྱལ་པོ། རྡོ་རྗེ་གཙུག་ཏོར། དགེ་སྐྱབས། དགེ་མཐོང༌། བལ་པོ། ཤཱཀྱ་བློ་གྲོས། དེ་དག་ཐམས་ཅད་ཀྱང་གསང་སྔགས་རྙིང་མའི་ཡོན་ཏན་དང་ལྡན་ནོ། །དེ་ལ་སྲས་གཉིས་གཅེན་ཤེས་རབ་ཚུལ་ཁྲིམས་ཚངས་སྤྱོད་བསྲུང༌། གཅུང་དཀོན་མཆོག་རྒྱལ་པོ་ཤིང་ཕོ་ཁྱི་ལ་འཁྲུངས། བཞི་བཅུ་བཞེས་པ་ཆུ་མོ་གླང་ལ་ས་སྐྱ་བཏབ། དགུང་ལོ་དྲུག་ཅུ་རྩ་དགུ་པ་ཆུ་ཕོ་རྟ་ལ་འདས། དེའི་སྲས་ས་ཆེན་ཀུན་དགའ་སྙིང་པོ་ཡབ་ཀྱི་ང་དགུ་པ་ཆུ་ཕོ་སྤྲེའུ་ལ་འཁྲུངས། བཅུ་གཅིག་ལོན་པ་ལ་ཡབ་གཤེགས། དེ་ལོ་རད་བ་རི་ལོ་ཙཱ་བ་ལོ་དྲུག་ཅུ་རྩ་གསུམ་པ་ཞིག་གདན་སར་བསྐོས། རང་ལོ་ཉི་ཤུ་པ་ནས་དྲུག་ཅུ་རྩ་བདུན་གྱི་བར་གདན་ས་ལོ་ཞེ་བརྒྱད་གཟུང་ནས། ས་ཕོ་སྟག་ལ་གཤེགས། ས་ཆེན་ལ་སྲས་བཞི་ལས། ཀུན་དགའ་འབར་ནི། རྒྱ་གར་དུ་བྱོན། མཁས་པར་གྱུར་ནས་ཉི་ཤུ་རྩ་གཉིས་པ་ལ་རྒྱ་གར་དུ་ཉིད་དུ་གཤེགས། གཉིས་པ་སློབ་དཔོན་བསོད་ནམས་རྩེ་མོ་ཡབ་ཀྱི་ང་གཅིག་པ་ཆུ་ཕོ་ཁྱི་ལ་འཁྲུངས། བཞི་བཅུ་རྩ་གཅིག་པ་ཆུ་ཕོ་སྟག་ལ་གཤེགས། གསུམ་པ་རྗེ་བཙུན་གྲགས་པ་རྒྱལ་མཚན་ཡབ་ཀྱི་ང་དྲུག་པ་མེ་མོ་ཡོས་ལ་འཁྲུངས། རང་ལོ་ཉེར་དྲུག་པ་ཆུ་འབྲུག་ནས་གདན་ས་བསྐྱངས། བདུན་ཅུ་པ་མེ་ཕོ་བྱི་བ་ལ་གཤེགས། བཞི་པ་དཔལ་ཆེན་འོད་པོ་ཡབ་ཀྱི་ང་དགུ་པ་ལྕགས་ཕོ་རྟ་ལ་འཁྲུངས། ང་བཞི་པ་ཆུ་མོ་ཕག་ལ་གཤེགས། དེ་ལ་སྲས་གཉིས་ལས། ཆེ་བ་སྐྱ་པཎ་ཆེན་ཡབ་ཀྱི་སོ་གསུམ་པ་ཆུ་ཕོ་སྟག་ལ་འཁྲུངས། དྲུག་ཅུ་རྩ་གསུམ་པ་ཤིང་ཕོ་འབྲུག་ལ་གོང་དུ་བྱོན། བདུན་ཅུ་པ་ལྕགས་མོ་ཕག་ལ་གཤེགས། གཅུང་པོ་ཟངས་ཚ་བསོད་ནམས་རྒྱལ་མཚན་ཡབ་ཀྱི་སོ་ལྔ་པ་ཤིང་ཕོ་འབྲུག་ལ་འཁྲུགས། ང་དྲུག་བཞེས་པ་ས་མོ་ཕག་ལ་གཤེགས། དེའི་སྲས་བླ་མ་འཕགས་པ་ཡབ་ཀྱི་ང་གཉིས་པ་ཤིང་མོ་ལུག་ལ་འཁྲུངས། ལོ་བཅུ་པའི་ཚེ་ཆོས་རྗེ་པའི་ཕྱགས་ཕྱིར་བྱང་ངོས་སུ་བྱོན། ལམ་དུ་ཟུལ་ཕུར་ན་བཟའ་འཕྲེད་གསོལ་བ་དགེ་ཚུལ་མཛད། བཅུ་དགུ་པ་ཆུ་མོ་གླང་ལ་སེ་ཆེན་རྒྱལ་བུར་བཞུགས་པའི་བླ་མཆོད་མཛད། ཉི་ཤུ་རྩ་གཅིག་པ་ཤིང་མོ་ཡོས་ལ་བསྙེན་པར་རྫོགས། ཉི་ཤུ་རྩ་དྲུག་པ་ལྕགས་ཕོ་སྤྲེའུ་ལ་སེ་ཆེན་རྒྱལ་སར་ཐོན་པས་གོང་མའི་བླ་མར་གྱུར། སོ་གཅིག་པ་ཤིང་མོ་གླང་ལ་བོད་ལ་བཏེག །སླར་ས་མོ་སྦྲུལ་ལ་གོང་དུ་བྱོན། ལོ་བདུན་བཞུགས་ནས་སླར་ཞེ་གཉིས་པ་མེ་ཕོ་བྱི་བ་ལ་གདན་སར་ཕེབས། མེ་མོ་གླང་ལ་ཆུ་མིག་ཆོས་འཁོར་མཛད། བཞི་བཅུ་རྩ་དྲུག་པ་ལྕགས་ཕོ་འབྲུག་ལ་གཤེགས། དེའི་གཅུང་པོ་ཕྱག་ན་ཡབ་ཀྱི་ང་དྲུག་པ་ས་མོ་ཕག་ལ་འཁྲུངས། ལོ་དྲུག་ལོན་པའི་ཚེ་ཆོས་རྗེ་པའི་ཕྱགས་ཕྱིར་བྱང་ངོས་སུ་བྱོན། ཉི་ཤུ་རྩ་དགུ་པ་མེ་མོ་ཡོས་ལ་གཤེགས། ཡང་སློབ་དཔོན་རིན་ཆེན་རྒྱལ་མཚན་ཡབ་ཟངས་ཚས་ང་ལྔ་བཞེས་པ་ས་ཕོ་ཁྱི་ལ་འཁྲུངས། ཞེ་གཉིས་བཞེས་པ་ས་མོ་ཡོས་ལ་གཤེགས། ཡང་སློབ་དཔོན་ཡེ་ཤེས་འབྱུང་གནས་ཀྱང་སློབ་དཔོན་རིན་ཆེན་རྒྱལ་མཚན་དང་དགུང་ལོ་གཅིག །སོ་བདུན་བཞེས་པ་ཤིང་ཕོ་ཁྱི་ལོ་ལ་ལྗང་ཡུལ་དུ་གཤེགས། ཕྱག་ནའི་སྲས་པོ་དྷརྨ་པཱ་ལ་རཀྵི་ཏ་ཕྱག་ན་གཤེགས་ནས་ཟླ་བ་དྲུག་སོང་བ་ས་ཕོ་འབྲུག་ཤར་བ་ལ་སྐུ་འཁྲུངས། ཉི་ཤུ་པ་མེ་མོ་ཕག་ལ་གཤེགས། ལྕགས་སྦྲུལ་ནས་མེ་མོ་ཕག་གི་བར་ལོ་བདུན་གདན་ས་མཛད། བླ་མ་ཡེ་ཤེས་བྱུང་གནས་ཀྱི་སྲས་བདག་ཉིད་ཆེན་པོ་བཟང་པོ་དཔལ་ཡབ་ཀྱི་ཉེར་ལྔ་པ་ཆུ་ཕོ་ཁྱི་ལ་འཁྲུངས། བཞི་བཅུ་ཞེ་ལྔ་པ་མེ་ཕོ་རྟ་ནས་ལོ་བཅུ་དགུ་གདན་ས་མཛད། རེ་གཅིག་པ་ཆུ་ཕོ་ཁྱི་ལ་གཤེགས། བླ་མ་འདི་ལ་སྲས་བཅུ་གཉིས་ཡོད་པ་ལས། དང་པོ་སློབ་དཔོན་བསོད་ནམས་བཟང་པོ་གོང་དུ་འཁྲུངས། བོད་དུ་བྱོན་པའི་ལམ་མདོ་ཁམས་སུ་འདས། གཉིས་པ་བླ་མ་ཀུན་དགའ་བློ་གྲོས་ཡབ་ཀྱི་སོ་བརྒྱད་པ་ས་མོ་ཕག་ལ་འཁྲུངས། ཉི་ཤུ་རྩ་དགུ་པ་མེ་མོ་ཡོས་ལ་གཤེགས། གསུམ་པ་མཁས་བཙུན་ཆེན་པོ་ནམ་མཁའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཡབ་ཀྱི་ཞེ་བཞི་པ་ཤིང་མོ་སྦྲུལ་ལ་འཁྲུངས། ཉི་ཤུ་རྩ་གཅིག་པ་ཤིང་མོ་གླང་ནས་སོ་དགུ་པ་ཆུ་མོ་ལུག་གི་བར་གདན་ས་ལོ་བཅུ་དགུ་མཛད། ཆུ་མོ་ལུག་ཉིད་ལ་གཤེགས། འདི་ལ་གཅུང་གཉིས་བྱུང་སྟེ། དང་པོ་གཞོན་ནུ་ལ་གཤེགས། གཉིས་པ་སློབ་དཔོན་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ་ཡབ་གཤེགས་པའི་ཤིང་ཕོ་བྱི་བ་ལ་འཁྲུངས། ཉི་ཤུ་པ་ལ་གོང་དུ་གཤེགས། བླ་མ་ཀུན་དགའ་ལེགས་པའི་འབྱུང་གནས་ཀྱང་གོང་དུ་བྱོན། ཁོང་གི་གཅུང་ཏི་ཤྲཱི་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ལྕགས་ཕོ་ཁྱི་ལ་འཁྲུངས། ཞེ་དགུ་པ་ས་ཕོ་ཁྱི་ལ་གཤེགས། བཙུན་མོ་རེ་མདའ་མ་ལ་ལྕམ་སྲིང་གསུམ་འཁྲུངས། ཆེ་བ་གཅིག་གཞོན་ནུ་ལ་གཤེགས། ཆུང་བ་དབང་ཀུན་དགའ་ལེགས་པའི་རྒྱལ་མཚན་དཔལ་བཟང་པོ་ཡབ་ཀྱི་ཞེ་བདུན་པ་ས་ཕོ་སྤྲེའུ་ལ་འཁྲུངས། ཉི་ཤུ་རྩ་དགུ་བཞེས་པ་མེ་ཕོ་བྱི་བ་ལ་སྲད་ཀྱི་ས་ཆར་སྐུ་གཤེགས། བཙུན་མོ་ཞ་ལུ་མ་མ་གཅིག་གཞོན་ནུ་འབུམ་ལ་སྲས་གསུམ་འཁྲུངས་པའི་ཆེ་བ་ཀུན་དགའ་ཉི་མའི་རྒྱལ་མཚན་དཔལ་བཟང་པོ་ཏའི་དབེན་གུ་ཤྲཱིའི་མཚན་གསོལ། ཆུ་ཕོ་ཁྱི་ལ་ཕོ་བྲང་ཆེན་པོར་སྐུ་གཤེགས། གཉིས་པ་བླ་མ་དོན་ཡོད་རྒྱལ་མཚན་པ་ཡབ་ཀྱི་ཞེ་དགུ་པ་ལྕགས་ཕོ་ཁྱི་ལ་འཁྲུངས། སོ་ལྔ་པ་ཤིང་ཕོ་སྤྲེའུ་ལ་གཤེགས། གཅུང་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་ཆུ་ཕོ་བྱི་བ་ལ་ཞ་ལུ་ཁང་གསར་དུ་སྐུ་འཁྲུངས། དགུང་ལོ་དྲུག་ཅུ་རྩ་བཞི་པ་ཤིང་མོ་ཡོས་ལ་གཤེགས། བདག་ཉིད་ཆེན་པོའི་སྲས་དབང་བསོད་ནམས་བཟང་པོ་ལ་སྲས་དབང་རཏྣའ་དགུང་ལོ་ཉེར་ལྔ་ལ་ཕོ་བྲང་ཆེན་པོར་འདས། ཏི་ཤྲཱི་ཀུན་དགའ་རྒྱལ་མཚན་རབ་ཏུ་མ་བྱུང་གོང་གི་སྲས་གཉིས་བྱུང་བ་ལ། མ་གཅིག་བྱང་པ་མོའི་སྲས་ཏའི་དབེན་ཆོས་ཀྱི་རྒྱལ་མཚན་ཆུ་ཕོ་སྤྲེའུ་ལ་འཁྲུངས། བླ་མ་ཀུན་སྤངས་པའི་ལྕམ་མོའི་སྲས་ཏའི་དབེན་བློ་གྲོས་རྒྱལ་མཚན་ཡང་ཆུ་ཕོ་སྤྲེའུ་ལ་འཁྲུངས། དབང་ཀུན་དགའ་ལེགས་པའི་སྲས་ལྕམ་སྲིང་བཞིའི་སྲས་ཆེ་བ་ཏི་ཤྲཱི་བསོད་ནམས་བློ་གྲོས་ཆུ་ཕོ་སྤྲེའུ་ལ་འཁྲུངས། གོང་དུ་བྱོན། སོ་གཅིག་པ་ཆུ་སྟག་ལ་མེ་ཏོག་ར་བར་འདས། དེའི་གཅུང་བར་བ་ཆུང་ངུ་ལ་འདས། ཆུང་བ་དབང་གྲགས་པ་རྒྱལ་མཚན་མེ་ཕོ་བྱི་བ་ལ་འཁྲུངས། ཞེ་བཞི་པ་མེ་འབྲུག་ལ་སྟག་ཚང་དུ་འདས། བླ་མ་མཁས་བཙུན་པའི་སྲས་བླ་མ་ཀུན་རིན། བླ་མ་ཆོས་ཀྱི་རྒྱལ་མཚན་པའི་སྲས་ཆོས་རྗེ་ཀུན་བཀྲས་པ་ས་མོ་གླང་ལ་འཁྲུངས། རེ་བཞི་པ་ཆུ་ཕོ་འབྲུག་ལ་གོང་དུ་བྱོན་ནས་ལོ་གཉིས་བཞུགས། ཏའི་མིང་རྒྱལ་པོས་ཐེག་ཆེན་ཆོས་ཀྱི་རྒྱལ་པོར་མཚན་གསོལ་ལོ། །བརྒྱུད་པ་དེ་རྣམས་ལས་འཁོན་དཀོན་མཆོག་རྒྱལ་པོ་གསང་སྔགས་གསར་མ་ལ་མོས་པར་གྱུར་ཏེ། བླ་ཆེན་ལས་གུར་བརྟག་གི་བཤད་པ་གཙོ་བོར་གྱུར་པའི་བཤད་བཀའ་རྣམས་ཡང་དག་པར་བླངས། མན་ངག་ནི། བླ་ཆེན་གྱིས་སེ་སྟོན་ཀུན་རིག་ལ་མན་ངག་རྫོགས་པར་བྱིན། སེ་སྟོན་གྱིས་རྒྱུད་ཀྱི་བཤད་བཀའ་རྣམས་བླ་ཆེན་གྱི་དངོས་སློབ་མངའ་རིས་པ་གསལ་བའི་སྙིང་པོ་ལས་བླངས། འཁོན་དཀོན་མཆོག་རྒྱལ་པོ་ལ་ཡང་གསན། ཐུགས་དམ་མཐོ་ཞིང་ལོ་བརྒྱད་ཅུ་རྩ་བརྒྱད་ཀྱི་བར་དུ་བཞུགས། བླ་མས་ལུང་བསྟན་པ་བཞིན་གདམས་ངག་རྣམས་ཕལ་ཆེར་ཞ་མ་ལྕམ་སྲིང་ལ་གནང༌། དགུང་ལོ་བརྒྱད་ཅུ་རྩ་བདུན་པ་ལ་ས་ཆེན་དགུང་ལོ་ཉི་ཤུ་ཙམ་ལོན་པ་ཞིག་མཇལ་དུ་བྱུང་བས་དགྱེས་ཆེ་སྟེ། གདམས་ངག་བྱིན་གྱིས་ཤོག་ཅིག་གསུངས་པ་ལ། གེགས་ཅུང་ཟད་ཅིག་གི་དབང་དུ་གྱུར་ཏེ། མན་ངག་མ་གསན། སེ་མྱུར་པོ་ཡང་གཤེགས། དེ་ནས་ཕྱི་ཞིག་ན་ས་ཆེན་གདམས་ངག་གིས་ཡིད་གདུངས་ཏེ་གདམས་ངག་སུ་ལ་ཡོད་དྲིས་པས། སེ་སྟོན་གྱི་གདམས་ངག་རྣམས་དགོན་པ་བ་སྐུ་མཆེད་ལ་ཡོད་ཟེར། གཅུང་གཤེགས། གཅེན་པོའི་ཐད་དུ་བྱོན་པའི་རྟེན་འབྲེལ་འགྲིག་དཀའ་སེ་བ་ཞིག་ལ་ཞང་དགོན་པ་བས་དགྱེས་པ་དང་བཅས་ཏེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་རྫོགས་པར་གནང༌། དེ་ཕྱིན་ཆད་དཔལ་ས་སྐྱ་པའི་གདུང་བརྒྱུད་རྣམས་གཞུང་གདམས་ངག་གཉི་གའི་བདག་པོར་གྱུར་པ་ཡིན། དེ་ལ་འཁོན་དཀོན་མཆོག་རྒྱལ་པོ་ཤིང་ཕོ་ཁྱི་ལ་འཁྲུངས་པ་ནས་ས་སྐྱ་པཎ་ཆེན་ལྕགས་མོ་ཕག་ལ་ཞི་བར་གཤེགས་པའི་བར་ལོ་ཉིས་བརྒྱ་དང་བཅོ་བརྒྱད་སོང་སྟེ། དེའི་བར་དུ་སྔགས་མཚན་ཉིད་གཉི་གའི་ཆར་ཕབ་པས་བོད་ཀྱི་ཡུལ་འདི་ལེགས་པར་གསོས་ཤིང༌། དབོན་པོ་འཕགས་པ་རིན་པོ་ཆེ་ལ་གོང་མ་སེ་ཆེན་གྱིས། བོད་ཆོལ་ཁ་གསུམ་པོ་ཐམས་ཅད་དབང་ཡོན་དུ་ཕུལ་བ་ལ་བརྟེན་ནས་བླ་མས་བླ་མའི་བྱ་བ་མཛད་ཅིང༌། དཔོན་ཆེན་ན་རིམས་སུ་བསྐོས་པ་རྣམས་ཀྱིས་འཇིག་རྟེན་གྱི་བྱ་བ་མཛད་དེ། དཔོན་ཆེན་ལ་སྔ་བ་ཤཱཀྱ་བཟང་པོ་སེ་ཆེན་གྱི་ལུང་གིས་དབུས་གཙང་གི་ཟམ་ཀླུ་གུན་མིན་དབང་ཅུའི་དམ་ཁ་བྱིན་ནས་དཔོན་ཆེན་ལ་བསྐོས། ཁང་གསར་ཆེན་མོ་བཏབ། ལྷ་ཁང་ཆེན་མོའི་ལྕགས་རི་ཕྱི་ནང་བརྩིགས། ཤིང་ཆ་དྲངས་ནས་ཐོག་མ་ཕུབ་པ་ལ་འདས། ནང་གཉེར་བྱས་པ་ཀུན་དགའ་བཟང་པོས་དཔོན་ཆེན་བྱས་ནས། རིན་ཆེན་སྒང་བླ་བྲང་བཏབ། ལྷ་ཁང་ལྕགས་རི་དང་བཅས་པ་བྱས། ཀུན་དགའ་བཟང་པོས་ལས་ཀ་གཏད་ནས་དཔོན་ཆེན་ཞང་བཙུན། ཕྱུག་པོ་སྒང་དཀར་བ། བྱང་རིན་རྣམས་བླ་མའི་ཞལ་བརྡས་རིམ་པར་བསྐོས། ཀུན་དགའ་བཟང་པོ་ལ་བླ་མ་མ་མཉེས་ནས། བླ་མ་གཤེགས་པའི་ཕྱི་ལོ་སེ་ཆེན་གྱི་ལུང་གིས་ཧོར་དམག་གིས་བསད། བྱང་རིན་གྱི་དུས་ན་སེ་ཆེན་གྱིས་ཐུགས་ལ་བཏགས་ནས། ཟོ་འོར་སིའི་མི་དཔོན་དང་ཤེལ་དམ་གནང༌། དེ་ནས་དཔོན་ཆེན་ཀུན་གཞོན། དཔོན་ཆེན་གཞོན་དབང༌། དེའི་རིང་ལ་ཕྱེ་གསལ་ཆེན་མོ་དང༌། དབུས་གཙང་གི་ཁྲིམས་ཀྱི་ཞིབ་ཆ་ཕལ་ཆེ་བ་བྱས། དེ་ནས་དཔོན་ཆེན་བྱང་རྡོར། དཔོན་ཆེན་ཨག་ལེན། འདིས་ས་སྐྱའི་ལྕགས་རི་ཕྱི་མ་དང༌། དབོན་པོ་རིའི་ལྕགས་རི་བཏབ། ཁང་གསར་གླིང་བྱས། འདི་གསུམ་གྱི་བར་ལ་འབྲི་ཁུང་པ་དང་འཐབས། ཨག་ལེན་གྱི་རིང་ལ་འབྲི་ཁུང་གླིང་ལོག་ཏུ་གྲགས་པའི་བཅོམ་ཁྱེར་ཆེན་པོ་དེ་བྱུང༌། གླིང་ལོག་དེ་བུ་སྟོན་རིན་པོ་ཆེ་འཁྲུངས་པའི་ལྕགས་ཕོ་སྟག་གི་ལོ་དེ་ཡིན། ཡང་གཞོན་དབང་སྐྱར་ནས་བསྐོས། དེ་ནས་ལེགས་པ་དཔལ། སེང་གེ་དཔལ། འོད་ཟེར་སེང་གེས་ཟྭན་ཆིང་དབེན་གྱི་དམ་ཁ་བཟུང༌། དཔོན་ཆེན་ཀུན་དགའ་རིན་ཆེན། དོན་ཡོད་དཔལ། ཡོན་བཙུན། ཡང་འོད་ཟེར་སེང་གེ། དཔོན་ཆེན་རྒྱལ་བ་བཟང་པོ། དབང་ཕྱུག་དཔལ། བསོད་ནམས་དཔལ། ཡང་རྒྱལ་བ་བཟང་པོ། དབང་བརྩོན། ནམ་མཁའ་བརྟན་པ། གྲགས་པ་རྒྱལ་མཚན། དཔལ་འབུམ། བློ་ཆེན། གྲགས་དབང་ངོ༌། དཔོན་ཆེན་དབང་བརྩོན་གྱིས་ཡར་ཀླུངས་སུ་ཁྲི་སྐོར་བཅུ་གསུམ་གྱི་དམག་ལན་མང་དུ་དྲངས་ཀྱང༌། ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་མ་ཐུབ་སྟེ། དབུས་ཀྱི་ས་ཆ་ཕལ་ཆེ་བ་ཁོང་གིས་བླངས། ཕྱིས་རྟ་ལོ་ལ་དཔོན་ཆེན་རྒྱལ་བ་བཟང་པོ་ལྷ་ཁང་བླ་བྲང་པས་བརྩོན་དུ་གཟུང་བ། སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་དམག་གི་དཔུང་ཆེན་པོས་བསྡིགས་ཏེ། དཔོན་ཆེན་པ་བཙོན་ནས་བཏོན། དེ་ནས་གཙང་གི་ས་ཆ་ཕལ་ཆེ་བའི་མངའ་བདག་ཏ་སིས་བྱས། དེ་རྟིང་དབུས་གཙང་གི་སྡེ་དཔོན་ཐམས་ཅད་ཀྱིས། དབུས་གཙང་དུ་རྫོང་བསྐོར་འབེབས་ལ་སོགས་པའི་བྱ་བ་ཐམས་ཅད་སི་ཏུ་བྱང་ཆུབ་རྒྱལ་མཚན་ཤེས་སུ་བཅུག་པའི་སོ་སོ་ནས་ཐེལ་ཚེ་ཕུལ། ཁོང་གཤེགས་ནས་ཀྱང་གུ་ཤྲཱི་ཆེན་པོ་ལ་ཅི་ཡིན་ཤེས་པའི་ཐེལ་རྩེ་ཕུལ། དེ་ལ་སྤྱིར་ས་སྐྱ་པས་འཇིག་རྟེན་གྱི་བདག་པོ་ལོ་བདུན་ཅུ་རྩ་ལྔ་མཛད་པ་ལ། ནང་ཚན་དུ་བཞི་ཐོག་ནས་ཉི་ཤུ་རྩ་ལྔ། ཤར་བས་ཉི་ཤུ་རྩ་ལྔ། ཁང་གསར་ཆེན་མོ་བས་ཉི་ཤུ་རྩ་ལྔ་སྟེ། ལོ་བདུན་ཅུ་རྩ་ལྔའི་རྗེས་ལ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ས་མོ་གླང་ནས་སའི་བདག་པོ་མཛད་ནས། ལོ་ཉི་ཤུ་རྩ་ལྔ་པ་ཆུ་མོ་གླང་ལ་གུ་ཤྲཱི་བས་ཡར་ཀླུང་ཆོས་འཁོར་མཛད། དེ་ལོ་རང་ཞི་བར་གཤེགས་པས་ཕག་མོ་གྲུ་པ་ལ་ཡང་ཉི་ཤུ་རྩ་ལྔའི་སྐེག་བྱུང་ཞེས་ཟེར་རོ། །ས་སྐྱ་པའི་བླ་མ་གོང་མ་རྣམས་ཀྱི་རིང་ལ་ཨུ་རྒྱན་གྱི་པཎྚི་ཏ་ཤེས་རབ་གསང་བ་དང༌། ཕྱིས་པཎྚི་ཏ་ཛ་ཡ་སེ་ན་ལ་སོགས་པ་པཎྚི་ཏ་མང་པོའང་བྱོན་ཞིང༌། ཕྱིས་འཕགས་པ་རིན་པོ་ཆེའི་རིང་ལ་ཤོང་སྟོན་སྐུ་མཆེད་ལ་སོགས་པའི་ལོ་ཙཱ་བ་ཤིན་ཏུ་མཁས་པ་ཡང་མང་དུ་བྱུང༌། ཚད་མ་རྣམ་འགྲེལ་གྱི་བཤད་པ་ཡང་དབུས་གཙང་གི་ཆོས་སྡེ་ཐམས་ཅད་དུ་དར་བ་ནི། བླ་མ་ཆོས་རྗེ་བའི་དྲིན་ཡིན། འཕགས་པ་རིན་པོ་ཆེ་ཐུགས་དགོངས་བཟང་པས། བོད་ཀྱི་ཆོས་པ་རྣམས་རང་རང་གི་ཆོས་ལུགས་ད་ཡོད་ལ་འབད་པ་གྱིས་ཞེས་ཟེར་བའི་ཧོར་གྱི་འཇའ་ས་བསྒྲགས། སྡེ་སྣོད་འཛིན་པ་ཕལ་མོ་ཆེ་ཟང་ཟིང་གི་ལོངས་སྤྱོད་ཀྱིས་ཀྱང་ཚིམ་པར་མཛད་སྣང་ངོ༌། །རྣལ་འབྱོར་མའི་རྒྱུད་ཀྱི་བཤད་པའི་དར་སོ་དང༌། ལམ་འབྲས་བུ་དང་བཅས་པའི་གདམས་པ་ས་སྐྱ་པ་ཡབ་སྲས་ཀྱི་རིང་ལ་ཇི་ལྟར་འཕེལ་བའི་གཏམ་གྱི་སྐབས་སོ། །

༤.༣ རྨ་ལོ་ཙཱ་བ་དང་ཞ་མ་ལྕམ་སྲིང་གིས་བསྟན་པ་ཇི་ལྟར་བསྐྱངས་པའི་སྐབས། ཡང་ཞ་མ་ལྕམ་སྲིང་གི་དྲིན་ལས་ལམ་འབྲས་བུ་དང་བཅས་པའི་གདམས་པ་ཇི་ལྟར་འཕེལ་བའི་ཚུལ་བརྗོད་པར་བྱ་སྟེ། དེ་ལ་ཕྱིར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོར་སྐུ་སྤྲུལ་ཏེ། བོད་འབངས་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཐོན་མི་སམྦྷོ་ཊར་སྐུ་སྤྲུལ་ཏེ། རྒྱ་གར་དུ་པཎྚི་ཏ་ལྷའི་རིག་པ་སེང་གེ་ཞེས་བྱ་བ་ལ་བསླབས་ནས་རྒྱ་གར་ཡི་གེ་ལ་མཁས་པར་མཛད་དེ། རྒྱ་གར་གྱི་ཕྱི་མོ་ལྔ་བཅུ། བོད་དུ་ཕྱི་མོ་སུམ་ཅུར་བསྡུས་ནས་སྒྲའི་བསྟན་བཅོས་འགའ་ཞིག་ཀྱང་མཛད། དང་པོར་རྒྱལ་པོ་ལ་ཡི་གེ་ལེགས་པར་བསླབས། ཕྱི་ནས་འབངས་བློ་གསལ་བ་རྣམས་ལ་ཡང་ལེགས་པར་བསླབས་པས་བོད་ཕལ་མོ་ཆེ་ལ་ཁྱབ་ཅིང༌། ཐམས་ཅད་ཀྱང་བཅོམ་ལྡན་འདས་ཀྱི་གསུང་རབ་ལ་བལྟ་བའི་སྐལ་བ་ཅན་དུ་གྱུར། བཅོམ་ལྡན་འདས་འཕགས་མ་སྒྲོལ་མས་ནི། གནས་བརྟན་བཅུ་དྲུག་སྤྱན་འདྲེན་པ་པོ་ཐང་ཐའི་ཛུའི་ཛུང་གི་སྲས་མོ་སྲུལ་གླེན་ཀོང་ཇོ་ཞེས་བྱ་བ། བོད་ཀྱི་སྐད་དུ་ཆུའི་ནང་གི་པད་མ་ཞེས་བྱ་བ་དེར་སྐུ་སྤྲུལ་ནས། འཕྲུལ་སྣང་གི་ཇོ་བོ་འདི་སྤྱན་དྲངས་ཤིང་སྲོང་བཙན་གྱི་བཙུན་མོར་གྱུར་ནས། ཉིད་ཀྱིས་ར་མོ་ཆེའི་གཙུག་ལག་ཁང་བཞེངས། འཕྲུལ་སྣང་ལ་སོགས་པའི་གཙུག་ལག་ཁང་བཞེངས་པའི་ས་དམིགས་རྣམས་ཀྱང་བསྟན། དཀོན་མཆོག་ལ་མཆོད་པའི་སྲོལ་ལེགས་པར་བཙུགས། དེ་རྣམས་དུས་རེ་ཤིག་འདས་པ་ན། སྲོང་བཙན་ནི། དུས་ཞབས་པ་ཆུང་བའི་སློབ་མ་ཁ་ཆེ་དགོན་པ་བ་ཞེས་བྱ་བ་དང༌། ཁ་ཆེ་པཎ་ཆེན་ཞེས་ཟེར་བ། མཚན་དངོས་ཛ་ཡ་ཨཱ་ནནྡར་སྐུ་འཁྲུངས། ཐོན་མི་ནི། ལ་སྟོད་ལྷོར་རྨ་ལོ་ཙཱ་བ་ཆོས་འབར་ཞེས་བྱ་བར་སྐུ་འཁྲུངས། ཀོང་ཇོ་ནི། ལྷོའི་ཕ་དྲུག་ཏུ་མ་གཅིག་ཞ་མ་ཞེས་བྱ་བ་དེར་སྐུ་འཁྲུངས་པ་ཡིན་ནོ། །དེ་ཡང་རྨ་ལོ་ཙཱ་བས་ལྷོ་བལ་དུ་མཁས་པ་མང་པོ་ལ་གཏུགས་ཏེ། འདི་རྒྱ་གར་ཕྱག་ནའི་ཡང་སློབ་མ་ཡིན། རྒྱ་གར་དུ་ཁ་ཆེ་དགོན་པ་བ་དང༌། ཨ་བྷ་ཡཱ་ཀཱ་ར་གུབྷ་ལ་སོགས་པ་ལ་གསན་པ་མང་དུ་མཛད་ཅིང་བཞུགས་པ་ན། ལོ་ཙཱ་བ་ལ་ཁྱོད་བོད་དུ་སོང་ལ། འཕགས་མ་སྒྲོལ་མའི་སྤྲུལ་པ་འདི་ལྟ་བུ་ཞིག་ཡོད་པ་ཕྱག་རྒྱར་བསྟེན་ལ། གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཉམས་ལེན་གྱིས་ཤིག་ཅེས་གསུངས་པ་དང༌། ཨ་བྷ་ཡས་ཀྱང་དེ་དང་མཐུན་པ་ཁོ་ནར་གསུངས་པས། བོད་དུ་བྱོན་ནས་མ་གཅིག་ཕྱག་རྒྱར་མཛད་པ་ཡིན་ནོ། །དེ་ཡང་ཡུལ་ཕ་དྲུག་ན། ཡབ་བྱི་བ་ཧབ་ཤ་ཞེས་བྱ་བ་མཚན་དངོས་ཞ་མ་རྡོ་རྗེ་རྒྱལ་མཚན་ཏེ། ཚོགས་ཀྱི་བདག་པོ་ཧ་ལུ་མནྟ་ཡིན་ཟེར། དེའི་ཆུང་མ་རྒྱ་གར་ལྷ་མོ་ནི། བལ་མོ་གཟའ་ཁྲིི་བཙུན་གྱི་སྐྱེ་བ་ཡིན་ཟེར། དེ་གཉིས་ལ་སྲས་ལྕམ་སྲིང་དྲུག་འཁྲུངས་པའི་ཆེ་བ་ཞ་མ་རྒྱ་ལེ་བྱ་བ་དགེ་བཤེས་སྙེ་མ་བའི་ཐད་དུ་རབ་ཏུ་བྱུང༌། མཚན་རིན་ཆེན་འོད་ཟེར་དུ་བཏགས། འཕགས་ཡོག་དུས་གསུམ་ལ་མཁས། དེ་འོག་རྒྱལ་ཆུང་སྟེ། ཡང་ཁྱེད་བླ་མ་ལ་བརྟེན་ནས་མདོ་སྒྱུ་འཕྲུལ་སེམས་ཕྱོགས་གསུམ་ག་ལ་མཁས་པ་ཞིག་བྱུང༌། དེ་འོག་སེང་གེ་རྒྱལ་པོ་སྟེ། རྨ་ལོ་དང་པུ་ཧྲངས་པ་དང་ག་རོང་ལོ་ཙཱ་བ་དང་རྔོག་རྣམས་ལ་ལོ་ཙཱ་བསླབས་ཤིང་མཁས་པར་མཁྱེན་པས། ཚད་མ་ཀུན་ལས་བཏུས་པ་རང་འགྲེལ་དང་བཅས་པ་བསྒྱུར་ཞིང༌། དིང་སང་གི་བར་དུ་ཚད་མ་བ་རྣམས་དེ་ལ་བརྟེན་པ་ཡིན། ཆོས་ཆོས་ཉིད་རྣམ་འབྱེད་ཀྱང་ཚིགས་སུ་བཅད་པར་བསྒྱུར་སྣང༌། དཀའ་བཞི་ཤེས་ཤིང༌། དབུས་སུ་ཡུངས་དཀར་བྲེ་ཕྱེད་དང་གསུམ་གྱི་གྲངས་དང་མཉམ་པའི་གྲྭ་པ་བསྐྱངས། ཕྱིས་རི་བོ་རྩེ་ལྔ་ལ་གཤེགས་ཏེ། དེ་ནས་ཕྱིར་མ་བྱོན། འབྱོན་ཁར་དམ་པ་སངས་རྒྱས་ལ་ཞུས་པས། ཞ་མ། ཕ་དྲུག་གཏན་ཡུལ་ནི་མིན། རྩེ་ལྔར་སོང་ལ་འགྲོ་བའི་དོན་གྱིས་ཤིག་དེ་ནས་འོ་སྐོལ་ཕ་སྤད་དགའ་ལྡན་དུ་དུས་བྱའོ་གསུང་ངོ༌། །དེ་འོག་མ་གཅིག་ཡིན། དེ་ཡང་རྨ་ལོ་ཙཱ་བ་དེ། ཇོ་བོ་རྗེ་ལྷ་གཅིག་བོད་དུ་བྱོན་ནས་མངའ་རིས་སུ་ལོ་གསུམ་བཞུགས་རྗེས་ཤིང་ཕོ་སྤྲེའུའི་ལོ་ལ་འཁྲུངས་ཤིང༌། བཅུ་དགུ་བཞེས་པ་ཆུ་ཕོ་སྟག་གི་ལོ་ལ་མ་གཅིག་འདི་འཁྲུངས། སྐུ་ལུས་ལ་སྤྱིར་པདྨ་ཅན་གྱི་མཚན་རྣམས་དང༌། བྱེ་བྲག་ཏུ་ལྟེ་བ་ན་པདྨ་དམར་པོ་རྩ་བ་གསུམ་པ། ནུ་མ་གཉིས་ཀྱི་བར་ན་རིན་པོ་ཆེའི་ཕྲེང་བ་གསུམ་སྐོར་དུ་ཡོད་པས་ལྟེ་བར་སླེབ་པ། ཕྲག་སོ་གཉིས་ལ་གཡུང་དྲུང་རིས་རེ། རྣ་བ་གཉིས་ཀྱི་རྒྱབ་ན་དུང་པདྨ་ལྟར་འཁྱིལ་བ་རེ། ལྕེའི་འོག་ན་རལ་གྲི་ཨུཏྤལ་ལའི་མདོག་ཅན་ཏཱཾ་ཡིག་གིས་མཚན་པ། སྨིན་མཚམས་ན་ཉི་ཟླའི་རྒྱལ་མཚན་འཁོར་ལོ་ཏོག་དང་བཅས་པ་ཡོད་པ་ཞིག་བྱུང༌། དེ་འོག་ཆོས་རྒྱལ་འཁོན་ཕུ་བ་ས་མོ་བྱ་ལ་འཁྲུངས། དེ་ལོག་མཁར་རྒྱལ་དགེ་བཤེས་རིན་པོ་ཆེའི་ཐད་དུ་རབ་ཏུ་བྱུང༌། མཚན་བསོད་ནམས་རྒྱལ་པོར་བཏགས། པུ་ཧྲངས་ལོ་ཙཱ་བའི་སློབ་མ་ཆེ་ཤེས་དགེ་བཤེས་བཙུན་ཆུང་བྱ་བ་དེ་ཡིན། མ་གཅིག་གིས་ལོ་བཅུ་བཞི་བཞེས་པའི་ཚེ། ཡུལ་དེའི་སྐྱེས་པ་ཨ་བ་ལྷ་རྒྱལ་བྱ་བ་ཞིག་ལ་བག་མར་བཏང་བས། ཁྱིམ་མ་བཞེད་དེ། ཁྱོ་ལ། ཁྱོད་རང་ཡང་ཆོས་གྱིས། ང་ཡང་ཆོས་བྱེད་བྱས་པས་ཉན་དུ་མ་བཏུབ་པས་སྨྱོ་བརྫུ་མཛད་དེ། དེ་ནས་བྲལ། ལོ་བཅུ་བདུན་ནས་ཉི་ཤུ་རྩ་གཉིས་ཀྱི་བར་དུ་བླ་མ་རྨའི་ཕྱག་རྒྱ་མ་མཛད། རྨས་རྒྱུད་དང་སྒྲུབ་ཐབས་མང་པོའང་ཁོང་ལ་བསླབས། ནམ་ཞིག་གི་ཚེ་ན་བླ་མ་རྨ་ཡི་དམ་ལ་དབང་ལེན་པའི་རིག་མ་མཛད་པའི་ཚེ། བདེ་ཆེན་གྱི་དཔའ་བོ་བཅུ་དྲུག་དང་ཞིང་སྐྱོང་གི་མཁའ་འགྲོ་མ་བཅུ་དྲུག་གི་ཞལ་མཐོང༌། རིག་མ་བརྒྱད་ཀའི་ཉམས་ཤར། བླ་མ་དང་རང་ཉིད་ཧེ་རུ་ཀ་ཡབ་ཡུམ་དུ་མཐོང༌། ཟླ་བ་བཅུ་དྲུག་ཏུ་ཐིག་ལེའི་ཉམས་འབར། དེ་ཕྱིན་ཆད་བླ་མ་དང་རང་ཉིད་ཐ་མལ་དུ་ནམ་ཡང་མ་མཐོང་གསུང༌། བླ་མའི་ཞལ་ནས་ལོ་བཞིར་མཚམས་ཆོད་ཅིག་གསུང་བ་བཞིན་བྱས་པས། རྨང་ལམ་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོའི་ཞལ་མཐོང༌། དེ་ནས་མཚམས་ཕྱེ་ལ་རི་ཁྲོད་དུ་སོང་ཞིག་གསུང་བ་བཞིན་བྱས་པས། བདུད་ཀྱི་བར་ཆད་ཐམས་ཅད་ཟིལ་གྱིས་ནོན། ཁྱད་པར་དུ་རྫོང་གོང་འོག་ལ་ཟླ་བ་བཞི་བཞི་བཞུགས་པའི་ཚེ་ཉི་ཟླ་འོག་ན་ནོན་པ། ལུས་གང་འདོད་དུ་སྤྲུལ་བསྒྱུར་ཤེས་པ། སེམས་ཅན་ཐམས་ཅད་ཀྱི་སྐད་གོ་བ། རླུང་གར་འདོད་དུ་འདྲོངས་པ་སྟེ། དངོས་གྲུབ་བཞི་ཐོབ། དེ་ནས་རྨ་ལོ་ཙཱ་བས་ཁྱུང་པོའི་ཐད་དུ་རབ་ཏུ་བྱུང་ནས། འཁོན་ཕུ་པ་ཉེ་གནས་སུ་ཁྲིད་དེ་ཤབ་ཏུ་བྱོན་ནས་ལོ་བཞི་བཅུ་རྩ་དྲུག་བཞེས་པའི་ཚེ་གཞན་གྱིས་དུག་དྲངས་པས་གྲོངས། དེའི་ཚེ་མ་གཅིག་གིས་ལོ་ཉི་ཤུ་རྩ་བརྒྱད་བཞེས། ཤབ་ཏུ་བྱོན་ནས་རྨའི་སྤུར་སྦྱོང་བ་སོགས་དགོངས་པ་རྫོགས་པའི་བྱ་བ་རྒྱ་ཆེར་མཛད། ལོ་སོ་གཅིག་ནས་བརྩམས་ནས་ལོ་གསུམ་གྱི་བར་དུ་བར་ཆད་དུ་གསལ་བ་བདུན་བྱུང་སྟེ་ཉིན་རེ་བཞིན་བྱང་ཆུབ་ཀྱི་སེམས་སྲན་མ་ཙམ་རེ་ཉམས་པ་དང༌། སྐུ་ལུས་ཤུ་བ་དང་འབྲུམ་བུས་ཁེངས་པ་དང༌། སྔར་གྱི་བདེ་བ་ཤོར་བ་དང༌། གཏོར་མ་བྱ་གཅན་གྱིས་མི་ཟ་བ་དང༌། སྦྱིན་སྲེག་གི་མེ་མི་འབར་བ་དང༌། ཐ་མལ་གྱི་ཆགས་པས་བརྒྱལ་བ་དང༌། མཁའ་འགྲོ་མ་རྣམས་ཀྱི་གསེབ་ཏུ་འགྲོ་མ་ནུས་པ་རྣམས་བྱུང༌། ཐབས་ལ་འདི་མ་བྱས་བྱ་བ་མེད་ཀྱང་མ་ཕན། རྗེ་འཁོན་ཕུ་བས་ཞབས་ཏོག་བྱས་ཏེ། དིང་རིར་དམ་པའི་དྲུང་དུ་ཕྱིན་དམ་པའི་ཞལ་ནས། ཨེ་རྣལ་འབྱོར་མ་ལོ་གསུམ་གྱི་གོང་ནས་བར་ཆད་བདུན་བྱུང་ནས་འདུག་པ་གསུང༌། དེ་ཁོ་ན་ཞུར་མཆིས་པ་ལགས། ཞེས་ལན་ཞུས་པས། རྩ་བའི་བླ་མ་དང་དམ་ཚིག་ཉམས་འདུག་གསུང༌། བླ་མ་རྨ་ལགས་ཏེ། དམ་ཚིག་ཉམས་པར་མ་ཚོར་ཞུས་པས། བླ་མའི་བཀའ་མ་བྱུང་བར་གཞན་གྱི་ལས་རྒྱ་བྱས་འདུག་པ། དམ་ཚིག་ཉམས་པའི་ཟས་ཟོས་ནས་འདུག་པ། ཁས་བླངས་ཀྱི་དམ་བཅའ་ཉམས་ནས་འདུག་པ། བླ་མའི་བཞུགས་སྟན་བཏིང་འདུག་པ། བླ་མ་ལ་དབང་ཡོན་མ་ཕུལ་བར་འདུག་པ། དམ་རྫས་མ་བསྟེན་པར་འདུག་པ་གསུང༌། དེ་ཅི་ཕན་ཞུས་པས། ཐབས་ཡོད། བྱ་མོ་ནག་མོའི་སྒོང་གཅིག་དང༌། ལུག་ཤ་ལག་པ་གཡས་པ་གཅིག་དང༌། ཆང་ཐོད་ཕོར་གང༌དང་། བུ་མོ་གཞོན་ནུ་མ་བདུན་དང༌། དེ་བཞིན་གཤེགས་པའི་སྐུ་གདུང་ཞིག་དང༌། རྒྱལ་པོའི་བཞུགས་སྟན་ཞིག་དང་། རྩ་བའི་བླ་མའི་ཞབས་རྗེས་རྣམས་ཁྱེར་ལ་ཤོག་ཅིག་གསུངས་པས། རྗེ་འཁོན་ཕུ་བས་ཡུད་ཙམ་ཞིག་ལ་རྙེད་ནས་དམ་པའི་སྤྱན་སྔར་མཆིས་པས། རྒྱལ་པོའི་བཞུགས་སྟན་ང་ལ་ཕུལ་གསུང༌། བླ་མ་དང་མཉམ་པ་གསུམ་གྱི་ལས་རྒྱ་གྱིས། རྟེན་ལ་སྐོར་བ་གྱིས་ལ་ཁྱེད་རང་ཁྲུས། བུ་མོ་བདུན་ཞབས་རྗེས་ལ་ཕུལ། བྱ་མོ་ནག་མོའི་སྒོ་ང་མཚན་མར་ཆུག །ལུག་ཤ་དང་ཆང་ལ་མཆོད་པ་གྱིས། དུས་ཀྱི་པཱ་ཛ་མ་བཅག །དམ་རྫས་ཀྱི་རུ་མ་མ་བཅད་གསུང་ནས། ཤ་དེ་ལ་དཔོན་གཡོག་བཅུ་ལ་ཟ་ཚད་རེ། ཆང་ཐོད་ཕོར་གང་པོ་ལ་ཧུབ་སྐོར་བྱས་པས་འཐུང་ཚད་རེ་བྱུང་སྐད། དམ་པའི་ཞལ་ནས་ཁྱོད་ཀྱིས་ལྷ་སའི་གཙུག་ལག་ཁང་བརྩིགས་པ་དྲན་ནམ་གསུང་པ་ལ། ངས་མ་འཚལ་མི་ཤེས་མ་དྲན་ཞུས་པས། ཨེ་རྣལ་འབྱོར་མ་འདི་ང་ལ་རྫུན་ཟེར་བར་འདུག །དེ་ཙུག་བྱ་དགོས་པ་དེ་ང་མིན་གསུང་ནས་ཕྱག་རྒྱབ་པས་བརྒྱལ་སྐད། དེ་སངས་བ་དང་ཝལ་ལེ་བ་རེ་ཤེས་པར་བྱུང་བས། དམ་པའི་ཞལ་ནས། ཨེ་བདེན་གསུང༌། དེ་རྣམས་ཤིན་ཏུ་མད་པར་འདུག །དེ་ལྟར་ཡིན་པ་ལ་བདག་རང་གིས་མི་དྲན་པ་ཅི་ལགས་ཞུས་པས། ཁྱོད་ཀྱིས་བླ་མ་ལ་དབང་ཞུས་ནས་དབང་ཡོན་མ་ཕུལ་བར་འདུག་པ་གསུང༌། བདག་གིས་ལུས་ལོངས་སྤྱོད་ཕུལ་བ་ལགས་ཞུས་པས། ཁྱོད་ཀྱི་རིན་དུ་ཕ་དང་མིང་པོ་གཉིས་ཀྱིས་ཁྲབ་དར་ལྗག་ཅན་དང་རྟ་ནག་གཅིག་བསྐྱུད་ནས་གདའ་བ་གསུང༌། བཀའ་བབས་ལགས་གསུང་བ་ཡིན་ཞུས་པ་ལ། ཁྱོད་ལ་བཀའ་བབས་ཡིན་ཡང་ཁོས་རིན་དུ་བཅུག་ནས་འདུག་པ་གསུང༌། ད་འོ་ན་ཇི་ལྟར་བགྱི་ཞུས་པ་ལ། རིགས་བརྒྱུད་ཚོགས་སོགས། གདུང་ལ་འབུལ་བ་གྱིས། ས་འབུམ་ལ་ཞལ་བ་གྱིས། མར་མེ་ཐོང་གསུང༌། དེ་ནས་ཁྱོད་ཀྱི་ཞབས་ཀྱི་སྒོ་ང་དེ་ཕྱུང་ལ་ང་ལ་ཐོད་ཅིག་གསུང་པས། དེར་སྒོ་ང་བྱུང་ཙ་ན་ནག་ལྷང་གིས་སོང་འདུག་པས། དེ་ཡང་ཕར་གསང་ནས་བཤོགས་དང་གསུང༌། བཤགས་པས་ནང་ནས་ཁྲག་ནག་ལྕིག་ལྕིག་པ་ཞིག་བྱུང་བས། དམ་པའི་ཞལ་ནས། ཁྱོད་ཀྱི་ཐིག་ལེ་དེ་ལོ་གསུམ་གྱི་གོང་ཟླ་བ་གསུམ་གྱི་མཚམས། ཉའི་རྒོངས་ཀས་མ་ཆལ་ཆིལ་ལ། སྔགས་པ་ནག་པོ་གནོད་སྦྱིན་བེ་སྭ་ཏ་ལ་ཆོས་སྐྱོང་བྱེད་པ་ཞིག་གིས་ཁྱེར་ནས་འདུག་པས། ད་ངའི་རྟེན་འབྲེལ་འདིས་ཕན་ནས་འོང་ཅིག་གསུང༌། ད་དུང་ང་དང་ཕྲད་དུ་ཤོག་གསུང༌། དེར་བླ་མའི་རིགས་བརྒྱུད་ལ་ཚོགས་སོགས་གསུང་བས། ཕ་སྤུན་པོ་ཇོ་སྲས་དཀར་ཡུ་བྱ་བའི་བུ་རྨ་ཆུང་དགེ་བཤེས་ལ་གཡག་ཞིག་གིས་སྣ་དྲངས་པའི་འབུལ་བ་སྣ་བདུན་ཙམ་བྱས། གདུང་ལ་མར་མེ་བཙུགས། ཤབ་ཀྱི་འབུམ་པ་ལ་ཞལ་བ་བྱས། དཀོན་གཉེར་བཙུགས་པས། དེ་ནས་སྐུ་ཁམས་ཤིན་ཏུ་བཟང་བས་དམ་པ་དེ་དྲིན་ཆེ་བར་དགོངས། གསེར་ཞོ་གསུམ། ཚོགས་འཁོར་བཟང་བ་ཞིག ། ཁྲ་རྙན་གྱི་བཞུགས་སྟན་རྣམས་ཉེ་གནས་མ་དབོན་མོ་བཙུན་ཆུང་མས་བྱས་ནས་སྐྱེལ་དུ་བྱོན་པས། དམ་པ་དིང་རིའི་ཟུར་ཁང་ན་བཞུགས་ནས་གདའ་བས། དམ་པའི་ཞལ་ནས། ངའི་གསེར་ཚུར་ཐོང༌། ཚོགས་འདིར་གྱིས། དེ་ནས་འུ་ཅག་གཉིས་ལ་རིངས་པོ་ཡོད་གསུང༌། དེར་ཚོགས་ལ་འུར་གསོལ་ནས། བཙུན་ཆུང་མའི་ལག་པ་ནས་གཟུང་ནས་བོན་པོ་རྒན་རྒོན་ལ་བཅོལ། རྣལ་འབྱོར་མ། འུ་ཅག་གཉིས་འདེང་ངོ་གསུང་ནས། བལ་ཡུལ་དུ་ར་མ་དོ་ལིའི་དུར་ཁྲོད་དུ་སླེབ་པ་སོགས་གནས་མང་པོར་རྣལ་འབྱོར་པ་གྲུབ་ཐོབ་མང་པོ་དང་མཇལ་ཞིང་སྐད་ཅིག་ལ་ཕྱིན། ལྷ་མང་པོའི་ཞལ་ཡང་གཟིགས། ཕྱིར་དིང་རིར་འཁོར་དུས་ཞག་བཅུ་དགུ་ལོན། དུས་ཕྱིས་ཤིག་སེ་མཁར་ཆུང་པ་དིང་རིར་ཚོགས་འཁོར་ཞིག་ལ་བྱོན་པའི་དུས་ཁོང་དང་མཇལ། ཐིག་ལེའི་གེགས་བྱུང་བ་ཞུས་པས། དེའི་སྔ་རོལ་དུ་འདི་དང་འདི་རྣམས་བྱུང་ལ་ཆེ་གསུང་ནས། ཐིངས་བྱུང་བས་དད་པ་སྐྱེས་ཏེ། སངས་རྒྱས་སམ་དེ་ཁྱེད་ལགས་སམ་ཞེས་ཞུས། སེ་ན་རེ། ཞ་ཆུང་མ་ལ་བསྒོམ་འདུག་སྟེ་གདམས་པ་མི་འདུག །སེ་རྒོད་པ་ལ་གདམས་པ་འདུག་སྟེ་སྒོམ་མི་འདུག །སྤྲང་པོ་དཔེ་དཀར་འདིས་ཀྱང་བར་ཆད་བྱེད་མ་ཉན་ཟེར། དེ་རྟིང་རྗེ་འཁོན་ཕུ་བ་དང་ལྕམ་སྲིང་གཉིས་ཀྱིས་སྔ་ཕྱི་ལན་གཉིས་སུ་སེ་ཅན་བྱོན། ཅི་ཡོད་ཕུལ་བས་མཉེས་ནས་དབང་ཆུང་ཅིག་མ་གཏོགས་གདམས་པ་རྫོགས་པར་གནང༌། ཕྱིས་ཡུལ་དུའང་སྤྱན་དྲངས། དབང་རྒྱས་པར་མཛད་པ་ཞུས། ལོངས་སྤྱོད་དཔག་ཏུ་མེད་པས་མཉེས་པར་བྱས། དེ་ནས་མ་གཅིག་ཉིད་གྲུབ་པ་བརྙེས་ཏེ། ཡུལ་ཉི་ཤུ་རྩ་བཞི་དང་མོན་བོད་ཀྱི་གནས་གཉན་ཟེར་བ་མང་པོར་བཞུགས་ཏེ་ཐུགས་དམ་མཛད་པ་དང༌། གཞན་ལ་དག་པའི་སྣང་བ་མང་པོ་བསྟན་པ་སོགས་ཤིན་ཏུ་མང་བར་མཛད་དེ་རྒྱས་པར་མ་སྤྲོས། བླ་མ་ཡང་སྔར་སྨོས་པ་རྣམས་དང༌། པཎྚི་ཏ་བཻ་རོ་ཙ་ན་དང༌། དཔལ་ཆེན་རྒྭ་ལོ་དང༌། པུ་ཧྲངས་ལོ་ཙཱ་བ་དང༌། ཡེ་རབ་བ་རྣམས་ལ་ཡང་གཏུགས། མ་གཅིག་འདི་ལ་དཔལ་ཕག་མོ་གྲུ་པས་ཀྱང་ཐུག །འཛེང་དྷརྨ་བོ་དྷི་ཞེས་བྱ་བའི་གྲུབ་ཐོབ་དེས་ཀྱང་མ་གཅིག་ཕུག་རོན་དུ་སྤྲུལ་པ་དང་མཇལ། འགོས་ཁུག་པ་ལྷས་བཙས་ཆོས་འཁོར་ཞིག་གི་གྲལ་དབུ་མཛད་པའི་སར་སྡེ་སྣོད་འཛིན་པ་རྒྱ་མཚོ་ལྟ་བུ་འདུས་པ་ལ། ཁོང་གི་ཉེ་གནས་མས་བརྩད་ཅིང་རྒལ་ལན་བགྱིས་པས། མཁས་པ་རྣམས་ཀྱིས་མ་ཐུབ་པ་ན། མ་གཅིག་ཉིད་ལྟ་ཅི་སྨོས་པས་བཀའ་བསྟན་བཅོས་གང་ལ་ཡང་མཁས་པའི་ཕུལ་དུ་ཕྱིན་པར་ཀུན་ལ་མངོན་དུ་གྱུར། འགྲོ་དོན་རྒྱ་ཆེན་པོ་མཛད། དགུང་ལོ་བརྒྱད་ཅུ་རྩ་བརྒྱད་པའི་ཚེ་གཤེགས་པའི་ཚུལ་བསྟན་ཏེ། སྤུར་སྦྱངས་ཀྱང་གདུང་ཅུང་ཟད་ཀྱང་མ་བྱུང་སྟེ། མདོར་ན་མ་གཅིག་འདི་ནི་སྤྲུལ་པ་མོ། གསང་སྔགས་ཆགས་ལམ་ལ་བརྟེན་པ་རྣམས་ཀྱི་མིག་གཅིག་ཏུ་གྱུར་པ་ཡིན་ནོ། །དེ་ལྟ་བུའི་མ་གཅིག་འདི་འཁྲུངས་པའི་ལོ་དེ་རྗེ་བཙུན་མི་ལའི་ཉི་ཤུ་རྩ་གསུམ་པ། འཁོན་དཀོན་མཆོག་རྒྱལ་པོའི་ཉི་ཤུ་རྩ་དགུ་པ། རྗེ་མར་པའི་ལྔ་བཅུ་རྩ་གཅིག་པ་ཡིན་ཏེ། དེ་དུས་ནམ་བྱོན་པའི་བྱེ་བྲག་ཤེས་པར་འགྱུར་རོ། །མ་གཅིག་གི་མིང་པོ་རྗེ་འཁོན་ཕུ་བར་གྲགས་པ་དེ་ཡང༌། ལོ་བདུན་བརྒྱད་ནས་ཡབ་མཆེད་ལ་ཡིག་ཀློག་དང་བི་བརྟ་ཡང་བསླབས། གཉམ་པའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་དང་སྨོན་འཇུག་གི་སེམས་བསྐྱེད་པ་མནོས། སྤྱོད་ཕྱོགས་ཀྱི་གཞུང་ཆེ་ཕྲ་མང་པོ་གསན། ཁོང་གི་གསུང་ནས་ཁྱོད་ལོ་ཙཱ་ལེགས་པོ་ཞིག་བསླབས། གཟོད་རྒྱ་གར་དུ་ཕྱིན་ནས་པཎྚི་ཏ་མཁས་པ་ཞིག་སྤྱན་དྲངས། ཆོས་བསྒྱུར་ཞིང་འགྲན་ཟླ་མེད་པ་ཞིག་བྱེད་དགོས་གསུང་བས་ལོ་བཅུ་བཞི་ལོན་པ་ལ་རོང་ཟོམ་ཆོས་བཟང་གི་དྲུང་དུ་བྱོན། སྨྲ་སྒོ་སོགས་མཁས་པར་བསླབས། རྨ་ལོ་ཙཱ་བས་སྐད་རིགས་མང་པོ་མཁྱེན་པས་ཁོང་ལ་ཡང་སྦྱངས་པ་མཛད། དེ་དུས་རྒྱ་གར་ན་ཨ་བྷ་ཡ་དང༌། དཔལ་སྦས་དང༌། ཏི་པུ་དང༌། སུན་ཡ་ཤྲཱི་དང༌། རྒྱལ་བ་ཅན་རྣམས་དང༌། བལ་པོ་ན་ཕམ་མཐིང་པ་དང༌། ཡེ་རང་བ་དང༌། ཨ་ནུ་ལྱ་བཛྲ་དང༌། བལ་པོ་ལོ་ཧན་རྡོ་རྗེ་རྣམས་གྲགས་པ་ཆེ་བས། དེ་རྣམས་ཀྱི་སྤྱན་སྔར་འབྱོན་པར་བཞེད་པ་ལ། རྨའི་ཞལ་ནས། ང་ལས་གདམས་ངག་ཆེ་བ་མེད། ཁྱེད་ལྕམ་སྲིང་དང་ལས་ཀྱང་མཐུན་པས་གདམས་པ་ཚང་བ་ཞིག་སྟེར་གསུང་བས། ཤབ་ཏུ་རྨའི་ཕྱགས་ཕྱིར་བྱོན། རྨ་ལ་གསོལ་བ་བྱུང་ནས་ལོ་གསུམ་དུ་མཉེལ་བའི་བར་དང༌། དེ་གོང་དུ་གཞན་མང་པོ་ལ་ཆོས་རྒྱ་ཆེན་པོ་མང་པོ་གནང་བ་ཐམས་ཅད་མཉན། རྨ་གཤེགས་རྗེས་དགོངས་པ་རྫོགས་ཐབས་རྣམས་ཀྱང་མཛད། རྨ་འགྲོངས་ཁར་ཕྱག་དཔེ་ལ་སོགས་པ་ཐམས་ཅད་ཀྱང་གནང་ནས། ཁྱོད་ལ་སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔའ་གཅིག་འོང༌། དེའི་སྔོན་དུ་བོད་ཀྱི་མཁས་པ་རྣམས་ལ་ཡང་ཆོས་ཉོན། དེ་རྟིང་རྒྱ་གར་དུ་སོང་ལ་མཻ་ཏྲི་བའི་བརྒྱུད་པ་འཛིན་པ་གཅིག་ལ་གཏུགས་གསུང་བས། འུ་ཡུག་ཏུ་དགེ་བཤེས་ཞང་ལ་འཕགས་ཡོག་དུས་གསུམ་ཐམས་ཅད་བསླབས། རྒྱང་རོང་གངས་པ་ཤའུ་ལ་དེ་ཉིད་འདུས་པ། རྡོ་རྗེ་རྩེ་མོ། དཔལ་མཆོག་གི་རྒྱུད་གསུམ་པོ་ཉན། ལ་སྟོད་གཅུང་པ་མཆོག་དཀར་དུ་མར་པ་སེང་རྫི་ལ་གྲུབ་སྙིང་དང༌། བདེ་མཆོག་བཤད་རྒྱུད་དང་བཅས་པ་གསན། ལོ་ཉི་ཤུ་རྩ་དྲུག་ལ་བལ་པོར་བྱོན་ནས། ཡེ་རང་བའི་སྤྱན་སྔར་མཻ་ཏྲི་བའི་ཆོས་རྣམས་གསན། ཕམ་མཐིང་བ་ལ་དུས་འཁོར་གྱི་གདམས་ངག་དང༌། གདན་བཞིའི་རྒྱུད་རྣམ་གསན། ཨ་ཏུ་ལྱ་བཛྲ་ལ་དགྱེས་པ་རྡོ་རྗེ་འགྲེལ་པ་རིན་ཆེན་ཕྲེང་བ་དང་བཅས་པ་གསན། འཁོན་སྒྱེ་ཆུ་བ་ལ་སམྦྷུ་ཊ་དང༌། སྒྲོན་མ་གསལ་བ་གསན། དམ་པ་སངས་རྒྱས་ལ་ཞི་བྱེད་ཀྱི་གདམས་པ་ལྕམ་སྲིང་གཉི་གས་མང་དུ་གསན་ཞིང་ལུང་བསྟན་ཡང་མཛད། རྟ་ནག་ཏུ་རྟ་ནག་དར་མ་ཀཱིརྟི་ལ་འཇིགས་བྱེད་ཀྱི་རྒྱུད་སྒྲུབ་ཐབས་ཀྱི་དཀྱིལ་འཁོར་ཆོ་ག་དང་བཅས་པ་གསན། རྭ་ལོ་ལ་འཇིགས་བྱེད་ཀྱི་དབང་རྒྱས་པ་ཞུས། ཡང་མི་ཉག་ལོ་ཙཱ་བས་ཇོ་བོ་སུ་ན་ཡ་ཤྲཱི་བོད་དུ་སྤྱན་དྲངས་པ་ལ། རྡོ་རྗེ་ཕྲེང་བའི་དབང་དང༌། དབུ་ཚད་ཀྱི་གཞུང་ཆེ་བ་རྣམས་གསན་ཞིང་དགོངས་པ་ལོན་པར་མཛད། སྔར་ཡང་བལ་པོར་བྱོན་ནས་རྒྱ་གར་གྱི་བླ་མ་མི་མཉམ་རྡོ་རྗེ་དང་མཇལ་ནས། དེ་ལ་ལཱུ་ནག་དྲིལ་གསུམ་ནཱ་རོ་པའི་ལུགས་དང་བཅས་པའི་བདེ་མཆོག་དབང་དང་བཅས་པ་གསན། དཱ་ཆེན་པོ་འདི་བྱང་ཆུབ་སེམས་དཔའ་དཱ་ན་ཤྲཱི་ཡིན། འདིས་མངའ་རིས་སུ་ཡང་བྱོན་འདུག །ནཱ་ལེནྡྲར་བྲམ་ཟེ་རིན་ཆེན་རྡོ་རྗེའི་དབོན་པོས་ན་རྩེ་ཟླ་བ་ལ་རྡོ་རྗེ་རྣལ་འབྱོར་མའི་རྒྱུད་སྒྲུབ་ཐབས་ཞུས། དེ་ནས་ལོ་སུམ་ཅུ་བཞེས་པ་ལ་བོད་དུ་བྱོན། ཡབ་གཤེགས་པའི་འདད་དང་བསྲེགས་ལེགས་པར་མཛད། དེ་ནས་རང་ཡང་སྒྲུབ་པ་མཛད་བཞེད་པ་དང༌། ལྷ་རྗེ་མའི་གསུང་གིས་ཀྱང་བསྐུལ་ནས། ལོ་སོ་གཅིག་ནས་འཁོན་ཕུ་རྫིངས་ཀྱི་བྲག་དམར་དུ་སྒྲུབ་པ་མཛད། ལོ་གཉིས་སོང་བ་དང་ལྕམ་དྲལ་གཉིས་གས་ལམ་འབྲས་གསན་དུ་བྱང་དུ་བྱོན། དེ་ནས་ཇོ་མོ་གཉིས་ཀྱང་ཁབ་ཏུ་བཞེས། འཁོན་ཕུར་སླར་སྒྲུབ་པ་མཛད་ནས་དམ་བཅའ་རྫོགས་པར་མཛད། ཡང་ལོ་བཞི་བཅུ་རྩ་བཞི་བཞེས་པའི་ཚེ་འཁོན་ཕུའི་གནས་མི་འདྲ་བ་མང་པོར་བཞུགས། དེ་ནས་བྲིན་སྙེ་ནམ་དང༌། ཕ་དྲུག་དང༌། ལ་སྟོད་ལྷོ་བྱང་གི་གནས་མང་པོར་བཞུགས་ནས་གདུལ་བྱ་མང་པོ་ལ་གྲུབ་སྙིང་ལ་སོགས་པའི་ཁྲིད་བསྐྱངས། སེ་བྱང་པ་སྐུ་གཤེགས་པའི་སློབ་མ་དགེ་བཤེས་སྲད་ཆེན་པོ་བྱ་བ་ལ་སོགས་པ་རྣམས་ཀྱི་ཆོས་འཕྲོ་ཅན་དུ་ཡོད་པ་རྣམས་ཀྱང་ལེགས་པར་བསྐྱངས། གཞན་ཡང་བྲིན་སྙེ་ནམ་འཁོན་ཕུའི་དབེན་པ་རྣམས་དང༌། ལ་སྟོད་ལྷོ་བྱང་གི་ཡུལ་མང་པོར་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བས། སྒྲུབ་པ་དང་བཤད་པའི་གྲྭ་གཉིས་ཀ་སྟོབས་ཆེ་བར་མཛད་དེ། དེའི་ཚེ་ཞ་མ་ལྕམ་སྲིང་ཞེས་ཡུལ་ཐམས་ཅད་དུ་སྙན་པས་ཁྱབ། དུས་ཕྱིས་བླ་མ་སོ་སོའི་རྣམ་ཐར་དུ་ཡང་ལྕམ་སྲིང་གཉིས་ཀྱི་ཞལ་མཐོང་བ་ལ་ཡ་མཚན་དུ་བྱས་ནས་ཡི་གེར་འབྲིའོ། །དེ་ལྟར་རྗེ་འཁོན་ཕུ་བ་ཞེས་གྲགས་ཤིང༌། མཚན་དངོས་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བ་དེ་གཞན་དོན་རྒྱ་ཆེན་པོ་མཛད་པའི་ངང་ནས་བདུན་ཅུ་རྩ་དྲུག་པ་ཤིང་ཕོ་བྱི་བའི་ལོ་ལ་གཤེགསསོ། །རྗེ་དེའི་སྲས་ལྷ་རྗེ་ཟླ་བ་འོད་ཟེར་ནི། ཡབ་ཀྱི་ལྔ་བཅུ་རྩ་ལྔར་ཆུ་མོ་ཡོས་ལ་འཁྲུངས་ཤིང༌། དྷརྨ་པའི་སྐྱེ་བ་ཡིན་པར་གྲགས། ལོ་གཉིས་ལོན་པའི་ཚེ་ཡུམ་གཤེགས་ནས། ལྷ་རྗེ་མས་ཕྱག་གི་སྲིན་ལག་ལས་འོ་མའི་རྒྱུན་ཕབ་སྟེ་ལོ་བཅུའི་བར་དུ་གསོས། བཅུ་དྲུག་ལོན་པའི་ཚེ་འུ་ཡུག་གི་ཞང་རྒྱ་མ་བ། གངས་པ་ཤེའུ། རོང་ཟོམ་ཆོས་ཀྱི་བཟང་པོ་ལ་སོགས་པ་ཡབ་ཀྱི་བཞིན་དུ་གསན་པ་རྒྱ་ཆེར་མཛད། སྔར་བཅུ་བཞི་ལོན་པའི་ཚེ་པ་ཚབ་རྒྱ་གར་ལ་འབྱོན་པའི་ཕྱགས་ཕྱིར་འབྱོན་སྙམ་ཡོད་པ་ལ། ཡབ་ཀྱི་ཞལ་ནས། གདམས་པ་ངེད་རང་ལས་ཆེ་བ་མེད་པས་འདི་ཉིད་དུ་སྡོད་ལ་ཉོན་གསུང་བ་བཞིན། ཕྱིས་ལྕམ་སྲིང་གཉིས་ལ་དབང་གདམས་པ་མ་ལུས་པར་ཞུས། གཞན་བལ་པོར་ཡང་ཛ་ཡ་སེ་ན་ལ་སོགས་པའི་བླ་མ་མང་དུ་བསྟེན། ཡབ་ཀྱི་ལུགས་བཞིན་དུ་གདམས་ངག་དབང་བསྐུར་སྡེ་སྟོང་ཀྱི་བཤད་པ་གསུམ་གྱིས་ཡུལ་དང་ཡུལ་རྣམས་སུ་གདུལ་བྱ་མཐའ་ཡས་པ་བསྐྱངས། མཁས་པའི་སྙན་པས་སྟོད་ལུངས་རྒྱ་དམར་བ་ལ་སོགས་པས་ཀྱང་ཞབས་ལ་གཏུགས། ཟང་ཟིང་གི་ལོངས་ལ་མངའ་བརྙེས་པས་ལྕམ་སྲིང་གི་དགོངས་པ་རྫོགས་ཐབས་སྐྱེ་བོ་མང་པོའི་སྦྱིན་གཏོང་དང༌། དངུལ་གྱི་གདུང་ཁང་ཆེན་པོ་གཉིས་བཞེངས། བལ་ཡུལ་དུ་ཁྱེར་ནས་ཁང་གསར་བ་ཛ་ཡ་སེ་ན་ལ་རབ་གནས་ཞུས། ཁོང་གིས་དབང་བཞི་རྫོགས་དང་བཅས་པའི་རབ་གནས་མཛད། སླར་བོད་དུ་འཁོར་རྣམས་ཀྱིས་བསུ་བ་རྒྱ་ཆེན་མཛད་དེ་སྤྱན་དྲངས། བལ་ཡུལ་དུ་འཕགས་པ་ཤིང་ཀུན་གྱི་གདུགས་ལན་མང་དུ་བཀལ། དེ་ན་གནས་པའི་རྣལ་འབྱོར་མ་དང་གྲུབ་པའི་རྣལ་འབྱོར་པ་མང་པོ་བསྡུས་ནས་ཚོགས་ཀྱི་མཆོད་པ་ཡང་མང་དུ་མཛད། ངོ་མཚར་བའི་ལྟད་མོ་ཡང་བཞི་མཐོང་སྟེ། དང་པོ་བླ་མ་རཏྣ་ཤྲཱི་ཨུ་རྒྱན་དུ་སྤྱོད་པ་ལ་གཤེགས་པའི་སྔ་རོལ་དུ་བུ་མོ་གཞོན་ནུ་མ་ཉི་ཤུ་རྩ་གཉིས་མན་བཅུ་དྲུག་ཡན་གྱི་ལོ་ལོན་པ་སུམ་ཅུས་གྲོགས་བྱེད་ཟེར་བ་ལ། དེ་མི་རྙེད་བྱས་པས། ཧེ་མ་ཁང་གི་དུར་ཁྲོད་དུ་གླང་པོ་ཆེ་བཞིས་ཐེག་ཚད་ཀྱི་ཡོ་བྱད་བསགས། རྣལ་འབྱོར་ཕོ་མོ་བཞི་བརྒྱ་འཚོགས་པའི་ཚེ་ན། ཚོགས་ལ་རོལ་ལ་ཁད་པའི་དུས་སུ་བུ་མོ་གཞོན་ནུ་མ་བྲམ་ཟེ་མའི་ཆ་བྱད་ཅན། རས་སིན་དྷཱུ་ར་དམར་པོའི་སྟོད་གཡོགས་དང་ཤམ་ཐབས་ཅན། རུས་པའི་རྒྱན་དྲུག་གསོལ་བ། ཐོད་པ་དང་ཁ་ཊཾ་ག་ཅང་ཏེའུ་རྣམས་བསྣམས་པ་བྱོན་པས། ཐམས་ཅད་ལ་ཡེ་ཤེས་རང་བབས་ལ་སོང༌། ཅང་ཏེའུ་ནམ་མཁར་འཕངས་པས་རང་འཁྲོལ། རྡོ་རྗེའི་གླུ་ལེན་པའི་ཚེ་སྐྱིལ་དཀྲུང་ཕྱེད་པས་ལེན། ཆང་རྒོད་གཤོར་བདུན་བདུན་བསྟུད་དེ་གསོལ་ཡང་བཟི་བ་མེད་པ། ཐམས་ཅད་རྒན་གཞོན་མེད་ལོ་སུམ་ཅུ་ཙམ་པ་བདུན་བྱོན་པ་མཐོང༌། གཉིས་པ་ནི། ཡི་རང་དུ་དགྱེས་པའི་རྣལ་འབྱོར་པ་སྤྱོད་པ་བྱེད་པ་ལ། གླང་པོ་ཆེ་གཅིག་ལ་བུ་མོ་རུས་པའི་རྒྱན་ཅན་བཅུ་དྲུག་ཞོན། རྣལ་འབྱོར་པ་དེ་རང་རུས་པའི་རྒྱན་ཅན། ཀྲྀ་ཥྞ་ས་རའི་ལྤགས་པ་གདན་དུ་བཏིང་བ་ཞིག་གཟིགས། གསུམ་པ་ནི། ཡ་འགལ་དུ་རྒྱལ་པོ་ཞིག་གིས་དམག་དྲངས་བྱུང་བ་ལ། རྣལ་འབྱོར་པ་ཞིག་གིས་ས་ལ་རི་མོ་བྱས་པས། དེ་ལས་འདའ་མ་ནུས་པར་དམག་ཐམས་ཅད་ཕྱིར་ལོག་རྣལ་འབྱོར་པ་དེ་རྒྱལ་པོས་སྤྱན་དྲངས་ནས་ཁྲི་ལ་བཞུགས་པའི་སྟེང་དུ་གདུགས་རང་འཁོར་གཅིག་གཟིགས། བཞི་པ་ནི། ནཱ་རོ་པའི་སློབ་མ་མེཉྫ་གླིང་པས་ལྟ་བའི་ཕྱིར་རྒྱ་གར་དུ་འགྲོ་འདོད་པ་ལ་ཛ་ཡ་སེ་ནའི་གསུང་གིས། མེཛྙ་གླིང་པ་གནས་དེ་ན་མི་བཞུགས། ཁྱོད་ལ་སྔར་གཡོན་འགལ་མི་རྣམས་ཀྱིས་ཀྱང་འབོད་དུ་འོང༌། ལོ་གསར་བ་འདི་ལ་རྒྱལ་པོ་སྡེ་བཞིའི་མཆོད་གནས། ཕྱི་ནང་གི་རྩོད་པ་དང་ནུས་པ་དང་གྲུབ་རྟགས་འགྲན་པའི་ལྟད་མོ་ཆེན་པོ་འོང་བས། དེ་ལྟོས་གསུང་བ་བཞིན་ལོ་གསར་གྱི་ཉ་ལ་ཕྱི་རོལ་པའི་རལ་པ་ཅན་ཉིས་སྟོང༌། ནང་པའི་པཎྚི་ཏ་དང་རྣལ་འབྱོར་པ་ཉིས་སྟོང༌། རྒྱལ་པོ་སྡེ་བཞིའི་དཔུང་ཡང་བརྒྱད་ཁྲི་འཚོགས། དང་པོ་ཕྱི་རོལ་པའི་པཎྚི་ཏ་ཀཱ་ལ་རཱ་ཏྲི་ཏ་བྱ་བ་དང༌། ནང་པའི་པཎྚི་ཏ་ཛ་ཡ་སེ་ན་ཁང་གསར་བས་བརྩད་པས། ནང་པ་རྒྱལ་ཏེ་མཚན་ཡང་རྒྱལ་བའི་སྡེར་གྲགས། མུ་སྟེགས་ཀྱི་རྣལ་འབྱོར་པ་གུ་ལང་དབང་ཕྱུག་གི་གྲུབ་པ་ཐོབ་པ་ཞིག་གིས། མི་ཐམས་ཅད་ལ་སྔགས་བཏབ་པས་སྨྱོར་འཇུག་པ་ཞིག་དང༌། བླ་མ་ཨ་ཏུ་ལ་བཛྲ་གྱིས་གྲུབ་རྟགས་འགྲན་པས། དུག་སྔགས་བཏབ་ཚད་ཁོང་རང་གི་འཁོར་ལ་ལོག་ནས། འཁོར་རྣམས་གཅིག་གིས་གཅིག་བསད། བླ་མ་ཨ་ཏུ་ལས་ཁྲོ་ཆུའི་ཕ་བོང་བདུན་རྟ་རྔ་ཉག་གཅིག་ལ་བཏགས་ཏེ་ནམ་མཁའ་ལ་བཞག་པ། མུ་སྟེགས་པ་སྟོང་གིས་ཕབ་ཀྱང་མ་ཕེབས་པར་ནམ་མཁའ་ལ་ཞག་བདུན་ལུས་པ་རྣམས་མཐོང༌། ཞག་འགའ་ན་བོད་ཀྱི་སྤྱན་འདྲེན་གྱིས་སླེབ། གཉན་ལོ་དང་དངུལ་ཆུ་བས་གཡོན་ལས་འགལ་བའི་མི་མགོ་ཐམས་ཅད་བླ་མ་ལ་ཕུལ། ཕྱིས་རྩོད་པ་མེད་པའི་དུམས་ལེགས་པར་གནང༌། དེ་ལ་སོགས་པའི་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད་བཞིན་པས། དགུང་ལོ་དྲུག་ཅུ་པ་ཆུ་ཕོ་སྟག་ལ་གཤེགས། ཆུ་སྟག་འདི་ལ་ཆོས་རྗེ་ས་སྐྱ་པཎྚི་ཏ་འཁྲུངས་པ་ཡིན། ལྷ་རྗེ་ཟླ་བ་ འོད་ཟེར་གྱི་རྣམ་ཐར། ཀ་བ་དར་སེང་གི་སློབ་མ་བོད་ཕྲུག་གཅིག་ལ་ཤེས་རབ་ཆེ་བར་གྲགས་པ་ཇོ་སྟན་དབང་ཕྱུག་གྲགས་ཀྱིས་མཛད་པ་ལས། འདིར་རགས་བསྡུས་ཤིག་བཀོད་པ་ཡིན་ནོ། ། རྨ་ལོ་ཙཱ་བའི་ཆོས་བརྒྱུད་ནི། རྨའི་ལྕམ་མོ་རྨ་བཟའ་རིན་ཆེན་འབུམ་ཞེས་བྱ་བའི་སྲས་མཐའ་བཞི་ལོ་ཙཱ་བ་ཞེས་བྱ་བ་རྟེན་དགེ་བསྙེན་དུ་བཞུགས་པ་ཞིག་གིས། རྨའི་ཕྱགས་ཕྱིར་རྒྱ་གར་དུ་ལན་གསུམ་བྱོན། རྨ་དང༌། མཐའ་བཞི་དང༌། ཟངས་དཀར་ལོ་ཙཱ་བ་རྣམས་ཀྱིས་ཁ་ཆེ་དགོན་པ་བ་ལ་བདེ་མཆོག་གི་དབང་སྟབས་ཅིག་ཏུ་གསན། མཐའ་བཞིས་དུས་ཕྱིས་མཚོ་ལུང༌། མེ་དགེ་འཕན་ཡུལ་སྟག་མགོ། དར་ཡུལ་གྱི་གནས་ཁང་རྣམས་སུ་སྒྲུབ་པ་ཡུན་རིང་དུ་མཛད། ལོ་དྲུག་ཅུ་རྩ་ལྔ་ལ་དར་ཡུལ་གནས་ཁང་དུ་གཤེགསསོ། །མཐའ་བཞི་ལོ་ཙཱ་བའི་ལྕམ་མོ་མཐའ་བཞི་བཟའ་ཆོས་སྒྲོན་གྱི་སྲས་མོན་སྟོན་འབྱུང་གནས་ཤེས་རབ་ཅེས་བྱ་བ་མཁས་ཤིང་གཞན་དོན་གྱི་རླབས་ཆེ་བ་བྱུང་སྟེ། དེ་ནི་ལོ་བཅུ་གཉིས་ལོན་པ་ལ་ཞང་པོའི་ཕྱགས་ཕྱིར་ལ་སྟོང་སྙེ་ནམ་འདམ་ཕུག་ཏུ་བྱོན་ནས། རྨ་ལ་ཆོས་མང་དུ་གསན་ཞིང་ལོ་དྲུག་བཞུགས། དེ་ནས་སླར་འཕན་ཡུལ་དུ་ལོག་སྟེ། རང་ལོ་བཅོ་བརྒྱད་ལ་གཉེན་ས་ཕུག་པ། དར་ཡོན་ཏན་གྲགས། སྐྱི་རིངས་ཡོན་ཏན་སེང་གེ་གསུམ་ལས་དགེ་སློང་ཆིག་རྫོགས་མཛད་ཅིང༌། ཇོ་བོའི་ཆོས་རྣམས་གསན། ར་སྒྲེང་དུ་རྣལ་འབྱོར་པ་ཆེན་པོ་དང༌། དགོན་པ་བ་དང༌། ཆག་ཁྲི་མཆོག །རྣལ་འབྱོར་པ་ཤེས་རབ་རྡོ་རྗེ་སྟེ་བཞི་ལ་བཀའ་གདམས་ཀྱི་གདམས་པ་མང་དུ་གསན། ལ་སྟོད་དུ་མེ་ལྷ་ཁང་པ་ལ་ཚད་མ་དང༌། གྲུབ་སྙིང་དང༌། བདེ་མཆོག་དང༌། ཕག་མོ་དང༌། དོ་ཧ་སོགས་གསན། དགེ་བཤེས་འཇང་པ་གཞོན་བྱང་ལ། མངོན་པ་གོང་འོག་དང་ས་སྡེ་ལྔ་ལ་སོགས་པ་གསན། རྔོག་ལེགས་ཤེ་ལ་ཉི་ཁྲི་མདོ་འགྲེལ་ཞུས། ཞང་སྣ་ཆུང་སྟོན་པ་ལ་མདོ་སྡེ་རྒྱན། རྒྱུད་བླ། འབྱེད་རྣམ་གཉིས། ས་སྡེ་ལྔ། སྡོམ་རྣམ་གཉིས་རྣམས་གསན། ཞང་པོ་མཐའ་བཞི་ལ་འདུས་པ་ཡེ་ཤེས་ཞབས་ལུགས་སྐོར་དང༌། འཇིགས་བྱེད་ཨ་ར་ཏའི་ལུགས་དང༌། བདེ་མཆོག་ལཱུ་ཧི་པ་དང༌། ཕྱག་རྡོར་བྷ་བ་མ་དང༌། ཡོ་ག་རྡོ་རྗེ་འབྱུང་བ་རྣམས་གསན། ལྷོ་ལ་ཡག་ཏུ་མར་པ་བྱ་ཟེ་བ་ལ། བདེ་མཆོག་ནག་པོའི་ཆོས་དྲུག་དང༌། རིམ་བཞི་ལམ་ལོངས་དང་བཅས་པ་གསན། སྟོད་ལུངས་འཕར་ཚང་དུ་སོ་ཆུང་བ་ལ། ཞི་བྱེད་མ་བུ་སྐོར་དྲུག་ཞུས། སྐམ་སྒོམ་ཡེ་ཤེས་རྒྱལ་མཚན་ལ་བདེན་བཞི་དང༌། ཤིང་རྟའི་སྲོལ་དང༌། ནད་འདོན་གྱི་སྐོར་རྣམས་གསན། རང་ལོ་ལྔ་བཅུ་རྩ་བདུན་ལ་ཞང་པོའི་གདན་ས་མཛད་ནས། མལ་འགྲོ་གསེར་ཐོག་ཏུ་ལོ་གསུམ་བཞུགས། རྣམ་སྲས་ཞལ་གཟིགས་པས་ཟས་ནོར་ཆེ། འཕན་ཡུལ་སོགས་སུ་ལམ་རྒྱ་ཡུན་རིང་དུ་མཛད། ལམ་རྒྱ་ལས་འགལ་བ་རྣམས་ལ་སེར་བ་སོགས་ཀྱི་ཆད་པ་ཕབ་པས་ཐམས་ཅད་ཉན། དགེ་བཤེས་མྱང་མི་ཆེན་པོ་དང༌། རྒྱ་ར་བན་སྨྱོན་དང༌། གླན་མི་མཁོ་བ་དང༌། སྦས་ཝོལ་བ་སྟོན་ཆུང་དང༌། སྟོང་སྣ་མོ་བ་སྟེ་མཐུ་བོ་ཆེ་ཐམས་ཅད་ཀྱང་སློབ་མར་གྱུར། ཕྱག་རྒྱ་ཆེན་པོའི་རྟོགས་པ་མཐོ་ཞིང་ཤེས་རབ་ཆེ། ལོ་དྲུག་ཅུ་རྩ་དྲུག་བཞེས་པ་ན། བྱ་དཀར་དང་གསེར་ཐོག་གཉིས་དབོན་པོ་འཕགས་པ་ལ་གཏད་ནས། ལོ་བཅུ་གསུམ་དུ་སྒྲུབ་པ་མཛད་པས་དཔལ་བདེ་མཆོག་ཞལ་གཟིགས། རང་ལོ་བརྒྱད་ཅུ་རྩ་ལྔ་པ་འབྲུག་གི་ལོ་ལ་ཞི་བར་གཤེགས། སྤུར་སྦྱངས་པས་རིང་བསྲེལ་མང་པོ་དང་ཐུགས་ལྗགས་སྤྱན་གསུམ་དང་དུང་གཡས་འཁྱིལ་རྣམས་བྱོན་ནོ། ། སློབ་དཔོན་འཕགས་པ་ནི། དགེ་བཤེས་མོན་གྱི་ལྕ་མོ་བསོད་ནམས་འབར་ལ་སྲས་དྲུག་འཁྲུངས་པའི་ཆེ་ཤོས་ཡིན། ལོ་བཅུ་བདུན་པར་པུ་ཏོ་བའི་ཐད་དུ་རབ་ཏུ་བྱུང༌། བཀའ་གདམས་ཀྱི་ཆོས་རྣམས་དང༌། བྱམས་ཆོས་རྣམས་གསན། དགེ་བཤེས་ཞང་འདུལ་ལ། འདུལ་བ་མདོ་རྩ་བ་བཀའ་ལུང་དང་བཅས་པ་གསན་ཞིང་བསླབས། ཁོང་གི་ཤུལ་དུ་འདུལ་བ་འཛིན་པ་མཛད་པས་མཁན་བུ་སུམ་བརྒྱ་ཙམ་བྱུང༌། ཕུ་ཆུང་བ། སྤྱན་སྔ། གླང་རི་ཐང་པ་རྣམས་ལ་ཡང་གསན་པ་མཛད། གྲ་ཐང་དུ་དགེ་བཤེས་རྒྱ་ལ་དབུ་མ་གསན། བློ་སྦྱོང་ལ་འབད་པ་བྱས་པས་སྒོམ་སྐྱོན་ཞིག་བྱུང་བ། པུ་ཏོ་བ་ལ་སོགས་ལ་ཞུས་ཀྱང་མ་ཕན། ཞང་པོ་མོན་གྱིས་རྨའི་བདེ་མཆོག་དང༌། ཇོ་མོའི་བྱིན་རླབས་མཛད་པས་ལེགས་པར་ཕན་ཡང་པུ་ཏོ་བའི་སྤྱན་སྔར་བྱོན་ནས་ལོ་བཅུ་བཞུགས། པུ་ཏོ་བ་གཤེགས་ནས་གླང་རི་ཐང་པ་ལ་ལོ་དྲུག་བསྟེན། དེ་ནས་མོན་གྱི་ཐང་དུ་ལོ་གསུམ་བཞུགས། དགེ་བཤེས་མོན་འདས་ནས་འཕགས་པ་སྐུ་ཁམས་མ་བདེ་བས། རང་གི་སློབ་མ་རྔོག་བརྩོན་སེང་བྱ་བ་རྨའི་ཆོས་སྐོར་རྩད་གཅོད་པ་ལ་ལ་སྟོད་དུ་བཏང་བས། རྨའི་ཇོ་མོ་ཡིན་ཟེར་བ་ཞིག་དང༌། ཉེ་གནས་ཡིན་ཟེར་བ་གཉིས་གདམས་པ་ཆེ་ཞིང༌། ཁྱད་པར་ལམ་འབྲས་ལ་མཁས་པར་འདུག་ཅེས་ཐོས་ནས། སྔོན་ལ་རྔོག་ལ་ཞུ་རྟེན་བསྐུར་ཏེ་སྙན་གསན་ཕབ། ཕྱིས་འཕགས་པ་རང་གིས་བྱོན་ནས་ལྷ་རྗེ་མ་ལྕམ་སྲིང་ལ་གདམས་པ་རྣམས་ལེགས་པར་ཐོབ། དེ་ནས་དབུས་སུ་བྱོན་ཏེ་སླར་འབུལ་བ་སྐྱེལ་དུ་ཡང་བྱོན། སླར་ལོག་ནས་རོང་གི་མཚོ་ལུང་དུ་ལོ་གསུམ་མཚམས་བཅད་དེ་བདེ་མཆོག་གི་བསྙེན་པ་བྱེ་བ་བཅུ་གསུམ་བསྐྱལ། ཡང་དབེན་དང་འགར་བྲག་གཉིས་ལ་ལོ་གཉིས་བཞུགས། བསྙེན་པ་མང་དུ་བསྐྱལ། ཡང་བླ་མ་ལོ་རོ་རས་ཆུང་བ་དང་མཇལ་བས། ཁྱོད་ལ་ཕ་ཁུ་སངས་རྒྱས་གཉིས་འདུག །ཁྱོད་རང་བྱང་ཆུབ་སེམས་དཔར་འདུག་གསུང༌། ལོ་དྲུག་ཅུ་རྩ་དྲུག་བཞེས་པ་ལྕགས་མོ་ལུག་གི་ལོ་ལ་ངས་ལོ་བཅུ་བདུན་ལ་རབ་ཏུ་བྱུང༌། སྐུ་མཆེད་རྣམ་པ་གསུམ་ལ་སོགས་པའི་བླ་མ་བཅོ་ལྔ་བསྙེན། དེ་རྣམས་ཀྱི་གསུང་ཚིག་གཅིག་དང་ཡང་མ་འགལ་གསུང་ནས་གཤེགས་ཏེ། སྤུར་སྦྱངས་པས་འཇའ་འོད་དང་རིང་བསྲེལ་མང་པོ་བྱོན་ནོ། ། དེ་ནས་ཁོ་རང་གི་དབོན་པོ་སློབ་དཔོན་སྟོན་པས་གདན་ས་མཛད་དེ། དེའི་ཡབ་ནི་སྟོན་པ་དབང་ཕྱུག་རྒྱལ་པོ་བྱ་བ། རྟེན་སྔགས་པར་བཞུགས་པ། གཤིན་རྗེ་གཤེད་གསར་རྙིང་དང་སྨན་དཔྱད་ལ་མཁས་པ་ཞིག་ཡིན། ཁོང་རང་ལོ་བཅོ་བརྒྱད་ལོན་པའི་ཚེ་དར་ཡུལ་དུ་གཤེན་ས་ཕུག་པ་ལ་རབ་ཏུ་བྱུང༌། གླང་ཐང་པ་དང་ཤར་བ་ལ་བྱམས་ཆོས་དང་དབུ་མའི་གཞུང་མང་དུ་གསན། པ་ཚབ་ལ་རིགས་ཚོགས་མཐའ་དག་གསན། གཙང་པ་སར་སྤོས། གཙང་ནག་པ། རྨ་བྱ་བྱང་ཡེ་གསུམ་ལ་རྩོད་ཟློག་དང་རིགས་པ་དྲུག་ཅུ་པ་གསན། དར་ཡོན་ཏན་གྲགས་དང་ཞང་གཉིས་ལ་ཚིག་འཇུག་ཚར་གསུམ་གསུམ་གསན། སྟོད་ལུངས་རྒྱ་དམར་ལ་ཉི་ཁྲི་མདོ་འགྲེལ་དང༌། བརྒྱད་སྟོང་འགྲེལ་པ་གསན། མྱང་སྟོད་རྨ་བྱའི་གནས་སུ་ཞང་སྟོན་འོད་འབར་ལ་མངོན་པ་གོང་འོག་གསན། དགེ་བཤེས་གངས་སྙན་ལ་རྣམ་ངེས་ཚར་ཉི་ཤུ་གསན། དེ་ལྟར་ལོ་བཞི་བཅུའི་བར་དུ་གསན་པ་མཛད་ནས། བཞི་བཅུ་རྩ་གཅིག་པ་ལ་སློབ་དཔོན་འཕགས་པ་ལ་བདེ་མཆོག་རྨ་ལུགས་ཀྱི་དབང་གསན། ཁོང་ལྷ་རྗེ་མ་ལྕམ་དྲལ་ལ་འབུལ་བ་སྐྱེལ་བའི་ཕྱག་ཕྱིར་ལ་སྟོད་དུ་བྱོན་ནས། འཁོན་ཕུ་བ་ལ་ལམ་འབྲས་ཚར་ཕྱེད་དང་དྲུག་གསན་ཞིང་ལོ་གཉིས་བཞུགས། ལྷ་རྗེ་མ་ལ་ཚར་གཉིས་གསན། ལྕམ་དྲལ་གཉིས་ལ་དབང་བྱིན་རླབས་ལན་གསུམ་གསུམ་ཐོབ། སླར་དབུས་སུ་བྱོན་ནས་ལོ་གསུམ་ཙམ་ལོན་པ་དང༌། འཕགས་པ་དང་ཁུ་དབོན་གཉིས་ཀྱིས་འབུལ་བ་མང་དུ་བསྣམས་ཏེ་བྱོན་པས། ལྕམ་དྲལ་གཉིས་ཀ་མང་དཀར་སྤང་སྒང་དུ་བཞུགས་པ་དང་མཇལ། ཟབ་ཆོས་ཀྱང་མང་དུ་གནང་ནས་ལོ་གཅིག་བཞུགས། འཁོན་ཕུ་བའི་གསུང་ནས་ཆོས་ཚར་བས་ད་འདིར་འབྱོན་མི་དགོས་གསུང༌། འཁོན་ཕུ་བས་འཇིགས་བྱེད་ཀྱི་ཐང་ཀ་ཞིག་དང༌། ལྷ་རྗེ་མས་ཚེམས་གཅིག་གནང་སྟེ། དབུས་སུ་བྱོན་ནས་འཕགས་པའི་སྤྱན་སྔར་ཡང་དབེན་ས་ཕུག་ཏུ་ལོ་དྲུག་འདག་འབྱར་མཛད། དེའི་དུས་སུ་ལྷ་རྗེ་མ་ལྕམ་སྲིང་སྐུ་འདའ་བ་ཡང་མཁྱེན། དེ་ནས་ལོ་བརྒྱད་ན་འཕགས་པ་སྐུ་གཤེགས། དེ་ནས་གཞན་ལ་བཤད་པ་དང་སྒོམ་ཁྲིད་མང་དུ་བསྟན། བདུན་ཚིགས་མཛད་པའི་གཤིན་པོ་རྣམས་ཀྱང་གར་སྐྱེས་ལེགས་པར་མཁྱེན། རང་ལོ་དྲུག་ཅུ་བཞེས་པའི་ཚེ་འཁོར་ཇོ་བཙུན་སྒོམ་ནག་ལ་སོགས་པ་རྣམས་ལ། ང་སང་ཕོད་ལོ་གསར་ཟླ་བ་ལ་འགྲོ་བར་འདུག་པས། ཇོ་སྲས་འདི་མ་ལོངས་ཀྱི་བར་དུ་ཁྱེད་རྣམས་ལྷན་གྱིས་བཞུགས་ལ། འདི་ལ་སློབ་གཉེར་ཞིག་འཚོལ་བའི་གྲོགས་དན་ཞིག་མཛད་གསུང་ནས། སྟག་ལོའི་ལོ་གསར་ཟླ་བ་ལ་སྐུ་གཤེགསསོ། ། སྤྲུལ་སྐུ་ཡང་དབེན་པར་གྲགས་པ་དེ་ནི། སེམས་དཔའ་ཆེན་པོ་གཞན་གྱི་དོན་ལ་མཁྱེན་བཞིན་དུ་སྐྱེ་བ་བཞེས་པ་ཞིག་སྟེ། ཡབ་སློབ་དཔོན་སྟོན་པ་དང༌། ཡུམ་དུ་སྟོན་པ་རཱ་ཛ་ཞེས་བྱ་བ་ཟངས་དཀར་ལོ་ཙཱ་བའི་བུ་ཆེན་བཞིའི་ཆེ་ཤོས་སུ་གྱུར་པའི་སྲས་མོ་སྨོན་ལམ་རྒྱན་ཞེས་བྱ་བ་དེས། སློབ་དཔོན་སྟོན་པའི་སློབ་མ་བྱས་ནས་ཆོས་མང་དུ་ཉན་པ་ཞིག་གི་ལོ་སུམ་ཅུ་རྩ་དགུ་པའི་སྲས་སུ་འཁྲུངས། ཀློག་ལ་སོགས་པ་ལའང་མགོ་བསྟན་པ་ཙམ་གྱིས་ཤེས་པ། ཡབ་ཀྱིས་དབང་བསྐུར་བའི་ཚུལ་རྣམས་ཀྱང་ཆུང་ངུ་ནས་ཁོང་དུ་ཆུད་ཅིང༌། ཆོས་དང་མཐུན་པའི་སྤྱོད་པ་འབའ་ཞིག་གིས་འདའ་བ་ཞིག་བྱུང༌། ལོ་བཅུ་བཞི་ལ་མཁན་པོ་སེ་དང༌། སློབ་དཔོན་དུ་བ་བ་ལ་རབ་ཏུ་བྱུང༌། ལོ་བཅོ་ལྔ་པ་ལ་རྒྱ་ཆེར་འགྲེལ་ལ་བཤད་པ་མཛད་པས་ཤིན་ཏུ་མཁས་པར་བྱུང་སྟེ། དགེ་བཤེས་གླང་གིས་དབུ་མཛད་བུ་ཆེན་ཐམས་ཅད་དགའ། བཅུ་བདུན་ལོན་པའི་ཚེ་ཡུམ་གྱིས་ཆ་རྐྱེན་མང་པོ་བཀུར་ནས་ད་ངའི་བྱ་བ་ཚར། ལྷ་རྗེ་མས་ལུང་བསྟན་པ་དེ་ཡང་ཁྱོད་ཡིན་པ་འདྲ་བས། ལྷ་རྗེ་ཟླ་བ་འོད་ཟེར་གྱི་དྲུང་དུ་སོང་ལ་གཞུང་གདམས་ངག་དབང་དང་བཅས་པ་ཐམས་ཅད་རྫོགས་པར་ཞུས་ཤིག་ཅེས་བསླབས་ནས། དཔོན་གཡོག་ཁ་ཅིག་གིས་གཙང་ལ་ཕྱིན། ལྷ་རྗེ་ཟླ་བ་འོད་ཟེར་གྱིས་ཀྱང་མངོན་པར་ཤེས་པས་མཁྱེན་ནས། བསུ་མི་བཏང་བ་དང་ཚོང་འདུས་མགུར་མོར་ཕྲད། ཡར་ཕྱིན་ནས་མང་འགར་རྒྱལ་བཟངས་ན་བཞུགས་པ་དང་མཇལ། འབུལ་བ་རྣམས་ཕུལ། གཞན་རྣམས་ལ་ཡང་རྣམ་གཞག་བཟང་པོ་བྱས། ཕ་ཤི་བའི་དྭ་ཕྲུག་མེས་པོས་སྐྱོང་བར་ཞུ་བའི་ཞུ་བ་བྱས་པས་གྲལ་པ་རྣམས་སྤྱན་ཆབ་ཤོར། ལྷ་རྗེ་ཆེན་པོས་སྲས་ལས་ཀྱང་གཅེས་པར་བསྐྱངས་ཏེ། གཞུང་གདམས་ངག་དབང་དང་བཅས་པ་ལེགས་པར་ཚར། མར་ལམ་འཛད་དུ་སྟོན་སྐྱབས་པ་ལ་སྤྱོད་ཕྱོགས་དང༌། མངོན་པ་རྒྱས་པར་ཉན། ཁོང་ལ་མཁན་པོ་ཞུས་ནས་བསྙེན་པར་ཡང་རྫོགས། ངའི་ཐད་དུ་བྱུང་བ་ལ་ཁྱོད་ནན་ཏན་ཆེ་གསུང་ནས་མཉེས་པ་ཐོབ། དེར་ལྷ་རྗེ་ཟླ་བའི་འོད་ཟེར་དགུང་ལོ་དྲུག་ཅུ་ལ་གཤེགས་པའི་འདད་དང༌། གདུང་ཁང་ས་འབུམ་དང་བཅས་པ་རྣམས་བཞེངས་པ་དང༌། སློབ་མ་རྣམས་ཀྱི་ཆོས་འཕྲོ་སྡུད་པ་ལ་ཟླ་བ་དྲུག་བཞུགས། རང་ལོ་ཉི་ཤུ་རྩ་གསུམ་བཞེས་པ་ལ་དབུས་སུ་ཕེབས་ནས་གདན་སར་བཏོན། དེ་ནས་སོག་ཏུ་བྱོན་ནས་ལོ་གཉིས་གསུམ་ཙམ་འདག་འབྱར་སྒྲུབ་པ་མཛད། ཚུར་བྱོན་ལུ་རུའི་བྲག་དང༌། འགར་བྲག་དང༌། ཡང་དབེན་རྣམས་སུ་ལོ་གསུམ་གསུམ་བཞི་བཞི་ཙམ་གྱི་འདག་འབྱར་དང་སྒྲུབ་པ་མཛད། དེ་ཡང་ལུ་རུའི་ཕུ་བྱན་ཀླག་བྲག་ལ་བཞུགས་ཙ་ན། མ་གཅིག་ཞ་མ་ཉིད་གདན་རིན་པོ་ཆེའི་ཁྲི་སེང་གེ་དང་གླང་ཆེན་གྱིས་བཏེག་པ་ལ་བཞུགས། གཡས་ན་དཔལ་མོ། གཡོན་ན་སྒྲོལ་མ་གཉིས་ཀྱང་པད་ཉིའི་སྟན་ལ་ལྡེམ་སྐུར་བཞུགས་པ་འོད་འཕྲོ་བ་དང་བཅས་པ་གཟིགས། དབང་བཞི་རྫོགས་པར་བསྐུར། མཉམ་ཉིད་ཀྱི་ལམ་ལ་གཉིས་འཛིན་གྱི་འཁྲུལ་པ་མི་བྱ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ལ་བསྒོམ་ཞེས་བྱ་བ་ལ་སོགས་པ་གསུང༌། དེ་ནས་བཟུང་སྟེ་ནམ་སྐྱོ་ཙ་ན་འབྱོན། ཆོས་གསུང༌། རྨང་ལམ་དུ་ཡང་འབྱོན། སྒྲོལ་མ་རྒྱ་མཚོའི་རྒྱུད་ལ་སོགས་པ་ངས་མང་བར་མཁྱེན་པས་གསོན་ཅིག་གསུང༌། དུས་རྟག་ཏུ་བྱ་བ་ཆེ་ཆུང་ཐམས་ཅད་ལ་མཁའ་འགྲོ་མས་གྲོགས་བྱེད། གཞན་གྱིས་མཐོང་བར་འོད་བཀྱེ་བ་དང༌། ཞབས་ཀྱི་རྗེས་ལ་སོགས་པ་མང་པོ་བྱུང༌། སྤྱིར་བསྟན་པའི་བྱ་བ་འབའ་ཞིག་མཛད་ཅིང༌། བྱེ་བྲག་ཏུ་ཡབ་དང་ལྷ་རྗེ་ཟླ་བའི་འོད་ཟེར་གྱི་དགོངས་པ་རྫོགས་པར་བྱ་བའི་ཕྱིར། མལ་གྲོ་རྒྱལ་བཟངས་སྒང་གི་གཙུག་ལག་ཁང་བརྩིགས། ལྷ་ཞལ་འཕྲང་གི་འཇིགས་པ་ཞི་བར་མཛད། རྒྱལ་བཟངས་སུ་དགེ་འདུན་བཟའ་མི་དྲུག་ཅུ་ཙམ་བསྡུ་ཐུབ། སྐྱེ་བོ་རྣམས་འདིའི་མཁར་ལས་ཀྱི་ཆེད་དུ་ཇི་ཙམ་པའི་འབུ་སྦྲང་ཞིག་ཤི་ན་ཟེར་བ་ལ། དེ་རྣམས་འགྲོངས་པའི་གདེང་མེད་ན་ང་མཁར་ལས་ག་ལ་བྱེད་གསུང༌། དེ་ལ་སོགས་པ་ཕྱག་བཞེས་དང་གཞུང་གདམས་ངག་གི་སྒོ་ནས་ཕན་པ་རྒྱ་ཆེན་པོ་མཛད་དེ། དགུང་ལོ་ལྔ་བཅུ་རྩ་བརྒྱད་པ་གླང་གི་ལོའི་མཇུག་ཏུ་གཤེགས། གླང་འདི་མེ་མོ་གླང་སྟེ་འབྲི་ཁུང་ཆོས་རྗེ་གཤེགས་ལོ། རྨ་ལོ་འཁྲུངས་ནས་འདིའི་བར་དུ་ལོ་བརྒྱ་བདུན་ཅུ་རྩ་བཞི་སོང་ངོ༌། །དགེ་འདུན་སྟོང་ཕྲག་བརྒྱད་ཙམ་ལ་འདད་ཆེན་པོ་མཛད། སྐུ་གདུང་གཞུ་བས་ཐུགས་དམ་རྣམ་གསུམ་ལ་སོགས་པའི་ལྷ་སྐུ་བདུན་དང༌། རིང་བསྲེལ་གྲངས་མེད་པ་ཡང་བྱོན། དེ་ནས་གདུང་ཁང་ཆེན་པོ་མཐོ་སུམ་ཅུ་རྩ་ལྔ་པ་བཞེངས་ཏེ། དེས་ཀྱང་བླ་མའི་བྱ་བ་བྱེད་པར་འགྱུར་རོ། །ཞེས་པ་སྤྲུལ་སྐུ་ཡང་དབེན་པའི་ལོ་རྒྱུས་དབང་ཕྱུག་གཞོན་ནུ་ཞེས་བྱས་མཛད་པ་ལས། འདིར་ཕྱོགས་ཙམ་ཞིག་བཀོད་པ་ཡིན་ནོ། །དེ་དག་གིས་རྨ་ལོ་ཙཱ་བ་དང་ཞ་མ་ལྕམ་སྲིང་གིས་བསྟན་པ་ཇི་ལྟར་བསྐྱངས་པའི་སྐབས་སོ།

༥.༡ ཇོ་བོ་དང་འབྲོམ་སྟོན་དང་ར་སྒྲེང་གི་སྐབས། ད་ནི་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་བོད་དུ་ཐེག་པ་ཆེན་པོའི་ལམ་སྲོལ་ཇི་ལྟར་རྒྱས་པར་མཛད་པའི་ཚུལ་བྲི་བར་བྱ་སྟེ། དེ་ལ་བླ་མ་ཆེན་པོ་དེ་ནི། རྒྱ་གར་བ་རྣམས་ས་ཧོ་ར་ཞེས་ཟེར་ཞིང༌། བོད་རྣམས་ཟ་ཧོར་ཞེས་འདོན་པའི་ཡུལ་འཁོར་ཆེན་པོ་དེའི་རྒྱལ་པོ་དགེ་བའི་དཔལ་ཞེས་བྱ་བ། མངའ་ཐང་རྒྱ་ནག་སྟོང་ཁུན་རྒྱལ་པོ་དང་མཉམ་པ། ཕོ་བྲང་གསེར་གྱི་རྒྱལ་མཚན་ཅན་ཞེས་བྱ་བར་བཞུགས་པ་དེ་དང༌། བཙུན་མོ་དཔལ་གྱི་འོད་ཟེར་ཅན་ཞེས་བྱ་བ་གཉིས་ལ། སྲས་ཆེ་བ་པདྨའི་སྙིང་པོ། འབྲིང་པོ་ཟླ་བའི་སྙིང་པོ། ཆུང་བ་དཔལ་གྱི་སྙིང་པོ་སྟེ་གསུམ་མངའ་བ་ལས། རྗེ་བཙུན་འདི་ནི་འབྲིང་པོ་ཟླ་བའི་སྙིང་པོ་ཡིན་ནོ། །ཆུང་ངུའི་དུས་ནས་ཚེ་རབས་ཀྱི་ཡི་དམ་བཅོམ་ལྡན་འདས་འཕགས་མ་སྒྲོལ་མ་མངོན་སུམ་དུ་གཟིགས། དེའི་མཐུས་རྒྱལ་སྲིད་ལ་མ་ཆགས་པར་ཡུལ་གཞན་དུ་བླ་མ་ཚོལ་དུ་མཆིས་པ་ལས། རི་ནག་པོའི་རྣལ་འབྱོར་པ་སྒྲ་གཅན་གསང་བའི་རྡོ་རྗེ་ལ་ཀྱེའི་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས། རྒྱུད་མན་ངག་དང་བཅས་པ་གསན། རིམ་པ་གཉིས་ལ་བརྟན་པ་ཐོབ་པ་ན། ཡུལ་གཞན་དང་གཞན་དུ་བྱོན་ཞིང༌། ཨ་བ་དྷཱུ་ཏཱི་པ་ཞེས་བྱ་བའི་མཆོག་གི་གྲུབ་པ་བརྙེས་པ་དེའི་ཕྱགས་ཕྱིར་ལོ་བདུན་འབྲེངས། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ཡང་ལོ་གསུམ་དུ་མཛད། ཨུ་རྒྱན་གྱི་ཡུལ་དུ་མཁའ་འགྲོ་མ་རྣམས་དང་ལྷན་ཅིག་ཚོགས་ལ་སྤྱོད་པ་ན། རྡོ་རྗེའི་གླུ་མང་པོ་གསན་ཏེ། དུས་ཕྱིས་ཡི་གེར་བཏབ་པའི་རྡོ་རྗེའི་གླུ་དེ་ལ་སོགས་པ་ལགས། དེ་ལྟར་གསང་སྔགས་ཀྱི་གྲུབ་པ་མཆོག་ལ་གནས་པའི་ཚེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཁོར་ཉན་ཐོས་མང་པོ་དང་ཐབས་གཅིག་ཏུ་བཞུགས་པའི་གསུང་གིས། ཁྱོད་ཅི་ལ་ཆགས་ནས་རབ་ཏུ་མི་འབྱུང་ཞེས་བྱ་བ་མནལ་ལམ་དུ་གསན་ནས། རབ་ཏུ་བྱུང་ན་བསྟན་པ་ལ་ཕན་པ་ཆེན་པོར་འགྱུར་བར་དགོངས་ཏེ། རྡོ་རྗེའི་གདན་གྱི་མ་ཏི་བི་ཧ་རར་སངས་རྒྱས་ཡེ་ཤེས་ཞབས་ཀྱི་བཀའ་བརྒྱུད། ཕལ་ཆེན་སྡེ་པའི་གནས་བརྟན་ཆེན་པོ་སྦྱོར་བའི་ལམ་གྱི་ཕྱོགས་གཅིག་ལ་གནས་པ་ཤཱི་ལ་རཀྵི་ཏ་ཞེས་བྱ་བ་ལས་དགུང་ལོ་ཉེར་དགུ་པ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། དེ་ནས་རང་ལོ་སུམ་ཅུ་རྩ་གཅིག་བཞེས་པའི་བར་དུ། སྡེ་པ་བཞི་ཀའི་སྡེ་སྣོད་གསུམ་ཕལ་ཆེར་གསན་ཞིང༌། ལག་ལེན་ལ་མཁས་པ་སྡེ་པ་ཐམས་ཅད་ཀྱི་དྲི་བའི་གནས་སུ་གྱུར། བླ་མ་དྷརྨརཀྵིར་ཏ་ལ་ཨོ་ཏནྟ་པུ་རིར་ལོ་བཅུ་གཉིས་སུ་བྱེ་བྲག་ཏུ་བཤད་པ་ཆེན་མོ་གསན། ཁོང་ཉན་ཐོས་པ་ཡིན་པས་ཞག་བདུན་བདུན་ན་གནས་ཁང་འཕོ་བ་མཛད། གཞན་ཕ་རོལ་ཏུ་ཕྱིན་པ་དང༌། གསང་སྔགས་ཀྱི་ཆོས་གསན་པའི་བླ་མ་ཛྙཱ་ན་ཤྲཱི་མི་ཏྲ། ཀུ་ས་ལི་ཆུང་བ། ཛེ་ཏཱ་རི། ནག་པོ་ཞབས་ཆེན་པོ་སྟེ་བ་ལིཾ་ཨཱཙཱརྻ་ཡང་ཟེར་བ། ཨ་བ་དྷཱུཏཱི་པ་ཆུང་བ། ཌོམྦཱི་བ། རིགས་པའི་ཁུ་བྱུག །མ་ཏི་ཛྙཱ་ན་བོ་དྷི། ནཱ་རོ་པ། པཎྚི་ཏ་མི་ཆེན་པོ། བྷཱུ་ཏ་ཀོ་ཊི་པ། མཁས་པ་ཆེན་པོ་དཱ་ཆེན་པོ། ཤེས་རབ་བཟང་པོ། བྱང་ཆུབ་བཟང་པོ་རྣམས་དང༌། ཁྱད་པར་དུ་རནྟ་ཨཱ་ཀ་ར་ཤཱནྟི་བ་ལ་བརྒྱུད་པ་ཐ་དད་པ་མང་པོ་ལས་བརྒྱུད་པའི་ཆོས་མངའ་བས། ཕལ་ཆེར་དེ་ལ་གནས། ཕྱིས་བླ་མ་གསེར་གླིང་པའི་ཐད་དུ་བྱོན་ནས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གཙོ་བོར་བྱས་པའི་གདམས་པ་མཐའ་ཡས་པ་གསན་ཞིང༌། ཕལ་ཆེར་བི་ཀྲ་མ་ཤི་ལའི་གནས་བརྟན་ཆེན་པོ་མཛད་དེ། ཆེ་བའི་སྙན་པས་ཕྱོགས་ཐམས་ཅད་དུ་ཁྱབ་པ་ལས། ལྷ་བཙུན་པ་བྱང་ཆུབ་འོད་ཀྱིས་ལན་མང་པོའི་བར་དུ་གསེར་མང་པོ་བསྐུར་བའི་སྤྱན་འདྲེན་པ་མང་དུ་བརྫངས་ཏེ། དེ་ཡང་མངའ་རིས་ཀྱི་ལྷ་བླ་མ་ཡེ་ཤེས་འོད་ཅེས་གྲགས་པ་དེའི་རྒྱལ་ཚབ་སྲོང་ངེ༌། དེའི་རྒྱལ་ཚབ་རྒྱལ་པོ་ལྷ་ལྡེ། དེའི་རྒྱལ་ཚབ་འོད་ལྡེ། དེ་ལ་གཅུང་པོ་གཉིས་ཡོད་པའི་ལྷ་བཙུན་བྱང་ཆུབ་འོད་ཆེ་བ། ཆུང་བ་དགེ་སློང་ཞི་བའི་འོད་ཅེས་བྱ་བ་སྟན་པ་ཕྱི་ནང་གི་ཆོས་མཐའ་དག་ལ་མཁས་ཤིང་ལོ་ཙཱ་ཡང་ཤིན་ཏུ་མཁས་པར་མཁྱེན་པ་ཞིག་བཞུགས། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རང་གི་རྒྱལ་སྲིད་གཏད་ཟིན་ཀྱང༌དམག་གི་དཔོན་མཛད་དེ། གར་ལོག་དང་འཐབས་པས་ཕམ་སྟེ་གར་ལོག་གིས་བཙོན་དུ་བཟུང༌། གར་ལོག་གིས་ཡེ་ཤེས་འོད་ལ་ཁྱོད་དཀོན་མཆོག་གསུམ་ལ་སྐྱབས་སུ་འཛིན་པ་གཏོང་ན་ངེད་ཀྱིས་བཙོན་ལས་གཏོང༌། དེ་ལྟ་མ་ཡིན་ན་ལུས་རིལ་བོ་དང་ལྗིད་མཉམ་པའི་གསེར་བྱུང་ན་གཏོང་ཟེར་ནས། བཙོན་དུ་ཡུན་རིང་རབ་ལུས་པ་ལ། དབོན་པོ་རྣམས་ཀྱིས་མངའ་རིས་ཉིད་དུ་ཡང་གསེར་མང་དུ་བསྒྲུབས། དབུས་གཙང་གི་རབ་ཏུ་བྱུང་བ་རྣམས་ལ་ཡང་ཤམ་ཐབས་ཁྲལ་བླངས་ཏེ་གསེར་ཕལ་ཆེར་འཛོམ། དབུའི་ཆ་ཙམ་ཞིག་མ་འཛོམས་པའི་ཚེ། དབོན་པོ་བྱང་ཆུབ་འོད་ཀྱིས་གར་ལོག་ཏུ་ཁོང་གི་སར་བྱོན། ད་ངེད་རྣམས་ཀྱིས་རང་རེའི་སྐུ་ལུས་དང་མཉམ་པའི་གསེར་རྙེད་ཟིན། ད་དབུ་ཙམ་ཞིག་དགོས་པ་རྙེད་ནས་སྤྱན་འདྲེན་དུ་འོང་ཞུས་པས། ཡེ་ཤེས་འོད་ཀྱི་ཞལ་ནས། ད་ང་རྒས་པས་སུ་ལ་ཡང་ཕན་མི་ཐོགས་པས། གསེར་རྙེད་པ་དེ་རྣམས་ཀྱིས་པཎྚི་ཏ་མང་པོ་སྤྱན་དྲོངས་ལ་ཆོས་ཚུགས་ཤིག་ཅེས་གསུངས་པ་ལ་ཉན་ནས། པཎྚི་ཏ་མང་པོ་སྤྱན་དྲངས། ཆོས་ཀྱི་བཤད་པ་མང་དུ་བཙུགས་ཀྱང༌། བྱང་ཆུབ་འོད་ཀྱི་དགོངས་པ་ལ། བོད་ཀྱི་ཡུལ་འདི་ན་རབ་ཏུ་བྱུང་བ་མང་ཡང༌། སྔགས་ལ་སྦྱོར་སྒྲོལ་ལ་སོགས་པ་ལོག་པར་སྤྱོད་པ་མང་པོ་སྣང་བ་དང༌། དེ་མི་སྤྱོད་ཀྱང་སྟོང་པ་ཉིད་གཅིག་པུ་ཁོ་ནས་འཚང་རྒྱ་ཞེས་ཟེར་ཞིང་མང་དུ་སྟོན་པ་དང༌། སོ་སོ་ཐར་པའི་བསྟན་པ་དར་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སློབ་པ་ཉུང་བར་གཟིགས་ནས། ཉེས་པ་དེ་རྣམས་ཞི་བར་བྱེད་པའི་པཎྚི་ཏ་ཆེན་པོ་ཞིག་བཙལ་བར་བཞེད་པ་ལ། སྔར་སྤྱན་དྲངས་པའི་པཎྚི་ཏ་རྣམས་ཀྱང་སྒོ་སྒོར་ཁྱད་པར་དུ་འཕགས་མོད་ཀྱི། བོད་ཁམས་སྤྱི་ལ་ཕན་པ་མ་བྱུང་བས། ཇོ་བོ་རྗེ་དེ་སྤྱན་འདྲོངས་ན། ལོག་པ་དེ་རྣམས་སུན་དབྱུང་བར་ནུས་ཤིང༌། བསྟན་པ་ལ་ཕན་པ་ཞིག་འོང་བར་དགོངས་ནས་ཡོད་པ་ལ། ནག་ཚོ་ཚུལ་ཁྲིམས་རྒྱལ་བ་ཞེས་བྱ་བ། ཡུལ་གུང་ཐང་པ། རྟེན་དགེ་སློང་དུ་བཞུགས་པ་ཞིག་ཡོད་པ་དེ། ཁོངས་རང་གིས་རྒྱ་གར་དུ་སློབ་གཉེར་ལ་ཕྱིན། རྒྱ་བརྩོན་འགྲུས་སེང་གེས་མགོ་གཉེར་མཛད་དེ། ཇོ་བོ་ལ་སོགས་པའི་པཎྚི་ཏ་འགའ་ཡར་ལ་ཆོས་མང་དུ་གསན། སླར་གུང་ཐང་དུ་སླེབས་པ་ན། ལྷ་བཙུན་པས་ཁོང་རང་གི་སར་བོས་ནས། ཁྱེད་ཀྱིས་ཇོ་བོ་རྗེ་སྤྱན་འདྲེན་དུ་འགྲོ་དགོས། དེ་སྤྱན་འདྲོངས་ཏེ་ཁོ་བོ་དགའ་བར་བགྱིས་ན། ཕྱིས་ཁྱེད་དགའ་བར་ཁོ་བོས་བྱེད་པ་ཡིན། ངེད་རྒྱལ་པོ་བྱ་བའི་བཀའ་ཡང་བཅག་ཏུ་མི་བཏུབ་གསུངས་པས། ཁོང་གིས་བཀའ་སྩལ་དང་དུ་བླངས། ཁོང་གིས་ཀྱང་གསེར་ལིང་བ་གཅིག་ལ་ཤིང་སྲང་བཅུ་དྲུག་ཡོད་པས་མགོ་དྲངས་གསེར་ཚན་ཆེ་བ་བསྐུར། དཔོན་གཡོག་མང་རབ་རྒྱ་གར་དུ་ཆས་པ་ན། ལམ་དུ་ཆོམ་རྐུན་གྱི་འཇིགས་པ་བྱུང་བ་རྣམས་ཀྱང་ཐབས་མཁས་པས་ཞི་བར་བྱས་ཏེ། བི་ཀྲ་མ་ཤཱི་ལར་མཚན་མོ་ཞིག་བརྟོལ། དེར་བོད་ཀྱི་སྐད་དུ་ཁ་ཐོན་བྱས་པ་ན། རྒྱ་བརྩོན་འགྲུས་སེང་གེ་སྒོ་ཁང་སྟེང་ན་བཞུགས་པས་གསན། ཁྱེད་རྣམས་བོད་ཡིན་ནམ། སང་ངེས་པར་འཕྲད་དོ་གསུང་བའི་སྐད་ཆེན་པོ་བཏང༌། སང་དེ་རྒྱ་བརྩོན་སེང་གེས་ནག་ཚོ་ཇོ་བོའི་སྤྱན་སྔར་ཁྲིད། གསེར་ལིང་བ་དེས་གཙོ་བྱས་པའི་གསེར་མང་པོ་མཎྚལ་སྟེང་དུ་སྤུངས་ནས། རྒྱ་བརྩོན་སེང་གེས་སྔར་བོད་དུ་བསྟན་པ་ཁྱད་པར་དུ་འཕགས་པ་ཡོད་པ་གླང་དར་མས་བསྣུབས། དེ་ནས་ལོ་ཤིན་ཏུ་མང་པོ་སོང་བ་ན་བླ་ཆེན་པོའི་དྲིན་ལ་བརྟེན་ནས་དགེ་འདུན་གྱི་སྡེ་མང་བར་ཞུགས། དགེ་འདུན་དེ་རྣམས་ལ་སྡེ་སྣོད་ཀྱི་མཁྱེན་པ་ཆེན་པོ་ཡོད་ཀྱང༌། སྡེ་སྣོད་ལག་ལེན་དུ་གདབ་དུ་མ་བཏུབ། ད་བོད་ཀྱི་རྒྱལ་པོའི་དགོངས་པ་བསྐང་བ་དང༌། རབ་ཏུ་བྱུང་བ་རྣམས་ལ་ཆོས་ལག་ལེན་གདབ་ཏུ་བཏུབ་པ་ཞིག་ཇོ་བོ་ཉིད་ཀྱིས་བྱོན་ན་ཕན་ཐོགས། པཎྚི་ཏ་གཞན་གྱིས་ཕན་ཐོགས་པ་དཀའ་བར་འདུག་བྱ་བ་ལ་སོགས་པའི་ཞུ་བ་གནད་དུ་ཕོག་པ་མང་པོ་ཞུས་པས། ཇོ་བོའི་ཞལ་ནས། ཁྱེད་བདེན་ངའི་ཆེད་དུ་བོད་ཀྱི་རྒྱལ་པོའི་གསེར་མང་པོ་ཡང་སོང༌། གདན་འདྲེན་པའི་མི་མང་པོ་བྱུང་བའང་ཚད་པས་གུམ། བོད་ཀྱི་རྒྱལ་པོ་ལ་ངོ་ཡང་གནོང་བ་ཡོད། ད་༼ཁོས་བོས་༽བརྟགས་ཏེ་བོད་ལ་ཕན་ན་ཅིས་ཀྱང་འགྲོ། འོན་ཀྱང་བི་ཀྲ་མ་ཤི་ལའི་གནས་བརྟན་གྱིས་འོ་སྐོལ་གཏོང་བ་དཀའ་བས། ཐབས་མཁས་པ་ཞིག་བྱ་དགོས། དེ་ལ་ནག་ཚོ་རང་ཡང་ཁོ་བོ་སྤྱན་འདྲེན་པ་སྐད་མ་ཟེར་བར་སློབ་གཉེར་ལ་འོངས་པ་སྐད་གྱིས་ལ་སློབ་གཉེར་མཛོད་གསུང་བ་བཞིན་དུ་ལོ་ཙཱ་བས་སློབ་གཉེར་བྱེད་ཅིང་འདུག །དེ་ནས་ཇོ་བོས་ཡི་དམ་གྱི་ལྷ་དང༌། རྡོ་རྗེ་གདན་ན་གྲུབ་པའི་རྣལ་འབྱོར་མ་ཡོད་པ་དེ་ལ་དྲི་བ་མཛད་པས། ལྷ་དང་མཁའ་འགྲོ་ཞལ་མཐུན་པར་བོད་དུ་ཅིས་ཀྱང་སོང༌། སྤྱིར་བསྟན་པ་ལ་ཕན་ཐོགས་ནས་འོང༌། ཁྱད་པར་དུ་ཨུ་པ་སི་ཀ་ཞིག་བརྟེན་ནས་ཕན་ཐོགས་ཏེ་འོང༌། ཚེ་ནི་ལོ་ཉི་ཤུས་ཐུང་བར་འགྱུར་གསུང་བ་བྱུང་བ་ན། བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་ན་ཚེ་ཐུང་ཡང་སླ་དགོངས་ནས་འབྱོན་པར་ནི་ཆས། འཕྲལ་དུ་རྡོ་རྗེ་གདན་ལ་བསྐོར་བ་མཛད་པ་དང༌། བལ་པོར་རང་བྱུང་གི་མཆོད་རྟེན་གཟིགས་པ་ལ་འབྱོན་པ་སྐད་དུ་མཛད་ནས། ལོ་ཙཱ་བ་གཉིས་པོས་ཀྱང་ཕྱགས་ཕྱི་མཛད་དེ་འབྱོན་པར་ཆས་པའི་ཚེ། གནས་བརྟན་ཤཱི་ལ་ཨཱ་ཀར་ན་རེ། ནག་ཚོ་ལ། ཨཱ་ཡུཤྨཱནྟ་ཁྱོད་སློབ་གཉེར་ལ་འོངས་བསམ་ཙ་ན་ངའི་པཎྚི་ཏ་བརྐུ་བར་འདུག །ད་པཎྚི་ཏ་ཉིད་ཀྱང་བཞུད་པ་ལ་དགྱེས་པ་འདྲ་བས། ཁོ་བོས་གེགས་མི་བྱེད་པར་བཏང་གིས་བོད་དུ་ལོ་གསུམ་ལས་མ་བཞུགས། དེ་རྟིང་ཚུར་བསྐྱལ་དགོས་གསུང་བས། ནག་ཚོས་ཁས་བླངས། རྡོ་རྗེའི་གདན་དུ་མཆོད་པ་རྒྱ་ཆེན་པོ་མཛད། དེ་ནས་བལ་ཡུལ་དུ་ཕེབས་པ་ན་མཚན་ལྟས་བཟང་པོ་བྱུང་བས། དེར་ལོ་གཅིག་བཞུགས་ནས། སྠཾ་བི་ཧ་རའི་གཙུག་ལག་ཁང་ཆེན་པོ་བརྩིགས། དེར་དགེ་འདུན་མང་པོ་འཚོ་བའི་ཆ་རྐྱེན་ཡང་བཞག །མང་པོ་བསླབ་པ་ལའང་བཀོད། དེ་ལ་ཇོ་བོ་རྗེ་ནི་དགུང་སྙིང་ཆུ་ཕོ་རྟ་ཡིན་པས་ལྔ་བཅུ་རྩ་དགུ་པ་ལྕགས་ཕོ་འབྲུག་གི་ལོ་ལ་རྒྱ་གར་ནས་བཏེག །ལྕགས་མོ་སྦྲུལ་གྱི་ལོ་བལ་ཡུལ་དུ་བཞུགས། མངའ་རིས་སུ་ཆུ་ཕོ་རྟ་ལ་ཕེབས་པ་ཡིན། ནག་ཚོ་ལོ་ཙཱ་བ་ནི། ལྕགས་མོ་ཕག་གི་ལོ་པ་ཡིན། ཇོ་བོ་མངའ་རིས་སུ་ཕེབས་པའི་ཚེ་ལོ་སུམ་ཅུ་རྩ་གཅིག་ཡིན། སྠཾ་བི་ཧ་རའི་གཙུག་ལག་ཁང་དེ་ཡང་བལ་ཡུལ་གྱི་ཟ་ཚུགས་དང་ཆོས་ཚུགས་གཉིས་ཀ་བཟང་བ་ཡིན་ཟེར། མངའ་རིས་སུ་བྱོན་པའི་ཚེ་ལྷ་བླ་མས་བསུ་བའི་བཀོད་པ་རྒྱ་ཆེན་པོ་བྱས། མཐོ་ལྡིང་གི་གཙུག་ལག་ཁང་དུ་ཕྱགས་ཕེབས། ལྷ་བླ་མས་བཞེད་པ་གྲུབ་པའི་གཏམ་མང་པོ་ཡང་གསུངས། དུས་ཕྱིས་ཇོ་བོ་དབུས་ན་བཞུགས་པའི་ཚེ་ལྷ་བླ་མས་མཇལ་དུ་བྱོན། དེའི་ཚེ་བོད་སྟོན་རྣམས་ཀྱིས་མངའ་རིས་སུ་བྱོན་པའི་པཎྚི་ཏ་སོ་སོའི་ཡོན་ཏན་དྲིས་པ་ན། དེ་ལ་ཡོན་ཏན་འདི་ཡོད། དེ་ལ་ཡོན་ཏན་འདི་ཡོད་ཅེས་གསུང་ཞིང༌། ཇོ་བོའི་ཡོན་ཏན་དྲིས་པ་ན། སྤྱན་ནམ་མཁའ་ལ་གཟིགས། སྐན་སྒྲ་ཏོག་ཏོག་མཛད་ནས། དེའི་ཡོན་ཏན་ཨང་དེའི་ཡོན་ཏན་ཨང་ཞེས་གསུང་ཞིང་བརྗོད་པ་ལས་འདས་པར་བརྩི་བ་ཡིན་ནོ། །དེར་ལྷ་བླ་མ་དང་གཞན་མང་པོ་ལ་ཤིན་ཏུ་གསང་བའི་སྒོ་ནས་དབང་བསྐུར་བ་མང་པོ་གནང༌། གདམས་ངག་ཀྱང་མང་དུ་མཛད། ལྷ་བླ་མས་བོད་ན་ཆོས་དང་མི་མཐུན་པ་འདི་དང་འདི་ལྟ་བུ་མཆིས་པས། དེ་དག་གི་གཉེན་པོར་འགྱུར་བའི་བསྟན་བཅོས་ཤིག་མཛད་པར་ཞུས་པས། བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་བྱ་བ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་སྟོན་པ་དེ་མཛད། དང་པོར་སྐྱེས་བུ་ཆུང་ངུའི་ལག་ལེན་འཆི་བ་རྗེས་སུ་དྲན་ཏེ། ཚེ་འདི་ལས་བློ་ལོག་པ་ཞིག་མེད་ན་ཆོས་པའི་ཁོངས་སུ་མི་ཚུད། ཕུང་པོ་ལ་བདག་ཏུ་འཛིན་ན་ཐར་པ་མི་ཐོབ། བྱང་ཆུབ་ཏུ་སེམས་མ་བསྐྱེད་ན་ཐེག་པ་ཆེན་པོའི་ལམ་དུ་མི་ཚུད། ཐེག་པ་ཆེན་པའི་ལམ་དེ་ཡང་ཐབས་དང་ཤེས་རབ་མ་འབྲེལ་ན་སྟོང་པ་ཉིད་གཅིག་པུ་བསྒོམས་པས་འཚང་མི་རྒྱ་བར་བཀའ་སྩལ་བས། སྒོམ་ཉམས་ཅན་དུ་འདོད་པ་རྣམས་ཀྱི་དྲེགས་པ་བསལ། དེ་ཁོ་ན་ཉིད་རིག་པ་ཞིག་ཡིན་ན་མ་གཏོགས། དབང་གཉིས་པ་དང་གསུམ་པ་ལ་དངོས་ཀྱི་ལག་ལེན་བྱར་མི་རུང་བར་བཀའ་སྩལ་བས། སྒྲ་ཇི་བཞིན་པའི་སྦྱོར་བ་དང་སྒྲོལ་བ་རྣམས་མི་རུང་བར་སེང་གེའི་སྒྲ་བསྒྲགས། ལས་འབྲསལ་རྩིས་སུ་མཛད་པས་པཎྚི་ཏ་ལས་འབྲས་པ་བྱ་བར་ཡང་གྲགས་ཏེ། དེ་ལྟར་གྲགས་པ་གསན་པ་ན་མིང་ཙམ་གྱིས་ཀྱང་གཞན་ལ་ཕན་ཐོགས་བྱ་བ་དེ་ཡིན་གསུང་ནས་དགྱེས། དེའི་ཚེ་ལོ་ཙཱ་བ་རིན་ཆེན་བཟང་པོའི་དགོངས་པ་ལ། པཎྚི་ཏ་ཡོན་ཏན་ཁོ་བོས་བས་ཆེ་བ་དཀའ་མོད་ཀྱི། ལྷ་བླ་མས་སྤྱན་དྲངས་པས་ཞབས་ཏོག་ཅིག་བྱ་དགོས་དགོངས་ནས། རང་གི་གནས་མཐོ་ལྡིང་གི་གཙུག་ལག་ཁང་དུ་སྤྱན་དྲངས། དེ་ན་རྒྱུད་སྡེ་གོང་འོག་གི་ལྷ་རྣམས་ཐོག་གི་རིམ་པ་བྱས་ནས་བྲིས་ཡོད་པ་དེ་རྣམས་ལ་ཇོ་བོས་སོ་སོར་བསྟོད་པ་ཚིགས་སུ་བཅད་པ་རེ་མཛད་དེ། སྟན་ལ་བཞུགས་པ་ན། ད་ཅི་ནས་མཛད་པའི་བསྟོད་པ་དེ་རྣམས་སུས་མཛད་ཅེས་ལོ་ཙཱ་བས་དྲིས་པས། དེ་ཁོ་བོ་རང་གིས་འཕྲལ་དུ་བགྱིས་པ་ལགས་གསུང་པས། ལོ་ཙཱ་བ་འཇིགས་ཤུམ་སྟེ་སོང༌། ཇོ་བོས་ལོ་ཙཱ་བ་ལ། ཁྱེད་ཀྱིས་ཆོས་ཅི་དང་ཅི་མཁྱེན་གསུངས་པ་ན། རང་གིས་མཁྱེན་པ་རགས་རིམ་ཅིག་ཞུས་པས། ཇོ་བོའི་ཞལ་ནས། ཨེ་ཁྱེད་ལྟ་བུ་བོད་ན་བཞུགས་ནས་སྣང་བས། ཁོ་བོ་བོད་དུ་འོང་མི་དགོས་པར་འདུག་པ་ལ་ཞེས་གསུང་ཞིང༌། ཐུགས་ཀར་ཐལ་མོ་སྦྱར། ཡང༌། ལོ་ཙཱ་བ་ཆེན་པོ་རྒྱུད་སྡེ་དེ་རྣམས་ཀྱི་དོན་སྟན་ཐོག་གཅིག་ཏུ་དྲིལ་ཏེ། གང་ཟག་གཅིག་གིས་ཉམས་སུ་ལེན་ན་ཇི་ལྟར་བགྱི་གསུང་བ་ལ། ལོ་ཙཱ་བས། སོ་སོ་ནས་བཤད་པ་བཞིན་བྱེད་ལགས་མོད་ཞུས་པས། དེར་ལོ་ཙཱ་བ་རུལ། ཁོ་བོ་བོད་དུ་འོང་དགོས་པར་བྱུང༌། དེ་རྣམས་གཅིག་ཏུ་བསྡོམས་ནས་ཉམས་སུ་ལེན་དགོས་པ་ཡིན་གསུང་ནས། གསང་སྔགས་འཕྲུལ་གྱི་མེ་ལོང་བྱ་བའི་བཤད་པ་མཛད་དེ། ལོ་ཙཱ་བ་ཡང་ཤིན་ཏུ་ཐུགས་ཆེས་པར་གྱུར། དེ་ནས་འདི་ནི་མཁས་པ་ཆེན་པོ་ལས་ཀྱང་ཆེན་པོའོ་སྙམ་དུ་དགོངས་ནས། བརྒྱད་སྟོང་པ་དང༌།ཉི་ཁྲི་སྣང་བ་དང༌། བརྒྱད་སྟོང་འགྲེལ་ཆེན་ལ་སོགས་པ་སྔར་བསྒྱུར་བ་མང་པོ་ལ་ཞུས་དག་ཞུས། ཇོ་བོས་ཁོ་བོ་དབུས་སུ་འགྲོ། དེར་ངེད་ཀྱི་ཕྱི་ལ་ལོ་ཙཱ་བྱེད་པ་ལ་འབྱོན་དགོས་གསུངས་པས། ལོ་ཙཱ་བ་ཆེན་པོ་དེའི་ཚེ་དགུང་ལོ་བརྒྱད་ཅུ་རྩ་ལྔ་པ་ཡིན་པས། དབུ་ཞྭ་ཕུད་ནས་ཁོ་བོའི་མགོ་བོ་འདི་བཞིན་དུ་སོང་བས་ཕྱགས་ཕྱི་མ་ནུས་ཞེས་ཞུས། ལོ་ཙཱ་བ་ཆེན་པོ་དེ་ལ་ཇོ་བོ་ཉིད་མ་གཏོགས་པའི་པཎྚི་ཏའི་བླ་མ་དྲུག་ཅུ་ཐམ་པ་ཡོད་ཟེར། གཞན་རྣམས་ཀྱིས་ལོ་ཙཱ་བ་སྒྲུབ་པ་ལམ་ཆུང་བ། ཀྱེ་ལོ་ཙཱ་བ་ཆེན་པོ། འཁོར་བའི་སྡུག་བསྔལ་བཟོད་དཀའ་ཞིང་སེམས་ཅན་མཐའ་དག་གི་དོན་བྱེད་དགོས་པས། ད་ནི་སྒྲུབ་པ་ཅིག་མཛད་པ་ཞུ་གསུངས་པས། ལོ་ཙཱ་བས་ཀྱང་གསུང་དེ་ལེགས་པར་མཉན་ཏེ། སྒོ་སུམ་རིམ་དུ་མཛད་པའི་ཕྱི་མ་ལ། སྒོ་འདིའི་ནང་དུ་འཁོར་བ་ལ་ཞེན་པའི་བློ་སྐད་ཅིག་མ་གཅིག་སྐྱེས་ན། བསྟན་བསྲུངས་རྣམས་ཀྱིས་མགོ་བོ་ཁོས་བྱ་བ་དང༌། བར་པ་ལ། རང་དོན་ཡིད་བྱེད་ཀྱི་བློ་སྐད་ཅིག་མ་གཅིག་སྒོ་འདིའི་ནང་དུ་སྐྱེས་ན་བསྟན་བསྲུངས་རྣམས་ཀྱིས་མགོ་བོ་ཁོས་བྱ་བ་དང༌། ནང་མ་ལ། སྒོ་འདིའི་ནང་དུ་ཐ་མལ་གྱི་རྣམ་རྟོག་སྐ་ཅིག་མ་གཅིག་སྐྱེས་ན། བསྟན་བསྲུངས་རྣམས་ཀྱིས་མགོ་བོ་ཁོས་བྱ་བ་རྣམས་བྲིས་ནས། ཇོ་བོ་ཐེགས་རྗེས་ལོ་བཅུའི་བར་སྒྲུབ་པ་རྩེ་གཅིག་ཏུ་མཛད། དཔལ་བདེ་མཆོག་གི་དཀྱིལ་འཁོར་ཡང་མངོན་སུམ་དུ་གྱུར། དགུང་ལོ་དགུ་བཅུ་རྩ་བདུན་པ་ལ་གཤེགས་ནས། སྤུར་སྦྱངས་པའི་ཚེ་གྲོང་བར་གྱི་བྱིས་པ་ཡན་ཆད་ཀྱིས་མཐོང་བར། ནམ་མཁའ་ལ་ལྷ་མང་པོས་མཆོད་པ་དང་རིམ་འགྲོ་བྱེད་པ་བྱུང༌། ཞུགས་ཕུལ་བའི་མཐར་གདུང་ལ་སོགས་པ་ནི་ཅི་ཡང་མ་བྱུང༌། རིང་བསྲེལ་དམར་པོ་འོལ་མ་སེ་ལྟ་བུ་གསུམ་པ་ཞིག་བྱུང་བ་ཡང༌། ཡུན་མི་རིང་བ་ཞིག་ན་འབྲུག་གི་སྒྲ་དང་བཅས་ཏེ་ནམ་མཁར་སོང་ཞེས་གྲགས། ལྷ་བཙུན་པས། ཁོ་བོ་རྒྱུད་གསང་བ་འདུས་པ་ལ་མོས། ལྷ་སྤྱན་རས་གཟིགས་ལ་མོས་ལགས་ན། ཞེས་ཞུས་པས། ཡེ་ཤེས་ཞབས་ལུགས་ཀྱི་གསང་བ་འདུས་པའི་དཀྱིལ་འཁོར་གྱི་གཙོ་བོ་འཇིག་རྟེན་དབང་ཕྱུག་གིས་མཛད་པའི་མངོན་པར་རྟོགས་པ། སྔགས་སུ་ཡི་གེ་གསུམ་དང་སྤེལ་བའི་མ་ཎི་པདྨེ་འདྲེན་པ་དེ་དང༌། དཀྱིལ་འཁོར་གྱི་བསྟོད་པ་ཞིག་མཛད། དཀྱིལ་འཁོར་དེ་ལ་བརྟེན་བའི་འདུས་པའི་དབང་བསྐུར་བཞི་བརྒྱ་ལྔ་བཅུ་པ་དང་མཐུན་པར་སྣང་སྟེ། ལུགས་དེ་ནི་མཁས་པ་ཐམས་ཅད་ལ་གྲགས་པར་གྱུར་ཏོ། །དེ་ལྟར་མངའ་རིས་ཀྱི་དགེ་བའི་བཤེས་གཉེན་དང༌། སྐྱེ་བོ་ཕྲ་མོ་རྣམས་ཀྱང་ལེགས་པའི་ལམ་དུ་བཅུག་སྟེ། ལོ་གསུམ་གྱི་བར་དུ་བཞུགས། ཇོ་བོའི་ལུགས་ལ་བརྟེན་པའི་ཉམས་ལེན་ཀྱང་ཤིན་ཏུ་དར་བར་གྱུར། དེ་ནས་རྒྱ་གར་དུ་འབྱོན་པར་ཆས་ཏེ། པུ་ཧྲངས་ཀྱི་རྒྱལ་ཞིང་ཞེས་པར་བཞུགས་པའི་ཚེ་འབྲོམ་གྱིས་མཇལ་བ་ཡིན་ཏེ། འབྲོམ་དེ་ནི། གདུང་རུས་ཡང་བཞེར། ཡབ་རྟ་གསུམ་ཤུ་བཞེར། ཡུམ་ཁུ་ལྟོ་བཟའ་ལན་ཅིག་མ་གཉིས་ཀྱི་སྲས་སུ་ཤིང་མོ་སྦྲུལ་གྱི་ལོ་ལ་སྟོད་ལུངས་ཕུར་འཁྲུངས། ཡུམ་སྔ་མོ་ནས་གཤེགས། བྱིས་པའི་དུས་ནས་ཐུགས་སྟོབས་ཆེ་བས། མ་ཡར་དང་འཐབ་པ་བས་གཞན་དུ་བྱོན་པ་དགའ་བར་དགོངས་ནས། གཞུར་བྱོན་ནས་ཡིག་ཀློག་ལ་སོགས་པ་སློབ་ཅིང་བཞུགས་པའི་ཚེ། ཇོ་བོ་སེ་བཙུན་ཁམས་ནས་ལྷོ་བལ་དུ་བྱོན་པ་དང༌། མཇལ་བས་དད་པ་སྐྱེས། སེ་བཙུན་གྱིས་བལ་ཡུལ་དུ་ཕྱི་རོལ་བའི་ཨ་ཙ་ར་ཞིག་དང་རྩད་པས་ཁོ་ཕམ། ངེད་རང་གཉིས་ནུས་པ་འགྲན་ཟེར་དུ་བྱུང་བ་ལ། སེ་བཙུན་གྱིས་ཇུ་ཞག་ལེགས་པར་མཁྱེན་པས། ཁྱོད་གཞན་གྱིས་ཕ་མགོ་མཆོད་རྟེན་འོག་ཏུ་བཅུག །རིགས་བརྒྱུད་ལ་ཡང་གནོད་པར་བྱུང་འདུག་པ། ནུས་པ་ཡོད་ན་དེ་ལ་འདོན་མོད་གསུངས་པས། ཁོ་སྤོབས་པ་མེད་པར་སོང༌། སེ་བཙུན་གྱི་དགོངས་པ་ལ། ད་རྒྱ་གར་དུ་ཕྱིན་ཡང་ཆོས་རང་བས་མཁས་པ་ཡོད་དམ་མེད་ཆ་མེད་པའི་སྟེང་དུ། འདི་འདྲ་བའི་མི་རིགས་དང་ཐུག་པར་འདུག་དགོངས་ནས་ཕྱིར་ལོག་བྱོན་པ་དང༌། ཡང་འབྲོམ་དང་མཇལ་ནས་ཕྱགས་ཕྱིར་འཁྲིད་པ་ཞུས་པས། ང་ལ་མིས་ཁ་ཟེར་དུ་འོང༌། ཁྱོད་རང་ཚོང་པའི་ཕྱིར་ཤོག་གསུང་བ་བཞིན་ཚོང་པ་དང་འགྲོགས་ཏེ་ཕྱིན་པས། ཁོང་གི་ཐད་དུ་བརྟོལ། ནང་གི་ཞབས་ཏོག་ཕྱེ་འཐག་པ་ཡན་ཆོད་དང༌། ཕྱི་རོལ་ཏུ་རྟ་ཕྱུགས་མང་པོ་ཡོད་པ་ཡང་སྐྱོང་ཞིང་འཁོར་གསུམ་བཏགས། རྟ་བཟང་ལ་ཞོན་ནས་རྐུན་ཟོན་ལེགས་པར་མཛད། ཕྱེ་འཐག་པའི་འགྲམ་དུ་ཡང་དཔེ་ཆ་བཞག་སྟེ་གཟིགས་པ་ལ་སོགས་པའི་སློབ་གཉེར་ལ་བརྩོན་པ་ཆེན་པོ་ཡང་མཛད། ཉེ་ལོགས་ན་པཎྚི་ཏ་སྒྲའི་ཚེར་མ་ཞེས་བྱ་བ་ཞིག་ལ་བི་བརྟ་མང་པོ་བསླབས། ད་ལྟ་རྒྱ་གར་ན་སུ་ཆེ་དྲིས་པས། ངེད་རྒྱ་གར་ན་ཡོད་དུས་ནཱ་རོ་པ་ཆེ་བ་ཡིན། རྒྱལ་རིགས་ལས་རབ་ཏུ་བྱུང་བའི་དགེ་སློང་དཱི་བཾ་ཀ་ར་ཤྲཱི་ཛྙཱ་ན་བྱ་བ་ཡོད་པས། དེ་ད་ལྟ་བཞུགས་ན་ཁོང་ཆེ་བར་འོང་གསུང་བས། མཚན་ཐོས་པ་ཙམ་མོས་པ་ཆེན་པོ་སྐྱེས། ཚེ་འདི་ལ་དེ་དང་མཇལ་བ་སྲིད་དམ་བསམ་པའི་འདོད་པ་ཆེན་པོ་ཡང་བྱུང༌། ཇོ་བོ་མངའ་རིས་སུ་ཕེབས་པ་འགྲུལ་པ་ལ་ཐོས་པས། སེ་བཙུན་ལ་མངའ་རིས་སུ་འགྲོ་བར་ཞུས། ཁོང་གིས་ཀྱང་མི་དགྱེས་པ་མེད་པར་བོང་ཁལ་གཅིག་དཔེ་ཆ་དང་བཅས་པ་གནང་ནས་བྱོན་ནོ། །རྔོག་ཆུ་ཁར་ཕེབས་པ་དང་ཁང་པ་ཅིག་ན་ཀུ་དི་རི་འདུག་པས། འདི་ན་ཅི་ཡོད་ཅེས་དྲིས་པ་དང༌། འཕྲང་ཁ་བེར་ཆུང་ཡབ་འཕྲང་ཁ་བེར་ཆེན་གྱི་འདད་གཏོང་བའི་གྲབས་དང༌། སྲིང་པོ་རྣམས་བསྡུ་བའི་ཆང་ཡོད་པ་ཡིན་ཟེར་བས། སྐྱེམས་སྐྲུར་བྱོན་པས། འཕྲང་ཁ་བེར་ཆུང་གིས་ང་མི་ཆེ་བ་ཡིན། ཁྱོད་ཀྱིས་ཕྱག་ཝ་འཁྱུག་པ་འདྲ་བ་གྱིས་ཟེར་བ་བཞིན་དུ་ཕྱག་ཀྱང་མཛད། བེར་ཆུང་ཆོས་གཏམ་ལ་དགའ་བས་ཆོས་གཏམ་མང་པོ་བྱས་པའི་ཚེ། འབྲོམ་གྱིས་ཁོའི་ཚིག་སྣ་རེ་རེ་ནས་བཏུངས་པས། ཁོ་ན་རེ། ཁམས་ན་འབྲོམ་དགེ་བསྙེན་ཆོས་མཁན་ཅིག་ཡོད་ཟེར་བ་ཐོས། ཁྱོད་དེ་མིན་ནམ་ཟེར་བ་ལ། དེ་ཡིན་པ་སྲིད་གསུངས་པས། ཁོ་ཧ་ལས་ཏེ་ཁོ་རང་གི་འོག་གི་སྟན་ཕྱུང་ནས། དེ་ལ་བཞུགས་སུ་གསོལ། རྟ་བཟང་པོ་ཅིག་གི་ཐུར་དང་ཡུག་ལ་བྱས་ནས་ཕུལ། ད་ཅི་ནས་ཕྱག་བླངས་པ་ལ་བཟོད་གསོལ་བྱས། ངས་ཡོན་བདག་བྱེད་པས་ར་སྒྲེང་གི་ས་འདིར་དགོན་པ་མཛད་ནས་མཆོད་གནས་མཛད་པར་ཞུས་པ་ལ། ད་ལྟ་དེའི་ལོང་མེད། ང་མངའ་རིས་སུ་པཎྚི་ཏ་ཞིག་མཇལ་དུ་འགྲོ་བ་ཡིན་པས། ཕྱིས་རྟེན་འབྲེལ་འགྲིག་ན་མཆོད་གནས་བྱ་ཞིང༌། ར་སྒྲེང་དུ་དགོན་པ་མཛད་པར་ཡང་ཞལ་གྱིས་བཞེས། དེ་ནས་འཕན་ཡུལ་དུ་བྱོན། རྒྱལ་གྱི་ཞང་ཆེན་པོ་དེ་དགེ་བསྙེན་གྱི་བསླབ་པ་འབོགས་མཁན་ཡིན་པས་ཕྱག་སྐྱེལ་དུ་བྱོན། ཀ་བ་ཤཱཀྱ་དབང་ཕྱུག་དང་ཡང་མཇལ་ནས་ཁོ་བོ་ད་ལན་པཎྚི་ཏ་མཇལ་དུ་འགྲོ། དེ་དབུས་སུ་སྤྱན་འདྲོངས་པ་སྲིད་ན་དེའི་དུས་སུ་ཡི་གེ་གཏོང་བས། ཁྱེད་ཀྱིས་མི་ཆེན་རྣམས་ཀྱི་འདུན་མ་མཛད་དེ་བསུ་བ་ལ་འོང་དགོས་ཞུས་པས། ཁོང་གིས་ཀྱང་ཁས་བླངས། དེ་ནས་མི་གྲོང་མ་བརྒྱུད་པར་བྱང་ལམ་ལ་ཐེགས་པས། དང་པོར་མི་ངོ་མི་ཤེས་པ་ཞིག་གིས་ལམ་སྣ་བྱས། ལམ་ཁ་ཞིག་ཏུ་ཁོ་ན་རེ། ད་སྣ་ཤུད་ཀྱི་འཁྲུག་པ་ལངས་པས་ང་འགྲོ་ཟེར་ནས་ཚུབ་མར་རིངས་ཀྱིས་སོང༌། དུས་ཕྱིས་ཀྱང་འབྲོམ་གྱི་ཞལ་ནས། དེ་དཔེ་དཀར་དུ་འདུག །ཆོས་གཤའ་མར་བྱེད་ན་ཁོང་ཡང་ཆོས་སྐྱོང་བཟང་པོར་འདུག་གསུང༌། ཡང་ལམ་མ་རྙེད་པ་ལ་ཤ་བ་གཅིག་སོང་བའི་རྗེས་ལ་བྱོན་པས་ལམ་ཏིག་གིས་བྱུང༌། མངའ་རིས་སུ་ཕེབས་ཀར་རྗེ་བཙུན་མས་ཁྱོད་ཀྱི་ཨུ་པ་སི་ཀ་དེ་ཞག་གསུམ་དྲོ་དང་བཞི་ན་འོང་བས་དེའི་གྲབས་གྱིས་གསུང་བས། ཇོ་བོས་དབང་བསྐུར་བའི་བུམ་པ་ཞིག་དབུ་སྔས་མགོར་བསྒྲུབས། ཞག་གསུམ་དྲོ་དང་བཞི་ན། ཇོ་བོ་དཔོན་གཡོག་སྦྱིན་བདག་ཞིག་གིས་དྲོ་ལ་གདན་དྲངས་པ་ན། ལམ་ལ་སྤྱན་གཟིགས་ཇོ་མོས་སླུ་བ་སྲིད་དམ་གསུང་བ་ན། ལམ་སྲང་ཞིག་ཏུ་འབྲོམ་དང་གཏུག་གིས་མཇལ། དེར་སྔར་འདྲིས་ཀྱི་མི་དང་ཕྲད་པ་བཞིན་འཁོར་རྣམས་ལ་ཞལ་བརྡ་ཡང་མ་མཛད་པར་ཇོ་བོའི་ཕྱགས་ཕྱི་ཁོ་ནར་བྱོན། དེ་ཉིན་གྱི་སྟོན་སྐལ་གྱི་མར་བཞུ་ནས་སྲོད་ལ་མར་མེ་ཕུལ། ཇོ་བོས་དབང་བསྐུར་ཡང་ལེགས་པར་གནང༌། དབུ་སྔས་སྦྲེལ་ཏེ་གླེང་མོ་ཡང་ཞུས་ཆོག་པར་བྱུང༌། དེ་ནས་ཞག་གསུམ་ན། ཇོ་བོ་དཔོན་གཡོག་ལམ་དུ་ཞུགས་ཏེ་སྐྱི་རོང་དུ་བྱོན་ནས། བྱའི་ལོ་ལ་དེར་བཞུགས། བལ་པོ་རྫོང་ལ་འབྱོན་བཞེད་ན་ཡང་འཁྲུག་པས་ལམ་འགགས་པས་འབྱོན་པ་མ་བྱུང༌། འབྲོམ་གྱིས་དབུས་ཀྱི་ཕྱོགས་ན་ལྷ་ས་དང་བསམ་ཡས་ལ་སོགས་པའི་གཙུག་ལག་ཁང་དང༌། དགེ་འདུན་སྟོང་ཕྲག་མང་པོ་བཞུགས་པའི་བསྔགས་པ་བརྗོད་པས། ཇོ་བོའི་ཞལ་ནས། ཚངས་པར་སྤྱོད་པ་གྲངས་མང་པོ་དེ་ཙམ་རྒྱ་གར་ན་ཡང་མེད། དགྲ་བཅོམ་པ་ཡང་མང་པོ་ཡོད་མཆི་གསུང་ནས། དབུས་ཕྱོགས་སུ་ཕྱག་མང་པོ་མཛད། དེར་སྤོབས་པ་སྐྱེས་དབུས་སུ་འབྱོན་པར་ཞུས་པས། ཁོ་བོ་དགེ་འདུན་གྱི་བཀའ་མི་གཅོག་པས་དགེ་འདུན་གྱི་བཀའ་བྱུང་ན་འགྲོ་གསུང༌། དེ་ནས་ཞང་དབང་ཕྱུག་མགོན་བྱ་བ་ལ་ཤིང་རྟའི་དབྱིབས་འདྲ་འཛམ་གླིང་གི། ཞེས་བྱ་བ་ལ་སོགས་པ་དང༌། སྟོན་དུས་ཚུན་ཆད་འདིར་འབྱོན་ཞུས། ཞེས་བྱ་བ་ལ་སོགས་པའི་ཤོག་ཕྲིན་བརྫངས། དེར་ནག་ཚོ་ཇོ་བོ་དབུས་ཕྱོགས་སུ་འབྱོན་པར་བཞེད་པ་རིག་ནས། ཇོ་བོའི་ན་བཟའ་ལ་འཇུས་ནས། ང་གནས་བརྟན་དང་དམ་ཚིག་གི་ཆད་ཡོད་པས། ངས་དམྱལ་བར་འགྲོ་མི་ཕོད་པས་ཅིས་ཀྱང་རྒྱ་གར་དུ་གཤེགས་དགོས་ཞུས་པས། ཇོ་བོའི་ཞལ་ནས། ལོ་ཙཱ་བ། སྒྲུབ་པར་མ་ནུས་པ་ལ་ལྟུང་བ་མེད་པ་ཡིན་གསུང་ནས་དབུགས་ཕྱུང༌། འབྲོམ་གྱི་ཕྲིན་ཤོག་དེ་ཞང་དབང་ཕྱུག་མགོན་གྱིས་ཀ་བ་ལ་སྤྲད། ཀ་བས་ཀྱང་དོ་དམ་ཆེར་བགྱིས་ཏེ། རྒྱལ་གྱི་ཞང་ཆེནཔོ་ལ་སོགས་པ་རྣམས་ལ་གྲོས་ཞུས་ནས་གདན་འདྲེན་དུ་འབྱོན་པར་བརྩམས་པའི་ཚེ། ཁུ་སྟོན་ཁོང་རང་གི་མིང་ཡེ་གེ་ན་མི་འདུག་པས་མ་དགྱེས་ནས། སྔོན་ལ་ངས་མཇལ་བ་ཞིག་བྱ་སྙམ་ནས་བྱོན་པས། གཞན་རྣམས་ལྕག་བརྡབས་པ་བཞིན་དུ་སོང༌། དེར་དབུས་ཀྱི་མི་ཆེན་རྣམས་དཔལ་ཐང་ལ་ཕེབས་པའི་ཚེ། སྐྱི་རོང་དུ་སྔར་ཞུ་བ་ཐེངས་པས། ཇོ་བོ་དཔོན་གཡོག་ཀྱང་དཔལ་ཐང་སྟོད་དུ་ཕེབས། དེར་བོད་སྟོན་རྣམས་དབུ་ཞྭ་སྣེ་རིངས་དང༌། ན་བཟའ་བེར་དང་བཅས་པའི་རྟ་པ་མང་པོ་རྒྱང་མ་ནས་གཟིགས་ཏེ། ཇོ་བོའི་ཞལ་ནས། ཨུ་པ་སི་ཀ་མི་མ་ཡིན་མང་པོ་བྱུང་གསུང་ནས་དབུ་བཏུམས། དེ་ནས་བོད་སྟོན་རྣམས་ཀྱིས་ཞབས་དྲུང་དུ་ཉེ་བ་ནས་ཆིབས་ལས་བབས། བེར་དང་དབུ་ཞྭ་བཞག །སྣམ་སྦྱར་གྱོན་པ་ཤ་སྟག་ཏུ་བྱས་ནས་བྱུང་བ་ལ། ཇོ་བོ་ཡང་དགྱེས་ནས། དགེ་འདུན་ལ་སྤྱི་ཕྱག་མཛད། དེ་ནས་བོད་སྟོན་རྣམས་ཕྱིར་ཐེག་ནས་ཇོ་བོ་དཔོན་གཡོག་རིམ་གྱིས་འབྱོན་པར་བྱས་ནས། རྒྱང་དུ་ཕེབས་པའི་ཚེའང་དགེ་འདུན་རྣམས་ཀྱིས་ལེགས་པར་བསུས་པས་མཉེས། དེ་ནས་བྱང་གི་ས་ཆ་ཚ་སྣ་ཞེས་བྱ་བར་བྱོན་ནས་སྐྱེ་བོ་མང་པོ་ལ་ཆོས་བསྟན། ཇོ་བོའི་ཕྲིན་ལས་ལ་བརྟེན་པའི་དེར་གནས་ཆུང་ཞིག་ཀྱང་བྱུང༌། དེ་ནས་གཙང་གི་ལམ་རྣམས་སུ་བཀུར་སྟི་ཆེ་བ་ཁ་ན་ཡང་མ་བྱུང༌། སླར་ཉན་ཚོ་གནས་སུ་ཕེབས་ནས། དེར་སྐྱེ་བོ་རྣམས་ཀྱིས་བསྙེན་བཀུར་ཡང་དག་པ་བྱས། ཡོལ་ཆོས་དབང་ལ་སོགས་པའི་སློབ་མ་ཁྱད་པར་ཅན་འགའ་ཞིག་ཀྱང་བྱུང༌། དེ་ནས་རོང་ལ་བྱོན་ཏེ་དཔོན་གཡོག་རྣམས་བཀྲེན་ནེ་བ་ལ། ཡུལ་ལྷར་བཙུན་མ་ཞིག་གིས་ཞག་གཅིག་གི་ཞབས་ཏོག་ཆེ་བར་བྱས། གསེར་གྱི་རྟ་ལ་གཡུའི་མིའུ་ཆུང་བསྐྱོན་པ་ཞིག་ཕུལ་བས་མཉེས་ཏེ། བཤུལ་རིངས་ཀྱི་འགྲོན་པོ། ཕ་མ་རྒས་པ། ནད་པ་རྣམས་ཀྱི་ཞབས་ཏོག་བགྱིས་པ་དང༌། སྟོང་པ་ཉིད་བསྒོམས་པ་བསོད་ནམས་མཉམ་གསུང༌། བཙུན་མ་དེ་ནི་དུས་ཕྱིས་ཇོ་མོ་སྒྲེ་མོར་གྲགས་པའི་གྲུབ་ཐོབ་མ་དེ་ཡིན་ཟེར། ཡོལ་སྟོན་རྡོ་རྗེ་དབང་ཕྱུག་གིས་རོང་ཟོམ་གྱི་རྣམ་ཐར་མཛད་པ་ན། བྱིས་པ་འདི་ལ་ཇོ་བོས་གླེང་མོ་གནང་བ་ཞུ་དང་ཞུས་པས། ངས་འདི་ལ་སྨྲ་མི་ནུས། འདི་ནག་པོ་སྤྱོད་པ་བ་ཡིན་གསུང་ཟེར་བ་འདུག །དེ་ནས་གན་བྱང་ཐང་དུ་ཕེབས་དུས་ལྷ་སའི་ཐད་ཀྱི་རི་ལ་ཕྱག་མཛུབ་གཏད་ནས། ཕ་གི་ན་ཅི་ཡོད་པ་ཡིན་གསུང་བ་ལ། ཕ་ན་ལྷ་སའི་གཙུག་ལག་ཁང་ཡོད་པ་ལགས་ཞེས་ཞུས་པས། དེ་ཐང༌། ནམ་མཁའ་ལ་ལྷའི་བུ་དང་བུ་མོ་མང་པོས་མཆོད་པ་བྱེད་ཀྱི་འདུག་གསུང༌། དེ་ནས་འཆིང་རུར་བག་ལ་འགྲོ་བའི་བུ་མོ་ཞིག་གིས་མགོ་རྒྱན་ཐམས་ཅད་ཇོ་བོ་ལ་ཕུལ་བས། ཕ་མས་འཐབས་པས་དེར་བུ་མོ་གཙང་པོ་ལ་ལྕེབས། གཞུང་སྒྲེ་མཁར་དུ་བུ་མོའི་ཆེད་དུ་ཀུན་རིག་གི་དཀྱིལ་འཁོར་ཆོ་ག་མཛད་པས། ཇོ་བོའི་ཞལ་ནས། ངའི་བུ་མོ་འཚེངས། སུམ་ཅུ་རྩ་གསུམ་དུ་སྐྱེས་གསུང༌། སྣ་བོ་ལར་ཕེབས་དུས་དར་ཕྱར་ལྷ་བཙུན་པས་མཛད་པའི་རག་དུང་བུས་པས། དམག་བྱུང་ཟེར་ནས་མི་ཐམས་ཅད་བྲོས། དོལ་དུ་ཕེབས་དུས་དཔོན་གཡོག་སྤྱི་ལ་ཞབས་ཏོག་བྱེད་པ་མ་བྱུང་བར་སྒོ་སྒོར་རེ་རེ་སྤྱན་དྲངས། ཇོ་བོ་རྟིང་ལ་ལུས་པ་སྤྱན་འདྲེན་མི་དེ་ལ་མི་བརྒྱུད་དུ་མར་ཤིས་ཤིང་ཕྱུག་པ་བྱུང་བ་ཡིན་ཟེར། དེར་སེམས་ཅན་ལ་ཕན་པའི་ཆེད་དུ་གཙང་པོ་ལ་རགས་ཤིག་ཀྱང་མཛད་དེ། ད་ལྟ་ལྷ་རྗེ་རགས་སུ་གྲགས། གྲྭ་ཕྱི་ཚོང་འདུས་སུ་གནས་ཆུང་ཞིག་གིས་ཞབས་ཏོག་ལེགས་པར་བྱས། ཆོས་འཁོར་གང་ན་ཡོད་གསུང་བ་ལ། རི་མ་གིའི་སྣ་ནས་མཐོང་ཞུས་པས་དགྱེས་ནས། སྤེལ་དམར་གྱི་གྲུ་ལ་བྱོན་ཏེ་ཆོས་འཁོར་བསམ་ཡས་སུ་ཕེབས། ལྷ་བཙུན་བོ་དྷཱི་རཱ་ཛས་ཞབས་ཏོག་ལེགས་པར་མཛད། བོད་སྟོན་མི་ཆེ་བ་མང་པོའང་འདུས། ཁུ་སྟོན་གྱིས་ཇོ་བོ་ལ་ཡུལ་བཟང་བའི་བསྔགས་པ་བརྗོད་པས་ཁོང་ཅན་དུ་འབྱོན་པར་ཞལ་གྱིས་བཞེས་ནས་ཐང་པོ་ཆེར་ཕེབས། རགས་རྩིགས་ཁང་པར་ཟླ་བ་གཅིག་བཞུགས། དེར་འབྲོམ་གྱིས་ཀྱང་སྤྱན་སྔར་སླེབ། ཁུསཞབས་ཏོག་བཟང་བ་ཁ་ན་ཡང་མ་བྱུང་བས། དཔོན་སློབ་རྣམས་བྲོས་ཏེ། མྱང་པོའི་གྲུ་ལ་ཞུགས་ཏེ་གཙང་པོའི་སུམ་ཆ་ཙམ་དུ་ཕེབས་པ་ན། ཁུ་སྟོན་གྱིས་ཀྱང་རྗེས་སྙེག་དུ་སླེབ་ནས། སྐད་ཆེན་པོ་བཏང་ནས་ཞུ་བ་བྱས་ཀྱང་མ་བཟློགས་པར་དབུ་ཞྭ་ཕྱིར་འཕངས་ནས་བྱིན་རླབས་རྟེན་དུ་གནང༌། དེ་ནས་དཔོན་གཡོག་རྣམས་ཀྱིས་འོན་ལྷ་ཁང་གེ་རུར་ཟླ་བ་གཅིག་ཏུ་བཞུགས། དེར་གཙུག་ལག་ཁང་གི་ངོས་ལ་སྐུ་འདྲ་ཞིག་བྲིས་པ་དིང་སང་གི་བར་དུ་ཡང་མི་རྣམས་གུས་པས་མཆོད་པར་བྱེད། དེ་ནས་བསམ་ཡས་སུ་ཕེབས་ནས་དཔེ་དཀར་གླིང་དུ་བཞུགས། དེར་ལོ་ཙཱ་བ་གཉིས་ཀྱིས་ཉི་ཁྲི་སྣང་བ་དང་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཐེག་བསྡུས་ཀྱི་འགྲེལ་པ་སོགས་འགྱུར་མང་པོའང་མཛད། དེར་རྒྱ་གར་གྱི་དཔེ་མང་པོ་འདུག་པའང་གཟིགས་པས། རྒྱ་གར་ན་མེད་པའི་དཔེ་མང་པོ་གཟིགས་པ་ན། སྔོན་བོད་དུ་བསྟན་པ་བྱུང་བ་འདྲ་བ་རྒྱ་གར་དུ་ཡང་བྱུང་བ་དཀའ། དཔེ་འདི་འདྲ་བ་རྣམས་ཀྱང་སློབ་དཔོན་པདྨས་མི་མ་ཡིན་གྱི་གནས་ནས་བླངས་སམ་གསུང༌། སྤྱིར་ཆོས་འཁོར་ལ་ཤིན་ཏུ་དགྱེས་ནས་ཡུན་ཡང་རིང་བར་བཞུགས་བཞེད་པ་ལ། ཇོ་མོ་འཚིམས་མོ་ཟེར་བ་ཞིག་གིས་བྱིས་པ་ལ་ངན་སྨྲས་མང་པོ་བསླབས་པས། དེ་ཇོ་བོས་གསན་ཏེ་གཞན་དུ་འབྱོན་པར་བཞེད་པ་ན། འབྲོམ་གྱིས་བང་སྟོན་ལ་ཡི་གེ་བཏང་བས། བང་སྟོན་གྱིས་རྟ་པ་ཉིས་བརྒྱ་ཙམ་གྱི་བསུ་བས་བསམ་ཡས་སུ་སླེབ་སྟེ། དཔོན་གཡོག་རྣམས་རྒོད་དཀར་ལ་ལ་ཐེགས། སྲིའི་རྒྱ་ཕིབས་སུ་ཟླ་བ་ཕྱེད་བཞུགས། དེ་ནས་སྙེ་ཐང་དུ་ཕེབས།ཆོས་ཉན་པ་མང་པོའང་འདུས། བུར་དུ་དགོན་པ་བ་ལ་སོགས་པའི་རྣལ་འབྱོར་པ་རྣམས་ལ་འཕྲལ་གྱི་ཞབས་ཏོག་དང་གདམས་ངག་གནང་ནས་སྒོམ་གྲྭ་བཙུགས། སྙེ་ཐང་དུ་ཆོས་ཉན་མང་པོ་འདུས་པ་ལ་མངོན་པར་རྟོགས་པའི་རྒྱན་ཚར་གཅིག་གསུངས་པ་བསྡུས་སེ་བ་ཞིག་ལས་མ་གནང་བས་མི་རྣམས་སེམས་མ་ཚིམ་པ་ལ། ཡང་རྒྱས་པ་ཞིག་གནང་ནས། དེ་ལ་ཕྱག་དར་སྟོན་པས་ཟིན་བྲིས་བྱས་པས་ཕར་ཕྱིན་ཁམས་ལུགས་མར་གྲགས། ཉི་ཁྲི་སྣང་བ་གསུངས་པ་ལ་ཉན་མི་དགེ་བཤེས་བཅུ་བཞི་ཙམ་ལས་མ་བྱུང་ཟེར། འབྲོམ་ལ་སྐྱེས་བུ་གསུམ་གྱི་ཁྲིད་ཀྱི་གདམས་པ་རྣམས་ཀྱང་སྙེ་ཐང་ཉིད་དུ་གནང༌། དེ་ནས་རྔོག་ལེགས་པའི་ཤེས་རབ་ཀྱིས་ལྷ་སར་སྤྱན་དྲངས། སྤྱན་རས་གཟིགས་ཀྱིས་མི་རིང་དཀར་པོ་ཞིག་ཏུ་བྱས་ནས་བསུ་བ་མཛད། ལྷ་དང་གཙུག་ལག་ཁང་ཁྱད་པར་ཅན་གཟིགས་པ་ན། འདི་ལ་ཇི་ལྟར་བཞེངས་པའི་ལོ་རྒྱུས་འོང་ཐང་དགོངས་པའི་ཚེ། ལྷ་སའི་སྨྱོན་མ་ཟེར་བའི་མཁའ་འགྲོ་མ་ཞིག་གིས་ལུང་བསྟན་ནས་གདུང་གི་གསེབ་ནས་ཕྱུང༌། ཉིན་གཅིག་གི་གནང་བ་ལས་མ་བྱུང་བས། སློབ་མ་ཚོས་བགོ་བཤའ་མཛད་དེ་བྲིས། དཔེ་ཕྱི་མོ་དེ་ནུབ་རང་གདུང་ནང་དུ་སྦས། དེར་རྔོག་གིས་ལོ་པཎ་ལ་ཞུ་བ་ཕུལ་ནས། རྟོག་གེ་འབར་བ་བསྒྱུར། དེའི་མན་ངག་ཏུ་དབུ་མའི་མན་ངག་ཆེ་ཆུང་གཉིས་མཛད། སླར་ཡང་སྙེ་ཐང་དུ་བཞུགས། ལན་ཅིག་གི་ཚེ་ཇོ་བོས་བྱིས་པ་ལྟར་མཛད་ནས། ནང་གི་གནས་རྣམས་ཕྱི་ས་ཆུང་ངུ་རེས་བཀང་བས། དེ་འབྲོམ་སྟོན་པས་ལེགས་པར་ཕྱགས། སྐུའི་སྤྱོད་པ་ལ་མ་དད་པ་མ་སྐྱེས་པས། བྱ་རྒོད་ཀྱི་ཉིན་ལམ་བཅོ་བརྒྱད་ཀྱི་བར་གྱི་གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་སྐྱེས། དེ་ལྟར་གཞན་དོན་མཛད་པའི་སྐབས་རྣམས་སུ་ཕྱག་ཏུ་བྱུང་བའི་ཕྱག་རྫས་རྣམས། ཆག་ཁྲི་མཆོག་ལ་སོགས་པའི་སློབ་མ་རྣམས་ཀྱིས་རྒྱ་གར་དུ་བླ་མ་དང་དགེ་འདུན་ལ་འབུལ་བ་ལན་གསུམ་བསྐྱལ། དེ་ལ་གཞུང་གི་བཤད་པ་ནི་གོང་དུ་སྨོས་པ་དེ་ཙམ་ལས་མ་མཛད། སྒོ་སྒོར་གདམས་པ་བཏབ་པ་ནི་མང་བས་མི་མངོན་པའི་གྲུབ་པ་མང་དུ་བྱུང༌། དེ་ནས་ཡེར་པར་ཐེགས་ནས་རྔོག་བྱང་ཆུབ་འབྱུང་གནས་ཀྱིས་ཞབས་ཏོག་མཛད། ཁོང་གིས་ཞུས་ནས་ཐེག་པ་ཆེན་པོ་རྒྱུད་བླ་མའི་འགྲེལ་པ་སློབ་དཔོན་ཐོགས་མེད་ཀྱིས་མཛད་པ་དེ་ལོ་པཎ་གཉིས་ཀྱིས་བསྒྱུར། དེར་བཞུགས་པའི་བར་དུ་འབྲོམ་གྱིས་ཕ་ཚན་རྣམས་ལ་གསེར་སློང་བ་ལ་བྱོན་པས། ཡོ་བྱད་མང་དུ་རྙེད་དེ་ཕྱིར་བྱོན་ནས། ཡེར་པར་འབྲོམ་གྱི་འབུལ་མོ་ཆེར་གྲགས་པ་དེ་ཡང་མཛད། དེ་ནས་ཀ་བ་ཤཱཀྱ་དབང་ཕྱུག་གིས་སྤྱན་དྲངས་ཏེ། འཕན་ཡུལ་ལན་པ་སྤྱིར་བུར་ཆོས་མང་པོ་གསུངས། ཉིན་ཞིག་ཇོ་བོ་ཆོས་ཁྲི་ཁ་ནས་ལྷུང་བས། ཇོ་བོའི་ཞལ་ནས། འདི་ན་མི་མ་ཡིན་ཆེན་པོ་ཞིག་འདུག །ཁྱེད་ཀྱིས་དེ་ང་ལ་མི་སྦྲོན་པ་གསུང་བ་དང༌། མི་མ་ཡིན་ལ། ད་ཁྱོད་ཡིན་ཅིག་གསུང་ནས་རྟ་མགྲིན་ཤྭཱ་ན་བཞི་སྐོར་གྱི་སྒྲུབ་པ་མཛད་དེ་བཏུལ། དེ་ལྟར་ན་སྙེ་ཐང༌། ལྷ་ས། ཡེར་བ། ལན་པ་རྣམས་ནི་ཇོ་བོས་ཆོས་མང་དུ་གསུངས་བའི་གནས་ཡིན། སླར་སྙེ་ཐང་དུ་ཕེབས། སྐུའི་སྟོབས་ཞན་པར་བྱུང་བས། ནག་ཚོས། གཞུང་ཆེ་བ་ནི་ཇོ་བོས་ཀྱང་བསྒྱུར་མི་སྤྱོད། ཆུང་ངུ་ནི་འབྲོམ་གྱིས་ཀྱང་བསྒྱུར་བ་འོང་ཞུས་ནས། འཆིམས་ཕུར་ཟླ་དྲུག་སོ་གསོད་མཛད། དེ་ནས་སླར་སྙེ་ཐང་དུ་བྱོན། སྔོན་ཇོ་བོ་ཁ་བ་གུང་ཐང་ན་བཞུགས་པའི་ཚེ། ཇོ་བོའི་ཞལ་ནས། ནཱ་རོ་པའིསློབ་མ་ཁ་ཆེ་ཛྙཱ་ན་ཨཱ་ཀ་ར་བྱ་བ་དེ་ལ་གསང་འདུས་འཕགས་སྐོར་ཞིག་ཉན་སེམས་པ་ཡིན་ཏེ་གསུང་བ་བྱུང་བས། ལོ་ཙཱ་བ་ཡ་མཚན་སྐྱེས་ཏེ། བལ་པོའི་གནས་པོ་ལ་པཎྚི་ཏ་འདི་སྐད་བྱ་བ་བྱུང་སྲིད་ན་ཁྱེད་ཀྱིས་ང་ལ་ཕྲིན་ཐོང་ཟེར་བ་བྱས། ཛྙཱ་ན་ཨཱ་ཀ་རས་བལ་པོར་བྱོན་པའི་ཕྲིན་ལོ་ཙཱ་བ་ལ་སྙེ་ཐང་དུ་བྱུང་བས། ནག་ཚོ་ཇོ་བོའི་སྐུ་ཉམས་ལ་བལྟས་པས་ནི་འབྲལ་མ་ཕོད། པཎྚི་ཏ་དང་མ་མཇལ་དྭོགས་པས་ནི་སེམས་གདུངས་པས། དེའི་མྱ་ངན་གྱིས་ལུས་ཀྱང་རིད་པར་གྱུར་པ་ལ། ཇོ་བོ་ཉིད་ཀྱིས་བཀའ་གནང་ནས། ཐེག་པ་ཆེན་པོ་དགེ་བའི་བཤེས་གཉེན་དང་མཇལ་དཀའ་བས་ལོ་ཙཱ་བ་རང་བཞུད་ཅིག །ཁོ་བོ་ཡང་རིང་པོ་མི་སྡོད་པས་དགའ་ལྡན་དུ་དུས་བྱའོ་གསུང༌། དེའི་ཚེ་ནག་ཚོས་ཁོ་བོ་ཤི་བའི་ཚེ་དགའ་ལྡན་དུ་ཞབས་དྲུང་དུ་སྐྱེ་བའི་དགོངས་པ་གནང་བ་དང༌། ཁོ་བོ་ཡུལ་དུ་ཇོ་བོའི་སྐུ་ཅིག་འབྲི་བས་དེའི་རབ་ཏུ་གནས་པའི་ཚེ་ཇོ་བོ་འབྱོན་པར་ཞུ་བྱ་བ་གཉིས་ཞུས་པས། ཞལ་གྱིས་ཀྱང་བཞེས། ལོ་རྒྱུས་འདི་ལ་དུས་ཕྱིས་བཀའ་གདམས་པ་རྣམས་ཀྱིས། ཇོ་བོ་མྱ་ངན་ལས་འདའ་ཁར་འབྲལ་ཕོད་པ་ལོ་ཙཱ་བ་ལ་དམ་ཚིག་མེད་ཟེར་ནས་དཔྱས། དེ་ལ་ཤར་བ་བའི་གསུང་གིས། དིང་སང་གི་བདེ་སྐྱིད་དམ་དུམ་འདི་ལོ་ཙཱ་བའི་དྲིན་ཡིན། ངེད་རང་གི་བཀའ་གདམས་པ་འདི་རྣམས་ཀྱང་ཤབ་ཤུབ་ཁོ་ན་བྱེད་གསུང་ནས་བཀྱོན། དེ་ལ་སྤྱིར་ཇོ་བོ་བོད་དུ་ཕེབས་ནས་བདག་གཉེར་འབྲོམ་སྟོན་པས་མཛད། ཐུགས་ཀྱང་དེ་ཁོ་ན་ལ་གཏོད། བསམ་ཡས་སུ་བཞུགས་པའི་ཞར་ལ་གསང་སྔགས་ཀྱི་སྤྱོད་པའི་ཐབས་མང་པོ་དང༌། དོ་ཧ་ལ་སོགས་པའི་གདམས་པ་ཟབ་མོ་རྣམས་འཆིམ་ཕུར་འབྲོམ་ལ་གནང༌། འབྲོམ་ནི་སྔགས་སྒྲ་ཇི་བཞིན་པར་སྤྱོད་པའི་སྤྱོད་རྩིང་རྣམས་ཇོ་བོའི་དྲིན་ལས་མེད་པ་ཞིག་བྱུང་ན་དགོངས་པ་གཙོ་ཆེ་བས། ཟབ་མོ་རྣམས་ཡེ་མ་གསན་པ་སྐད་དུ་མཛད། འདི་ལ་རྗེ་བཙུན་མི་ལས་ཀྱང་དྭགས་པོ་ལྷ་རྗེ་དང་མཇལ་བའི་ཚེ་ཅུང་ཟད་བཀྱོན། ཇོ་བོ་འབྲོམ་ལ། ཁྱོད་ཀྱིས་གནས་གཞི་ཆུང་ངུ་ཞིག་བརྩིགས། ངའི་བསྟན་པ་རྣམས་ཁྱོད་ལ་གཏོད་པས་གཟུང་གསུངས་པ་ལ། སྤྱིར་བདག་འཁོས་ཆུང༌། བྱེ་བྲག་ཏུ་རྟེན་དགེ་བསྙེན་དུ་སོང་བས་བྱ་བ་ཆེན་པོ་སྒྲུབ་མི་ནུས་ཞུས་པས། ཇོ་བོའི་ཞལ་ནས། བསླབས་པ་བཞིན་གྱི་བྱ་བ་རྣམས་ཇི་ལྟ་བ་བཞིན་དུ་གྱིས། ང་རང་གིས་བྱིན་གྱིས་རློབ་པས་སེམས་ཁྲལ་མི་དགོས་གསུང་ནས། ཤིང་ཕོ་རྟའི་ལོ་སྟོན་ཟླ་འབྲིང་པོའི་ཚེས་ཉི་ཤུ་ལ་ཇོ་བོ་ཉིད་དགའ་ལྡན་དུ་གཤེགས། དེ་ལྟ་བུའི་རྟ་ལོ་འདི་ཡང་བཀའ་གདམས་པ་གོང་མའི་ཡི་གེ་ན་དབང་ཐང་མི་གཅིག་པ་ཤ་སྟག་སྣང་ནའང་བླ་མ་རྣམས་ཀྱི་ལོ་གྲངས་སོ་སོའི་རྣམ་ཐར་སོགས་ལ་བརྟགས་ཏེ་ལེགས་པར་བྲིས་པས། ཤིང་ཕོ་རྟ་ནི་འཆུག་མེད་དོ། ལོ་ཙཱ་བའང་ཇོ་བོ་ཞི་བར་གཤེགས་པའི་ཚེ་ཁོང་རང་བཞི་བཅུ་རྩ་བཞི་པ་ཡིན། སྤྱིར་ཇོ་བོ་ལ་སྔ་ཕྱིར་ལོ་བཅུ་དགུ་བསྟེན། གདམས་པའང་ཕལ་ཆེར་ཐོབ། གྲུབ་ཐོབ་འཁོན་ཕུ་བའི་གསུང་ལ་ནི། ཁོང་རང་དང་ནག་ཚོ་སྐྱེ་བ་སྔ་ཕྱི་ཡིན་ཟེར། ནག་ཚོས་ནི། ཕྱིས་ཀྱང་ཛྙཱ་ན་ཨཱ་ཀ་ར། བལ་པོ་ཤཱནྟི་བྷ་དྲ། ནག་པོ་དམ་ཚིག་རྡོ་རྗེ་ལ་སོགས་པ་ལ་བསྟེན་ནས་འགྱུར་ཡང་མང་དུ་མཛད་དོ། །ཇོ་བོའི་ཐུན་མོང་མ་ཡིན་པའི་སློབ་མ་ལྔ་ནི། པཎྚི་ཏ་ཆེན་པོ་པི་ཏོ་བ། དྷརྨཱ་ཀ་ར་མ་ཏི་དབུ་མའི་སེང་གེ །བཤེས་གཉེན་གསང་བ། ཛྙཱ་ན་མ་ཏི། པཎྚི་ཏ་སའི་སྙིང་པོའོ། །བོད་ཀྱི་སློབ་མ་ལ། ལྷ་བཙུན་པ་བྱང་ཆུབ་འོད་ཁུ་དབོན། ལོ་ཆེན་རིན་ཆེན་བཟང་པོ། གུ་མི་སྒོམ་ཆེན། ནག་ཚོ་ཚུལ་ཁྲིམས་རྒྱལ་བ། གློ་བོ་ནས་སྟོན་པ་ཡང་རབ། གུང་ཐང་སྒོམ་པ་ཚུལ་ཁྲིམས། ཤེས་རབ་འབྱུང་གནས། ལྷོ་བྲག་པ་ཆག་ཁྲི་མཆོག །བཙུན་པ་དགེ་སྐྱོང༌། རྒྱ་བརྩོན་སེང༌། དགེ་བའི་བློ་གྲོས། ཚུལ་ཁྲིམས་འབྱུང་གནས། ལྷ་ཆེན་པོ། གཟུས་རྡོ་རྗེ་རྒྱལ་མཚན། གཙང་སྟོ་ནས་བྲ་སྟོན་ཆེ་ཆུང་གཉིས། ལེང་འབྲོག་གཉིས། གཙང་སྨད་ནས་རོང་པ་འགར་དགེ་བ། འགོས་ལོ་ཙཱ་བ། ཡོལ་ཆོས་དབང་མཆེད་གསུམ། གནམ་གྱི་རྫིང་ཁ་བ། བང་སྟོན། རྔོག །སུམ་པ། སྣ་ནམ། མྱང་མི། མལ་ཤེས་རབ་སེམས་དཔའ། དཔོན་ཆོས་རྒྱལ། འགོས་སྟོང་བཙན། ལྷབ་མི་ཆེན་པོ། སྒྲོ་ཨཱརྻ་བྱང་ཚུལ། ཁུ་མདོ་སེང་གེ་རྒྱལ་མཚན། ལྷ་རྗེ་བསམ་གཏན། ཞང་བཙུན་ཡར་པ་བ། སྒོམ་པ་དད་པ་བླ་མ། ཞང་བཙུན་དྲི་མ་མེད་པ། སུམ་པ་མཐུ་ཆེན། ཁུ་སྟོན། རྔོག་ལེགས་པའི་ཤེས་རབ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། རྣལ་འབྱོར་པ་ཆེན་པོ་ཨ་མེས་བྱང་ཆུབ་འབྱུང་གནས་མཚན་དངོས་བྱང་ཆུབ་རིན་ཆེན། དགོན་པ་བ་འཇེང་དབང་ཕྱུག་རྒྱལ་མཚན། རྣལ་འབྱོར་པ་ཤེས་རབ་རྡོ་རྗེ། ཕྱྭ་དར་སྟོན་པ། བྱམས་པའི་བློ་གྲོས་ཏེ། ཁམས་པ་སྐུ་མཆེད་བཞིའམ་ལྔ་ལ་སོགས་པ་རྣམསསོ། །ཇོ་བོའི་གདུང་བཞུ་བས་རྟེན་དང་རིང་བསྲེལ་ནི་མ་བྱོན། འོན་ཀྱང་སྙེ་ཐང་དུ་གསེར་གྱི་ཆར་པ་བབ་པ་དུས་ཕྱིས་ཀྱང་མིས་རྙེད་པ་འོང༌། འབྲོམ་སྟོན་པས་ད་ཇི་ལྟར་བྱ་སྙམ་དུ་ཐུགས་ཁྲལ་དུ་གནས་པ་ལ། ཀ་བ་ཤཱཀྱ་དབང་ཕྱུག་དེ་མ་ཐག་ཏུ་བྱོན་ནས། གདུང་རྣམས་ཁུ་རྔོག་ལ་སོགས་པ་རྣམས་འཚམ་པ་བཀྱེ། རྟེན་དང་ཐུགས་དམ་གྱི་ལྷ་རྣམས་འབྲོམ་ལ་གཏད། ཁུ་དང༌། རྔོག་དང༌། འགར་དགེ་བ་རྣམས་ཀྱིས་གདུང་ལ་དངུལ་གྱི་གདུང་ཁང་ལེགས་པ་རེ་ཡང་གྲུབ། དེ་ནས་ཀ་བས་དང་དོས་མཛད་འབུལ་བ་རྣམས་བསྡུས་ནས་ལུག་གི་ལོ་ལ་འདད་ཆེན་པོ་མཛད། བྷ་རག་ལ་གཏོགས་པ་ཡོད་ན་ངའི་གྲོགས་ཀྱིས་གསུང་ནས་སྙེ་ཐང་དུ་གཙུག་ལག་ཁང་ཞིག་ཀྱང་བརྩིགས། ཇོ་བོ་བཞུགས་དུས་འཚོ་བ་ཇོ་བོས་སྐྱོང་བ་རྣམས་ལ་ཇོ་བོའི་ས་དྲ་ཟེར། ས་དྲ་དེ་བོད་སྐད་དུ་སྡེའམ་ཚོགས་པ་ཟེར་བ་ཡིན། འབྲོམ་གྱིས་ཇོ་བོས་སྐྱོང་བའི་ཚོགས་པ་རྣམས་ཕྱགས་ཕྱིར་ཁྲིད་དེ་སྟོད་ལུངས་ལ་བྱོན་ནས་གནམ་གྱི་བྱེ་མ་ལུང་དུ་ཐོགས་ཤིག་བཞུགས། དེའི་ཚེ་འདམ་པའི་གཙོ་བོ་རྣམས་ཀྱིས་ཀྱང་གྲོས་བྱས་ཏེ། འབྲོམ་རྭ་སྒྲེང་དུ་སྤྱན་འདྲེན་པར་ཐག་བཅད། འཕྲང་ཁ་བེར་ཆུང་གི་ཡང་ཞུ་བས་སླེབ་ནས། མེ་ཕོ་སྤྲེའུའི་ལོ་གསར་བ་ལ་རྭ་སྒྲེང་དུ་ཕེབས། དབུས་རྩེ་ཀ་གཉིས་མ་དང་ཁྱམས་ཀྱི་སྟོད་རྣམས་གྲུབ། དེ་རྟིང་ང་འཇིག་རྟེན་བློས་གཏོང་གསུང་ནས་ཆོས་གསུང་བ་མ་གཏོགས་འཇིག་རྟེན་པའི་འདུན་མ་མི་མཛད། ཕུ་ཆུང་བ་ཇོ་བོའི་ཡང་སློབ་མ་ཡིན་པས་འབྲོམ་གྱི་ཕྱགས་ཕྱི་མཛད། སྤྱན་སྔ་ནི། ས་ཕོ་སྟག་གི་ལོ་བ། ཆུང་ངུ་ནས་སྟོད་ལུངས་སུ་མལ་ཤེས་རབ་སེམས་དཔའ་ལ་རབ་ཏུ་བྱུང༌། དད་པ་ཡང་ཆེ་བར་ཡོད་པས། མ་ན་རེ། ཁྱོད་ཅི་ནས་ཀྱང་ཆོས་བྱེད་ན་རྭ་སྒྲེང་དུ་འབྲོམ་གྱི་སར་སོང་ཟེར་བས། དགུང་ལོ་ཉི་ཤུ་པ་མེ་མོ་བྱའི་ལོ་ལ་རྭ་སྒྲེང་དུ་བྱོན། དགེ་བའི་བཤེས་གཉེན་པོ་ཏོ་བ་ནི། ལྕགས་མོ་ལུག་གི་ལོ་ལ། རྒྱལ་ལྷ་ཁང་གི་གླན་ཚུལ་བྱང་ལས་རབ་ཏུ་བྱུང༌། བྲག་རྒྱབ་ཀྱི་དགེ་འདུན་གྱི་གཉེར་ཡང་ལོ་གཅིག་མཛད། དགེ་འདུན་ལས་ལྷག་པ་ཞོ་བཤལ་ཞིག་ཀྱང་གསོལ་མ་མྱོང༌། མདོ་མངས་ཤིག་གི་ཕྱག་ལེན་ཀྱང་མཛད། ཁམས་སུ་བྱོན་ནས་མིང་རུས་ཚུན་ཆད་གསངས་ཏེ་སྒོམ་པ་ཞིག་བྱ་དགོངས་ཏེ། རང་ལོ་ཉི་ཤུ་རྩ་བརྒྱད་པ་ས་ཕོ་ཁྱིའི་ལོ་ལ་རྭ་སྒྲེང་དུ་བྱོན། དེར་འབྲོམ་ལ་དད་པ་ཐོབ་ནས་དེ་ཁོ་ནར་བཞུགས། དེ་ལྟར་ཕུ་ཆུང་བ་དང༌། པོ་ཏོ་བ་དང༌། སྤྱན་སྔ་བ་རྣམས་ལ་སྐུ་མཆེད་རྣམ་པ་གསུམ་དུ་གྲགས་ཏེ། འབྲོམ་གྱིས་སློབ་མ་རྣམས་འཇིག་རྟེན་ལ་ཞེན་པ་བཟློག་ཏུ་བཅུག་ནས་ཆོས་ཁོ་ན་སེམས་སུ་བཅུག་པ་ལ་འབྲོམ་གྱི་དུས་ན་སྒོམ་ཆེན་པ་གཞིར་བཞུགས་དྲུག་ཅུ་ཙམ་ལས་མེད་དེ། བཀའ་གདམས་པ་རྣམས་དེ་ལ་མང་མི་གཙོ་གྲུང་གཙོ་ཟེར། པོ་ཏོ་བ་ལ་གདམས་པ་བསྟན་པ་ཙམ་གྱིས་ཐུགས་ལ་ཇི་ལྟ་བ་བཞིན་དུ་འཁྲུངས། སྤྱན་སྔ་ལ་ནི་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཡོ་མ་བཏུབ་པ་ཀུན་གྱི་སྐད་ཡིན། ཁྱོད་རང་སྟོང་པ་ཉིད་ཁོ་ན་ལེགས་པར་བསྒོམས་གསུང༌། ངའི་གྲོའི་དུ་བ་རེང་བྱུང་བའི་དུས་སུ་གཅིག་པུར་ཤོག་གསུང་ནས། ཇོ་བོའི་སྔགས་ཀྱི་གདམས་པ་མང་པོ་ཡང་ཁོང་ལ་གནང་བས་སྤྱན་སྔ་བར་མཚན་ཐོགས། ཕུ་ཆུང་བ་ལ་ནི་འཕགས་པའི་བདེན་པ་བཞི་ལས་བརྩམས་པའི་ཆོས་མང་དུ་བཤད། སློབ་དཔོན་དེ་རྣམས་ཕྱིན་ཆད་ནས་བཀའ་གདམས་པ་བྱ་བའི་མིང་ཐོགས་ཏེ། རྒྱལ་བའི་བཀའ་མ་ལུས་པ་གང་ཟག་གཅིག་གི་ལམ་དུ་འཁྱེར་དགོས་པར་བཞེད་ཅིང་གསུངས་པས། དེ་སྐད་དུ་ཐོགས་པ་ཡིན། དོན་འདི་ནི་ཆོས་རྗེ་འབྲི་ཁུང་བས་ཀྱང༌། རྒྱལ་བའི་བཀའ་ལས་ཟབ་པའི་གདམས་ངག་མི་སྲིད་ཅེས་ཡང་དང་ཡང་དུ་གསུངས། དེ་ལྟ་བུའི་སྐུ་མཆེད་གསུམ་ལ་སོགས་པ་མང་པོ་ཡོངས་སུ་སྨིན་པར་མཛད་ནས་རྭ་སྒྲེང་དུ་ལོ་དགུ་བཞུགས་ཏེ། ཉིད་ཀྱི་རང་ལོ་དྲུག་ཅུ་པ་ཤིང་ཕོ་འབྲུག་ལ་མྱ་ངན་ལས་འདས། མྱ་ངན་ལས་འདའ་ཁར་པོ་ཏོ་བ་ལ། ངས་ཁྱེད་རྣམས་ཀྱི་བརྟེན་ས་གཞན་མ་མཐོང་བས། སློབ་དཔོན་མདོ་སྡེ་ལ་ཆོལ། ཁ་ཡར་དཔུང་གདང་འཆོས་ལ་འདུག་ཅིག་གསུང༌། དེ་ལ་དགེ་བཤེས་སྟོན་པའི་བུ་སློབ་ཆེ་བ་ནི། ཀྱུ་ར་གཞོན་ནུ་འོད་ཟེར། ལྷབ་མི་ཤེས་རབ་གཡུང་དྲུང། ཀ་བ་རྒྱ་གར། རུག་པའི་ཞང་ཆེན་པོ། བྲན་ཀ་ཇོ་བཙུན། ཀམ་ཡུང་པ། ཡུང་པ་ཀ་སྐྱོག་པ། ཡོལ་རྫོང་རྣལ་འབྱོར་བ། སྟོན་པ་ཡོན་ཏན་འབར། སྒོམ་པ་རིན་ཆེན་བླ་མ། ཨ་མེས་སྨན་རྒན། སྒ་སྒོམ་ཨག་ཚོགས། སྟོན་པ་དབང་ཕྱུར་འབར། ཕ་རྒན་ལྡོང་སྟོན། ཇོ་བོ་ལེགས། ཁམ་པ་ལུང་པ་ཆེན་པོ། སྐུ་མཆེད་སུམ་ལ་སོགས་པ་རྣམསསོ། །འབྲོམ་དེ་ནི་སྔགས་མཚན་ཉིད་གཉིས་ཀའི་ཡོན་ཏན་ཤིན་ཏུ་ཆེ་སྟེ། གསང་སྔགས་ནི་སྦས་ཏེ་ཆེར་མ་གསུངས་ལ། མཚན་ཉིད་ལ་ནི་བརྒྱད་སྟོང་པ་དང༌། བརྒྱད་སྟོང་འགྲེལ་ཆེན་དང༌། འགྲེལ་ཆུང་དང༌། ཉི་ཁྲི་སྣང་བ་ལ་སོགས་པ་དང༌། སྔགས་ཀྱི་ཡང་ཡེ་ཤེས་གྲུབ་པ་ལ་འགྱུར་བཅོས་མཛད་སྣང༌། ཁོ་བོའི་དབུ་མའི་ལྟ་བ་ལྕི་ཡང་མ་ཡིན་པ་བྱ་བ་ཡིན་གསུང་སྟེ། དོན་མེད་པར་དགག་པ་སྟེ། ཆོས་ཀྱི་གྲགས་པས། མེད་པར་དགག་པ་ནི་ཅི་ཡང་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་བཞིན་ནོ། །ཁོང་གཤེགས་པའི་རྗེས་ལ་རྣལ་འབྱོར་པ་ཆེན་པོས་གདན་ས་མཛད་དེ། དེ་ཡང་ཇོ་བོའི་ཆིབས་པ་སྐྱོང་བ་དང་ནང་ལས་རྣམས་ཀྱང་མཛད་ཅིང༌། དང་པོར་ཉན་ཚོར་མཇལ་ནས་ཇོ་བོའི་ཆོས་རྣམས་ལེགས་པར་གསན། ཞབས་ཏོག་གི་ཚེའང་སྒོམ་པ་ཁོ་ན་ལ་གཙོ་བོར་མཛད་པས་རྣལ་འབྱོར་པར་བཏགས། ཇོ་བོའི་བཞེད་པའི་བདེན་པ་གཉིས་ལ་འབྲོམ་སྟོན་པ་ལས་ཀྱང་ཁོང་མཁས་ཟེར། ཤིང་མོ་སྦྲུལ་ནས་ས་ཕོ་རྟའི་བར་ལོ་བཅུ་བཞི་གདན་ས་མཛད། རྭ་སྒྲེང་གི་ཁྱམས་སྨད་ལ་སོགས་འབྲོམ་སྟོན་གྱིས་མཛད་པའི་ལྷག་མ་རྣམས་བསྒྲུབ་པའི་ཕྱིར་འབད་པ་མཛད་པ་ལ། དང་པོར་དཀའ་སེ་བྱུང་ཡང་ཕྱིས་སྐུ་བསོད་རྒྱས་ཏེ་བཞེད་པ་རྣམས་གྲུབ། དེ་ཡང་ཤིང་མོ་ཡོས་ལ་འཁྲུངས་ནས་ས་ཕོ་རྟའི་བར་དུ་དྲུག་ཅུ་རྩ་གསུམ་བཞུགས། འདིའི་སློབ་མ་ཆེ་བ་སྟོད་ལུངས་པ་རིན་ཆེན་སྙིང་པོ། ལྷབ་མི་ཆེན་པོ། དགེ་བཤེས་མང་ར་ལ་སོགས་པའོ། །དེའི་རྗེས་ལ་དགོན་པ་བ་འཛེང་དབང་ཕྱུག་རྒྱལ་མཚན་གྱིས་གདན་ས་མཛད་དེ། ས་ཕོ་རྟ་དེ་ཉིད་གཏོགས་པའི་ལོ་ལྔ་གདན་ས་མཛད། དགོན་པ་བ་དེ་ཡང་གདུང་རུས་འཛེངས༌། མཚན་དབང་ཕྱུག་རྒྱལ་མཚན་ཞེས་བྱ། ཁམས་ནས་བྱོན་ཏེ་ཉན་ཚོར་ཇོ་བོའི་སྤྱན་སྔར་སླེབ། ཇོ་བོ་ལ་དར་ཡུག་བརྒྱ་ཕུལ་ནས་སྒོམ་གྱི་གདམས་པ་གནང་བར་ཞུས་པས། ཇོ་བོའི་ཞལ་ནས་ངའི་ཟན་ཟོ་གསུང་པ་ལ། བདག་རང་ལ་རྒྱགས་ཡོང་ཞུས་པས། ཁྱེད་ངའི་ཟན་ཟ་ན་སྒོམ་སྟེར། དེ་ལྟར་མིན་ན་མི་སྟེར་གསུངས་པས། དེ་ནས་བཟུང་སྟེ་ཇོ་བོའི་མཆོད་གནས་མཛད། ལེགས་པར་བསྒོམས་པས་གེགས་མང་པོ་བྱུང་བའང་ཇོ་བོ་ཉིད་ཀྱིས་བསལ། བསྒོམ་པའི་སྟོབས་ཀྱིས་མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ། རླུང་གཟུང་སྟེ་བ་སྤུ་ཡང་མི་འགུལ་བར་ཞག་གསུམ་ཙམ་བཞུགས་པས། སློབ་མ་རྣམས་ད་ནི་གྲོངས་ཟིན་སྙམ་པ་ལ་ཀོག་གིས་བཞེངས་ཏེ། ཁོ་བོ་ཁམས་ཅུང་ཞིག་མ་བདེ་བས་རླུང་གཟུང་བ་ཡིན་གསུང༌། མངོན་པར་ཤེས་པ་ཡང་བརྫུ་བར་མི་མཛད་པར་གཞན་ལ་གསལ་པོར་གསུང༌། ཁོང་ནི་མེ་ཕོ་འབྲུག་ལ་འཁྲུངས་ནས་ཆུ་ཕོ་ཁྱི་དྲུག་ཅུ་རྩ་བདུན་པ་ལ་གཤེགས། དེ་ལ་སློབ་མ་མང་དུ་ཡོད་ཀྱང༌། སྣེའུ་ཟུར་པ། ཞང་ཀ་མ་བ། གཉན་སྣ་མོ་བ། འབྲེ་ཀོ་དེ་ལུང་བ་སྟེ་བཞི་ལ་དགོན་གྱི་བུ་བཞིར་གྲགས། ཁ་རག་སྒོམ་ཆུང་གིས་ཀྱང་ཁོང་ལ་ཇོ་བོའི་གདམས་པ་རྣམས་ཞུས། ཕྱིས་གདམས་པ་རྣམས་ལ་མྱོང་བ་རྙེད་པའི་སྟོན་པ་ཡོན་ཏན་འབར། སྒོམ་པ་རིན་ཆེན་བླ་མ། ཨ་མེས་སྨན་རྒན། ཚུལ་པོ་ཏོ་བའི་དྲུང་དུ་རྟོགས་པ་འབུལ་བ་ཡང་བྱས། དགོན་པ་བ་གཤེགས་རྗེས་གདན་ས་མེད་པས་རྭ་སྒྲེང་བ་ལ་ཆོས་ཀྱི་མུ་གེ་ཡོད་ཟེར། ཕྱི་ནས་པོ་ཏོ་བ་གཞན་དོན་མཛད་པ་ལ་ཞུགས་པ་ཞིག་སྤྱན་དྲངས་ཏེ་ལོ་གསུམ་གདན་ས་མཛད། ཁམས་པ་སྒོམ་ཆུང་བ་ཟེར་བ་ཞིག་གིས་ཁོ་དེ་ན་བྱེད་ཤ་དང་ཕེར་ཤ་ཆེ་ཟེར་བའི་ཚིག་ངན་བཏང་བ་གསན་པས། ནམ་ལ་བྲོས་པ་སྣེའུ་ཟུར་པས་ཕ་ཝོང་ཐང་དུ་ཟིན། ད་སློབ་དཔོན་གྱི་སྤྱོད་པ་འདི་ཅི་ཡིན་བྱ་བ་དེ་ཀ་ཅི་ཡིན། ང་རུག་པའི་ལྷ་ཁང་གོག་པོར་ལི་མོའི་བུའི་ཐད་དུ་འགྲོ་གསུང་ནས་བཞུགས་མ་བཞེད་པར་ཐེགས། དེའི་རྗེས་ལ་གདན་ས་བ་འདྲ་བ་འགའ་རེ་བྱུང་བ་ཐམས་ཅད་སྐུ་ཚེས་མ་ཟིན་པར་གྲོངས་པས། རྭ་སྒྲེང་གི་གདན་སར་འགྲོ་མི་ཕོད་པ་བྱུང༌། འོད་འཇོ་བས་རྭ་སྒྲེང་གི་གདན་ས་བཟུང༌། རིང་པོ་མ་ལོན་པར་མཁན་པོ་གུར་སྟོན་བསྐོས། རིང་པོ་མ་བཞུགས་པས་རྭ་སྒྲེང་གནས་བརྟན་གྱིས་རྨ་སྟོན་སྤྱན་དྲངས་པས་འབྱོན་མ་བཞེད་པ་ལ། ལྷ་འགྲོ་བའི་མགོན་པོས་རྟེན་བྱིན་རླབས་ཅན་པད་སྤུངས་ཆུང་ངེ་བ་གཅིག་དང་ཐུབ་པའི་ཤིང་སྐུ་གཅིག །ཏྲཀ་ཤད་ཀྱི་ཐང་སྐུ་ཆུང་ངེ་བ་གཅིག་སྟེ་གསུམ་གནང་ནས། འདི་རྣམས་དང་མ་བྲལ་ན་ལེགས་པོ་འོང་གསུང་ནས་རྨ་སྟོན་བརྫངས། སྐུ་ཚེ་རིང་ཞིང་ཕྲིན་ལས་ཆེ། ཕྱིས་ཟུར་བཞུགས་མཛད་ནས་མཁན་པོ་ཞེས་སྐོར་བ་བསྐོས། དེ་ཡང་རིངས་ཞིག་བཞུགས་ནས་ཟུར་དུ་བཞུགས་ཏེ། འདུལ་བ་འཛིན་པ་བསྐོས། མཁས་པའི་བྱ་བ་ཡུན་རིང་དུ་མཛད་དེ། མཁན་ས་དེ་ཉིད་དུ་གཤེགས། དེ་རྗེས་མཁན་པོ་འཇམ་དབྱངས་པས་གདན་ས་ལོ་མང་དུ་མཛད་དོ། །དེ་ལ་མེ་མཁའ་རྒྱ་མཚོ་བ་རྣམས་འདས་ལོ་བཞི་བརྒྱ་དང་ལྔ་བཅུ་སོང་བར་བརྩི་བ་མེ་མོ་བྱ་ཤར་བའི་ཚེ་ཇོ་བོ་རྗེ་འཁྲུངས་ནས། མེ་ཕོ་སྤྲེའུ་ཡན་ཆད་དུ་ལོ་བཞི་བརྒྱ་དང་དགུ་བཅུ་རྩ་ལྔ་འདས། མངའ་རིས་སུ་ཕེབས་ནས་ལོ་བཞི་བརྒྱ་དང་སུམ་ཅུ་རྩ་ལྔ་སོང་ངོ༌། །ཇོ་བོ་དང་འབྲོམ་སྟོན་དང་རྭ་སྒྲེང་གི་སྐབསསོ། །

༥.༢ པོ་ཏོ་བ་དང་རོག་གི་སྐབས། ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་ཤ་གཟུག་རང་ཟ་གསུང་ནས། ཚོགས་པ་མ་བསྐྱངས་པར་དཀོན་མཆོག་མཆོད་པའི་ལས་ལ་ཤིན་ཏུ་བརྩོན་ཞིང༌། ནང་དུ་ཐུགས་དམ་ལ་གནས། ཆོས་འབྲེལ་ཞུ་བ་རྣམས་ལ་དབེན་པ་བཞི་རྒྱས་པར་གསུང༌། ཁོང་ནི་ལྕགས་མོ་ལུག་ལ་འཁྲུངས་ནས། བདུན་ཅུ་རྩ་དྲུག་པ་མེ་ཕོ་ཁྱི་ལ་གཤེགས། དེའི་སློབ་མ་ཀརྨ་གྲགས་ལ་སོགས་པ་རྟོགས་ལྡན་འགའ་ཞིག་བྱོན། པོ་ཏོ་བ་རིན་ཆེན་གསལ་གྱིས་འབྲོམ་གཤེགས་ནས་རང་ལོ་ལྔ་བཅུ་བཞེས་ཀྱི་བར་དུ་ཐུགས་དམ་འབའ་ཞིག་མཛད། ལྔ་བཅུ་རྩ་གཅིག་ནས་གཞན་དོན་མཛད་དེ། བཞུགས་ས་མཁན་གྲགས་དང༌། སྒྲོ་ལག་དགོན་པ་དང༌། མཐར་ཐོག་དང༌། སྟག་ལུང་ལ་སོགས་པ་གནས་མ་ངེས་པར་བཞུགས། ཚོགས་པ་རྒྱུན་དུ་རྗེས་སུ་འབྲང་བ་སྟོང་ཕྲག་ལྷག་པ་རེ་འདུས། གཞན་གྱི་གནོད་པ་བྱེད་པ་བྱུང་ན་ཡང་སྤྱིར་དགེ་སློང་ཁས་ཉེན། བྱེ་བྲག་ཏུ་བྱང་ཆུབ་སེམས་དཔའ་ཁས་ཉེན་གསུང་ནས་གནོད་ལན་ཡེ་མི་མཛད། ཆོས་ནི་ལམ་གྱི་སྒྲོན་མ་གཙོ་བོར་བྱས་ནས། གཞན་མདོ་སྡེའི་རྒྱན་དང་བྱང་ཆུབ་སེམས་དཔའི་ས། བསླབ་པ་ཀུན་ལས་བཏུས་པ་དང་སྤྱོད་འཇུག །སྐྱེས་རབས་དང་ཆེད་དུ་བརྗོད་པའི་ཚོམས་ལ་ནན་ཏན་དུ་གསུང་པས། བཀའ་གདམས་གཞུང་དྲུག་ཏུ་གྲགས། གཞན་ཡང་བསྟན་བཅོས་ཤིན་ཏུ་མང་བར་གསུང༌། བཤད་པ་མཛད་པ་ན་ཚིག་གཅིག་ཀྱང་ཕྱིར་མ་ལུས་པར། ཉམས་ལེན་ཁོ་ན་དང་སྦྱར་ནས་འཆད། སྐུ་ཚེའི་སྨད་ལ་པོ་ཏོ་དགོན་པ་བཏབ་སྟེ་བཞུགས། ཕྱག་རྒྱ་ཆེན་པོ་སྐད་པ་འདི་མདོ་ཏིང་ངེ་འཛིན་གྱི་རྒྱལ་པོའི་དོན་ཡིན། འོ་སྐོལ་ནི་དེ་ལ་སྨོད་པར་ཡང་མི་བྱ་ལ་འཇུག་པར་ཡང་མི་བྱ་གསུང་ནས། ཇོ་བོ་རྗེའི་ཆོས་འབའ་ཞིག་གཙོ་བོར་འཛིན། ངའི་དོན་གྱི་མཁན་པོ་ནི་རྭ་སྒྲེང་གི་དགེ་བསྙེན་རྒན་པོ་དེར་སྣང་གསུང་ནས། རྭ་སྒྲེང་དུ་མ་བྱོན་གོང་གི་རང་གི་སྡོམ་པ་ཡང་སོ་སོ་ཐར་པ་དངོས་སུ་མི་བརྩི། འཁོར་བ་ལ་ངེས་འབྱུང་མ་སྐྱེས་ཀྱང་རབ་བྱུང་གི་བསླབ་པ་བླངས་པ་རྣམས་ཕྱིས་ངེས་འབྱུང་སྐྱེས་པ་ན་སོ་ཐར་མཚན་ཉིད་པར་འགྱུར་བ་བཞེད་པས། དེ་ལ་སྡོམ་པ་གནས་གྱུར་ཞེས་གྲགས། བཀའ་གདམས་ཟེར་བའི་སྒྲ་བོ་ཆེ་དེ་ཡང་ཁོང་གི་རིང་ནས་གྲགས་པ་ཡིན་ཟེར། རྣམ་ཐར་གཙང་བ་དང་ཁྱབ་པ་ཡང་པོ་ཏོ་བ་ཡིན། ཁོང་རང་གིས་འཕགས་པའི་གནས་བརྟན་ཡན་ལག་འབྱུང་དུ་ཡང་ཞལ་གྱིས་བཞེས། ཁོང་ནི་ལྕགས་མོ་ལུག་གི་ལོ་པ་བདུན་ཅུ་རྩ་ལྔ་པ་ཤིང་མོ་བྱ་ལ་གཤེགས། སློབ་མ་ཆེ་བ་ཡང༌། གཉལ་ནས་གླང་བྱ་རབ་པ་དང་གཉོས་བྲ་གོར་བ་གཉིས། རྡོར་ནས་འབེ་མོན་བུ་ཆུང་བ་དང་རོག་དམར་ཞུར་བ་གཉིས། གཙང་སྟོད་ནས་བྱ་ཕག་གཉིས། སྨད་ནས་རམ་སྡིང་མ་བ་དང་སྣང་དྲེའུ་ལྷས་པ་གཉིས། མྱང་སྟོད་ནས་ལྷག་ཤེས་གཉིས། གཡག་སྡེ་ནས་སོ་པོ་བ། བཟང་ནས་ཕྲུ་གུ་ལུང་པ། ཁ་རག་སྒོམ་ཆུང་གནས་ཁང་གི་འགོས། ནགས་སྟོན་མཐའ་དག།ལྷོ་སྟོད་པ། མྱང་པོ་རི་ཁ་བ། ཁྲོ་སྟོན་ཀུ་ཤུ་ར་བ། གྲོག་པ་བརྩོན་སེང༌། ཟུར་རེ་བ་མཐའ་བཞི། གཙང་བ་མཁར་བོ་བ། རྒྱལ་གྱི་ཀོ་དེ་ལུང་པ། དར་ཁུལ་གྱི་གཡའ་ངོས་བ། ཡེ་ཤེས་སེང་གེ ཝ་བྲག་དཀར་བ། སྒྲོའི་ལྟག་མགོ་བ། གྲབ་ཀྱི་ཕོ་བྲང་སྡིངས་པ། རྒྱལ་གྱི་སྒྲོ་ལག་པ། རྨའི་འབྲོངས་སྟོངས་པ། བན་དེ་བ་རིན་བྱང༌། ཡག་པ་གཉན་ཆུང༌། མམ་གྲོ་བསླབ་སྒོམ། ཐང་པོ་ཆེ་བ། དགོན་མེར་བ། གཡུ་སྒྲའི་ཞང་ཆེན་པོ། ལ་མོའི་དགེ་སྦྱོང་ཆེན་པོ། མདོ་ལུང་པ་ཞ་ར་དགོན་པ་གོང་འོག་གཉིས། སྒྱུ་སྦྱངས་དབང་སེང༌། བྱར་བ་རིན་གཞོན། སྟོད་ལུངས་བ་དབང་ཕྱུག་གྲགས། གླང་རི་ཐང་པ། ཤར་བ་པ་ལ་སོགས་པ་འགྲོ་བའི་དོན་ནུས་པ་ཤིན་ཏུ་མང་མོད་ཀྱི། དེ་དག་གི་ནང་ནས་གཙང་ན་རམ་སྣང་གཉིས། གཙང་སྟོད་ན་བྱ་ཕག་གཉིས། གཉལ་གྱི་གླང་གཉོས་གཉིས། དོལ་ན་འབེ་རོག་གཉིས་ཏེ་ཆེན་པོ་བརྒྱད་དང༌། གླང་ཐང་པ་དང་ཤར་བ་པ་ལ་དབུས་ཀྱི་ཀ་ཆེན་ཟེར། དེ་ལ་རོག་ཤེས་རབ་རྒྱ་མཚོ་ནི། དོལ་པ་དམར་ཞུར་བ་གྲགས་པ་དེ་ཡིན་ཏེ། སྔགས་པ་ཡོན་ཏན་ཤིན་ཏུ་ཆེ་བ་གཅིག་གི་སྲས་སུ་འཁྲུངས། དགུང་ལོ་ནི་ས་མོ་ཕག་ལོ་པ་ཡིན། རབ་ཏུ་བྱུང་ནས་རོག་མངོན་པ་བ་དང༌། རྒྱ་འདུལ་འཛིན་མགོ་ཉུག་བྱུང་བ་ཞིག་ལ་མངོན་པ་དང་འདུལ་བ་གསན། པོ་ཏོ་བས་ཚོགས་པ་བསྐྱངས་ནས་ལོ་གསུམ་སོང་བ་ཤིང་ཕོ་བྱི་བ་ལ་དགེ་བཤེས་དོལ་པ་ལོ་ཉི་ཤུ་རྩ་དྲུག་པ་ཞིག་གིས་ཟིན། ལོ་ཉི་ཤུ་རྩ་གཉིས་བསྟེན། དེ་རྟིང་འགྲོ་དོན་རྒྱ་ཆེན་མཛད། ཚོགས་པ་ཡང༌། ཡང་གང་དུ་སྟོང་ལྷག་པ་བྱུང་ཟེར། འདི་ལ་འགྲོ་མགོན་ཕག་མོ་གྲུ་པས་ཆོས་འབྲེལ་གསན། རང་ལོ་དོན་གསུམ་པ་ལྕགས་མོ་ཕག་ལ་གཤེགས། རྒྱ་འདུལ་འཛིན་གྱིས་ལོ་བརྒྱད་ཅུ་རྩ་ལྔ་ཐུབ་པའི་ལོ་སོ་གསུམ་གྱི་བར་དུ་འདུལ་བ་ལ་སྦྱངས། དོལ་པས་པོ་ཏོ་བ་ལ་མཇལ་པའི་སྔ་གོང་དུ། རྒྱ་འདུལ་ཉུག་བྱུང་བ་ཞིག་ལ་འདུལ་བ་ཉན་ཟེར་བས། པོ་ཏོ་བ་དང་རྒྱ་འདུལ་གཉིས་གཞན་དོན་གྱི་མགོ་མཇུག་མཉམ་པ་འདུའོ། །པོ་ཏོ་བ་དང་རོག་གི་སྐབསསོ། ། ༥.༣ གླང་ཐང་པའི་སྐབས། གླང་རི་ཐང་པ་རྡོ་རྗེ་སེང་གེ་ནི། ཤིང་ཕོ་རྟ་ལ་འཁྲུངས་ནས་ཆུ་མོ་ཡོས་ཀྱི་བར་ལོ་བདུན་ཅུ་བཞུགས། ཚོགས་པ་ཡུན་རིང་དུ་བསྐྱངས། པོ་ཏོ་བའི་མཛད་པ་བཞིན་དུ་བྱམས་ཆོས་ལ་སོགས་པའི་གཞུང་ཆེ་བ་རྣམས་ཀྱིས་སློབ་མ་སྐྱོང༌། ལན་ཅིག་གི་ཚེ་ཚེ་རབས་ཐམས་ཅད་དུ་དགེ་སློང་གི་དངོས་པོ་དང་མི་འབྲལ་བའི་དམ་བཅའ་བརྟན་པོ་མཛད་པས། དཔལ་ལྷ་མོ་དྲེའུའི་སྐད་ལྷང་ངེ་བྱོན་ནས་དེའི་བར་དུ་ངས་ཁྱོད་ཀྱི་གྲོགས་བྱའོ་གསུང༌། ཁྱུང་པོ་རྣལ་འབྱོར་གྱིས་ཀྱང༌། ཁོང་སངས་རྒྱས་འོད་དཔག་མེད་ཀྱི་སྤྲུལ་པ་ཡིན་ཟེར་ནས་དབུ་སྐྲ་གཅོད་ས་མཛད། གླང་ཐང་པ་ཕྱིས་སྣེའུ་ཟུར་པའི་ཡང་སློབ་མར་གྱུར། ཚོགས་པ་ཉིས་སྟོང་ཙམ་འདུས་པའི་ནང་ནས། ཡར་ཀླུངས་ལྕགས་ཞིང་པ། བ་ཡགས་ཀྱི་འདུལ་འཛིན། ལུང་མོ་བ་མདོ་སྡེ། ཞང་བཙུན་གཉན། འགར་ཞང་ཞུང་པ། མ་ཐང་པ། ཉེ་མལ་བ་ལ་སོགས་པ་མང་དུ་བྱོན། ཤ་བོ་སྤང་པ་པདྨ་བྱང་ཆུབ་ཀྱང་གླང་ཐང་པའི་སློབ་མ་སྟེ། གླང་ཐང་པས་བཅུ་བཞི་བཞེས་པ་མེ་མོ་ལུག་ལ་འཁྲུངས། རེ་ལྔ་པ་ལྕགས་ཕག་ལ་གཤེགས། ཚོགས་པ་སྟོང་ཕྲག་རེ་ཙམ་འདུས། གླང་ཐང་གི་གདན་ས་གླང་ཐང་ཞང་གིས་མཛད། དེའི་རྗེས་སུ་དགེ་བཤེས་གཉན། སློབ་དཔོན་སྒོམ་པ། དགེ་བཤེས་འགར་པ། སློབ་དཔོན་གཙང་པ་རྣམས་ཀྱིས་རིམ་པར་མཛད། དེ་ནས་གླང་ཐང་རྒྱ་མའི་སངས་རྒྱས་དབོན་ལ་ཕུལ། གླང་ཐང་ཞང་འདི་ལ་ཕག་མོ་གྲུ་པས་ཀྱང་གཏུགས། གླང་ཐང་པའི་སྐབསསོ། །

༥.༤ ཤར་པ་བ་ནས་འཆད་ཁ་བའི་སྐབས། ཤར་པ་བ་ཆེན་པོ་ནི། བྱང་གི་རོམ་པོར་འབྲོག་པ་ཞིག་གི་སྲས་སུ་ལྕགས་ཕོ་ཁྱི་ལ་འཁྲུངས། གཞོན་པའི་དུས་སུ་ཕ་མས་བག་མ་བླངས་པ་ལ་མ་ཆགས་པར། པོ་ཏོ་བའི་སྤྱན་སྔར་བྱོན་ནས་རབ་ཏུ་བྱུང་ཞིང་གདམས་པ་གསན། ཐུགས་རབ་ཤིན་ཏུ་ཆེ་བས་བཀའ་འགྱུར་རོ་ཅོག་ཐུགས་ལ་བཞུགས་པར་ཡང་གྲགས། པོ་ཏོ་བ་གཤེགས་པའི་རྗེས་སུ་པོ་ཏོ་བའི་སློབ་མ་ཕལ་ཆེ་ཁོང་ལ་འདུས་ནས། ཕྱིས་ཚོགས་པ་སུམ་སྟོང་དྲུག་བརྒྱ་ཡོད་པར་གྲགས། བཤད་པ་ཕལ་ཆེར་གཞུང་ཆེ་བ་ཁོ་ན་ལ་མཛད། ཁྱད་པར་རྒྱུད་བླ་མ་ཇོ་བོ་དང་ནག་ཚོས་བསྒྱུར་བ་དེའི་སྟེང་ནས་བཤད་པའི་ཚེ་ཆོས་གྲར་རྡོག་འགྱུར་ཐོ་རེ་བ་ཞིག་བྱུང༌། ཚར་གཉིས་པའི་ཚེ་རྡོག་འགྱུར་ཤས་ཆེ་བར་བྱུང་བས། སྐལ་མེད་རྣམས་ཇོ་བོས་མཛད་པའི་འགྱུར་ལ་མི་མོས་པ་གསུང་ནས་ཅུང་ཟད་བཀྱོན། དེ་ནས་ཚར་ཕྱི་མ་གཉིས་ཀ་རྡོག་འགྱུར་གྱི་སྟེང་ནས་བཤད་པ་མཛད། པ་ཚབ་ལོ་ཙཱ་བས་རྒྱ་གར་ནས་ཕེབས། དབུ་མའི་བཤད་པ་མཛད་པ་ན་གྲྭ་པ་ཧ་ཅང་མི་མང་བས། ཤར་པ་བས་ཁོང་རང་གི་སློབ་མ་བཙུན་ཆུང་མང་པོ་སློབ་མར་ཕུལ། པ་ཚབ་ཀྱིས་བསྒྱུར་བའི་དབུ་མའི་དཔེ་གཟིགས་ཙ་ན། འདི་ལ་འདི་འདྲ་བ་ཞིག་འོང་ཐང་བྱས་ནས་ལན་བསྐུར་བས། པ་ཚབ་ཀྱིས་སླར་དཔེ་གཟིགས་པས་ཁོང་གི་གསུང་བཞིན་དུ་སོང༌། སྤྱིར་ན་པ་ཚབ་ལོ་ཙཱ་བའི་དབུ་མའི་བཤད་པ་སྤེལ་བའི་བསྔགས་པ་ཡང་མང་དུ་བརྗོད་ནས། གྲོགས་ཡང་དག་པ་མང་དུ་མཛད། རྭ་སྒྲེང་ན་མདོ་ཀུན་ལས་བཏུས་པ་ཇོ་བོའི་ཕྱག་དཔེ་ལ་ཡོད་པ་དེ་བླངས། འགྱུར་གྱི་སྦྱིན་བདག་མཛད་ནས། ཁ་ཆེ་ཛ་མ་ཡ་ཨཱ་ནནྡ་དང༌། ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་དང༌། ཁུ་མདོ་སྡེ་འབར་རྣམས་ཀྱིས་བསྒྱུར། བསྟན་པའི་བདག་པོར་གྱུར་ཏེ། བཀའ་གདམས་པ་གཞན་རྣམས་དབུ་མ་ལུགས་དང་སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་པའི་ཆོ་ག་དག་གཏན་མི་མཐུན་པར་གསུང་བ་ཡོད་པ་ལ། ཁོང་གིས་ལམ་སྒྲོན་གྱི་རང་འགྲེལ་ཚད་མར་མཛད་ཅིང་ཁུངས་སུ་དྲངས་ནས། སེམས་བསྐྱེད་གཉིས་པོ་རྟེན་ལ་སོགས་པ་མཐུན་པར་སྒྲུབ་པའི་ཡི་གེ་ཡང་མཛད། དུས་ཕྱིས་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ་ཡང་དེ་ཁོ་ན་བཞིན་དུ་བཞེད། ཤར་པ་བ་འགྲོ་དོན་རྒྱ་ཆེན་པོ་མཛད་པའི་ངང་ནས་ལྕགས་མོ་བྱའི་ལོ་བདུན་ཅུ་རྩ་གཉིས་བཞེས་པ་ལ་གཤེགས། ཚོགས་པ་སུམ་སྟོང་དྲུག་བརྒྱ་རེ་ཙམ་ཚོགས་པའི་ནང་ནས། པྲཛྙཱ་ཛྭ་ལ། ནགས་ཤོད་དཔེ་སྟོན། ལྡན་གྱི་བན་ཆེན་སྐྱེས་བུ། གཞོའི་ཤེས་རབ་རྡོ་རྗེ། སྣར་ཐང་པ་གཏུམ་སྟོན། བྱ་གྲགས་པ་སེང་གེ། འཇིང་པ་དགྱེ་ལུང་པ། ལ་སྟོད་པ་བྱང་ཆུབ་གྲགས། མྱང་སྨད་ཀྱི་རྩེད་པ། ཤངས་ཀྱི་རྒྱུ་བུག་པ། གཙང་གད་གཉོས་པ། ཁུ་ལེའི་ཁ་མོ་ཟེར་སྟོན། མྱང་སྟོད་པ་འབེ་དཀར། མྱང་རོ་བ། བྱ་རྒྱུས་པ། མྱང་སྟོད་ཀྱི་ཇོ་སྲས། ཤར་པ་བ་བློ་གྲོས་གྲགས། གཙང་པ་རྒྱ་སྟོན། བོ་དོང་བ་ཞར་ཆོས། གཉལ་བ་དགེ་འདུན་སྐྱབས། མྱང་པོ་གཡོར་སྟོན། ཚེས་པ་སྔ་ཕྱི་གཉིས། གཉལ་གྱི་གཉོས་སྟོན། གཉལ་པ་དར་རིན། ཇོ་སྲས་ཀོང་བོ། ལྷོ་པ་དར་མ་གྲགས། སོལ་ཐང་པ་མྱང༌། ནག་མོའི་སྦ་འདུལ། ཞོགས་པ་ཚུལ་ཤེ། ཞར་དགོན་པ་ཕྱི་མ། ཡུང་བ་སྐྱོ་སྟོན། སྟོད་ལུངས་མོན་གྲ་པ། ལྷོ་པ་དར་སྟོན། རྒྱལ་བ་བྱང་གྲགས། བྱ་སྟོན་འཆད་ཁ་བ། སྟབས་ཁ་བ་ཆེན་པོ་ལ་སོགས་པ་སྐྱེས་བུ་དམ་པ་མང་དུ་བྱོན་ནོ། །དེ་དག་ལས་བྱ་འཆད་ཁ་བ་ནི། འཁྲུངས་ཡུལ་ལུ་ར། གདུང་རུས་བྱ། སྐུ་ན་གཞོན་པ་ནས་ལོ་རོ་རས་ཆུང་བའི་སློབ་མ་ཡིན་པ་ལ། ལོ་རོ་ཞིང་གསར་དུ་རྩེ་བོར་བ་ཞེས་བྱ་བ་ལ་མཁན་པོ་ཞུས། དྭགས་པོ་གཙང་འདུལ་ལ་སློབ་དཔོན་ཞུས་ཏེ་རབ་ཏུ་བྱུང༌། མཚན་ཡེ་ཤེས་རྡོ་རྗེ་བཏགས། གཉལ་དུ་ངར་རྗེ་བཙན་བྷོར་འི་ཆོས་འཁོར་གཅིག་ལ་རས་ཆུང་བའི་ཕྱིར་བྱོན་པས། ཆོས་འཁོར་གྱི་གྲལ་དབུ་རྔོག་ལོས་མཛད་པའི་དགེ་བཤེས་མང་པོ་གྲུབ་མཐའི་བཤད་པ་མཛད་པ་ལ་མོས་ནས་ཆོས་ཚོལ་དུ་བྱོན། གཡེར་དགེ་བཤེས་སྒྲེ་བ་ལ་བསྙེན་རྫོགས་ཀྱི་མཁན་པོ་ཞུས་པས་མ་གནང་བར། ཚ་རོང་ཇོ་སྟན་དང་དྭགས་པོ་གཙང་འདུལ་གཉིས་སྒྲེ་བ་ཆེན་པོའི་སར་བྱོན་པ་ལ་མཁན་སློབ་ཞུས་ནས་བསྙེན་པར་རྫོགས། དེ་ནས་ཤ་མི་ལ་འདུལ་བ་ཉན་ཅིང་ཡོད་པའི་ཚེ་ཡར་ཀླུངས་སུ་ཆོས་འཁོར་ཞིག་གི་སར་བྱོན་པས། དགེ་བའི་བཤེས་གཉེན་མྱང་ལགས་ཞིང་པ་དང་མཇལ། ཁོང་ལ་གླང་རི་ཐང་པའི་ཚིག་བརྒྱད་མ་གསན་པས་དད་དེ། དགེ་བཤེས་དོལ་བ་དང་ལུགས་སྨད་པ་གཉིས་ལོ་བཞི་བསྟེན། དེ་ནས་དགུང་ལོ་སུམ་ཅུ་ལོན་པའི་ཚེ་དབུ་རུར་བྱོན། ལྷ་སའི་འགྲོན་ཁང་དུ་གླང་རི་ཐང་པའི་སློབ་མ་ཞིག་དང་སྟབས་སུ་བྱུང་བས། ཁོང་གིས་གླང་རི་ཐང་པའི་ཚིག་བརྒྱད་མ་བཏོན་པ་ལ། དེ་སུའི་ཡིན་བྱས་པས་གླང་རི་ཐང་པའི་ཡིན་ཏེ་ཁོང་གཤེགས་ཟེར། ཤུལ་ན་གཉན་དང་འདུལ་བ་འཛིན་པ་གཉིས་གདན་ས་ལ་མ་འཆམ་པར་འདུག་ཟེར་བས་ཤར་པ་བ་ཆེན་པོ་གཞོའི་ཁང་པ་གནས་ན་བཞུགས་པའི་སྤྱན་སྔར་བྱོན། ཚོགས་ཆོས་གསན་པས་བློ་སྦྱོང་གི་ཚིག་གསལ་བར་མ་བྱུང་བ་ལ། ཉིན་ཞིག་གྲྭ་པ་རྣམས་སྟོན་མོ་ལ་སོང་ནས་དགེ་བའི་བཤེས་གཉེན་པ་འབུམ་པ་ལ་སྐོར་བ་མཛད་པའི་དྲུང་དུ་ཕྱིན་ནས། རང་གི་ཆམ་ཚེ་བཏིང་ནས་འདིར་བཞུགས་པ་ཞུ་དང་ཞུས་པས། དེར་བསྡད་ནས་ཅི་བྱེད་གསུང༌། གྲོས་ཤིག་ཞུ་བ་ལགས་བྱས་པས། གྲོས་ཐག་ཐམས་ཅད་ཆོས་ཁྲི་ཁ་ནས་བཅད་པ་ཡིན་ཏེ། དེར་མ་ཆོད་པ་ཅི་ཡོད་གསུང༌། བློ་སྦྱོང་གི་ཚིག་རྣམས་སྙན་དུ་ཕུལ། འདི་འདྲ་བ་ཞིག་འདུག་པ་ལ་ཁོ་བོ་མོས་པར་བྱུང་བས་ལམ་དུ་འགྱུར་རམ་མི་འགྱུར་ཞུས་པས། དགེ་བའི་བཤེས་གཉེན་པའི་ཞལ་ནས། ཇོ་བོ་སྟོན་པ་ཁྱོད་མོས་མི་མོས་ཀྱི་ཁ་ན་ཅི་ཡོད། སངས་རྒྱས་མི་སྒྲུབ་ན་ཕར་ཞོག །སྒྲུབ་ན་སེམས་དེ་འདྲ་བ་ལ་མ་བརྟེན་པར་འགྲུབ་མི་སྲིད་གསུང༌། འོ་ན་ལུང་ཞིག་དང་བར་ཞུ་དང་བྱས་པས་མགོན་པོ་ཀླུ་སྒྲུབ་ལ་ཚད་མར་མི་འཛིན་པ་སུ་ཡོད་གསུང་ནས། བདག་ལ་དེ་དག་སྡིག་སྨིན་ཅིང༌། བདག་དགེ་མ་ལུས་དེར་སྨིན་ཤོག །ཅེས་བྱ་བ་མི་གདའ་འམ་གསུང༌། འོ་ན་ད་དེའི་གདམས་པ་ཞིག་གནང་བར་ཞུ་འཚལ་བྱས་པས། ཇོ་བོ་རང་གིས་རྐྱེན་ཐུབ་པར་གྱིས་ཤིག །ངས་གདམས་ངག་རིམ་གྱིས་བྱའི་གསུང༌། དེར་བློ་སྦྱོང་གི་ཁྲིད་ཚར་གཅིག་ལ་ལོ་བཅུ་གསུམ་བྱས་པས། ཇི་ལྟ་བ་བཞིན་དུ་ཐུགས་རྒྱུད་ལ་སྐྱེས་ནས། བདག་ཉིད་མོས་པ་མང་བའི་རྒྱུས། བདེ་སྡུག་གཏམ་ངན་ཁྱད་བསད་ནས། བདག་འཛིན་འདུལ་བའི་གདམས་ངག་ཞུས། ད་ནི་ཤི་ཡང་མི་འགྱོད་དོ། །གསུང་བའི་ཚིག་ཡི་གེར་བྲིས། གདམས་པ་དེ་དགེ་བའི་བཤེས་གཉེན་པས་གཞན་ལ་གནང་ཡོད་པ་མི་འདྲ་ནས། གཞན་ཡིད་ཆེས་པར་བྱ་བའི་ཕྱིར་ཕྱིས་ལྷོ་པ་ཞིག་དང་ཡང་སྟབས་སུ་ཚར་གཅིག་ཞུས། དེ་ནས་ཚོགས་ཆོས་གསན་པའི་ཚེ་རྒྱུད་བླ་མ་གསུང་བ་ན། བདག་གི་བདེ་བ་དང་དགེ་བ་ཇོ་བོ་སེམས་ཅན་པ་ལ་གཏོང༌། སེམས་ཅན་གྱི་སྡིག་དང་སྡུག་བསྔལ་ཐམས་ཅད་རང་གིས་བླང་དགོས་པ་ཡིན་ཏེ། ཐུགས་ཀྱིས་ལྕོགས་ན་ཡང་དེ་བཞིན་དུ་མཛོད་ཅིག་གསུང་བས། ང་ལ་འཕྲིག་ཡོད་པས་གོ །གཞན་གོ་བ་ཙམ་ཡང་མི་འདུག་གསུང༌། དེའི་ཚེ་གཞོར་ལོ་གཉིས། དགེ་གོང་དུ་ལོ་དྲུག །ཤར་བར་ཡང་བྱོན་ནས་བཤེས་གཉེན་ཆེན་པོ་བསྟེན། དེ་ནས་ཡང་བྱེན་ལ་སོགས་པའི་གནས་ངེས་མེད་དུ་བཞུགས། འགྲེས་ཕུར་བཞུགས་པའི་དུས་སུ། ཉེ་གནས་ལ། ཁྱོད་ལ་མར་ཡོད་ན་སྒོམ་ཆེན་པ་རྣམས་ལ་མར་ཁུའི་གཤོར་འདྲེན་ཅིག་གྱིས། ངའི་ཆོས་འདི་ལ་མིང་ཅིག་འདོགས་པའི་མིང་སྟོན་བྱེད་པ་ཡིན་གསུང་ནས། དོན་བདུན་མ་གསུངས། འགྲེས་ཕུ་སྒོམ་ཆེན་སྡིངས་སུ་ཚོགས་ཆོས་སུ་གསུངས་པས། བློ་སྦྱོང་ལ་ཚོགས་ཆོས་བྱེད་པའི་སྲོལ་དེ་དེ་ནས་བྱུང་བ་ཡིན། དེ་ནས་མལ་གྲོར་བྱོན་ནས་འཆད་ཁ་རྙིད་མ་བཏབ། སེ་སྤྱིལ་བུ་བ་ལ་འཆད་ཁ་གསར་མ་འདི་འདེབས་པའི་ལུང་བསྟན་མཛད། དེ་ནས་བྱ་དུར་མོར་བྱོན། མཐར་ཐུག་གསུམ་གྱི་གདམས་པ་ལ་སོགས་མཛད། རང་གི་རྣམ་ཐར་རྣམས་ཚིགས་སུ་བཅད་དེ། ཡུལ་དང་བཤེས་གཉེན་རབ་སྤངས་ཏེ། འཛིན་ཆགས་མེད་པའི་དགེ་རྩ་བྱས། བཤེས་གཉེན་བཞུགས་པའི་ས་ཕྱོགས་སུ། ཐོས་བསམ་སྒོམ་གསུམ་དགེ་རྩ་བྱས། ད་ནི་ཤི་ཡང་མི་འགྱོད་དོ། །ལྷ་རུ་ཉེ་དུ་མ་མཆོད་ཅིང༌། ཧྲུལ་པོའི་གོས་བྱོན་དམན་ས་གཟུང༌། སུ་དང་འགྲོགས་ཀྱང་ཡིད་མ་ཕྱུང༌། །གྲགས་པ་མ་བསྒྲུབས་ནོར་མ་བསགས། ད་ནི་ཤི་ཡང་མི་འགྱོད་དོ། །མི་ཆོས་ལྷ་ཆོས་རིས་སྲིད་དང༌། ཡོན་བདག་ལྷ་བཞིན་མཆོད་པ་དང༌། བན་མོའི་བསྙེན་བཀུར་རྣམས་སྤངས་ཏེ། དྲང་སྲོང་ཆེན་པོའི་རྣམ་ཐར་སྤྱད། །ད་ནི་ཤི་ཡང་མི་འགྱོད་དོ། །བྱད་བཞིན་ཅན་དང་ནོར་ཅན་ལ། ཚོགས་སོགས་བསྙེན་བཀུར་མ་བྱས་ཤིང༌། བུན་སྐྱེད་མ་བྱས་ཚོང་མ་བྱས། མཁར་ལས་མ་བྱས་གཞི་མ་གཟུང༌། ད་ནི་ཤི་ཡང་མི་འགྱོད་དོ། །ཞེས་པ་ལ་སོགས་པ་གསུངས་ནས་གཤེགསསོ། །དེ་ལ་བྱ་འཆད་ཁ་བ་འདི་ཤར་པ་བའི་སོ་གཉིས་པ་ལྕགས་མོ་སྦྲུལ་ལ་འཁྲུངས་ནས། རང་ལོ་སུམ་ཅུ་པ། ཤར་པ་བའི་དྲུག་ཅུ་རྩ་གཅིག་པ་ལྕགས་ཕོ་ཁྱི་ལ་མཇལ་ནས། ལྕགས་མོ་བྱའི་བར་ལོ་བཅུ་གཉིས་སུ་འགྲོགས། དེ་རྟིང་ལོ་སུམ་ཅུ་རྩ་བཞི་བཞུགས་ཏེ། རང་ལོ་དོན་ལྔ་པ་ཤིང་མོ་ལུག་ལ་མྱ་ངན་ལས་འདས། དེའི་རྗེས་སུ་སེ་སྤྱིལ་བུ་བ་ནི། གདུང་རུས་སེ། གཉལ་སྟོད་དར་མ་སྒང་དུ་ལྕགས་གླང་ལ་འཁྲུངས། མཚན་ཆོས་ཀྱི་རྒྱལ་མཚན། འཆད་ཁ་བ་ལ་ལོ་མང་དུ་བསྟེན་ནས། ཤིང་སྤྲེ་ལ་འཆད་ཁ་གསར་མ་བཏབ། སྤྱིལ་བུར་ཡང་དགོན་པ་མཛད། འཆད་ཁ་བ་གཤེགས་རྗེས་མེ་སྤྲེ་ནས་ལྕགས་བྱའི་བར་དགོན་པ་ཕན་ཚུན་དུ་ལོ་བཅུ་བཞི་བཞུགས། འདིའི་སློབ་མ་རྣལ་འབྱོར་བྱང་སེང༌། རྒྱ་སྤང་ས་ཐང་པ། ལྷ་དགེ་འདུན་སྒང་པ། ཉན་ལྷ་སྡིངས་པ་རྣམས་ཀྱིས་གྲོ་ས་དང༌། སྤང་ས་དང༌། དགེ་འདུན་སྒང་དང༌། ཉན་ལྷ་སྡིངས་རྣམས་བཏབ། རང་ལོ་དྲུག་ཅུ་རྩ་དགུ་ལ་སྤྱིལ་བུར་ཞི་བར་གཤེགས། དུས་གཡས་འཁྱིལ་སོགས་རྟེན་ངོ་མཚར་ཅན་ཡང་མང་དུ་བྱོན་ནོ། །དེ་རྗེས་ཇོ་བོ་རྣལ་འབྱོར་དང༌། སྣ་ནམ་གཟའ་དཔལ་འདྲེན་གྱི་སྲས་ལྷ་ལུང་གི་དབང་ཕྱུག་ནི། ས་ཕོ་སྟག་ལ་འཁྲུངས། དགུང་ལོ་བརྒྱད་བཞེས་པའི་ཚེ་གུ་རི་བ་ཆེན་པོ་ལ་བསྙེན་གནས་དང་གཏོར་ཆོག་ལ་སོགས་པའི་ལུང་ཞུས། བཅུ་བཞི་པ་ལ་གུ་རི་བ་ལ་དགེ་བསྙེན་གྱི་སྡོམ་པ་ཞུས། བཅོ་ལྔ་པ་ལ་རྒྱ་ངུར་གྱི་མཁན་པོ་ཀླུབས་དཀར་དང༌། འཆིམས་ཕུ་ནས་དགེ་བཤེས་གཙང་པ་ཁྱུང་པོ་སྤྱན་དྲངས་ཏེ། ཀླུབས་དཀར་ལ་སློབ་དཔོན་དང་ཁྱུང་པོ་ལ་མཁན་པོ་ཞུས་ནས་བྱ་སར་རབ་ཏུ་བྱུང༌། མཚན་བྱང་ཆུབ་རིན་ཆེན་དུ་བཏགས། ཀཱ་རི་ཀཱ་ཡང་གསན། སུམ་བརྒྱ་པ་ཚར་གཉིས་གསན་པས་མཁྱེན་ནས་ལོ་དེ་ཉིད་ལ་སྦུ་གུ་དོར་གསུངས། དགེ་བཤེས་བྱ་འཆད་ཁ་བའི་སྐུ་འབག་གཟིགས་པས་ཤིན་ཏུ་དད་པས། འདི་ཇི་སྐད་བྱ་བ་ཡིན་བྱས་པས། འཆད་ཁ་བ་བྱ་བ་ཡིན་འདས་ཟེར། ད་ལྟ་སེ་བཞུགས་བྱས་པས། དེ་ལ་ཡང་དད་པར་བྱུང་སྟེ་སྤྱན་སྔར་བྱོན། གྲྭ་པ་ཐམས་ཅད་ལོག་ནས་སྤྱིལ་པོ་ཅིག་བརྩིགས། དགུང་ལོ་ཉི་ཤུ་རྩ་བཞི་ལ་སེའི་ཞལ་ནས། དགེ་སློང་གིས་གསུང་བས། རྒྱ་སར་སྒང་ནས་མཁན་པོ་གླན་གདན་དྲངས་ནས་མཁན་པོ་ཞུས། སློབ་དཔོན་ཞང་གིས་ལས་ཆོག་པ་མཛད། གཉགས་ཀྱིས་གསང་སྟེ་བ་མཛད་དེ་བསྙེན་པར་རྫོགས། ཁ་ཆེ་པཎ་ཆེན་ལ་སོགས་པའི་བླ་མ་མང་དུ་བསྟེན། ལྷ་ལུང་གི་དབང་ཕྱུག་གིས་སེ་སྤྱིལ་བ་གཤེགས་རྗེས། ལྕགས་ཁྱི་ནས་ཆུ་འབྲུག་གི་བར་ལོ་བཞི་བཅུ་རྩ་གསུམ་གདན་ས་མཛད། རང་ལོ་བདུན་ཅུ་རྩ་ལྔ་པ་ཆུ་འབྲུག་ལ་གཤེགས། བྱང་ཆུབ་ཀྱི་སེམས་རླབས་པོ་ཆེ་མངའ་ཞིང༌། དོན་ཡོད་ཞགས་པ་ལ་སོགས་པའི་ཡི་དམ་མང་པོའི་ཞལ་གཟིགས། བཀའ་འགྱུར་རོ་ཅོག་གི་ལུང་མངའ་བས་ནི་ལུང་གི་དབང་ཕྱུག་ཅེས་གྲགས། ལྷ་འགྲོ་བའི་མགོན་པོ་ནི། ཡབ་ཇོ་འབག །ཡུམ་ལྷ་འབྲི་སྒང་པའི་ལྕམ་མོ་ལྷ་གཅིག་འཛམ་གླིང་གཉིས་ཀྱི་སྲས་སུ་མེ་ཕོ་རྟ་ལ་འཁྲུངས། ལོ་དྲུག་ལོན་པའི་ཚེ་དཀོར་འདུལ་བ་འཛིན་པ་ཆེན་པོ་ལ་བསྙེན་གནས་ཀྱི་སྡོམ་པ་མནོས། བཅུ་དྲུག་པ་ལ་འཆད་ཁར་ཁུ་བོའི་ཐད་དུ་བྱོན་ནས་དགེ་བསྙེན་གྱི་སྡོམ་པ་མནོས། དེའི་མོད་ལ་སྐྱོར་མོ་ལུང་དུ་སྦལ་ཏིལ་མཁན་པོ་དང་གྲོ་ས་པའི་དགེ་བཤེས་གནས་བརྟན་ལ་སློབ་དཔོན་ཞུས་ཏེ། རབ་ཏུ་བྱུང་ནས་མཚན་བྱང་ཆུབ་འོད་དུ་བཏགས། ཕྱིས་པོ་ཏོར་དགེ་བཤེས་གནས་བརྟན་ལ་མཁན་པོ་དང༌། སྦུ་གུ་དོ་ནས་དགེ་བཤེས་རྒྱལ་ཚ་གདན་དྲངས་ནས་ལས་ཀྱི་སློབ་དཔོན་ཞུས། ཇོ་བཙུན་པས་གསང་སྟེ་མཛད་དེ་བསྙེན་པར་རྫོགས། ཁུ་བོ་ལ་ཆོས་མང་དུ་གསན། ཁུ་བོ་གཤེགས་ནས་ཆུ་སྦྲུལ་ལ་གདན་ས་མཛད་དེ། ས་ལུག་གི་བར་ལོ་ཉི་ཤུ་རྩ་བདུན་བཞུགས་ནས་བསྟན་པོའི་བདག་པོ་མཛད་དེ། པོ་ཏོ་གནས་བརྟན་དང་བཀའ་གདམས་གཞུང་པའི་བཤེས་གཉེན་རྣམས་གྲོས་མཛད་དེ། པོ་ཏོ་སྡེ་མ་ལག་དང་བཅས་པ་ཕུལ། ཀོང་པོ་ནས་རྟ་བར། སྦུ་ཆུ། བྱང་ལུང་གསུམ་གྱི་ཐོག་དྲངས་པའི་སྡེ་པ་སུམ་བརྒྱ་ཙམ་གྱི་གཙུག་ལག་ཁང་གི་ལྡེ་མིག་གཏད་ནས་ཕུལ། དྭགས་པོ་ནས་བླ་མདའ་དང༌། ཀན་མོ་ན་ཤོད་ཀྱིས་ཐོག་དྲངས་པའི་སྡེ་པ་མི་སྡེ་དང་བཅས་པ་ཕུལ། ཕྱིས་ཀྱང་ཡུན་རིང་པོར་དེ་རྣམས་སུ་དཀོན་གཉེར་དང་མི་དཔོན་བསྐོས། གཉལ་ནས་ཟངས་པོ་ཆེ་བ་ཆེན་པོས་སྤྱན་དྲངས་ཏེ། སྐུ་འབུམ་ཆེན་མོའི་རབ་གནས་མཛད། ཟངས་པོ་ཆེ་སྡེ་མ་ལག་དང་བཅས་པ་ཕུལ་ནས། གཙུག་ལག་ཁང་གི་ལྡེ་མིག་ཕུལ། རོང་རྩེ་དཀར་དུ་གདུང་ཁང་ཆེན་མོའི་རབ་གནས་ལ་སྤྱན་དྲངས་ནས་སྡེ་མ་ལག་དང་བཅས་པ་ཕུལ། དུས་ཕྱིས་ཀྱང་ཟངས་པོ་ཆེ་དང་བྲ་གོར་ན་སྤྱིལ་བུ་བའི་ཆོས་བརྒྱུད་འཛིན་པ་མང་དུ་བྱུང་ངོ༌། གཡེ་རུ་ཡང་བུ་དལ་ལ་སོགས་པ་ནས་ཡོན་བདག་བུ་སློབ་མང་དུ་བྱུང༌། སྤྱིར་ཡི་དམ་གྱི་ལྷ་མང་པོ་ཞལ་གཟིགས་ཀྱང༌། གཙོ་བོར་མི་གཡོ་བ་དང་དབྱེར་མེད་པས་ལྷ་སྟག་ཤམ་ཅན་དུ་གྲགས། ཡར་ཀླུངས་སུ་གོང་པོ་རི་ལ་སེང་གེ་སྒྲའི་ཞལ་གཟིགས། པོ་ཏོ་ན་ཁོང་ལ་ཆོས་གསུངས་པའི་ཐུབ་པའི་སྐུ་ཞིག་ཀྱང་བཞུགས། སྤྱིལ་བུར་ཚུལ་ཞུགས་ཅིག་གི་དུས་སུ་གནས་བརྟན་བཅུ་དྲུག་དངོས་སུ་བྱོན་པས། འགྲོ་བའི་མགོན་པོ་ལ་གནས་བརྟན་བཅུ་དྲུག་གིས་བསྐོར་བའི་ཐང་སྐུ་ཡང་མང་དུ་འཕེལ། དབྱར་གནས་ཀྱི་ཚེ་གནས་བརྟན་བཅུ་དྲུག་དངོས་སུ་བྱོན་པས། འགྲོ་བའི་མགོན་པོ་ལ་གནས་བརྟན་གསོལ་འདེབས་ཀྱང་བྱེད། ལྷ་སར་ཇོ་བོས་ཆོས་གསུངས་ཤིང༌། རྭ་སྒྲེང་དུ་བྱོན་པའི་ཚེ་ཨ་ཏི་ཤ་ཡང་དངོས་སུ་བྱོན། འདམ་དུ་ལྷ་མོ་ཆེ་ཞིག་ལ་གདོན་ཞུགས་ནས་སུས་ཀྱང་མ་ཐོན་པ་ལ། དེར་བྱོན་ནས་བགེགས་སྐྲོད་མཛད་པས། ལྷའི་མཆན་ཁུང་གཉིས་ནས་ཕུག་རོན་རེ་འཕུར་ཞིང༌། དེ་གཉིས་སྤྱང་ཀིར་སོང་བ་ཀུན་གྱིས་མཐོང་བ་བྱུང་སྟེ། དེ་ནས་རབ་གནས་ལེགས། འགྲོ་བའི་མགོན་པོ་འཕགས་པ་ཕྱིར་ཐེགས་དུས་དགེ་བའི་བཤེས་གཉེན་གཞན་རྣམས་ཕྱིར་ལོག །དགེ་བའི་བཤེས་གཉེན་འགྲོ་མགོན་ལ། ཁྱེད་དང་འབྲལ་མི་ཕོད་པར་འདུག་ལྷན་ཅིག་ཏུ་གཤེགས་གསུང་ནས་ཤ་ཕོ་སྲང་བར་བྱོན། མཁས་བཙུན་དང་མི་ཆེན་མང་པོའི་དོན་མཛད་ནས་དོན་བཞི་པ་ས་མོ་ལུག་གི་ལོ་ལ་སྤྱིལ་བུར་གཤེགས། གདུང་བཞུ་བས་ལྷ་སྐུ་ལ་སོགས་པའི་རྟེན་མང་དུ་བྱོན་པ་ལས། སྤྱིལ་བུའི་ནང་རྟེན་གསེར་སྐུའི་ནང་དུ་སྤྱན་བཞུགས། ཐུགས་འཆད་ཁ་བས་གདན་དྲངས་ནས་ངོ་སྒྲའི་གདུང་ཁང་ན་བཞུགས། ལྗགས་སྦུ་གུ་དོར་གདན་དྲངས་ནས་བྱང་ཆུབ་ཆེན་པོའི་ནང་ན་བཞུགས། དུང་གཡས་འཁྱིལ་བཞི་བྱོན་པ་ལ། གཅིག་རུག་པའི་གསེར་སྐུར་བཞུགས། གཅིག་སྤངས་པའི་རྟེན་སྐལ་ལ་གདུང་ཁང་དུ་བཞུགས་ནས་དོ་སྒྲ་ན་ཡོད། གཅིག་ད་ལྟ་སྤྱིལ་བུའི་རྟེན་ལྟང་སྟོན་པ་ལ་བཞག་གོ ། ལྷ་བྲག་ཁ་བ་བློ་གྲོས་ཡེ་ཤེས་ནི། ཇོ་བོ་ཤཱཀྱ་བཀྲ་ཤིས་དང་སྐྱོ་མོ་དར་རྒྱན་གྱི་སྲས་སུ་ལྕགས་ཕོ་ཁྱི་ལ་བྱེ་ཆུང་དུ་འཁྲུངས། ལྷ་འགྲོ་བའི་མགོན་པོའི་ཞབས་ལ་གཏུགས། སྦས་པ་སྟོན་གཞོན་གྱི་ཡོན་ཏན་བུམ་པ་གང་བྱོའི་ཚུལ་དུ་མཁྱེན། ལྕགས་ཕོ་སྤྲེའུ་ནས་མེ་བྱའི་བར་ལོ་ཉི་ཤུ་རྩ་བདུན་གདན་ས་མཛད། འགྲོ་བའི་དོན་རྒྱ་ཆེན་པོ་བྱུང་ངོ༌། །རང་ལོ་སུམ་ཅུ་རྩ་བདུན་གྱི་བར་དུ་བཞུགས། སྦས་པ་སྟོན་གཞོན་འདི་ཤིང་ཕོ་སྤྲེའུ་ལ་འཁྲུངས།དེའི་རྗེས་སུ་ལྷ་ཟུར་ཁང་པ་ནི། ཇོ་བོར་གྱི་སྲས་སུ་མེ་མོ་གླང་ལ་འཁྲུངས། ལྷ་བྲག་ཁ་བའི་ཞབས་ལ་གཏུགས་ནས། དགེ་བསྙེན་གྱི་སྡོམ་པ་མནོས། མཁན་པོ་ལྷག་རུ་བ་ཆེན་པོ་དང་སྦས་པ་སྟོན་གཞོན་གྱིས་སློབ་དཔོན་མཛད་ནས་རབ་ཏུ་བྱུང༌། མཚན་དབང་ཕྱུག་ཡེ་ཤེས་སུ་བཏགས། དེ་ཉིད་ལས་བྱམས་ཆོས་དང་ཚིག་འཇུག་ལ་སོགས་པ་གསན་ནས་ཐོགས་པ་མེད་པར་མཁྱེན། མཁན་པོ་ལྷག་རུ་བ་ལ་མཛོད་གསན་ནས་ཚོགས་སུ་གསུངས། མེ་མོ་ཕག་ལ་གདན་ས་མཛད་ནས་བཞི་པ་ལ་གདན་ས་གཏད། མཐར་རང་ལོ་དྲུག་ཅུ་རྩ་གཅིག་པ་མེ་གླང་ལ་གཤེགས། ཐུགས་ལྗགས་སྤྱན་གཡས་འཁྱིལ་གྱི་དུང་ལ་སོགས་པའི་རྟེན་ངོ་མཚར་ཅན་མང་དུ་བྱོན་ནོ། ། དེའི་རྗེས་སུ་ལྷ་བློ་གྲོས་འོད་ནི། མང་མངའ་བདག་གྲགས་པ་རིན་ཆེན་དང༌། ཡུམ་ལྷ་གཅིག་རྡོ་རྗེའི་སྲས་ཆེ་ཤོས་སུ་ཤིང་མོ་བྱའི་ལོ་ལ་འཁྲུངས། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་དང༌། སློབ་དཔོན་ཀུན་དགའ་ལ་སོགས་པ་ལ་དབང་གདམས་ངག་མང་དུ་གསན། དེ་ནས་ལྷ་ཟུར་ཁང་བའི་ཞལ་བརྡས་སྤྱིལ་བུར་བྱོན་ནས། ཟུར་ཁང་བ་ལ་དགེ་བསྙེན་གྱི་སྡོམ་པ་མནོས། མཁན་པོ་ལྷག་རུ་བ་དང་སྦས་པ་སྟོན་གཞོན་གཉིས་ཀྱིས་མཁན་སློབ་མཛད་ནས་རབ་ཏུ་བྱུང༌། དགུང་ལོ་ཉི་ཤུ་པ་ལ་མཁན་སློབ་དེ་གཉིས་ལས་བསྙེན་པར་རྫོགས། ཟུར་ཁང་བ་ལ་གཞུང་གདམས་ངག་མ་ལུས་པར་གསན། བྱེ་བྲག་ཏུ་བློ་སྦྱོང་དོན་བདུན་མ་སོགས་གྲགས་པ་དང་མ་གྲགས་པའི་སྙན་བརྒྱུད་དང༌། ཁ་ཆེ་པཎ་ཆེན་ནས་བརྒྱུད་པའི་གདམས་པ་ཟབ་མོ་རྣམས་གསན། སྦས་པ་སྟོན་གཞོན་ལ་ཤེར་ཕྱིན་གྱི་སྐོར་དང༌། མཁན་པོ་གཞོན་ཚུལ་ལ་འདུལ་བའི་སྐོར་གསན། དགུང་ལོ་ཉི་ཤུ་རྩ་བདུན་པ་ལྕགས་ཕག་གི་ལོ་ལ་སྤྱིལ་བུའི་གདན་སར་བསྐོས། ཟུར་ཁང་པས་དུང་རིན་པོ་ཆེ་དང༌། འཕེལ་གདུང་དང༌། ཤཱ་རིའི་བུའི་ལྷུང་བཟེད་དང༌། ནཱ་རོའི་རུས་རྒྱན་དང༌། ཇོ་བོ་རྗེའི་ཕྱག་དྲིལ་དང༌། ཕྱག་རྡོར་དང༌། པོ་ཏོ་ལ་སོགས་གཙུག་ལག་ཁང་རྣམས་ཀྱི་ལྡེ་མིག་གཏད། སྤྱིར་གདན་ས་ལོ་བཞི་བཅུའི་བར་དུ་བསྐྱངས། འདི་བཞུགས་རིང་ལ་ས་འབྲིའི་འཁྲུག་པ་ཞི། སྤྱིལ་བུ་པ་ཡང་བདེ་སྐྱིད་ཕུན་སུམ་ཚོགས་པར་བྱུང༌། རང་ལོ་དྲུག་ཅུ་རྩ་དྲུག་པ་ལྕགས་སྟག་ལ་གཤེགས། གདུང་བཞུ་བས་རྟེན་ཁྱད་པར་ཅན་མང་དུ་བྱོན་ནོ། །དེའི་རྗེས་སུ་སྐུ་སྐྱེ་བ་དྲན་པ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་ལྷ་རིན་ཆེན་སེང་གེས་མེ་མོ་གླང་གི་བར་དུ་གདན་ས་བསྐྱངས། སྤྱིར་བྱ་འཆད་ཁ་བ་གཤེགས་རྗེས་ཀྱི་མེ་ཕོ་སྤྲེའུ་ནས་བཟུང་སྟེ། ལྷ་ཟུར་ཁང་པ་གཤེགས་པའི་མེ་མོ་གླང་གི་བར་ལོ་བརྒྱ་དང་དྲུག་ཅུ་རྩ་གཉིས་སོང་བར་ངེས་མོད་ནའང༌། དེ་རྗེས་ས་སྟག་ནས་མེ་གླང་གི་བར་གྱི་ལོ་དྲུག་ཅུ་པོ་བློ་གྲོས་འོད་དང་རིན་ཆེན་སེང་གེ་བའི་ལོར་བྱ་དགོས་ཏེ། སོ་སོའི་ངེས་པ་ནི་མ་རྙེད་དོ། །དེའི་རྗེས་ལ་ལྷ་ཤཱཀྱ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ། བསོད་ནམས་ལྷུན་གྲུབ། བསོད་ནམས་རྒྱལ་མཚན་རྣམསསོ། །དེ་ལ་ཇོ་བོས་བོད་དུ་བཅུ་གསུམ། འབྲོམ་གྱིས་བཅུ། པོ་ཏོ་བས་ཞེ་གཅིག །ཤར་པ་བས་སུམ་ཅུ་རྩ་དྲུག །འཆད་ཁ་བས་སུམ་ཅུ་རྩ་བཞི་སྟེ། ཇོ་བོ་བོད་དུ་བྱོན་ནས་འཆད་ཁ་བ་གཤེགས་པའི་བར་ལོ་བརྒྱ་དང་སུམ་ཅུ་རྩ་བཞི། ཟུར་ཁང་པ་གཤེགས་རྗེས་ཀྱི་ས་ཕོ་སྟག་ནས་དིང་སང་གི་མེ་ཕོ་སྤྲེའུ་ཡན་དུ་ལོ་བརྒྱ་དང་སུམ་ཅུ་རྩ་དགུ་སོང་སྟེ། དེའི་རིང་ལ་བློ་གྲོས་འོད་ལ་སོགས་པའི་ལོའི་ངེས་པ་བཙལ་བར་བྱའོ། །ཤར་པ་བ་ནས་འཆད་ཁ་བའི་སྐབསསོ། །

༥.༥ སྣར་ཐང་པའི་སྐབས། ཤར་བའི་པ་སློབ་མ་གཏུམ་སྟོན་བློ་གྲོས་གྲགས་ལ། ཁྱོད་ཀྱིས་དགེ་སློང་བཞི་སྡེ་རེ་དང་འགྲོགས་ཤིག་ཅེས་ཤར་པ་བས་ཞལ་ཆེམས་གསུངས་པ་ལས། གཏུམ་སྟོན་གྱིས་ལྕགས་མོ་བྱ་ནས་ཆུ་ཕོ་སྤྲེའུའི་བར་སྣར་ཐང་དང་ཉེ་བའི་གནས་ཅི་རིགས་སུ་བཞུགས་ཏེ་ཐུགས་དམ་མཛད་པའི་ཚེ་འཁོར་ཁ་ཅིག་ཀྱང་འདུས་པས་ཆུ་མོ་བྱ་ལ་སྣར་ཐང་བཏབ། ལོ་བཅུ་བཞི་བཞུགས་ནས་དེ་རྟིང་ལ་སྟོད་དུ་ཐེགས། ཉིད་ཀྱི་གདན་སར་རྡོ་སྟོན་ཤེས་རབ་གྲགས་བསྐོས་ནས་དེས་གདན་ས་ལོ་ཉི་ཤུ་མཛད། དེ་རྗེས་ཞང་བཙུན་རྡོ་རྗེ་འོད་ཀྱིས་ལོ་བརྒྱད། གྲོ་སྟོན་བདུད་རྩི་གྲགས་ཀྱིས་ལོ་སུམ་ཅུ་རྩ་དགུ། ཞང་སྟོན་ཆོས་ཀྱི་བླ་མས་ལོ་བཅུ། སངས་རྒྱས་སྒོམ་པ་སེང་གེ་སྐྱབས་ཀྱིས་ལོ་བཅུ། མཆིམས་ནམ་མཁའ་གྲགས་ཀྱིས་ལོ་སུམ་ཅུ་རྩ་དྲུག །སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་ཀྱིས་ལོ་བཅོ་ལྔ། ཉི་མ་རྒྱལ་མཚན་གྱིས་ལོ་བདུན། ཟེའུ་བ་བརྩོན་འགྲུས་གྲགས་པས་ལོ་བཅུ་གཉིས། ཁོང་གི་གཅུང་པོ་གྲགས་པ་ཤེས་རབ་པས་ལོ་བཅུ་གཉིས། མཁན་ཆེན་བློ་བཟང་གྲགས་པས་ལོ་བཞི་བཅུ། འདི་ཡན་དུ་ལོ་ཉིས་བརྒྱ་དང་ཉི་ཤུ་རྩ་གསུམ་སོང༌། དེ་རྟིང་ཤིང་མོ་ཡོས་ལ་མཁན་ཆེན་ཀུན་རྒྱལ་བ་བསྐོས། ཤིང་ཡོས་དེ་ནས་མེ་མོ་བྱའི་བར་ལོ་བཞི་བཅུ་ཞེ་གསུམ་པོ་མཁན་ཆེན་ཀུན་དགའ་རྒྱལ་མཚན་པ་དང༌། དེའི་དབོན་པོ་མཁན་ཆེན་རིན་པོ་ཆེ་གྲུབ་པ་ཤེས་རབ་པས་གདན་ས་བསྐྱངས་པ་ཡིན། ས་ཕོ་ཁྱི་ལ་མཁན་ཆེན་བསོད་ནམས་མཆོག་གྲུབ་པ་བསྐོས། ཆུ་མོ་གླང་གི་བར་ལོ་བཅུ་དྲུག་གདན་ས་མཛད། གླང་གི་ལོ་ལ་ཉེ་གནས་པ་དང༌། དཔོན་སློབ་ཅུང་ཟད་མ་མཐུན་པས་མཁན་ཆེན་པ་དབུས་སུ་བཞུགས། སླར་བྱོན་ན་ཡང་ཉེ་གནས་པས་འབྱོན་དུ་མི་གཞུག་པའི་ཐབས་བྱས་པས་མཁན་ཆེན་པའི་གཅུང་པོ་དང་འཐབ་མོ་དང་ཤི་རྨད་དུམ་རེ་བྱུང༌། དེ་རྗེས་ནས་སྤྱན་སྔ་གྲགས་པ་བ། བཀའ་བཅུ་བ་བཟོད་པ་བ། འདུལ་འཛིན་དཔལ་ལྡན་བཟང་པོ་བ་རྣམས་བསྐོས་ཤིང༌། ད་ལྟ་ཤེས་རབ་རྒྱལ་མཚན་པའོ། །ཇོ་བོ་རྗེ་བོད་དུ་བྱོན་ནས་ཤར་པ་བ་གཤེགས་པའི་བར་ལོ་བརྒྱ། གཏུམ་སྟོན་གྱིས་སྣར་ཐང་མ་བཏབ་བར་དུ་ལོ་བཅུ་གཉིས། སྣར་ཐང་བཏབ་ནས་མཁན་ཆེན་གྲུབ་ཤེ་བ་ཡན་ཆོད་དུ་ལོ་ཉིས་བརྒྱ་དང་དྲུག་ཅུ་རྩ་ལྔ། སྤྱིར་ན་ཇོ་བོ་བོད་དུ་བྱོན་ནས་མེ་ཕོ་སྤྲེའུའི་ལོ་འདི་ཡན་ཆད་ལ་བཞི་བརྒྱ་དང་སུམ་ཅུ་རྩ་ལྔ་སོང་ངོ༌། །སྣར་ཐང་པའི་སྐབསསོ། །

༥.༦ ཁམ་ལུང་བ་དང་ཤར་པ་བའི་སློབ་མའི་སྐབས། ཁམ་ལུང་པ་སྒང་ཤཱཀྱ་ཡོན་ཏན་ཤིང་མོ་གླང་ལ་འཁྲུངས་ནས་ཤིང་མོ་ལུག་གི་བར་དགུ་བཅུ་རྩ་གཅིག་བཞུགས། ཆོས་ལ་ཐུན་བརྒྱད་མར་མིང་ཐོགས། ཁོང་གཤེགས་ནས་གྲྭ་པ་རྣམས་སྣེའུ་ཟུར་བའི་སར་འཁོས། ཁོང་རང་ལ་ཚོགས་པ་སྟོང་ཕྲག་རེ་ཙམ་འཚོགས། ཤར་པ་བའི་སློབ་མ་རྣམས་ཐར་གྱི་བཀའ་བབས་ཉི་མ་འདུལ་འཛིན། ལོངས་སྤྱོད་ཀྱི་བཀའ་བབས་རྣལ་འབྱོར་ཤེས་རྡོར་ཏེ། འདིས་གདན་ས་ལོ་གསུམ་མཛད། གཞུང་བཤད་ཀྱི་བཀའ་བབས་དམ་པ་སྟབས་ཀ་བ། འདིས་སྟབས་ཀ།འོད་འཇོ། ཁུ་ཕུ་དང་གསུམ་བཏབ། འོད་འཇོ་རོང་སྟོན་ཁ་བོ་ཆེས་བསྐྱངས། ཁྲ་ཕུ་མཉམ་མེད་འདུལ་བ་འཛིན་པས་བསྐྱངས་ཏེ། ཁྲ་ཕུར་འདུལ་མཛོད་ཀྱི་བཤད་པ་རིང་དུ་བྱུང་བ་ལ། ཁྲ་ཕུ་བ་འོད་འབྱུང་གིས་མཛད་པའི་འདུལ་མཛོད་ཀྱི་ཊཱི་ཀ་ཁྲབ་ལ་ཁར་དུས་ཕྱིས་དར་ཤིང་གཉལ་དུ་བྲ་གོར་དུ་ཡང་དར་རོ། །འོད་འཇོ་བ་གཞོན་ནུ་ཡོན་ཏན་མེ་མོ་ལུག་ལ་འཁྲུངས། གྱ་བདུན་པ་ཆུ་མོ་བྱའི་བར་དུ་བཞུགས། ཚོགས་པ་སྟོང་ཕྲག་རེ་ཙམ་འདུས། སྟབས་ཀ་བ་དར་མ་གྲགས་ཆུ་མོ་ལུག་ལ་འཁྲུངས། དོན་གཉིས་པ་ཤིང་ཕོ་རྟའི་བར་དུ་བཞུགས། སྟབས་ཀར་ཚོགས་པ་དྲུག་བརྒྱ་རེ་ཙམ་འདུས་ཟེར། ཁམ་ལུང་བ་དང་ཤར་པ་བའི་སློབ་མའི་སྐབསསོ། ། ༥.༧ སྤྱན་སྔ་ནས་བྱ་ཡུལ་བའི་སྐབས། སྤྱན་སྔ་ཚུལ་ཁྲིམས་འབར་ནི། ཡབ་དབས་ཤཱཀྱ་རྡོ་རྗེ། ཡུམ་ལི་མོ་ཡེ་ཤེས་སྒྲོན་གྱི་སྲས་སུ་སུ་ས་ཕོ་སྟག་གི་ལོ་ཉན་གྱི་སྣང་ར་སྒང་དུ་འཁྲུངས། བྱིས་པའི་མཚན་སྟག་ཚབ་འབར། ཉི་ཤུ་པ་ལ་རྭ་སྒྲེང་དུ་བྱོན། འབྲོམ་ལ་བསྟེན། དེ་རྗེས་རྣལ་འབྱོར་པ། དགོན་པ་བ། རྣལ་འབྱོར་པ་ཤེས་རབ་རྡོ་རྗེ་རྣམས་ལ་བསྟེན། ལོ་བཅུ་གཉིས་ལོན་པའི་ཚེ་གཙང་ནས་རྣལ་འབྱོར་མ་གོང་མོ་སྒང་པ་བྱ་བ་ཞིག་གིས་གདམས་པ་བཏབ་བྱུང་བ་དེའི་ཚད་དུ་སྐྱོལ་བ་ཙམ་མ་བྱུང་བ་ལ། དགོན་པ་བས་སློབ་དཔོན་ཀླུ་སྒྲུབ་ཀྱི་རིམ་པ་ལྔ་ཞིག་གནང་བས་དེས་དེའི་ཚད་དུ་སྐྱོལ་གསུང༌། ལོར་ལོ་དྲུག་བཞུགས། དེ་རྟིང་སྙུག་རུམ་དུ་ལོ་གསུམ་བཞུགས། དགུང་ལོ་དྲུག་ཅུ་རྩ་དྲུག་པ་ཆུ་མོ་ལུག་གི་སྨལ་པོ་ཟླ་བའི་ཉེར་གཅིག་ལ་གཤེགས། འདི་ནི་བྱིས་པའི་དུས་ནས་སྟོང་པ་ཉིད་ལ་ངེས་པ་སྐྱེས་ཤིང༌། ཐུགས་རབ་ཤིན་ཏུ་ཆེ་བས་སམ་སྐྲྀ་ཏ་ཆོས་བསྒྱུར་བར་ནུས་པ་ཙམ་ཞིག་ཀྱང་མཁྱེན། བོད་དུ་བྱུང་བའི་གསང་སྔགས་འདི་མ་བཟླས་པ་མེད་བྱ་བ་ཙམ་གྱི་བཟླས་པ་སོང༌། ཇོ་བོའི་པད་སྤུངས་ལ་དཔེ་མཛད་ནས་རིན་པོ་ཆེ་ལས་པད་སྤུངས་ཀྱང་ཤིན་ཏུ་མང་བ་བཞེངས། སཱ་ཙ་མཛད་པ་ཡང་ཕྱོགས་གཅིག་ཏུ་སྤུངས་ན་རིའི་དིའུ་ཙམ་འོང་ཟེར། ནུས་པ་ཡང་དཔག་ཏུ་མེད་ཅིང་ཆོས་སྐྱོང་རྣམས་ཀྱིས་ཀྱང་ཚུར་འཆངས་བྱས་པ་ཡིན། ཡང་ན་ཐམས་ཅད་ཀུན་རྫོབ་ཡང་ན་ཐམས་ཅད་དོན་དམ་ཞེས་བྱ་བའི་བདེན་པ་གཉིས་ཀྱི་གྲུབ་མཐའ་དང༌། ཡང་དག་པའི་ཀུན་རྫོབ་མཚན་ཉིད་བཞི་ལྡན་བྱ་བ་གཞན་གྱི་མཚན་ཉིད་བཞི་ལྡན་དང་གཏན་ནས་མི་འདྲ་བ་བཞེད་པ་ལ། དུས་ཕྱིས་སློབ་དཔོན་གཙང་ནག་པས་འདི་འདྲ་བ་གཞུང་ནས་མ་བཤད་གསུང་ཡང༌། སྤྱན་སྔའི་གསུང་དེ་ནང་གི་ཀུན་རྫོབ་ལ་བརྟེན་ནས་གསུངས་པ་ཡིན་པ་འདྲ་བས། བཞེད་པ་དེ་ལ་གནོད་པ་མེད་པར་འཁུམས། གྲུབ་རྟགས་ཀྱང་མང་དུ་བྱུང་བས། རྗེ་བཙུན་མི་ལ་དང་རྫུ་འཕྲུལ་སུ་ཆེ་ཟེར་བ་བྱུང༌། སྙུག་རུམ་དགོན་པར་གཤེགས་པ་ནི་ལོ་གནས་བརྟན་གྱིས་གུས་པར་མ་བྱས་པའི་རྒྱུ་མཚན་གྱིས་ཡིན་པར་སྣང་ངོ༌། །སློབ་མ་ཡང་འུ་ཡུག་པ་ཨ་མི། རྒྱ་རྩེ་སྒྲོ་བ། སྐུ་བསྲུངས་སྟོན་པ། ཀླུངས་ཤོད་རལ་བ། འདུལ་འཛིན་ས་ལ་གུར་སྟོན་པ། འཚེར་སྟོན། ཐང་འདུལ། འབྲོམ་འདུལ་བཞི། ཟར་བའི་ཕག་སྒོམ། ཆེད་ཆེར་བ་གཡེ་སྒོམ་པ། རུག་པའི་རྒྱ་སྒོམ། མང་ར་སྒོམ་པ་དང་བཞི། ཟར་པ་ཇོ་བཙུན། གཡེ་པའི་སྒྲེ་པ། འཕན་ཡུལ་བ་རྒྱ། ཡུལ་ཆོས། པ་ལྷ་བཟོ། སྟོད་ལུངས་པ་ཆེན་པོ། ཁྱུང་ཁམ་པོ་ཆེ། ལྷོ་བྲག་པ་ཝ་སྟོན། གཙང་པ་ཇོ་ཕད། བྱ་ཡུལ་བ་ཆེན་པོ་ལ་སོགས་པ་མང་དུ་བྱོན། སྟོད་ལུངས་པ་ཆེན་པོ་རིན་ཆེན་སྙིང་པོ་ཆུ་ཕོ་སྤྲེའུ་ལ་འཁྲུངས། གྱ་ལྔ་པ་མེ་ཕོ་སྤྲེའུའི་བར་དུ་བཞུགས། སྟོད་ལུངས་བཙན་འགྲོ་དགོན་པ་བཏབ། ཚོགས་པ་སུམ་བརྒྱ་རེ་ཙམ་འཚོགས། ཆུ་སྤྲེ་འདི་པོ་ཏོ་བ་ལྕགས་ལུག་ལ་འཁྲུངས་པའི་ཕྱི་ལོ་དེ་ཡིན། འདིས་བདུན་བཞེས་པ་ལ་སྤྱན་སྔ་འཁྲུངས། བཅུ་གཅིག་བཞེས་པ་ལ་ཇོ་བོ་བོད་དུ་ཕེབས། འདིས་ཇོ་བོ་ལ་ཤམ་ཐབས་ཁྲལ་མཇལ་མྱོང་ཟེར། ཟར་པ་ཕག་སྒོམ་གྱིས་མལ་གྲོར་ཟར་བཏབ། སློབ་མ་དེ་དག་ལས་བླ་མ་བསྙེན་བཀུར་བ་དང་གཞན་དོན་རླབས་ཆེར་སྤྱོད་པའི་ཡོན་ཏན་དང་ལྡན་པའི་དགེ་བའི་བཤེས་གཉེན་བྱ་ཡུལ་བ་ཆེན་པོ་ཡིན་ཏེ། དེ་ནི་སྟོད་ལུངས་གོལ་གོ་ལུང་དུ་ཡབ་གཡུང་དྲུང་བརྟན་འབར། ཡུམ་གྱི་ལྗང་གཟའ་ལྕམ་བུ་གཉིས་ཀྱི་སྲས་སུ་ཤིང་མོ་ཡོས་ལ་འཁྲུངས། རིང་པོར་མ་ལོན་པར་ཡབ་གཤེགས་ནས། ཡུམ་དེས་ཁྱིམ་དེ་ན་དཀོན་བརྩེགས་ཚར་གཅིག་ཡོད་པ་ཁྱེར་ནས་གཞན་ལ་བག་ལ་སོང་བས། ནེ་ནེ་མོ་ཞིག་གིས་བསྐྱངས། དགུང་ལོ་བཅུ་གཅིག་ལ་སེ་རུ་གསོལ། བཅུ་གཉིས་ལ་སྤྱན་སྔའི་སློབ་མ་ཡེ་ཤེས་རྒྱལ་གྱིས་སློབ་དཔོན་དང༌། རྣལ་འབྱོར་པའི་སློབ་མ་བྱང་གྲགས་བྱ་བས་མཁན་པོ་མཛད་ནས་དགེ་ཚུལ་མནོས། མཚན་གཞོན་ནུ་འོད་དུ་བཏགས། ལོ་བཅུ་གཉིས་པ་དེ་རང་ལ་གོལ་གོ་ལུང་གི་གཉེར་ཡང་བཟང་བ་ཞིག་མཛད། བཅུ་བཞི་ལོན་དུས་ཡུམ་ཤི་ལ་ཁད་པའི་སར་བྱོན་ནས་སྐྱབས་འགྲོ་དབོད་པ་མཛད། སློབ་དཔོན་དེས་སྟོད་ལུངས་པ་ཆེན་པོ་ལ་གཏད་ནས་ཁོང་གི་ཉེ་གནས་མཛད། དེའི་ཚེ་སྟོན་པ་གཞན་ཞིག་ཆོས་འཆད་པ་ལ་མཉན་པས་ཟིན་པར་བྱུང་སྟེ། བསླབ་བཏུས་ལ་སོགས་པའི་གཞུང་ཕལ་ཆེར་མཁྱེན་པར་བྱུང༌། ལན་ཅིག་གི་ཚེ་སྤྱན་སྔ་ཆོར་བ་ན་བཞུགས་པ་ལ། སྟོད་ལུངས་པ་མཇལ་དུ་འབྱོན་པའི་ཕྱགས་ཕྱི་མཛད་ནས་མཇལ། སྤྱན་སྔ་དེ་ནང་རེ་བཞིན་རེ་ཁའི་མནྚལ་དགུ་དགུ་མཛད་པ་ལ། བྱ་ཡུལ་བས་མནྚལ་ཐེངས་རེ་ལ་འཁོར་བ་སྤྱན་སྔས་གཟིགས་པས་མཉེས། སྤྱན་སྔས་སྟོད་ལུངས་པ་སྟོན་པ་རེ་སྐྱིད་ན། འདི་ལྟ་བུའི་ཉེ་གནས་ཡོད་པ་གསུང་བས། འོ་ན་དབུལ་ལམ་ཞུས་པས། སྤྱན་སྔས་དབུལ་ཅང་ཕོད་དམ་གསུང་ཞིང་བཞེས། སྤྱན་སྔ་དང་བྱ་ཡུལ་བས་ལྐོག་ཆད་ཀྱང་མཛད་པ་འདྲ་ཟེར། དེར་སྟོད་ལུངས་པས་དར་ཡུག་ཅིག་བཏགས་ནས་ཕུལ། ལོ་གཅིག་སོང་བ་ན་སྤྱན་སྔས་ན་བཟའ་ཕྲུགས་ཅིག་བསྐོན་ནས་སྟོད་ལུངས་པའི་སར་བཏང༌། སྟོད་ལུངས་པའི་ཞལ་ནས། ངའི་བུ་མ་ཤི་བར་ཚེ་རྗེས་གསུང༌། སྤྱན་སྔ་ནས་གང་ལ་ཡང་མི་བཀྱོན། སྟོད་ལུངས་པ་ཉེས་ན་ཉེས་པས་བཀྱོན། ལེགས་ན་ལེགས་པས་བཀྱོན་པས། སངས་རྒྱས་ཀྱི་འདུ་ཤེས་སྒོམ་དགོས་མི་དགོས་ཀྱི་ཁྱད་བྱུང་གསུང༌། ནང་གི་ཞབས་ཏོག་ཐམས་ཅད་ཁོང་གཅིག་པུས་མཛད་པས་ལག་པ་གས་གས་པར་ཞལ་ཟས་བརྫི་བ་སོགས་མཛད། མཚན་མོ་མནྚལ་བྱས་ནས་གསོལ་བ་བཏབ་པས་སྤྱན་སྔའི་ཕྱག་ན་རིང་བསྲེལ་ཡོད་པ་མང་དུ་འཕེལ། དཔོན་སློབ་སླར་ལོར་བྱོན་ནས་དབུ་རྩེ་དང་འབུམ་པའི་མཁར་ལས་མཛད་པའི་ཚེ་ས་རྡོ་ལ་མ་འཇུས་པ་མེད། ཞལ་ནས་ཀྱང་ཤེས་རབ་དང་རྫས་ཡོ་བྱད་ཀྱིས་མཉེས་པ་མ་ལགས་ཀྱང༌། ལུས་ལ་ཞོ་ཤ་ཡོད་པས་ཤ་ཁྲག་སྦུ་བར་སོང་སོང་དུ་འབུངས་པ་ཡིན་གསུང༌། སྤྱན་སྔ་ཤིན་ཏུ་མཉེས་པ་ལ་བགྲེས་པོ་གཞན་ཀུན་གྱི་ཕྲག་དོག་ཀྱང་བྱུང༌། སྤྱན་སྔའི་ཞབས་ཏོག་དང་སློབ་མ་གཞན་གྱི་ངོ་ལེན་གཉིས་ཀ་ལ་པོ་ཏོ་བས་ཐག་རིང་པོ་ནས་བསྔགས་པ་མཛད། སྤྱན་སྔའི་གསུང་ནས་ཁྱོད་ཀྱི་ཤེས་རབ་འདི་ལྷ་ས་སྙེ་ཐང་བའི་གྲྭ་པ་བྱེད་ཐང་བ་ལ་གསུང༌། ཡང་། ཁྱོད་ནི་ཐར་ཟིན་གྱི་དམ་བཞག་ཅིག་གསུང་སྐད། ཡང་སྟོད་ལུངས་པས་ལན་ཅིག་སྤྱན་སྔ་མཇལ་དུ་བྱོན་ནས། བཙུན་ཆུང་འདི་ཅི་འདྲ་ཞུས་པས། སྒོར་སོང་ནས་བྱ་གསུང་ཞིང༌། ཁོང་སྒོར་སོང་བ་དང༌། འདི་དད་པ་དང་ཤེས་རབ་ངང་གིས་ཆེ། ནམ་མཁའ་ལ་མདུང་བསྐོར་གསུང་ལོ། ཆོས་གསུང་བ་ཐམས་ཅད་ཀྱི་རྩར་འཇོག །ཉན་པའི་དགོན་པར་མང་ར་དང་བྱ་ཡུལ་བ་གཉིས་ལ་དབང་སྟབས་གཅིག་ཏུ་མཛད། མང་ར་དེ་ཕུ་ཆུང་བའི་སར་ཡོང་དུས། ད་ལྟ་ཉན་ཐོས་ཀྱི་རྫུ་འཕྲུལ་གྱིས་འགྲོ་བའི་བྱང་ཆུབ་སེམས་དཔའ་གཅིག་སྨིན་བདོ་གསུང་སྐད། སྤྱན་སྔ་མྱ་ངན་ལས་འདའ་ཁར། བྱ་ཡུལ་བས། དགེ་བའི་བཤེས་གཉེན་ལགས། མ་འོངས་པ་ན་ཐུགས་ལ་གདགས་པར་ཞུ་བྱས་པས། ཇི་སྲིད་ཆོས་ཀྱི་སྐུ་གཅིག་ཏུ་མ་གྱུར་གྱི་བར་དུ་མི་འབྲལ་ལོ་གསུང༌། གཞན་གྱི་བསམ་པ་ལ། སྤྱན་སྔའི་ཞབས་ཏོག་ཁོ་ན་ལ་འཁོལ་བ་ལ་ཆོས་མི་འོང་བསམ་པ་ཡོད་མོད་ཡི། ནང་ཞིག་ཐལ་བ་འབོད་དུ་བྱོན་པས། སྐད་གདང་གསུམ་པའི་ཁར་ཕེབས་པའི་ཚེ། བཀའ་སྡེ་སྣོད་ཀྱི་དོན་མ་ལུས་པ་ཐུགས་ལ་ལམ་གྱིས་བྱུང་བས། བླ་མའི་ཞབས་ཏོག་ལ་ཡིད་ཆེས་ཏེ། སྐྱི་སྨད་པའི་དགེ་བའི་བཤེས་གཉེན་འདི་རྣམས་བླ་མའི་ཞབས་ཏོག་ལ་མི་འབད་པར་ཐོས་པ་ཁོ་ན་འབད་པ་འདི་ནོར་བ་ཡིན་བྱ་བ་ཡང་གསུང་སྐད། སྤྱན་སྔ་གཤེགས་རྟིང་ཕུ་ཆུང་བ་དང་པོ་ཏོ་བའི་སར་འབུལ་བ་བཟང་པོ་རེ་ཡང་བསྐྱལ། པོ་ཏོ་བས་ངའི་འདིར་སྡོད་ཁང་པ་ཡང་རྩིག །རྒྱགས་ཀྱང་ངས་བྱིན་ལ་སྒོམ་དུ་གཞུག་གི་གསུངས་པ་ལ། སྟོད་ལུངས་པ་མ་མཉེས་དོགས་ནས་མ་བཞུགས། དེ་ནས་ཕུ་ཆུང་དང༌། འཚལ་ཆུང་དང༌། བྲུལ་གྱི་ར་བ་དཀར་པོ་དང༌། བྱན་དར་མ་རཏྣས་གཉེར་དུ་སྤྱན་དྲངས་ནས་བཞུགས། དེ་རྣམས་ཀྱི་དུས་ན་བྱ་ཡུལ་གྱི་ཤུལ་དེ་ན་སྔགས་བཙུན་བཟའ་མི་གཉིས་ཡོད་པས་དེ་གཉིས་ཀྱིས་གནས་དེ་ཞ་བ་ལ་ཕུལ། ཞ་བས་གླང་རི་ཐང་པ་ལ་ཕུལ། ཁོང་གིས་བརྟག་པ་མཛད་པས་དེ་གཉན་པར་འདུག་གསུང་ནས་མ་བཞེས། བྱ་ཡུལ་བ་གཙུག་ལག་ཁང་ཞིག་རྩིག་པའི་ས་ཚོལ་ཞིང་ཡོད་པ་ལ། སླར་ཞ་པས་བྱ་ཡུལ་བ་ལ་ཕུལ་བས་དགྱེས་ཏེ། ས་བདག་ཕལ་ཆེར་གནས་གཞན་དུ་སྤོ་བའི་ཆོ་ག་མཛད། ཀླུ་གཉན་ཆེ་བ་ཞིག་འདུག་པའི་སྟེང་དུ་གཟིམས་མལ་བཅས་ནས་བཏུལ། དེ་ནས་ས་དེ་ཕ་བོང་ཐག་ཐུག་དུ་ཡོད་པ་ལ་ལ་བཅག །ལ་ལ་སྦེད་པ་ལ་སོགས་པའི་རྩོལ་བ་ཆེན་པོ་མཛད། དབུ་རྩེ་ཀ་བ་བཅུ་གཉིས། ཁྱམས་ཀ་བ་བཞི་བཅུ་རྩ་གཉིས་ཡོད་པ་བརྩིགས། ཤར་པ་བ་དང་ཡང་ཐུགས་ཤིན་ཏུ་གཅུགས་པས། དེའི་ཚེ་ཁོང་གི་གྲྭ་པ་རྣམས་ཀྱང་གཙུག་ལག་ཁང་རྩིག་པའི་ལས་མི་ལ་བཏང༌། ཉེ་གནས་ཤེར་སང་བྱ་བས་ཤིང་རྣམས་མྱང་པོ་དང་ནགས་ཤོད་ནས་དྲངས། དབུ་རྩེ་ཚར་ནས་ཤེར་སང་ན་རེ། ཆེན་པོ་ཞིག་ནི་ཚར། ད་ཁེངས་པར་མཛོད་ཅིག་ཟེར་བ་ལ། བྱ་ཡུལ་བའི་ཞལ་ནས་ཤོང་བར་གྱིས་ཤིག་གསུང༌། ཁྱམས་སྟོད་ཚར་ཁྱམས་སྨད་མ་ཚར་བ་ལ། གནས་བརྟན་སེ་ཆུང་བ་བྱ་བས་ཤེར་སང་ལ་དུག་བཏང་ནས་འཆི་ཁར་བྱ་ཡུལ་བས་ཁྱོད་འཇིགས་མི་དགོས་ང་དང་ལྷན་དུ་འོང་གི་གསུང་ནས། བུམ་ཆོག་མཛད་པས་ངན་སོང་ནས་ཐོན་གསུང༌། གཙུག་ལག་ཁང་ལེགས་པར་ཚར་ནས་དབུ་རྩེར་འབུམ་ཚར་བདུན་ཅུ་ཙམ་གྱིས་ཐོགས་དྲངས་པའི་རྟེན་དང༌། ས་རྒྱན་གནམ་རྒྱན་མི་ཤོང་བ་ཙམ་བྱུང༌། དེ་ནས་དབྱར་ཆོས་བྱ་ཡུལ་དུ་མཛད། དུས་གཞན་དུ་སྐྱི་སྨད་ལ་སོགས་པར་ཡང་ཆོས་གཞི་མང་དུ་བསྐོར་ཞིང་འགྲོ་བའི་དོན་རྒྱ་ཆེར་མཛད། བྱ་ཡུལ་ལ་བཞུགས་པའི་ཚེ་དྭགས་པོ་སྙི་སྒོམ་གྱིས། དགེ་བའི་བཤེས་གཉེན་ལགས། ཁྱེད་ཀྱི་ཐུགས་ལ་བདེན་གཉིས་ཇི་ལྟར་སྐྱེས་གསུང་པར་ཞུ་དང་བྱས་པས། བྱ་ཡུལ་བའི་ཞལ་ནས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་དོན་དམ་བྱང་ཆུབ་ཀྱི་སེམས་གཉིས་རྒྱུད་ལ་སྐྱེས་གསུང༌། ཡང༌། འོ་ན་རང་གི་སེམས་ཉིད་གཞིགས་ནས་སྟོང་པར་གཏོང་བ་ལགས་སམ། ཕྱི་རོལ་གྱི་ཡུལ་གཞིགས་ནས་སྟོང་པར་གཏོང་བ་ལགས་ཞུས་པས། བྱ་ཡུལ་བའི་ཞལ་ནས། མདའ་དུམ་ཁོང་དུ་བཞག་ནས་རྨ་ཁ་ལ་ཚིལ་བུས་བསྐུས་པའི་ཆོས་ཀྱིས་གར་ཡང་མི་ཕྱིན། རྐུན་མ་ནགས་རི་ལ་སོང་བ་ལ་རྗེས་གྲྭ་སར་སྤྱོད་པའི་ཆོས་ཀྱིས་གར་ཡང་མི་པྱིན་པས་རང་གི་སེམས་འདི་སྟོང་པར་གཏོང་བ་ཡིན། དེས་ཕྱི་རོལ་སྒྲོག་རང་གྲོལ་ལ་འགྲོ། ཐམས་ཅད་སྟོང་པ་ཉིད་ཡིན་གསུང༌། འདི་ཇི་ཙམ་ན་ཐུགས་ལ་འཁྲུངས་ཞུས་པས། ང་དང་པོ་སྤྱན་སྔའི་ཞབས་ཏོག་བྱེད་པའི་དུས་ན་སྐྱེས་པ་ཡིན་གསུང༌། མཉམ་བཞག་དང་རྗེས་ཐོབ་ཡོད་དམ་མེད་ཞུས་པས། མཉམ་བཞག་དང་རྗེས་ཐོབ་གཉིས་མེད། ཡོད་ན་ངའི་སྤྱོད་ལམ་དང་འཁོར་འདི་རྣམས་ཅི་ཙུག་བྱེད་གསུང༌། འདི་རྣམས་ཀྱིས་ཐུགས་དམ་ལ་མི་གནོད་དམ་ཞུས་པས། མི་གནོད་གསུང༌། དང་པོ་སྒོམ་པའི་ཚེ་སྒོ་འབྱེད་གཅོད་ཀྱི་སྒྲས་ཏིང་ངེ་འཛིན་ལ་གནོད་པ་བྱུང་བས། སྒོ་དང་ཉེ་བར་གཟིམས་མལ་བཅས་ནས་བསྒོམས། ཕྱིས་ནི་སློབ་མ་རྣམས་ལ་སྒོམ་དུ་གཞུག་པའི་ཚེ་རོལ་མོ་དཀྲོལ་ཞིང་སྒོམ་དུ་གཞུག །གཞན་གྱིས་བལྟས་ན་རོལ་མོ་དཀྲོལ་བ་ཁོ་ན་ལ་དགྱེས་པ་ཡིན་ནམ་སྙམ་པ་བྱུང༌། སྤྱན་སྔ་གཤེགས་ཁར་ཁྱོད་བསྙེན་རྫོགས་མ་བྱེད་ཅིག་གསུང་བས་བསྙེན་རྫོགས་ཡུན་རིང་དུ་མ་གྲུབ། ཕྱིས་གསོལ་བ་བཏབ་པས་གདུང་རྟེན་གཅིག་ལ་ལུགས་ལན་གཉིས་མི་དགོས་གསུང་བ་རྨིས། ཡང་གསོལ་བ་བཏབ་པས་སྣམ་སྦྱར་རྒྱ་གར་མ་ཞིག་གནང་བ་རྨིས་པས། དགེ་སློང་བྱེད་པར་གནང་བ་ཡིན་སྙམ་ནས་དགེ་བཤེས་རྔོག་ཆོས་དབང་གིས་མཁན་པོ་མཛད་མང་རས་སློབ་དཔོན་མཛད། རྒྱ་ཤེས་རབ་འབར་གྱིས་གསང་སྟེ་མཛད་ནས་བསྙེན་པར་རྫོགས། གླང་ཐང་པ་ལ་མདོ་རྩ་ཚར་གཅིག །ཤེས་རབ་འབར་ལ་ཚར་གསུམ་སྟེ་ཚར་བཞི་གསན། གཞན་གྱིས་ཆོས་གསན་དུས་ན་ཟིན་བྲིས་མཛད་དམ་མ་མཛད་ཞུས་པས། ཟིན་བྲིས་འདྲ་བས་གར་ཡང་མི་ཕྱིན། ཆོས་ཐམས་ཅད་དུས་གཅིག་ལ་ལམ་ཤེས་དགོས་པ་ཡིན་གསུང༌། དེ་ནས་བྱ་ཡུལ་བ་རྣམས་ཁྱེད་རང་གིས་མདུན་མ་བྱུང་ན་ཆ་རྐྱེན་འཐོག་པ་མེད་ཅིག་གསུང་བ་དང༌། སང་ཕོད་མྱ་ངན་ལས་འདའ་བའི་ད་ལོ་སྤྱན་སྔའི་འདས་མཆོད་དུ་བུ་རམ་ལག་པས་ཐེག་ཚད་རེ་བཀྱེ། ཕྱིས་འགྲུབ་པའི་ངེས་པ་མེད་གསུང་བ་ལ། མྱུར་དུ་མྱ་ངན་ལས་འདའ་བའི་གསུང་ཡིན་པར་མ་གོ །དེ་ལྟར་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད་ནས། དགུང་ལོ་དྲུག་ཅུ་རྩ་བཞི་པ་ས་ཕོ་རྟའི་སྨིན་དྲུག་ཟླ་བའི་ཚེས་བཅོ་བརྒྱད་ལ་དང་པོར་སྐྱིལ་དཀྲུང་མཛད་ནས་ཐུགས་དམ་མཛད། དེ་རྟིང་སྒོམ་པ་བྱང་བླ་ལ་གཉེས་སེ་མཛད་ནས་སེང་གེའི་ཉལ་སྟངས་ལྟར་བྱ་གསུང་ནས། སྤྱི་བོ་ན་ཡང་རླངས་པ་ཆེན་པོ་ཞིག་ཕྱུར་གྱིས་བྱུང་ནས། དབུ་ཟིལ་བ་ཕྲོམ་མེ་བ་ལ་མྱ་ངན་ལས་འདས། དེ་ནས་སྤུར་གནས་བརྟན་རྣམས་ཀྱིས་བདག་བྱས་ནས་གྲྭ་པ་ཉིས་སྟོང་ལ་དབང་མ་བྱུང་བ་ལ། རོམ་པོ་བའི་གསུང་གིས། བྱང་ཆུབ་སེམས་དཔའ་ཆེན་པོ་དེའི་སྤུར་རུལ་དུ་བཅུག་ན་དྲི་ངན་པར་ཚོར་བ་ཐམས་ཅད་དམྱལ་བར་འགྲོ་བས་སྤུར་སྦྱོངས་གསུང་བ་ལ་བརྟེན་ནས། དབུ་རྩེའི་ཡང་ཐོག་ཏུ་སྤུར་སྦྱངས་པས་ལྷ་སྐུ་དང་སོ་སོའི་ཕྱག་ཏུ་རིང་བསྲེལ་མང་པོ་བྱོན་ཞིང༌། དུ་བས་གར་ཁྱབ་ཏུ་ཡང་རིང་བསྲེལ་བྱོན། གྲྭ་པ་ཉིས་སྟོང་རེ་བྱུང་བའི་ནང་ནས་ཏིང་ངེ་འཛིན་སྐྱེས་པ་ལྔ་བརྒྱ། དགེ་བཤེས་ཇག་རྩེ་འཆའ་བ་བརྒྱ་དང་བཅུ། དེ་དག་གི་ནང་ནས་ཕྱིའི་ཆེན་པོ་དགུ། བར་གྱི་ཆེན་པོ་བརྒྱད། ནང་ཐུགས་ཀྱི་སྲས་གསུམ་ལས། ཕྱིའི་ཆེན་པོ་དགུ་ནི། ཁམས་ནས་རབ་ཁ་བ་ཆེན་པོ། དྭགས་པོ་ནས་ཤ་བ་གླིང་པ་ཆེན་པོ། འོ་ཐང་པ་ཆེན་པོ། རྒྱ་རི་བ་ཆེན་པོ། གཙང་ནས་འོམ་ཐང་པ་ཆེན་པོ། མུ་སྨན་ཕྱར་ཆེན་པོ། ཉག་མོ་བ་ཆེན་པོ། ཏ་ཆེན་པོ། རྣམ་འཕར་བ་ཆེན་པོ། ངང་ཚང་བ་ཆེན་པོ་ཡང་ཟེར། བར་གྱི་ཆེན་པོ་བརྒྱད་ནི། དགོན་ཆེན་པོ། ཆག་མལ་བ་ཆེན་པོ། བཀྲ་ཤིས་སྒང་བ་ཆེན་པོ། དགྱེར་སྒོམ་ཆེན་པོ། ཁྲོམ་བཞེར་ཆེན་པོ། བུལ་བ་བ་ཆེན་པོ། བང་ར་བ་ཆེན་པོ། ཀུ་ཇོལ་བ་ཆེན་པོའོ། །དུམ་བུ་རི་བ་ཆེན་པོ་ཡང་ཟེར། ནང་ཐུགས་ཀྱི་སྲས་གསུམ་ནི། གཙང་བ་རིན་པོ་ཆེ་རྡོ་རྗེ་མི་བསྐྱོད། རི་མོ་ཅན་པ་རྒྱ། ཕྱག་རྗེ་བ་སྣུབས་མཆོད་གནས་གསུམ་མོ། །གཞན་ཡང་གཉལ་བར་སྟོན། གཙང་པ་འབའ་རིལ། གཙང་པ་ཀེ་རུ། ལྷོ་པ་བཀྲ་ཤིས་སྒང་པ། ངུར་པ་གཡུང་ཤེ། གྲབ་ཀྱི་ཕག་ཚང་བ། ཞོག་ཀྱི་ན་མོ་བ། བ་ལམ་པ་བླ་མ། ལ་མོ་བ། མྱང་སྟོད་འབའ་ལེ། གཡོར་བོ་ཀེ་ཏུ། དོལ་བ་ཤཱཀ་གཞོན། གཡུ་ལུང་པ་ལ་སོགས་པ་མང་དུ་བྱོན་ཏེ། འདི་རྣམས་ཀྱིས་ཀྱང་གནས་དགོན་སོ་སོར་གཟུང་ནས་འགྲོ་བའི་དོན་རྒྱ་ཆེན་མཛད། དེའི་རྗེས་སུ་གཙང་པ་རིན་པོ་ཆེས་གདན་ས་མཛད་པ་ཡིན་ཏེ། དེ་ནི་གཙང་གི་སྣུབས་ཡུལ་རོང་དུ། ཡབ་སྣུབས་ཨ་ལ་ལ་བྱ་བའི་སྔགས་པ་ཆེན་པོ་ཞིག་དང༌། ཡུམ་རལ་རྒྱགས་གཟའ་ལྕམ་མི་བྱ་བ་གཉིས་ཀྱི་སྲས་སུ་བྱ་ཡུལ་བས་ལོ་གཉིས་བཞེས་པའི་མེ་མོ་སྦྲུལ་ལ་འཁྲུངས། སྔོན་གྱི་བག་ཆགས་ཀྱིས་ཕོར་པར་ཟན་བཅུག་ནས་ཆུ་བླུགས་ཏེ་མིག་ཟིམ་མེ་བྱས་པས། ཡབ་ཀྱིས་དེ་བསྡུས་པ་ལ་བཤུམས་པ་ཞིག་ཀྱང་དྲན། མཁའ་འགྲོ་མ་ནམ་མཁའ་གང་བ་ཞལ་གཟིགས། ཁྱད་པར་དུ་མཁའ་འགྲོ་མ་འབར་མ་བྱ་བ་ན་བཟའ་སྔོན་པོ་ཅན་ཤིན་ཏུ་མི་སྲུན་པ་ཞིག་གིས་རལ་གྲི་འོད་ལྷག་ལྷག་པ་ཞིག་ལག་ཏུ་གཏད་བྱུང་བས། དེ་གཟུང་སྟེ་ནམ་མཁར་ཕྱིན་པས། རྡུགས་པ་རེ་བྱུང་བས། བླ་མས་འདྲེན་དགོས་པའི་ཞིང་དུ་གདའ་གསུང༌། ལོ་བཅུ་གཉིས་ལོན་པའི་ཚེ་སྣང་དམིགས་ཀྱི་དངོས་པོ་འདི་ཐམས་ཅད་ལ་གྱ་གྱུའི་སྣང་བ་བྱུང་བས། སྔོན་གྱི་སྒོམ་འཕྲོ་ཡིན་པར་འདུག་སྟེ་ངོ་མ་ཤེས། དེ་དུས་སྤྱན་སྔ་ཡབ་སྲས་ལྟ་བུ་དང་མཇལ་ན་ཚེ་འདི་ཉིད་རང་ལ་བྱ་བ་བྱས་ཏེ་འོང་གསུང་བ་ལ། གླང་ལུང་པས་སློབ་དཔོན་པའི་མཁྱེན་པ་དང་ཐུགས་དམ་འདི་ལས་འཕུལ་ས་བྱེད་ན། སློབ་དཔོན་བྷ་བྱ་ལྟར་ཚེ་འདི་ཉིད་ལ་རིག་འཛིན་གྱི་གནས་སུ་གཤེགས་པ་ཞིག་བཞེད་པ་ལགས་སམ་ཞུས་པས། དེ་ཡིན་གསུང༌། དེ་དུས་སྔགས་པ་འདྲ་བ་ལ་དབང་ཞུས་པས་སྨིག་རྒྱུ་ལྟ་བུའི་སྣང་བ་དེ་ཡལ་ནས་སོང༌། དེ་བར་ཆད་དུ་འདུག་པ་ལ་བྱིན་རླབས་ཀྱིས་བར་ཆད་བསལ་བ་ཡིན་སྙམ་པ་བྱུང༌། དེ་ནས་སྔགས་མཚན་ཉིད་ཀྱི་ཐོས་པ་ལ་འདི་མ་མཛད་བྱ་བ་མེད། བླ་མ་ལ། ལོ་ཙཱ་བ་རང་ཡང་རྔོག་ལོ། གཉན་ལོ། བ་རི་ལོ། ཙཱ། རྭ་ལོ། བཙན་ཁ་བོ་ཆེ་སྟེ་ལྔ་ཙམ་ལ་གཏུགས། བཙན་ཁ་བོ་ཆེ་ལ་མདོ་སྡེ་རྒྱན་གསན་པས་ཚར་གཅིག་ལ་མཁྱེན། མ་ཧཱ་མ་ཡཱའི་དཔེ་གཟིགས་པས་ཚིག་དོན་གཞན་ཐམས་ཅད་ཐུགས་སུ་བྱུང་བ་ལ། ཤོ་ལོ་ཀ་གཅིག་ལ་འདི་ཅི་ཟེར་སྙམ་པ་བྱུང་བས། ཕྱིས་གཉལ་ཆུང་བ་བྱ་བ་ལ་གསན་པས། གཞན་རྣམས་འདྲ་བ་ལ། ཚིགས་བཅད་གཅིག་པོ་དེ་རྒྱ་དཔེ་ལ་མེད་གསུང་ནས་བཤད་པ་མ་བྱུང༌། དེ་ཉིད་བསྡུས་པའི་སྟོད་འགྲེལ་ལ་གཟིགས་རྟོག་མཛད་པས། དེའི་བརྗོད་བྱ་ཟབ་མོ་ལ་དད་པས་ཞག་འགའ་ཡར་དུ་ནམ་མཁའ་རྣམ་པར་དག་པ་ལྟ་བུའི་སྣང་བ་མ་བསྒོམས་པར་བྱུང༌། ནམ་མཁའ་ལས། ཆོས་ཉིད་འོད་གསལ་རྟོགས་པ་ལས། ཆོས་རྣམས་མ་ལུས་ཤེས་པར་འགྱུར། ཟེར་བའི་སྒྲ་ཞིག་བྱུང༌། དེ་ཙ་ན་རོ་སྟོད་རྒྱངས་ཀྱི་བསྙུང་བ་ལ། མི་དཀར་པོ་རལ་པའི་ཐོར་ཅོག་ཅན་ཞིག་གིས་རིལ་བ་སྤྱི་བླུགས་ནས་བདུད་རྩི་བླུགས་ནས་ཐམས་ཅད་གང་བའི་སྣང་བ་བྱུང་བས་བསྙུན་དེ་དྭངས། དེ་ནས་ཐུགས་དགོངས་ལ་རྒྱ་གར་དུ་བྱོན་ལ་པཎྚི་ཏ་གཅིག་གཉིས་ལ་གཏུགས། བོད་ཀྱི་ཆོས་དང་ཨེ་མཐུན་དང་སྐྱེད་ཨེ་ཐོན་གཟིགས་དགོས་སྙམ་ནས་བྱོན་པས། དིང་རིར་དམ་པ་དང་མཇལ། དམ་པ་བཞེངས་པ་དང་ཐུག་པས། མི་ཀུན་མི་འདི་བསོད་ནམས་ཆེ་ཟེར། དེ་ནས་དགེ་བཤེས་ཉིད་ཀྱི་རལ་གུ་ནག་པོ་ཞིག་ཡོད་པ་དྲིལ་ནས་མགོ་ཐོག་ཏུ་བཞག །བྱང་ཆུབ་ཆེན་པོའི་ཙཀྐ་ལི་ཞིག་ཕྱག་ཏུ་གཏད། ཁུར་མངས་ཀྱི་མེ་ཏོག་ཞིག་གཏོགས་ནས་ཆུ་ལ་བསྐུར་དུ་བཅུག །རྡོ་བ་ཅིག་ཤར་ཕྱོགས་སུ་འཕེན་དུ་བཅུག་བྱུང་བ་ལ། མི་ཚན་ཞིག་གིས་མི་འདི་ལ་དེ་བཟང་ཟེར། ན་བཟའ་མགོ་ཐོག་ཏུ་བཞག་པ་དེ་ལྷ་མི་རྣམ་པ་གཉིས་ཀྱིས་བཀུར་བ་ཞིག་འོང༌། བྱང་ཆུབ་ཆེན་པོའི་ཙཀྐ་ལི་ཕྱག་ཏུ་གཏད་པ་དེ་ཁྱོད་བསྟན་པའི་བདག་པོར་འགྱུར་བ་འདུག །མེ་ཏོག་ཆུ་ལ་བསྐུར་བ་དེ་ཁྱོད་འདོད་ཡོན་ལ་མ་ཆགས་པ་ཞིག་འོང༌། རྡོ་བ་ཤར་དུ་འཕེན་པ་དེ་འདི་ནས་ཤར་དུ་སོང་དང་བླ་མ་བཟང་པོ་ཞིག་དང་མཇལ་ནས་འོང་བའི་བརྡ་ཡིན་ཟེར་སྐད། ཕྱིས་ལོ་ན་བཞུགས་ཙ་ན་དེ་རྣམས་འདྲ་འདྲ་འདུག་གསུང༌། དེ་ནས་བལ་ཡུལ་ལ་མུ་གེ་ཆེ་ཟེར་བས་ལོག །སྐྱི་ཤོད་དུ་བྱོན་པས་དགེ་བཤེས་རྣམས་བཀའ་གདམས་པ་ལ་ཁ་ཟེར་བ་ལ། ཁོང་རང་རྣམས་ལའང་ཆོས་ཆ་ཚང་བ་ཞིག་ཡོད་དེ་འོང་སྙམ་པ་བྱུང༌། གང་བ་སྟོན་ཤཱཀ་ལ་སོགས་པའི་དགེ་བཤེས་རྣམས་ཀྱིས་བསྐོར་ཞིང་བརྩད་ཀྱང་ཐུབ་པ་གཅིག་ཀྱང་མ་བྱུང་བས་ཆོས་ཚན་དུ་གྲགས། ཡབ་མཆེད་ཞིག་གིས་ཆ་རྐྱེན་ཐམས་ཅད་ངས་སྟེར་ཟེར་བས་ཆ་རྐྱེན་ནི་ཁོས་སྟེར་བར་འདུག །ཡེར་པ་དང་ཆུ་བོ་རི་གཉིས་སུ་སྒྲུབ་པ་བྱ་སྙམ་པ་ལ། དེའི་ཚེ་བྱ་ཡུལ་བ་འབྲོམ་ན་བཞུགས་པ་ལ། མི་རྣམས་ན་རེ། དེ་བླ་མས་བྱིན་གྱིས་བརླབས་པ་ཞིག་ནི་ཡིན། ཆོས་ནི་ཅི་ཡང་མི་ཤེས་ཟེར་བ་ལ། བླ་མས་བྱིན་གྱིས་རླབས་པ་དང་ཆོས་མི་ཤེས་པ་དང་འགལ། ཐེག་པ་ཆེན་པོ་གསང་སྔགས་ནི་བླ་མའི་བྱིན་རླབས་ལམ་དུ་བྱེད་པ་ཡིན། ངོ་མཚར་ཆེ་སྙམ་དུ་དགོངས། ད་ཞལ་མཇལ་ལ་དེའི་ཆོས་རྣམས་ཟླ་བ་གཅིག་གཉིས་ཀྱིས་ཤེས་འོང་སྙམ་ནས་མཇལ་དུ་བྱོན། ཆིབས་བྱེ་ནག་བཟང་པོ་གཅིག་དང་གསེར་སྲང་གང་ཕྱག་རྟེན་མཛད། ཞལ་མཐོང་བ་ཙམ་གྱིས་མཆི་མ་འཁྲུག་པའི་དད་པ་སྐྱེས། ཚོགས་ཆོས་ཞིག་གསན་པས་ཁོང་རང་གི་རྒྱུད་ལ་ཡོད་པ་དང་རྒྱབ་འགལ་དུ་སོང་འདུག །ཚིག་རྣམས་ཟིན་པར་འདུག་ནའང་དོན་རྒྱུད་ལ་སྐྱེ་དགོས་པར་འདུག་པས། ཐུགས་དགོངས་རྩད་གཅོད་དགོས་པར་འདུག་པ་ལ། དགེ་བཤེས་འདི་སྐུ་བསོད་མཐའ་རྒྱས་ནས་འདུག་པས་རྩད་ཆོད་པ་རང་ཨེ་འོང་ངམ་སྙམ་དུ་ཐུགས་ངན་དུ་སོང༌། ཉིན་ཞིག་དགེ་བཤེས་པའི་སྤྱན་སྔར་བྱོན་ནས་དྲི་བ་འདྲ་མཛད་པས། སྟོན་པས་དེ་སྔ་བསྒོམས་སམ་གསུང༌། ལྷག་པར་བསྒོམས་པ་མི་བདོག་ཞུས་པས། དྲི་བ་དེ་ལ་བལྟས་ན་བསྒོམས་པ་འདྲ་བར་འདུག་གསུང༌། དེ་ནས་ཟླ་ཕྱེད་ཙམ་སོང་བ་ན་སྔར་གྱི་སྨིག་རྒྱུ་འདྲ་བ་དེ་བྱུང༌། འདི་ཆོས་བཤའ་མར་འདུག་པ་ལ་སྔར་གྱི་བླ་མ་རྣམས་ཀྱིས་མ་འདྲོངས་ཀྱི་སྟེང་དུ་བསྣུབས་པ་དང་འདྲ་བར་སོང་འདུག་སྙམ་དུ་དགོངས་པ་བྱུང༌། དེ་ནས་བྱ་ཡུལ་དུ་ཕྱགས་ཕྱིར་བྱོན། ཁོང་བཞུགས་པའི་ཁང་པར་བྱ་ཡུལ་བས་གདམས་པ་སྐྱེལ་དུ་བྱོན་པས། འོ་བརྒྱལ་བས་བདག་རང་གཟིམས་ཆུང་དུ་ཞུར་འོང་ཞུས་པ་ལ། རྭ་སྒྲེང་དུ་རྣལ་འབྱོར་པ་གོང་འོག་རྣམས་ཀྱིས་སྤྱན་སྔ་ལ་ཆོས་ཚུར་བསྐྱལ་འདུག །དེ་བཞིན་དུ་ང་ཡང་ཆོས་སྐྱེལ་དུ་འོང་གསུང་བས། འོ་ན་ཐུགས་ལ་བཏགས་ཞུས་ནས་ཇ་བུར་ཞུས་ཀྱི་ཇི་ལྟར་འདོད་འདོད་ཞུར་བྱུང༌། དབང་ཞིག་ཞུས་པས། རྒྱ་སྟོན་དང་ཁྱེད་གཉིས་ལ་བྱའོ་གསུང་ནས་དབང་བསྐུར་གནང་བས། རྒྱ་སྟོན་གྱིས་མི་གཡོ་བའི་ཞལ་གཟིགས། གཙང་པ་རིན་པོ་ཆེས་ནི་རྒྱུད་སྡེ་བཞིའི་དོན་ཕར་ཞོག །ཚིག་རང་ཡང་ཟད་པ་མེད་པ་ཐུགས་ལ་བྱོན། གཞན་ཡང་ཡི་དམ་མང་པོའི་ཞལ་གཟིགས་པ་དང༌། གཙོ་བོར་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་མཛད། བླ་མའི་ཞབས་ཏོག་ཀྱང་དྭགས་པོ་དང་གཡེ་ལ་སོགས་པར་སྐུ་བསོད་སྐྱེས་པས་ཆོས་པུ་སྟི་བརྒྱ་ལྷག་ཅིག་དང་གསེར་ཕྱེ་མ་བྲེ་གང་ཕུལ། བུ་མོ་གཞོན་པ་ལོ་བརྒྱད་ལོན་པ་ཞིག་གིས་མ་ཐེག་ཟེར། ཤ་མར་སྣམ་གོས་ལ་སོགས་པ་དཔག་ཏུ་མེད་པ་ཕུལ། རང་ལ་དགོས་སེམས་མེད་པས་དགུན་སྟོད་འབུལ་བ་བྱས་པའི་དགུན་སྨད་རྒྱགས་ཆད་པ་ཡང་བྱུང༌། ཆོས་ཞུ་རེས་ཀྱིས་མཐའ་ང་གསེར་ཞོ་ཕྱེད་རེ་ཕུལ། ལོ་བ་རྣམས་ཀྱིས་སྤྱན་དྲངས་ནས་ལོའི་གདན་ས་མཛད། ཕྱིས་བྱ་ཡུལ་བས་མྱ་ངན་ལས་འདའ་ཁར་ཕྲིན་བཏང་བ་མིས་གོ་མ་ཆོད་པས་འདའ་ཁར་མ་མཇལ་ཀྱང༌། སྐུ་འདས་ནས་ལོ་བྱ་ཡུལ་གཉིས་ཀའི་བདག་མཛད། སྐུ་ཚེ་ལ་བར་ཆད་འོང་བ་མཁྱེན་ནས་ཡིད་བཞིན་ནོར་བུའི་སྒོར་ཞུགས་པས་སྐུ་ཚེ་བསྲིངས་ཏེ། བརྒྱད་ཅུ་རྩ་ལྔ་པ་ལྕགས་མོ་སྦྲུལ་གྱི་ལོ་ལ་གཤེགས། མཚན་ནམ་མཁའ་རྡོ་རྗེ་ཡིན་པས། མཉམ་བཞག་ནམ་མཁའ་ལྟ་བུ་ཡི། །ངང་ལས་མ་གཡོས་རྡོ་རྗེའི་ཐུགས། །མཉམ་གཞག་རྗེས་ཐོབ་མི་མངའ་བའི། །རིན་པོ་ཆེ་ཡི་ཞབས་ལ་འདུད། །ཅེས་པས་བསྟོད་དོ། །སློབ་མ་ནི། གཙང་པའི་བུ་བཞི་ལ་སོགས་པ་བཅུ་བཞི་ཐོན་སྐད། དེའི་གདན་ས་བ་རིན་པོ་ཆེ་གླང་ལུང་པ་ནི། སྟོད་ལུངས་འཚུར་གྱི་སྒང་རར། ཡབ་སྣུབས་རྡོ་རྗེ་བཙན་གྲགས་དང༌། ཡུམ་ཧོར་གཟའ་མོ་གཉིས་ཀྱི་སྲས་གསུམ་ཡོད་པའི་ཆེ་ཤོས་ཆུ་མོ་ཡོས་ཀྱི་ལོ་ལ་འཁྲུངས། ལོ་འདི་ལ་བླ་མ་ཞང་ཡང་འཁྲུངས་པ་ཡིན། བྱིས་པའི་དུས་ན་ཚེ་འདི་ལ་ཞེན་པ་ལོག་པ། ལས་འབྲས་ལ་ཡིད་ཆེས་པ། འཁོར་བ་ལས་ཡིད་འབྱུང་བ། སེམས་ཅན་ལ་སྙིང་རྗེ་ཆེན་པོ་རྣམས་རང་འཁྲུངས་སུ་བྱུང༌། ལོ་བཅོ་བརྒྱད་ལ་བྱ་ཡུལ་བའི་སློབ་མ་ཉག་མོ་བའི་དྲུང་དུ་བྱོན་ནས་གོ་མིའི་སྡོམ་པ་བླངས་ཤིང་གུས་པ་ཆེན་པོ་ཡང་སྐྱེས། དེ་ནས་ཡུལ་དུ་རབ་ཏུ་བྱུང་བའི་ཆ་རྐྱེན་ལེན་དུ་བྱོན། ཐུགས་ལ་པ་ཚབ་ལོ་ཙཱ་བས་མཁན་པོ་དང༌། སྣེའུ་ཟུར་པའི་སློབ་མ་ཆོས་ཀྱི་པདྨས་སློབ་དཔོན་མཛད་ནས་དགེ་ཚུལ་བྱེད་པ་བྱུང་ན་དགོངས་ཡོད་པ་ལ། ཆུ་ཕར་ཁ་ནས་གཅིག་གིས་སྐད་བཏང་བྱུང་ནས། ཁྱེད་རབ་ཏུ་བྱུང་བ་བྱེད་ན་ཡེལ་བའི་ཕ་བོང་ཁར་པ་ཚབ་ལོ་ཙཱ་བ་འབྱོན་པ་ཡོད་པས་དེར་རྒྱུག་ཟེར་བས། དེར་ཕྱིན། ཆོས་ཀྱི་པདྨ་ཡང་སྤྱན་དྲངས་ནས་དགེ་ཚུལ་གྱི་སྡོམ་པ་བླངས། མཚན་བརྩོན་འགྲུས་གཞོན་ནུར་བཏགས། ཉག་མོ་པའི་ཞར་ཆོས་པ་ཅིག་ལ་འདུལ་བ་མཉན་པས་གོ་བ་ཡེ་མ་བྱུང་བས། ཕྱིས་གཞན་ལ་མཉན་པས་ཚེགས་མེད་པར་མཁྱེན། ཉག་མོ་བའི་ཐད་དུ་ལོ་བདུན་བཞུགས་ནས་ལམ་རིམ་ཞུས་པ་ལ། ཆོས་མ་རྫོགས་པ་ལ་དགེ་བའི་བཤེས་གཉེན་པ་གཤེགས། ཕྱིས་རྨི་ལམ་དུ་མཇལ་བས། ཉག་མོ་བའི་ཞལ་ནས། ངས་ཁྱོད་བདེ་བ་ཅན་དུ་བསྐྱལ་ཅིག་གསུང་ནས་ནམ་མཁའ་ལ་འཕགས་པའི་ཚེ་མནལ་སད། དགུང་ལོ་ཉི་ཤུ་རྩ་ལྔ་པ་ལ་མར་སྣོན་གྱི་གྱང་བར་བྱ་འདུལ་གྱིས་མཁན་པོ་དང༌། ཕྱྭ་པས་སློབ་དཔོན་དང༌། སྟོན་པ་ཆོས་མཆོག་གིས་གསང་སྟེ་མཛད་ནས་བསྙེན་པར་རྫོགས། ཉག་མོ་པ་དང་བྱ་ཡུལ་བའི་སློབ་མ་དགེ་བཤེས་བཀྲ་ཤིས་སྒང་པ་ལོ་བརྒྱད་བསྟེན། མནལ་ལམ་དུ་ཁོང་ལ་བྱིན་རླབས་ཞུས་པས། ཤ་དམར་མོར་ཅིག་གནང་བ་གསོལ་བས་རང་བཞིན་མེད་པའི་ཏིང་ངེ་འཛིན་གྱི་ངང་དུ་ཆམ་གྱིས་སོང༌། ཡང་མནལ་ལམ་དུ་ཡོལ་བ་ཅིག་འདུག་པ་བསལ་ནས་སྤྱན་སྔར་བྱོན་པས། སྐུ་མདུན་དུ་བུམ་པ་གཅིག་ཀྱང་འདུག་པ་དབང་བསྐུར་ཅིག་ཞུ་བྱས་པས། དབང་བསྐུར་གནང་བས་ཀྱང་རང་བཞིན་མེད་པའི་ཏིང་ངེ་འཛིན་གྱི་ངང་དུ་སོང༌། ལན་ཅིག་རྩ་ལྟུང་རྒྱ་ཆེར་འགྲེལ་གཟིགས་པས། དེ་ལ་དད་པའི་སྟོབས་ཀྱིས་ཞག་དྲུག་དྲུག་ཙམ་རང་ལུས་དཀྱིལ་འཁོར་གྱི་འཁོར་ལོར་གཟིགས་པ་བྱུང༌། སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ལ་འཇུག་པ་གཟིགས་པས་ཀྱང༌། སྣང་བ་འདི་ཐམས་ཅད་འཇའ་ཚོན་ལྟ་བུར་གཟིགས། ཡང་ཞག་ལྔ་དྲུག་རེ་ཙམ་གྱི་བར་དུ་སྤྱོད་ལམ་ཐམས་ཅད་དུ་ཕྱི་ནང་གི་སྣང་བ་ཐམས་ཅད་འགགས་ཏེ་ནམ་མཁའ་ལྟ་བུར་སོང་ནས། སླར་ཡང་སློབ་དཔོན་རང་གི་སྐུ་ལུས་ཡི་གེ་ཀ་ཞིག་ཏུ་གྱུར་པར་གཟིགས། ལན་ཅིག་ཇོ་བོའི་ཐབས་ལམ་བསྒོམས་ནས། སྣེའུ་ཟུར་པའི་སློབ་མ་སྟོན་པ་བརྩོན་འགྲུས་སེང་གེ་བྱ་བ་ཞིག་ལ་ངའི་འདི་ལམ་དུ་འགྱུར་རམ་མི་འགྱུར་རྨི་ལམ་ཅིག་རྟོགས་དང་བྱས་པས། ནམ་ཕྱེད་ཙ་ན་ཁོང་ན་རེ། རྒྱུ་གླང་གླིང་ལ་འབྲས་བུ་གླང་གླིང་འབྱུང༌། མེ་དང་རླུང་དུ་མཐུན་ཟེར་བའི་སྒྲ་ཞིག་བྱུང༌། ཇོ་བོའི་ཐབས་ལམ་བསྒོམས་པས་ནི་ཅང་ཡིན་ནམ་ཟེར། ཡིན་ནི་མ་བྱས། རྨི་ལམ་ནི་ཐིག་རྒྱབ་སྙམ་པ་ཞིག་བྱུང་གསུང༌། གཏམ་འདི་ལྟར་ན་སྤྱན་སྔའི་བརྒྱུད་པ་ལ་ཇོ་བོའི་ཐབས་ལམ་ཡང་ཡོད་པར་ངེས་ཤིང༌། བཀའ་གདམས་པ་ཡོངས་སུ་གྲགས་པ་ལ་ནི་ཇོ་བོས་གསུངས་པའི་ཐབས་ལམ་གྱི་གདམས་པ་ཡོད་པའི་གཏམ་མི་སྣང་ངོ༌། །དེ་ལྟ་བུ་དེ་རྣམས་གཙང་པ་ལ་བརྟེན་པའི་དུས་ན་བྱུང་བ་ཡིན་གསུང༌། འོད་འཇོ་བས་ཚོགས་སུ་སེམས་བསྐྱེད་དེ་གོང་ནས་མཛད་པ་ཐོས་པས། དེར་སེམས་བསྐྱེད་གསན་པ་ལ་བྱོན། མར་ལམ་ལོར་གཙང་པ་རིན་པོ་ཆེའི་ཞལ་བལྟར་ཕྱིན་པས་མཐོང་བ་ཙམ་གྱིས་མོས་གུས་ཐུན་མོང་མ་ཡིན་པ་སྐྱེས། ཡང་བཀྲ་ཤིས་སྒང་ནས་མཇལ་དུ་བྱོན་པས། གཙང་པའི་ཞལ་ནས། ཁྱོད་ལ་བར་ཆད་ཅིག་འདུག་པས་མཚམས་ཆོད་གསུང་ནས། མཚམས་ཟླ་བ་གཉིས་བཅད། ཡང་སྤྱན་སྔར་བྱོན་ནས་དབུ་མའི་ཐེ་ཚོམ་ཤིན་ཏུ་མང་བར་བྱུང་བ་རྣམས་ཞུས་ནས། དེ་རྣམས་ཀྱི་སྒྲོ་འདོགས་ཀྱང་བཅད། གཞན་ཞིག་གིས་གཙང་པ་ལ་སྟོད་ལུངས་པ་དེ་ཅི་འདྲ་ཞུས་པས། བདེན་གཉིས་གོ་རུང་ཞིག་འདུག་གསུང་སྟེ། བདེན་པ་གཉིས་ལ་ཤིན་ཏུ་ངེས་པ་བྱུང་སྟེ། གཙང་པ་ལ་ལོ་ལྔ་བརྟེན། གཙང་པ་གཤེགས་རྗེས་གདན་ས་ལོ་སུམ་ཅུ་རྩ་གཉིས་མཛད་དེ། རང་ལོ་བདུན་ཅུ་རྩ་གཅིག་པ་ཆུ་མོ་གླང་ལ་གཤེགས། ལོ་འདི་ལ་དབུ་སེ་དང་བླ་མ་ཞང་ཡང་གཤེགས། དེའི་རྗེས་ཀྱི་གདན་ས་སངས་རྒྱས་སྒོམ་པ་ནི། ཡུལ་གཞུང་གི་སྣེའུ་གདོང་པ། རུས་པ་འབེའི་ནང་ཚན་ཟི་ཚ། ཡབ་འབེ་སྤྱན་རས་གཟིགས། ཡུམ་བྱི་གཟའ་རྒྱས་ཆུང་གཉིས་ལ་སྲས་གསུམ་མངའ་བའི་འབྲིང་པོ། ལྕགས་ཕོ་འབྲུག་ལ་འཁྲུངས། དེ་རྗེས་ཀྱི་ལྕགས་སྦྲུལ་ལ་གཙང་པ་རྒྱ་རས་འཁྲུངས་པ་ཡིན། བྱིས་པའི་དུས་ནས་ལྐོག་གྱུར་མང་པོ་ཤེས་པའི་གསལ་སྣང་ཡོད་པ་ཞིག་བྱུང༌། ལོ་བཅུ་བཞི་ལ་མཁན་པོ་སྦལ་ཏི་དང༌། གཙང་པའི་བུ་བཞིའི་གྱ་བ་དགེ་བཤེས་འགར་གྱིས་སློབ་དཔོན་བྱས་ནས་རབ་ཏུ་བྱུང༌། མཚན་རྡོ་རྗེ་གཞོན་ནུར་བཏགས། རིན་པོ་ཆེ་གླང་ལུང་པ་དང་མོ་ལུང་ན་བཞུགས་པའི་ཞལ་བལྟར་ཕྱིན་པས་དད་པ་ཚད་མེད་པ་འཁྲུངས། རིན་པོ་ཆེ་བས་མར་ཚུད་ཅིག་ཀྱང་གནང༌། སྦལ་ཏི་ལ་འདུལ་བ་ཉིས་ཁྲིད་ཚར་གཅིག་གསན། ཡུལ་དུ་རྒྱགས་ལེན་དུ་བྱོན་ནས་དགུང་ལོ་བཅོ་བརྒྱད་ལ་རིན་པོ་ཆེ་གླང་ལུང་བའི་སར་བྱོན། དེར་ལོ་གཅིག་ལོན་ནས་ཏིང་ངེ་འཛིན་ནི་ཁྱད་པར་ཅན་སྐྱེས། གླང་ལུང་པ་ལོ་བཅུ་བཞིའི་བར་དུ་བསྟེན། གདམས་པ་རྣམས་ཚང་བར་ཐོབ། རིན་པོ་ཆེ་གླང་ལུང་པ་གཤེགས་ནས་དད་མོ་ལྷ་ཁང་དུ་ཟོ་གསོད་ལོ་དྲུག་མཛད། དེའི་སྐབས་སུ་གླང་ལུང་པ་ཞལ་གཟིགས་ནས་ཆོས་མང་པོ་གསུངས༌། ནུབ་གཅིག་གི་རྨང་ལམ་ལ་སྒོ་ཆུང་སེར་ཁྲིག་པ་ཞིག་འདུག་པ་ཕྱེ་ཙ་ན། དེ་ན་སངས་རྒྱས་ཀྱི་ཞིང་ཁམས་མང་པོ་འདུག་པ་གཟིགས། དེ་ནས་ཆོས་ཀྱི་སྒོ་ཕྱེ་བ་བཞིན་དུ་སོང༌། ལོ་སུམ་ཅུ་རྩ་བརྒྱད་པ་ལ་བྲང་ར་མོ་ཆེར་མཁན་པོ་སྦལ་ཏི་དང་སློབ་དཔོན་མྱང་དང༌། གསང་སྟེ་བ་དགེ་བཤེས་སྦས་ཀྱིས་མཛད་ནས་བསྙེན་པར་རྫོགས། བཞི་བཅུ་རྩ་གཅིག་ལ་ཚོགས་བཤད་མཛད། ཞེ་གཉིས་པ་ལ་གདན་སར་བྱོན། གླང་ལུང་བ་ཆུ་མོ་གླང་ལ་གཤེགས་ནས་སངས་རྒྱས་སྒོམ་པས་ཞེ་གཉིས་པ་ལ་གདན་སར་བྱོན་པའི་བར་དེར། སེས་ལོ་དྲུག་ཙམ་གྱི་བར་དུ་གདན་ས་བསྐྱངས་ཟེར་ཏེ། ལོ་བྱ་ཡུལ་བ་རྣམས་བླ་མ་བརྒྱུད་པ་ལ་ནི་སེ་མི་བགྲང་བར་འདུག །གདན་ས་ཡུན་རིང་དུ་བསྐྱངས་ནས་རང་ལོ་བདུན་ཅུ་ས་གླང་ལ་གཤེགས། དེའི་རྗེས་ཀྱི་གདན་ས་པ་ཟེམ་རིན་པོ་ཆེ་ནི། ཧམ་མདོའི་དེར་གོམ་དུ། ཡབ་སྤ་ཡགས་རྩེ་བོ། ཡུམ་ཇོ་བཙུན་མ་བཀྲ་ཤིས་སྐྱིད་གཉིས་ཀྱི་སྲས་སུ་ལྕགས་མོ་ཕག་ལ་བལྟམས། བྱིས་པའི་དུས་ན་རང་གི་ཡུམ་དེ་སྒྲོལ་མར་ཡང་ཡང་གཟིགས། བྱིས་པའི་དུས་ཉིད་ནས་རང་བཞིན་མེད་པའི་ཏིང་ངེ་འཛིན་ལ་ངང་གིས་འཇུག་པ་དང༌། མི་མ་ཡིན་པ་མང་པོས་བསྐོར་བ་བྱེད་པ་ཡང་བྱུང༌། ལྕམ་མོ་ཞིག་ཡོད་པ་དེས་བྱ་ཡུལ་བ་ལ་སྐྱབས་སུ་མཆི། སངས་རྒྱས་སྒོམ་པ་ལ་སྐྱབས་སུ་མཆི་ཟེར་བ་གསན་པས་དད་གུས་ཚད་མེད་པ་འཁྲུངས། རལ་གུས་དབུ་གཏུམས་ནས་བཞུགས་པའི་ཚེ། མདུན་གྱི་ནམ་མཁར་སངས་རྒྱས་སྒོམ་པ་ལ་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོས་བསྐོར་བ་ཡང་གཟིས། ལོ་བཅུ་དྲུག་པ་ལ་སངས་རྒྱས་སྒོམ་པ་བ་ཚུར་བྱོན་པ་དང་མཇལ།རབ་ཏུ་དབྱུང་བར་ཞུས་པས། གྲོ་སར་གྱིས་གསུང་ནས། མཁན་པོ་རྣལ་འབྱོར་བྱང་སེང་ལས་རབ་ཏུ་བྱུང༌། མཚན་གྲགས་པ་སེང་གེར་བཏགས། འདུལ་བ་བསླབས། ལོ་བཅུ་དགུ་པ་ལ་མཁན་པོ་རྣལ་འབྱོར། ལས་སློབ་ཞོགས་པ་གནས་བརྟན། གསང་སྟེ་པ་ཟེམ་ཆེན་མོས་མཛད་ནས་བསྙེན་པར་རྫོགས། བྱ་ཡུལ་དུ་སངས་རྒྱས་སྒོམ་པའི་སྤྱན་སྔར་བྱོན་པས་ཐུགས་ཀྱིས་གཟུང་ནས་གདམས་པ་ཚང་བར་གནང༌། སུམ་ཅུ་རྩ་དགུ་བཞེས་པའི་ཚེ་སངས་རྒྱས་སྒོམ་པ་གཤེགས། དེ་རྟིང་གདན་ས་བ་གཞན་ཞིག་བྱུང་པའི་མཚན་ནི་མ་ཤེས། ལོ་བྱ་ཡུལ་བ་རྣམས་བརྒྱུད་རིམ་ལ་ཡང་སངས་རྒྱས་སྒོམ་པ་ནས་ཟེམ་གྱི་བར་དུ་གཞན་མི་འཇུག་པར་འདུག །ཕྱིས་དཔལ་ལྷ་མོའི་བཀའ་བྱུང་ནས་ཟེམ་གྱིས་གདན་ས་མཛད། རང་ལོ་དྲུག་ཅུ་རྩ་དྲུག་པ་མེ་ཕོ་འབྲུག་ལ་གཤེགས། དེའི་ཚེ་སྤྱན་སྔ་འཁྲུངས་ནས་ལོ་ཉིས་བརྒྱ་དང་བཅུ་དགུ་སོང༌། འདིའི་སློབ་མ་མང་དུ་བྱོན་པའི་ནང་ནས་འོད་གསལ་བ་ཆེན་པོས་ཞོགས་ཀྱི་ཕུར་འོད་གསལ་དགོན་པ་བཏབ། རི་མེར་བ་ཆེན་པོས་ལྷོ་བྲག་ཤར་དུ་རི་མེར་བཏབ། དེའི་རྗེས་སུ་དགེ་བའི་བཤེས་གཉེན་ཁམ་པ་ལུང་བ་ནི། འཁྲུངས་ཡུལ་ཉན་གྱི་ཀ་ཀ་བ། ཡབ་སྦས་རྣལ་འབྱོར་མགོན་པོ། ཡུམ་ཞང་ལྕམ་དཀར་ཡལ་གཉིས་ཀྱི་སྲས་སུ་ཆུ་འབྲུག་ལ་འཁྲུངས། ལོ་བཅུ་གཉིས་པ་ལ་མཁན་པོ་གཞུང་བ་དང་སློབ་དཔོན་རག་མ་བ་གཉིས་ལས་རབ་ཏུ་བྱུང༌། བཅུ་དགུ་པ་ལ་མཁན་པོ་སྐྱོར་མོ་ལུང་བ་ཞིག་པོ་དང༌། སློབ་དཔོན་དཔལ་དང༌། གསང་སྟེ་བ་སློབ་དཔོན་དབང་ལས་བསྙེན་པར་རྫོགས་ནས་འདུལ་བ་གསན། དེ་ནས་རིན་པོ་ཆེ་ལ་གདམས་པ་ཞུས་ནས་བསྒོམས་པས་འདོད་པ་བཞིན་ཐུགས་ལ་འཁྲུངས་རྟོགས་པ་ཡང་ཡང་ཕུལ། ཆོས་ཞུ་བ་ལ་ནམ་གུང་ཉི་ཕྱེད་གང་ལའང་སྒོ་མེད་དུ་གྲགས། རང་ལོ་ཉེར་ལྔ་པ་མེ་ཕོ་འབྲུག་ལ་ཟེམ་གཤེགས་ནས་ལོ་དེ་ཉིད་ལ་གདན་སར་བྱོན། མེ་འབྲུག་དེ་ནས་ཆུ་ཕོ་རྟའི་བར་ལོ་ཉི་ཤུ་རྩ་བདུན་གདན་ས་མཛད་དེ། ཆུ་རྟ་དེ་ལ་གཤེགས། བར་མ་དོར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་གྲགས། སངས་རྒྱས་ཇོ་བོ་ནི། མཚན་དབང་ཕྱུག་གཞོན་ནུ། སངས་རྒྱས་སྒོམ་པའི་སྐྱེ་བར་མཛད། ཆུ་འབྲུག་ལ་འཁྲུངས་ཏེ་ཁམ་པ་ལུང་པ་དང་འཁྲུངས་ལོ་གཅིག །ཉི་ཤུ་རྩ་གཉིས་པ་ཆུ་མོ་གླང་ལ་གླང་ལུང་དུ་མཁན་པོ་སྐྱོར་མོ་ལུང་པ་ཅིག་དང༌། སློབ་དཔོན་ཐངས་བར་གྲགས་པ་ཞིག་ལ་དགེ་ཚུལ་མཛད། ལོ་ཉི་ཤུ་རྩ་ལྔ་ལ་བསྙེན་པར་རྫོགས། ལྔ་བཅུ་རྩ་གཅིག་ལ་བཙན་གྲོང་གདན་སར་བྱོན། དྲུག་ཅུ་པ་ལྕགས་ཡོས་ལ་གདན་སར་བྱོན། གྱ་གཅིག་པ་ཆུ་ཕོ་བྱི་བ་ལ་གཤེགས། འདི་ཆོས་སྐྱོང་ལ་མངའ་བརྙེས་པས་བྱ་ཡུལ་གྱི་གཙུག་ལག་ཁང་གི་གསོ་ནམ་མཛད་པའི་ཚེ། རྩིག་གསེབ་ཏུ་ཆོས་སྐྱོང་གི་སྐུ་གཏོར་མ་དང་བཅས་པ་བཞི་སྦས། འབྲི་ཁུང་པ་སྐུ་ཞང་ཚུལ་རྒྱལ་གྱིས་ལོར་སྡེ་དམག་དྲངས། བན་དེ་དགུ་བསད། དེར་ལོ་པས་གཏོར་མ་ཡོད་པའི་གཏམ་ལ་བརྟེན་ནས་བཙལ་བས་རྙེད་དེ་གཅིག་ཕྱུང་ནས་འཕངས་པས་སྐུ་ཞང་པ་ཡབ་སྲས་ཐམས་ཅད་མི་ལག་ཏུ་སོང༌། གཏོར་མ་བཏོན་དུས་མ་བསྐམས་པར་རློན་པར་འདུག་ཅེས་གྲགས། ཁམ་ལུང་པའི་རྗེས་ནས་ཆུ་ལུག་ཤིང་སྤྲེ་ཤིང་བྱ་གསུམ་གཙང་སྟོན་གྱིས་གདན་ས་མཛད། གཙང་སྟོན་འབྲི་ཁུང་བས་བཀྲོངས། བྱ་ཡུལ་མེས་བསྲེགས། མེ་ཁྱི་ནས་ལྕགས་སྟག་གི་བར་གདན་ས་མེད་པ་འདྲ་སྟེ། ལྕགས་སྟག་འདི་ལ་འབྲི་ཁུང་གླིང་ལོག་བྱུང༌། དེ་རྗེས་ཀྱི་ལྕགས་ཡོས་དེ་སངས་རྒྱས་ཇོ་བོ་གདན་སར་བྱོན་པའི་ལོ་ཡིན། སངས་རྒྱས་ཇོ་བོ་ལ། གོང་མ་སེ་ཆེན་གྱིས་བྱ་ཡུལ་གསོ་བའི་ཆ་རྐྱེན་དུ་གསེར་བྲེ་མང་པོ་ཡང་གནང༌། བྱ་ཡུལ་གྱི་གཙུག་ལག་ཁང་ལོ་གཅིག་ལ་སོས། བྱ་ཡུལ་གྱི་ཞིག་གསོས་ལ་འབྱོན་པའི་ཚེ་སྐྱི་ཆུ་བརྒལ་བ་ན་མཉན་པའི་རྣམ་པར་རྟོག་པ་ལ། འདི་ནི་རྒན་པོ་དམུ་ཡུ་བར་སོང་འདུག །ཞིག་གསོས་རང་ཅང་འོང་ངམ་སྙམ་པ་སྐྱེས་པ་དེ་མཁྱེན་ནས། ཨ་བོ་མཉན་པ། སང་ཕོད་ད་ཙམ་ན་དར་ཅོག་སྐྱ་ཧྲོག་གེ་བ་ཞིག་བྱེད་པ་ཡིན་ནོ་གསུང་ངོ༌། །རིན་པོ་ཆེ་སངས་རྒྱས་སྟོན་པ་ནི། འཁྲུངས་ཡུལ་གྲུ་ཤུལ་སྒོ། ཡབ་བཀྲ་ཤིས་འབུམ་དང༌། ཡུམ་སྲི་ཐར་སྐྱིད་ཀྱི་སྲས་བཞི་ཡོད་པའི་ཆེ་ལྐོག་མ་ཡིན། ལོ་བཅུ་བཞིའི་སྐོར་ལ་ཁམ་ལུང་པ་ལ་གཏུགས། ཤིང་མོ་གླང་ལ་གཤེགས། ཤིང་གླང་འདི་ཁམ་ལུང་པ་གཤེགས་པའི་ཆུ་ཕོ་རྟའི་རྗེས་ཀྱི་ཆུ་ལུག་ནས་བརྩམས་པའི་ལོ་བཞི་བཅུ་རྩ་གསུམ་པ་ཡིན། ཤིང་གླང་འདི་བུ་སྟོན་རིན་པོ་ཆེའི་སོ་དྲུག་པ་ཡིན་ནོ། །སངས་རྒྱས་སྒོམ་པ་ཕྱི་མ་ནི། ཡུལ་ལོ་རོ་བ། ཤིང་ཕོ་སྤྲེའུ་ལ་འཁྲུངས། ཟངས་པོ་ཆེ་བ་དང་མཚོ་སྣ་བ་ལ་དགེ་ཚུལ་མཛད། མཚན་ཚུལ་ཁྲིམས་ཤེས་རབ་ཏུ་བཏགས། འདུལ་བ་སོགས་གསན་པ་རྒྱ་ཆེར་མཛད། བྱ་ཡུལ་དུ་སངས་རྒྱས་ཇོ་བོ་ལ་སླེབ། དེར་བསྙེན་རྫོགས་མཛད། སངས་རྒྱས་སྟོན་པ་ལ་བྱ་ཡུལ་བའི་ཆོས་སྐོར་ཚང་བར་ཞུས། དེའི་དུས་སུ་གསང་སྔགས་བཀའ་བབས་ཀྱི་སྐོར་ཁམ་པ་ལུང་པ་ནས་བཀའ་ཆད་ནས་མེད་པས། མོན་ལུག་མགོ་སྟེང་ན་ཟེམ་ཚེ་རིང་མོ་བའི་སློབ་མ་སྒོམ་པ་བྱང་སྐྱབས་བཞུགས་པ་ལ་བཀའ་བླངས་ནས། ཞེ་གསུམ་པ་མེ་ཕོ་སྟག་ལ་བྱ་ཡུལ་གྱི་གདན་སར་ཕེབས། ཕྲིན་ལས་དར་རྒྱས་ཤིན་ཏུ་ཆེ། རང་ལོ་ལྔ་བཅུ་རྩ་ལྔ་ས་སྟག་ལ་གཤེགས། དེའི་རྗེས་སུ་རྒྱལ་སྟེངས་པ་སངས་རྒྱས་དབོན་པོར་གྲགས་པས་ཟླ་བ་བཅོ་བརྒྱད་གདན་ས་མཛད། དེའི་རྗེས་སུ་བཙན་གྲོ་པ་ཚུལ་ཁྲིམས་མགོན་པོ་ནི། འཁྲུངས་ཡུལ་ཀ་བས། སངས་རྒྱས་ཇོ་བོ་ལ་སླེབ་ནས་རབ་ཏུ་བྱུང༌། གདམས་པ་རྣམས་སངས་རྒྱས་སྟོན་པ་ལ་ཞུས། འདིས་ལྕགས་སྦྲུལ་ནས་ཆུ་མོ་ཡོས་ཀྱི་བར་གདན་ས་མཛད། ཆུ་ཡོས་ཀྱི་དེ་མ་ཐག་པའི་ཤིང་འབྲུག་ལ་བུ་སྟོན་རིན་པོ་ཆེ་གཤེགས། དེའི་རྗེས་སུ་སྤྱན་སྔ་བློ་གྲོས་རྣམ་དག་པ། དེའི་རྗེས་སུ་རྒྱལ་སྟེངས་པ་སྤྱན་སྔ་ཆོས་ཀྱི་རྡོ་རྗེ། ཇོ་བོ་རྗེ་བོད་དུ་ཆུ་རྟ་ལ་ཕེབས་ནས་སྤྱན་སྔ་ཆུ་ལུག་ལ་གཤེགས་པའི་བར་ལོ་དྲུག་ཅུ་རྩ་གཉིས། དེ་རྗེས་ཚུལ་ཁྲིམས་མགོན་པོ་ཆུ་ཡོས་ལ་གཤེགས་པའི་བར་ལོ་ཉིས་བརྒྱ་དང་ལྔ་བཅུ་རྩ་དགུ དེ་རྗེས་ཤིང་འབྲུག་ནས་ད་ལྟའི་མེ་ཕོ་སྤྲེའུ་ཡན་ལ་ལོ་བརྒྱ་དང་བཅུ་བཞི་འདས་པར་ཤེས་པར་བྱའོ། །སྤྱན་སྔ་ནས་བྱ་ཡུལ་བའི་སྐབསསོ། །

༥.༨ བྱ་ཡུལ་བའི་སློབ་མའི་སྐབས། མལ་གྲོར་བུལ་བ་པ་ཆེན་པོས་རྒྱལ་པོ་སྟེངས་བཏབ། སྨད་ཀྱི་དུམ་བུ་རི་བ་ཆེན་པོས་དུམ་བུ་རི་བཏབ། འདི་ལ་སྨད་ཀྱི་བྱང་སེམས་ཟླ་རྒྱལ་དུ་གྲགས། ཤབ་པ་གླིང་པ་ཆེན་པོས་དྭགས་པོར་ཤབ་པ་གླིང་བཏབ། ཁྲོམ་བཞེར་ཆེན་པོས་ཀམ་ཀམ་གྱི་གཙུག་ལག་ཁང་བཏབ་སྟེ། དེ་ཡང་ཁྲོམ་བཞེར་རིན་ཆེན་སེང་གེ་ཞེས་བྱ་བ་འཆུམས་སུ་སྔགས་བརྒྱུད་ལས་ལྕགས་ཕོ་འབྲུག་ལ་འཁྲུངས། རྟེན་སྔགས་པ་སྐྱ་བོར་བཞུགས། ལྕགས་འབྲུག་འདི་བྱ་ཡུལ་བའི་ཉེར་དྲུག་པ་ཡིན། སྣ་ནམ་ཇོ་དཔལ་དང་ལྷ་བཙུན་བྱང་ཆུབ་འོད་ཀྱི་སློབ་མ་དབྱིག་ཐང་སྟོན་པ་ཞེས་པ་མདོ་ལུང་ན་བཞུགས་པ་དང༌། ཀམ་པ། ཤར་པ་བ། བྱ་ཡུལ་བ་རྣམས་བསྟེན། རང་ལོ་སོ་བརྒྱད་པ་མེ་མོ་སྦྲུལ་ལ་ཀམ་ཀམ་བཏབ། གྲྭ་པ་དགེ་འདུན་ཉིས་བརྒྱ་ཙམ་འདུས། སོ་དགུ་བཞེས་པ་ས་ཕོ་རྟ་ལ་བྱ་ཡུལ་བ་གཤེགས། རྒྱ་མ་དབོན་སྟོན་འཁྲུངས། རང་ལོ་བདུན་ཅུ་རྩ་གཅིག་པ་ལྕགས་སྟག་ལ་གཤེགས། ལོ་དེ་ལ་དཔལ་ཕག་མོ་གྲུ་པ་ཡང་གཤེགས། དགྱེར་སྒོམ་ཆེན་པོ། སྣར་ཐང་པ་གཏུམ་སྟོན། སྤ་ཚབ་ལོ་ཙཱ་བ། སྟབས་ཀ་བ་ཆེན་པོ་རྣམས་དང་དུས་མཚུངས། དེའི་གདན་ས་པ་སྐྱོ་སྟོན་རིན་པོ་ཆེ་བྱང་ཆུབ་རིན་ཆེན་ནི། ཁྲོམ་བཞེར་གྱི་ཉེར་བདུན་པ་མེ་ཕོ་རྟའི་ལོ་ལ་གྲོག་གི་མདའི་སྐྱོ་གྲོང་དུ་འཁྲུངས། བཅུ་གསུམ་པ་ལ་ཁྲོམ་བཞེར་དང་མཇལ། ཉེར་གཅིག་པ་ལ་བྱ་འདུལ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྙུག་རུམ་པ། འོད་འཇོ་བ། བྱ་ཡུལ་གྱི་སྣུབས་མཆོད་གནས་རྣམས་བསྟེན། རང་ལོ་ཞེ་དྲུག་བཞེས་པ་ལྕགས་མོ་ཡོས་ལ་ཀམ་ཀམ་གྱི་གདན་སར་བྱོན། ཚོགས་པ་བཙུན་པ་ཤས་ཆེ་བའི་གྲྭ་པ་ལྔ་བརྒྱ་ཙམ་དུ་འཕེལ། རྒྱལ་ལྷ་ཁང་གི་གདན་ས་དང་སྦྲགས་ནས་མཛད། བཅོ་བརྒྱད་བཞེས་པ་ཆུ་ཕག་འཇིག་རྟེན་མགོན་པོ་འཁྲུངས། ཉེར་གཉིས་པ་མེ་མོ་ཡོས་ལ་ས་སྐྱ་བ་རྗེ་བཙུན་གྲགས་པ་རྒྱལ་མཚན་འཁྲུངས། ང་བདུན་པ་ཆུ་སྟག་ལ་ས་པཎ་འཁྲུངས། རང་ལོ་དོན་ལྔ་པ་ལྕགས་སྤྲེལ་ལ་གཤེགས། འདི་མལ་ཀ་བ་ཅན་པ་དང་འཁྲུངས་ལོ་གཅིག །དེའི་གདན་ས་བ་ཁྲོམ་བཞེར་ཇོ་སྲས་རིན་ཆེན་སེང་གེ་ནི། སྐྱོ་སྟོན་གྱིས་སོ་བརྒྱད་བཞེས་པ་ཆུ་མོ་ལུག་ལ་འཆུམས་སུ་འཁྲུངས། བཅུ་བཞི་པ་ལ་སྐྱོ་ལ་རབ་ཏུ་བྱུང༌། བཅུ་དགུ་པ་ལ་ཀ་བ་དར་སེང༌། དཔལ་ཆེན་རྡོར་གཞོན། གླན་ཚུལ་བྱང་བྱ་བ་རྣམས་ལས་བསྙེན་པར་རྫོགས། རང་ལོ་སོ་བརྒྱད་པ་ལ་གདན་སར་བྱོན། སྤངས་ཐང་སྟོད་དང་གདན་ས་སྦྲགས་ནས་མཛད། འདིས་བཅུ་བཞེས་པ་ཆུ་འབྲུག་ལ་ཁྲོ་ཕུ་ལོ་ཙཱ་བ་འཁྲུངས། ཞེ་དྲུག་པ་ལ་པཎ་ཆེན་ཤཱཀ་ཤྲཱི་རྭ་སྒྲེང་སོགས་དབུས་སྟོད་དུ་ཕེབས། རང་ལོ་ང་བརྒྱད་པ་ལྕགས་འབྲུག་ལ་གཤེགས། དེའི་གདན་ས་བ་ཞིག་པོ་འདུལ་གྲྭ་བ་རིན་ཆེན་འབྱུང་གནས་ནི། ཇོ་སྲས་ཀྱིས་ཉེར་ལྔ་བཞེས་པ་མེ་ལུག་ལ་འཁྲུངས། བཅུ་གསུམ་པ་ལ་ཇོ་སྲས་ཀྱི་དྲུང་དུ་རབ་ཏུ་བྱུང༌། ཉེར་གཉིས་པ་ལ་གྲོ་སར་རྣལ་འབྱོར་བྱང་སེང་ལས་བསྙེན་པར་རྫོགས། འབེ་སངས་རྒྱས་སྒོམ་པ། རྡོ་རྗེ་གཞོན་ནུ། ཏྲེ་བོ་མགོན་པོ་རྣམས་བསྟེན། སོ་བཞི་པ་ལྕགས་འབྲུག་ལ་གདན་སར་བྱོན། ཉེར་དགུ་པ་ཤིང་མོ་ཕག་ལ་སེ་ཆེན་རྒྱལ་པོ་འཁྲུངས། ཞེ་དགུ་པ་ཤིང་ལུག་ལ་ཆོས་རྒྱལ་འཕགས་པ་འཁྲུངས། སྟག་ལུང་བ་སངས་རྒྱས་ཡར་བྱོན། སྤྱིལ་བུའི་ལྷ་ཆེན་པོ། ཟེམ་ཚེ་རིང་མོ་བ། སེ་སྤྱིལ་བའི་སློབ་མ་རྒྱ་སྤངས་པ། ལྷ་དགེ་འདུན་སྒང་པ། གན་པ་ད་རེ། རྒྱ་མ་བ་སང་ཡོན་རྣམས་དང་དུས་མཚུངས། རང་ལོ་རེ་བརྒྱད་པ་ཤིང་ཕོ་སྟག་ལ་འདས། དེའི་གདན་ས་བ་བསོད་ནམས་རིན་ཆེན་ནི། འདུལ་གྲྭ་བས་ཉེར་བརྒྱད་བཞེས་པའི་ཤིང་ཕོ་ཁྱི་ལ་འཁྲུངས། བཅུ་དགུ་པ་ལ་རྣལ་འབྱོར་བྱང་སེང་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། འདུལ་གྲྭ་བ་དང་ཟེམ་ཚེ་རིང་མོ་བ་གཉིས་ལ་བརྟེན། རང་ལོ་བཞི་བཅུ་རྩ་གཅིག་པ་ཤིང་ཕོ་སྟག་ལ་གདན་སར་བྱོན། བཅུ་གཅིག་ལོན་པའི་ཤིང་སྤྲེ་ལ་སྤྱིལ་བུ་པའི་སྦས་པ་སྟོན་གཞོན་འཁྲུངས། བཅུ་དགུ་པ་ཆུ་ཕོ་འབྲུག་ལ་སྤྱིལ་བུའི་ལྷ་ཆེན་པོ་གཤེགས། སོ་བརྒྱད་པ་ལྕགས་ཕག་ལ་ས་པཎ་གཤེགས། རེ་བདུན་པ་ལྕགས་འབྲུག་ལ་ཆོས་རྒྱལ་འཕགས་པ་གཤེགས། མན་ལུངས་གུ་རུ། ཡང་དགོན་པ། རོང་པ་རྒཱལོ། སྤྱིལ་བུའི་ལྷ་འགྲོ་མགོན། བྱ་ཡུལ་གྱི་སངས་རྒྱས་གཙང་སྟོན། གསང་ཕུ་བ་འོད་ཟེར་མགོན་པོ་རྣམས་དུས་མཚུངས། རང་ལོ་དོན་གསུམ་པ་མེ་ཕོ་ཁྱི་ལ་གཤེགས། དེའི་གདན་ས་པ་ཁྲོམ་བཞེར་དབོན་པོ་རིན་གཞོན་ནི། ཤིང་མོ་ཡོས་ལ་འཁྲུངས། བཅུ་བཞི་ལ་ཀམ་ཀམ་དུ་རབ་ཏུ་བྱུང༌། ཉེར་གཉིས་པ་ལ་གྲོ་སར་བསྙེན་པར་རྫོགས། སློབ་དཔོན་བསོད་ནམས་རིན་ཆེན་དང༌། བྱ་ཡུལ་བའི་སངས་རྒྱས་ཇོ་བོ་རྣམས་ལ་བསྟེན། སོ་གཉིས་བཞེས་པའི་མེ་ཕོ་ཁྱི་ལ་གདན་སར་བྱོན། འདིས་གདན་སར་ལོ་བཞི་སོང་བའི་ལྔ་པ་ལྕགས་ཕོ་སྟག་ལ་འབྲི་ཁུང་གླིང་ལོག་བྱུང༌། བུ་སྟོན་ཁ་ཆེ་འཁྲུངས། བྱ་ཡུལ་ལ་ཞུགས་ཀྱི་གནོད་པ་བྱུང༌། ལོ་སུམ་ཅུ་པ་ཤིང་སྤྲེལ་ལ་ཆོས་རྗེ་རང་བྱུང་རྡོ་རྗེ་འཁྲུངས། འབྲི་ཁུང་པའི་སྤྱན་སྔ་ཉེར་བརྒྱད་པ་ཡང་འཁྲུངས། ཞེ་ལྔ་པ་ས་མོ་ཕག་ལ་ཏི་ཤྲཱི་ཀུན་དགའ་བློ་གྲོས་པ་འཁྲུངས། རང་ལོ་དོན་གསུམ་པ་མེ་མོ་ཡོས་ལ་གཤེགས། དེའི་དབོན་པོ་གདན་ས་བ་ཁྲོམ་བཞེར་རིན་ཆེན་སེང་གེ་ནི་ཤིང་མོ་སྦྲུལ་ལ་འཁྲུངས། བཅུ་གཉིས་པ་ལ་མཁན་ཆེན་སེང་གེ་དཔལ་བ་དང༌། སློབ་དཔོན་རིན་གཞོན་པ་ལས་རབ་ཏུ་བྱུང༌། ཉི་ཤུ་ལ་གྲོ་སར་བསྙེན་པར་རྫོགས། སློབ་དཔོན་རིན་གཞོན་དང༌། བྱ་ཡུལ་བའི་སངས་རྒྱས་སྟོན་པ་ལ་བརྟེན་ནས་ཐུགས་སྦྱོང་མཛད། ཉེར་བཞི་པ་ས་ཕོ་འབྲུག་ལ་གདན་སར་བྱོན། ལོ་དྲུག་ལོན་པ་ལྕགས་ཁྱི་ལ་ཏི་ཤཱི་ཀུན་དགའ་རྒྱལ་མཚན་པ་འཁྲུངས། རྒྱ་མ་བ་བཀྲས་རྒྱལ། བྱ་ཡུལ་བ་སངས་རྒྱས་སྒོམ་པ་ཕྱི་མ། འཆད་ཁ་བ་ལྷ་བློ་གྲོས་འོད། གསང་ཕུ་བ་སློབ་དཔོན་བློ་གྲོས་སེང་གེ། བདེ་བ་ཅན་པ་བཀྲ་ཤིས་སེང་གེ། ཆོས་འཁོན་གླིང་པའི་སློབ་དཔོན་བློ་བཟང་རྣམས་དུས་མཚུངས། དགུང་ལོ་ང་དགུ་པ་ཆུ་མོ་ཡོས་ལ་གདན་སར་དབོན་པོ་བསྐོས་ནས་ཁོང་རང་ཟུར་དུ་བཞུགས། རེ་གཅིག་པ་ཤིང་མོ་སྦྲུལ་ལ་གཤེགས། དེའི་དབོན་པོ་གདན་ས་བ་སངས་རྒྱས་འོད་ཟེར་ནི། མེ་ཕོ་ཁྱི་ལ་འཁྲུངས། བཅུ་གཅིག་ལ་མཁན་ཆེན་སྔ་མ་ལས་རབ་ཏུ་བྱུང༌། གྲོ་སར་མཁན་ཆེན་འོད་ཟེར་རྒྱལ་པོ་ལས་བསྙེན་པར་རྫོགས། ཆོས་འཁོར་གླིང་བའི་སློབ་དཔོན་བྱམས་པ། སྤྱན་སྔ་རིན་སང་བ་སོགས་བསྟེན། བཅོ་བརྒྱད་པ་ཆུ་མོ་ཡོས་ལ་གདན་སར་བྱོན། རང་ལོ་ཉེར་བཞི་བ་ས་མོ་བྱ་ལ་གཤེགས། འདི་གཤེགས་ནས་ཕྱི་མ་མ་བསྐོས་པའི་བར་དུ་ལོ་སུམ་ཅུ་རྩ་དགུ་འདུག་གོ །མཁན་ཆེན་བརྩོན་འགྲུས་བཟང་བོ་ནི། ཆུ་མོ་གླང་ལ་ཀླུངས་ཤོད་ཟུར་རེར་འཁྲུངས། ལོ་བཅུ་ལ་འཇམ་དབྱངས་རིན་ཆེན་སེང་གེའི་ཞབས་ལ་གཏུགས་ནས་མཁན་པོ་ཞུས། སློབ་དཔོན་མཁན་ཆེན་བརྩོན་རིན་པ་ལ་ཞུས་ནས་རབ་ཏུ་བྱུང༌། ལོ་ཉེར་བདུན་པ་ལ་སྔར་གྱི་མཁན་སློབ་ལས་བསྙེན་པར་རྫོགས། ཆོས་འཁོར་གླིང་དུ་སློབ་དཔོན་ཤེས་རབ་རྒྱལ་མཚན་དང་སློབ་དཔོན་བློ་བཟང་པ་བསྟེན། མཁས་ཆེན་བཀྲས་རིན་པ། ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། མཁན་ཆེན་ཆོས་དབང་པ། སྤྱན་སྔ་རིན་སེང་བ། བྱ་ཡུལ་བའི་མཁན་པོ་རིན་ཚུལ། སློབ་དཔོན་གཞོན་བརྩོན། སློབ་དཔོན་རིན་གྲུབ། མཁན་པོ་བརྩོན་རྒྱལ་རྣམས་བསྟེན། ལོ་སོ་བདུན་པ་ས་མོ་གླང་ལ་གདན་སར་བྱོན། ལོ་ཉེར་བདུན་བཞེས་པ་ལ་ཀར་མ་པ་རང་བྱུང་རྡོ་རྗེ་གཤེགས། སོ་དགུ་པ་ལྕགས་ཡོས་ལ་འབྲི་ཁུང་པའི་སྤྱན་སྔ་ཉེར་བརྒྱད་པ་གཤེགས། ཞེ་དགུ་པ་ལྕགས་གླང་ལ་ཀུན་མཁྱེན་ཇོ་ནང་བ་གཤེགས། དེ་རྗེས་ཀྱི་ཆུ་ཡོས་ལ་རྫོགས་ཆེན་པ་ཚུལ་བློ་གཤེགས། དེའི་ཕྱི་ལོ་ཤིང་འབྲུག་ལ་བུ་སྟོན་པ་གཤེགས། དེ་རྗེས་ཀྱི་མེ་རྟ་ལ་རྟོགས་ལྡན་བསམ་གཏན་དཔལ་གཤེགས། དེ་རྗེས་ཀྱི་ས་སྤྲེ་ལ་ཧོར་གྱི་རྒྱལ་ས་ཤོར། དེའི་ཕྱི་ལོ་ས་མོ་བྱ་ལ་རྒྱལ་སྲས་ཐོགས་མེད་པ་གཤེགས། འདིས་རེ་གསུམ་བཞེས་པ་ཤིང་མོ་ཡོས་ལ་ཆོས་རྗེ་བླ་མ་གཤེགས། དེ་རྗེས་ཀྱི་ས་ཕོ་རྟ་ལ་གཡག་སྡེ་པན་ཆེན་བརྒྱད་ཅུ་བཞེས་པ་ཞིག་གཤེགས། དོན་གཉིས་པ་ཤིང་ཕོ་བྱི་བ་ལ་ཆོས་རྗེ་དེ་བཞིན་གཤེགས་པ་འཁྲུངས། རང་ལོ་དོན་གསུམ་པ་ཤིང་མོ་གླང་ལ་གཤེགས། བར་འདིར་མེ་སྟག་ལ་གདན་ས་བ་མེད། དེའི་གདན་ས་བ་དོན་གྲུབ་དཔལ་བ་ནི། ཤིང་མོ་སྦྲུལ་ལ་འཕན་ཡུལ་ཀླུང་དུ་འཁྲུངས། ལོ་དགུ་ལ་ཀློག་ཡིག་བསླབས་པས་ཤེས་པ་ལ་བྱིས་པ་ཤེས་རབ་རབ་ཅན་དུ་གྲགས། བཅུ་གསུམ་པ་ལ་མཁན་ཆེན་བློ་བཟང་པ་དང་སློབ་དཔོན་གུ་རུ་བ་གཉིས་ལས་རབ་ཏུ་བྱུང༌། བཅུ་བཞི་ལ་མཁན་ཆེན་པའི་སྤྱན་སྔར་བྱོན་ནས་ལོ་བརྒྱད་བར་མ་ཆད་དུ་བསྟེན། ལོ་ཉེར་གཉིས་ལ་མཁན་ཆེན་ཤཱཀྱ་མི་ཏྲ་ལ་སོགས་ལས་བསྙེན་པར་རྫོགས། གཞན་ཡང་གསང་ཕུ་བ་བློ་གྲོས་བརྟན་པ། མཁས་གྲུབ་རྡོ་རྗེ་རྒྱལ་མཚན། རྡོ་རྗེ་འཛིན་པ་གཞོན་ནུ་རྒྱལ་མཚན། རྣལ་འབྱོར་དབང་ཕྱུག་གཞོན་ནུ་འཕེལ། བྱ་ཡུལ་རིན་པོ་ཆེ་བློ་གྲོས་རྣམས་དག །མཁན་ཆེན་སེང་རྒྱལ་བ། རི་ཁྲོད་པ་མགོན་པོ་གཞོན་ནུ་རྒྱལ་མཚན། ཀུན་སྤངས་ཡེ་ཤེས་རྒྱལ་མཚན། མཁས་བཙུན་གཞོན་ནུ་འོད། སྟན་གཅིག་པ་ལུང་གི་རྒྱ་མཚོ་རྣམས་བསྟེན། རང་ལོ་ཉེར་གསུམ་པ་མེ་མོ་ཡོས་ཀྱི་ལོ་ལ་གདན་སར་བྱོན། དེ་ནས་སུམ་ཅུ་རྩ་གཅིག་པ་མེ་མོ་བྱའི་ལོ་ལ་ཆོས་འབྱུང་བསྟན་པ་རིན་པོ་ཆེའི་གསལ་བྱེད་བརྩམས། མེ་མོ་བྱ་དེ་ནས་ད་ལྟའི་མེ་ཕོ་སྤྲེའུ་འདི་ཡན་ལ་ལོ་དྲུག་ཅུ་སོང༌། ཁྲོམ་བཞེར་ཆེན་པོ་གཤེགས་ནས་ལོ་སུམ་བརྒྱ་དང་བདུན་མེ་སྤྲེ་ཡན་ལ་སོང་ངོ༌། །བྱ་ཡུལ་བའི་སློབ་མའི་སྐབསསོ། །

༥.༩ རྒྱ་མ་པའི་སྐབས། དགོན་པ་བའི་བུ་བཞིའི་ཡ་གྱལ་ཀ་མ་པ་ཤེས་རབ་འོད་ནི། ཇོ་བོ་ལན་པ་སྤྱིལ་བུར་ཕེབས། ཡུམ་དེས་ཇོ་བོ་ལ་བྱིན་རླབས་ཞུས་པས། འདི་ལ་བུ་བཟང་པོ་ཞིག་འོང་གསུང་ནས་ལུང་བསྟན་པ་བཞིན་ལན་པ་མདར་མེ་མོ་བྱ་ལ་འཁྲུངས། རབ་ཏུ་བྱུང་བའི་མཚན་ཤེས་རབ་འོད། ཕྱིས་དགོན་པ་བ་དང་མཇལ་དུ་བྱོན་པས་དགོན་པ་བས་ཆོས་དང་ཟང་ཟིང་གཉིས་ཀས་བསྐྱངས། མངོན་པར་རྟོགས་པའི་ཡོན་ཏན་ཡང་ཚད་མེད་པ་དང་ལྡན་པ་ཡིན། ཐུགས་རབ་ཀྱང་ཤིན་ཏུ་ཆེ། རྟོག་གེ་འབར་བ་ནག་ཚོས་བསྒྱུར་བ་ལས་རྣལ་འབྱོར་སྤྱོད་པ་བའི་དེ་ཁོ་ན་ཉིད་གཏན་ལ་དབབ་པའི་ལེའུ་ལ་འགྱུར་བཅོས་མཛད་པ་པོའི་མཁས་བཙུན་ཤེས་རབ་འོད་གསལ་གཉིས་ཀྱིས་བསྒྱུར་ཟེར་བའི་ཡ་གཅིག་ཀྱང་ཁོང་ཡིན་པ་འདྲའོ། །དེས་ཀམ་དགོན་པ་བཏབ། གྲྭ་པ་ཡང་བདུན་བརྒྱ་ཙམ་འཚོགས། ཕྱི་རོལ་གྱི་དངོས་པོ་ངན་པ་རྣམས་བཟང་པོར་བསྒྱུར་ནུས་པའི་ཏིང་ངེ་འཛིན་བརྟན་པོ་ཡང་མངའ། དགུང་ལོ་བདུན་ཅུ་རྩ་ལྔ་པ་ལྕགས་མོ་ཕག་ལ་གཤེགས། འདི་འཁྲུངས་པའི་མེ་བྱ་འདི་ཇོ་བོ་ཤིང་རྟ་ལ་གཤེགས་པའི་རྗེས་ཀྱི་མེ་བྱ་དེ་ཡིན། དགོན་པ་བའི་བུ་ཆེན་དགེ་བའི་བཤེས་གཉེན་སྣེའུ་ཟུར་པ་ནི། སྣེའུ་ཟུར་ཉིད་ཀྱིས་སྐོར་ཐོད་པ་ཞེས་བྱ་བ་དེར་ཆུ་ཕོ་རྟ་ལ་འཁྲུངས། ཆུ་རྟ་འདི་ཇོ་བོ་བོད་དུ་ཕེབས་པའི་ལོ་དེ་ཡིན། གཞོན་ནུ་ནས་བྲག་རྒྱབ་པའི་བཙུན་པ་བྱས། མཚན་ཡེ་ཤེས་འབར། དེ་དུས་རང་ནས་སྐྱེ་བས་ཐོབ་པའི་ཏིང་ངེ་འཛིན་ལེགས་པར་འཁྲུངས། དེའི་གཏམ་སྒོམ་པ་ཤེས་རབ་དབང་ཕྱུག་གིས་དཔལ་ལྡན་དགོན་པ་བ་ལ་ཞུས་པས། ཁོའི་དེ་དགེ་བའི་བཤེས་གཉེན་གྱིས་ཟིན་ན་ལེགས་པར་འོང་སྟེ། དེ་ལྟ་མ་ཡིན་ན་སྨྱོན་པར་འགྲོ་གསུང་བས། ཤེས་རབ་དབང་ཕྱུག་གིས་ཁྱོད་ལ་དགེ་བའི་བཤེས་གཉེན་པས་ཐུགས་ལ་འདོགས་པར་འདུག་ཟེར་བ་བྱས། འོན་ཀྱང་རེ་ཞིག་ནི་མ་ཐོན། ཕྱིས་ལོ་ཉི་ཤུ་རྩ་དྲུག་པ་མེ་མོ་ལུག་གི་ལོ་ལ་རྭ་སྒྲེང་དུ་བྱོན་ནས། དགོན་པ་བ་ལ་མཇལ་བར་ཞུས་པས། སྐུ་མཚམས་དམ་པས་མཇལ་ས་མེད་ཟེར། དེར་དགོན་པ་གོང་གི་འོག་གི་ཆུ་མིག་ཁ་དེར་དྲོ་བཏབ། སྤོས་ཀྱི་རེ་བུ་ཞིག་ཀྱང་བསྲེགས་ཏེ་ཕུལ། ཕྱག་ཀྱང་མང་དུ་ཕུལ། སྐྱེས་བུ་དམ་པ་ཁྱོད་དང་ཚེ་རབས་ཐམས་ཅད་དུ་མཇལ་བར་གྱུར་ཅིག་ཅེས་བྱ་བའི་སྨོན་ལམ་ཡང་མང་དུ་བཏབ། མངོན་པར་ཤེས་པར་མཁྱེན་པས་རིང་པོ་མ་ལོན་པར་བཀའ་སྩལ་བྱུང་སྟེ། ཞབས་དྲུང་དུ་ལེགས་པར་མཇལ། དང་པོར་ཁ་འབར་མའི་གཏོར་མ་ཞིག་བསླབས་ནས། ངས་ཀྱང་ཇོ་བོ་དང་མཇལ་བའི་དུས་སུ་དང་པོར་འདི་གནང་བ་ཡིན་གསུང་བས། ཇོ་བོའི་གདམས་པ་ཇི་ལྟ་བ་བཞིན་དུ་གནང་བར་འདུག་སྙམ་པ་བྱུང་བ་བཞིན། གདམས་པ་སྣ་ཚང་བར་ཐུགས་ལ་བཏགས། རེས་འགའ་ཕྱག་བཙལ་ནས། ང་ལ་ཞབས་ཀྱིས་བྱིན་རླབས་གནང་བྱུང་བསམ་པ་ན། བླ་མས་ཞབས་ནར་གྱིས་བརྐྱང་ནས་འོང༌། ལན་ཅིག་ཕྱག་སོར་གསུམ་གྱིས་མགོ་ལ་བྱིན་རླབས་མཛད་པས། དབུ་ལ་ཕྱག་སོར་གསུམ་པོ་ཐིམ་པའི་ཤུལ་སྐྱོང་ལོག་གེ་བ་ཇི་སྲིད་འཚོའི་བར་དུ་ཡོད། ཡི་དམ་དུ་རྗེ་བཙུན་མི་གཡོ་བ་གནང་ནས་དེའི་བསྙེན་པ་མང་དུ་མཛད་པས་ཞལ་ཡང་ལེགས་པར་གཟིགས། དགོན་པ་བ་གཤེགས་ནས་པོ་ཏོ་བ་ལ་བསྟེན། གཞན་གྱིས་ཕྲག་དོན་བྱས་ནས་འདི་ལ་ནག་སྐྱོན་ཡོད་ཅེས་བྱས་ཏེ། པོ་ཏོ་བ་ཐུགས་ལོག་པ་ལ། ང་ལ་འདིའི་སྐྱོན་ཡེ་མེད་པ་ཞིག་ཡིན་ཞུས་ཀྱང༌། དེ་ཁྱོད་རང་ཁོ་ན་ལ་དགའ་ཅིག་གསུང་ནས་བཀྱོན་དུ་བྱུང་བ་ལ། ངའི་བླ་མ་དེ་བཞུགས་ན་མངོན་པར་མཁྱེན་པ་ཆེན་པོ་མངའ་བས་འདི་འདྲ་བ་མི་འོང་སྟེ་སྙམ་པའི་ཡི་མུག་པ་ཡང་བྱུང་གསུང༌། ཕྱིས་ནི་སྐྱོན་མེད་པར་དགོངས་ཏེ། པོ་ཏོ་བ་ལེགས་པར་དགྱེས་ནས་པོ་ཏོ་བ་གྲྭ་པ་མང་པོ་སྐྱོང་ཞིང་སྟག་ལུང་དུ་བཞུགས་པའི་ཚེ། དགེ་སློང་བཅུ་ལྷག་ཙམ་ལ་ཀླུའི་ནད་བྱུང་བ་ཡང་ཁྱོད་ཀྱིས་གསོས་གསུང་ནས། སྣེའུ་ཟུར་པས་ལེགས་པར་བཅོས། པོ་ཏོ་བ་དུས་ཕྱིས་སྐུ་ཁམས་བསྙེལ་བའི་ཚེའང༌། འཁོར་གྱིས་དགེ་བའི་བཤེས་གཉེན་འདི་དང་འདི་སྔས་བསྲུངས་སུ་གདན་དྲངས་ན་ཞུས་དུས། གསན་དུ་མ་བཞེད། སྣེའུ་ཟུར་པ་སྤྱན་དྲང་ངམ་བྱས་པས། ཞལ་ནས། དེ་བྱུང་ན་དད་དེ་ཁོ་རང་གིས་ཆོག་སྟེ་གསུང་བས། སྔས་བསྲུངས་ཀྱང་མཛད། དེར་ཐུགས་དམ་མཛད་པས་ནམ་མཁའ་ལ་མཐོ་བར་འཕགས་པའི་སྣང་བ་ཡང་བྱུང་ཞུས་པས། པོ་ཏོ་བའི་ཞལ་ནས། ཨེ་འདི་ངའི་དོན་བྱེད་སྙམ་ཙ་ན་ཁོ་རང་གི་དོན་བྱས་ནས་འདུག་གསུང༌། ལན་ཅིག་རྭ་སྒྲེང་ལ་འབྱོན་པའི་ཚེ་ཕ་བོང་ཞིག་ལ་ཞབས་གཏད་དེ་ཕྱག་སྒྲོག་བཅིངས་པས་སྦྲུལ་དཀར་པོ་ཞིག་ཕ་བོང་འོག་དེ་ནས་འཐོན་ཏེ་སོང༌། དེ་ན་མཛེ་བོ་ཞིག་ཡོད་པ་གཞན་ཅི་ཡང་མ་དགོས་པར་དེ་གཅིག་པུས་ནད་སོས། དེ་ལ་སོགས་པ་མཛེ་བོ་མང་པོའི་དོན་མཛད། བརྟག་པ་མཁན་ཡིན་སྙམ་པ་མ་གཏོགས། མཁྱེན་པ་དང་ཏིང་ངེ་འཛིན་གྱི་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བར་ཕལ་གྱིས་མ་རྟོགས། ཕྱིས་སྣེའུ་ཟུར་དུ་དགོན་པ་མཛད་དེ་བཞུགས་པ་ན། དད་པ་ཅན་མང་དུ་ལྷགས། ཚ་རོང་གི་ཇོ་སྟན་ནག་པོ་དང༌། ཀྭ་བ་དར་སེང་ལ་སོགས་པའི་འདུལ་བ་འཛིན་པ་ཆེན་པོ་མང་པོས་ཀྱང་ཞབས་ལ་གཏུགས། ཏིང་ངེ་འཛིན་ཤིན་ཏུ་བརྟན་པས་རྗེ་བཙུན་མི་ལ་དང་ཡང་མཚན་ཐོས་པའི་གྲོགས་པོ་ཡིན་ཟེར། མི་མང་པོ་ལམ་གྱི་རིམ་པས་ཁྲིད་པས་ཀྱང་བསྐྱར་དུ་བཏུབ་པར་བྱུང༌། ལམ་རིམ་གྱི་དབུ་ནི་འཁོར་བ་འཇུག་ལྡོག་ནས་མཛད། བསྟན་པའི་རིམ་པ་རྒྱས་པ་གསུངས་པ་ལ་སློབ་མས་ཟིན་བྲིས་བྱས་པ་ཡང་མང་དུ་ཡོད། དགེ་བའི་བཤེས་གཉེན་རིན་ཆེན་སྒང་པ་ཆེན་པོ་གཙང་སྟོན་སྔ་ཕྱི་གཉིས། གཉལ་པ་མི། བུར་པ་ཡུལ་སྨན། དཔས་སྟོན་ཆུང༌། མངའ་གསལ་ལྡན། དུམ་བུ་རི་པ་ཟླ་བ་རྒྱལ་མཚན། རི་མོ་ཅན་པ། རྩིབས་དགོན་པ། མངའ་རིས་པ་བྱང་ཆུབ་དགེ་མཛེས། གཙང་རོང་པ་སྣུབས་སྒོམ། མྱང་སྟོད་པ། བྲང་ཤོང་བ། ཝར་པདྨ། ཉི་ཕུག་པ། ཞིང་ཆུང་བ། རྒྱན་དཀར་བ། རྒྱང་རོང་བ་དར་བརྩོན་རྫི་ལ་འོད་གྲགས། སྟོད་ལུངས་པ་དར་བློ། མལ་གྲོ་བཀྲ་ཤིས་སྒང་བ། གླན་ཆུ་མིག་ལུང་དུ་བ། ཕྱི་ལུང་བ་རྒྱ་བ། ཚུལ་ཁྲིམས་འོད་ཟེར་ལ་སོགས་པའི་ཚོགས་པ་སྟོང་ཕྲག་རེ་ཙམ་འདུས། གཙང་ན་དྲང་བོ་ལུང་པ་དང་སྤྱི་བོ་ལྷས་པ་ལ་སོགས་པ་ཡང་སློབ་མ་ཡིན། ལན་ཅིག་གླང་ཐང་དུ་ནད་ཡམས་ཆེན་པོ་བྱུང་བས་མི་མང་པོའང་ཤི། དེ་ནས་མི་མ་ཡིན་རྣམས་སྣེའུ་ཟུར་དུ་འགྲོ་བར་བརྩམས་པ་ན། ནམ་མཁའ་ལས་དེ་ནི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྲུལ་པ་ཡིན་ནོ་བྱ་བའི་སྒྲ་བྱུང་བས། མི་མ་ཡིན་རྣམས་ཕྱིར་ལོག་སྟེ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྲུལ་པར་ཡང་གྲགས། རང་ལོ་བདུན་ཅུ་རྩ་བདུན་པ་ས་ཕོ་ཁྱིའི་ལོར་གཤེགས། དགེ་བའི་བཤེས་གཉེན་ཆེན་པོ་འདི་དང་སྤྱན་སྔ་ནས་བརྒྱུད་པ་རྣམས་ལ་གདམས་ངག་པ་ཞེས་གྲགསསོ། །སྣེའུ་ཟུར་པའི་སློབ་མ་དགྱེར་སྒོམ་ཆེན་པོ་ཁུ་དབོན་གཉིས་ནི། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཟུང་ཞིག་གཞན་གྱི་དོན་དུ་སྐྱེ་བ་བཞེས་པ་ཡིན་ཏེ། དགྱེར་ལྷ་སྣང་གི་རིགས་སུ་དགྱེར་སྒོམ་ཆེན་པོ་ལྕགས་ཕོ་རྟ་ལ་འཁྲུངས། བཀའ་གདམས་གདམས་ངག་པའི་བླ་མ་སྣེའུ་ཟུར་པ་དང་བྱ་ཡུལ་བ་གཉིས་ཀྱི་སློབ་མ་ཡིན་ཞིང༌། བསྒོམ་པ་ལ་གཙོ་བོར་མཛད་པས་དགྱེར་སྒོམ་ཞེས་གྲགས། མཚན་ནི་གཞོན་ནུ་གྲགས་པ་ཞེས་བགྱི། དེས་རིན་ཆེན་སྒང་གི་གཙུག་ལག་ཁང་སྡེ་དགོན་དང་བཅས་པ་བཏབ་ཅིང༌། འགྲོ་བའི་དོན་རྒྱ་ཆེན་པོ་མཛད། ཚོགས་པའང་བརྒྱད་བརྒྱ་ཙམ་འཚོགས། རང་ལོ་བརྒྱད་ཅུ་རྩ་གཉིས་པ་ལྕགས་མོ་ཡོས་ལ་གཤེགས། དགྱེར་སྒོམ་ཆེན་པོའི་གཅུང་པོ་བུ་མོ་སྟག་གི་སྲས་དབོན་སྟོན་རིན་པོ་ཆེ་དེ་ནི། བསྐལ་པ་བཟང་པོའི་སངས་རྒྱས་སུ་འགྱུར་བ་བྱང་ཆུབ་སེམས་དཔའ་སྐལ་ལྡན་ཤིང་རྟ་ཉིད་སྐྱེ་བ་བཞེས་པར་གྲགས། དེ་ཡང་སིངྒའི་གླིང་ན་དགྲ་བཅོམ་པ་ཞིག་བཞུགས་པ་དེས། ཁ་ཆེའི་པཎྚི་ཏ་ཆེན་པོ་ཤཱཀྱ་ཤྲཱིའི་གཅུང་པོ་ཞིག་ལ་མེ་ཏོག་བཞི་ཟ་མ་ཏོག་ཏུ་བཅུག་སྟེ། དགྲ་བཅོམ་པ་དེའི་ཞལ་ནས་མེ་ཏོག་འདི་རྣམས་ཁྱེད་ཀྱི་ཕུ་བོ་དེ་བོད་དུ་འགྲོ་བར་འདུག་པས་དེ་ལ་བསྐུར་ལ། གཅིག་འབྲི་ཞེས་བྱ་བའི་ས་ཕྱོགས་ན་སློབ་དཔོན་ཀླུ་སྒྲུབ་བྱང་ཆུབ་སེམས་དཔའ་རིན་ཆེན་དཔའ་ཞེས་བྱ་བར་སྐྱེ་བ་བླངས་ཡོད་པས། མེ་ཏོག་གཅིག་དེ་ལ་སྤྲོད། གཅིག་ནི་རཏྣ་ཀཱུ་ཊི་ཞེས་བྱ་བའི་གཙུག་ལག་ཁང་ན་བྱང་ཆུབ་སེམས་དཔའ་སྐལ་ལྡན་ཤིང་རྟའི་སྐྱེ་བ་ཡོད་པས་དེ་ལ་སྤྲོད། གཅིག་དྭི་བྷཱ་ཥི་ཞིག་ཡོད་པ་དེ་ལ་སྤྲོད། གཅིག་དྭི་བྷཱ་ཥི་དེས་ལྷ་ཆེན་པོ་ཞིག་བཞེངས་པ་དེའི་ཐུགས་ཀར་ཞོག་ཅེས་གསུངས་པ་བཞིན་དུ། ཁ་ཆེའི་པཎྚི་ཏ་ཆེན་པོས་ཀྱང་དེ་རྣམས་ལེགས་པར་སྤྲད། ཁ་ཆེའི་པཎྚི་ཏ་བསམ་ཡས་སུ་བཞུགས་པའི་ཚེ་རྗེ་བཙུན་མ་སྒྲོལ་མ་ལ། དབོན་སྟོན་བྱང་ཆུབ་སེམས་དཔའ་སྐལ་ལྡན་ཤིང་རྟ་ལགས་སམ་ཞུས་པས། འཕགས་མའི་ཞལ་ནས། སྐལ་ལྡན་ནི་ཡིན། དམུ་རྒོད་ཀྱི་སེམས་ཅན་རྣམས་ཀྱི་སྒང་བཤོངས་སྙོམས་པས་ཤིང་རྟ་དེ་མྱུར་བོར་འཆག་པ་འདུག་ཅེས་གསུང་བ་བྱུང་ཟེར། བྱང་ཆུབ་སེམས་དཔའ་སྐལ་ལྡན་ཤིང་རྟ་དེ་ནི་ས་ཕོ་རྟ་ལ་འཁྲུངས། གཙུག་ལག་ཁང་ཆེན་པོ་བཞེངས་པ་ལ་སོགས་པའི་གཞན་དོན་གྱི་བྱ་བ་རླབས་ཆེན་པོ་མང་དུ་མཛད། ནམ་ཞིག་གི་ཚེ་དགེ་འདུན་དབུ་ཆེན་ཁ་ཅིག་བསགས། འདུན་མའི་ཞལ་བཀོད་མཛད་པ་ལ། དེ་རྣམས་ཀྱིས་མ་ཉན་བས། དབོན་སྟོན་རིན་པོ་ཆེའི་གསུང་གིས། དབུ་རུ་བྱང་ཕྱོགས་ཀྱི་བཀའ་གདམས་ཀྱི་བསྟན་པ་འདི་ངས་གཟུང་ངམ་སྙམ་པ་ཡིན་ཏེ། ང་ཁྱེད་རྣམས་ཀྱི་བློ་ལ་མི་འབབ་ན་ངའི་སྐྱ་མ་འདི་དེ་རིང་ནས་རྩེན་གྱིས་བསྡུས་པས་ཆོག་གསུང་ནས་གཟིམས་མལ་དུ་ཐེགས། ཇ་སུན་གཉིས་བཞེས་པའི་མོད་ལ་འཕོ་བ་མཛད་དེ། རང་ལོ་བདུན་ཅུ་རྩ་གསུམ་པ་ལྕགས་ཕོ་རྟའི་ལོ་ལ་གཤེགས། ལོ་འདི་ལ་ཁ་ཆེ་པཎ་ཆེན་གྱིས་ས་སྐྱར་དབྱར་གནས་མཛད། སྣེའུ་ཟུར་པ་གཤེགས་པའི་ཚེ་དགྱེར་སྒོམ་ཆེན་པོས་ལོ་ཉི་ཤུ་རྩ་དགུ་ལོན། དགྱེར་སྒོམ་གཤེགས་པའི་ཚེ་དབོན་གྱིས་ལོ་སུམ་ཅུ་རྩ་བཞི་བཞེས། དབོན་སྟོན་གྱིས་གདན་སར་ལོ་བཞི་བཅུ་རྩ་གཉིས་བཞུགས། སང་ཡོན་པས་གདན་ས་ལོ་སུམ་ཅུ་རྩ་གཉིས་བསྐྱངས། དྲུག་ཅུ་རྩ་གཅིག་ལ་གཤེགས། བདེ་གཤེགས་ཆེན་པོས་གདན་ས་ལོ་ཉི་ཤུ་རྩ་ལྔ་བསྐྱངས་ཏེ། དྲུག་ཅུ་རྩ་ལྔ་ལ་གཤེགས། སྐམ་དགོན་པ་གཞོན་ནུ་འབུམ་གྱིས་གདན་ས་ཟླ་བ་བཅོ་བརྒྱད་བསྐྱངས་ཏེ་དྲུག་ཅུ་རྩ་བརྒྱད་ལ་གཤེགས། སངས་རྒྱས་འོད་འབྱུང་གིས་གདན་ས་ལོ་ཉི་ཤུ་རྩ་ལྔ་བསྐྱངས་ནས་དྲུག་ཅུ་རྩ་གཅིག་ལ་གཤེགས། སངས་རྒྱས་གཞོན་འོད་ཀྱིས་གདན་ས་ལོ་བཞི་ཅུ་རྩ་གཉིས་བསྐྱངས་ཏེ་དྲུག་ཅུ་ལ་གཤེགས། ཆོས་རྗེ་བཀྲས་རྒྱལ་བས་གདན་ས་ལོ་བརྒྱད་བསྐྱངས་ཏེ་དྲུག་ཅུ་རྩ་གཅིག་ལ་གཤེགས། སྤྱན་སྔ་ཀུན་བཟང་བས་གདན་ས་ལོ་གཅིག་བསྐྱངས་ཏེ་བདུན་ཅུ་རྩ་གསུམ་པ་ལ་གཤེགས། གཞོན་ནུ་སེང་གེ་བས་གདན་ས་ལོ་གཅིག་བསྐྱངས་ཏེ་སུམ་ཅུ་རྩ་གཅིག་ལ་གཤེགས། ཆོས་རྗེ་བསོད་རྒྱལ་བས་གདན་ས་ལོ་ཉི་ཤུ་རྩ་གཅིག་བསྐྱངས་ཏེ་ལྔ་བཅུ་རྩ་ལྔ་ལ་གཤེགས། སང་ཡོན་པས་གདན་ས་ལོ་ལྔ་བསྐྱངས་ཏེ་ལྔ་བཅུ་རྩ་ལྔ་ལ་གཤེགས། དེ་རྗེས་གདན་ས་ལོ་གསུམ་སྟོངས། དེ་ནས་སྤྱན་སྔ་སངས་རྒྱས་བྱང་ཆུབ་པས་གདན་ས་ལོ་ཉི་ཤུ་རྩ་གཅིག་བསྐྱངས་ཏེ་ལྔ་བཅུ་རྩ་དྲུག་ལ་གཤེགས། སྤྱན་སྔ་ཀུན་བློ་བས་གདན་ས་ལོ་བཅུ་གཅིག་བསྐྱངས་ཏེ་ལྔ་བཅུ་རྩ་དགུ་ལ་གཤེགས། སྤྱན་སྔ་གཞོན་འོད་པས་གདན་ས་ལོ་སུམ་ཅུ་སོ་དྲུག་བཞུགས་ཏེ། སོ་དྲུག་པ་འདི་ལྕགས་ཕོ་རྟ་ཡིན། སང་ཡོད་སྔ་མའི་ལྕགས་ལུག་ནས་ལྕགས་རྟ་འདིའི་བར་ལོ་ཉིས་བརྒྱ་བཞི་བཅུ་ཡོད། སྤྱན་སྔ་བློ་གྲོས་རྒྱལ་མཚན་པ་རྟའི་ལོ་ལ་འཁྲུངས། ཞེ་དགུ་པ་རྟའི་ལོ་ལ་གདན་སར་བྱོན་ནས་གདན་ས་ལོ་གཉིས་མཛད། ང་དགུ་པ་ས་ཕོ་འབྲུག་ལ་གཤེགས། བློ་གྲོས་རྒྱལ་མཚན་གཉིས་པ་སྦྲུལ་ལ་འཁྲུངས། ཉེར་བདུན་པ་ལུག་ལ་གདན་སར་ཕེབས་ནས་ལོ་གཉིས་བཞུགས། ད་ལྟ་ནི་བློ་གྲོས་འཇིགས་མེད་པ་བཞུགསསོ། །དགྱེར་སྒོམ་ཆེན་པོ་ལྕགས་ཕོ་རྟ་ལ་འཁྲུངས་ནས་གཞོན་འོད་ཕྱི་མས་གདན་ས་བཞག་པའི་ལྕགས་རྟའི་བར་ལོ་སུམ་བརྒྱ་དང་དྲུག་ཅུ་འདས་ནས་དྲུག་ཅུ་རྩ་གཅིག་པའོ། །དགྱེར་སྒོམ་ལྕགས་རྟ་ལ་འཁྲུངས་ནས་དབོན་སྟོན་ལྕགས་རྟ་ལ་གཤེགས་པའི་བར་ལོ་བརྒྱ་དང་ཉྀ་ཤུ་རྩ་གཅིག་སོང༌། གཞོན་འོད་ཕྱི་མས་གདན་ས་བཞག་པའི་ལྕགས་རྟ་དེ་ནས་དིང་སང་གི་མེ་ཕོ་སྤྲེའུ་འདིའི་བར་དུ་ལོ་ཉི་ཤུ་རྩ་བདུན་སོང༌། དེའི་རིང་ལ་བློ་གྲོས་རྒྱལ་མཚན་པ་ལ་སོགས་པ་རྣམས་བྱོན་ནོ། །ཇོ་བོ་བོད་དུ་ཕེབས་པའི་ཆུ་ཕོ་རྟ་ལ་སྣེའུ་ཟུར་པ་འཁྲུངས། ཁོང་གིས་ཞེ་དགུ་བཞེས་པའི་ལྕགས་རྟ་ལ་དགྱེར་སྒོམ་ཆེན་པོ་འཁྲུངས་ཞེས་བྱའོ། །རྒྱ་མ་བའི་སྐབས། །

༥.༡༠ དགོན་པ་བའི་བུ་ཀམ་པ་དང་ཤར་པ་བ་སློབ་བརྒྱུད་དང་བཅས་པའི་སྐབས། སྣེའུ་ཟུར་པའི་སློབ་མ་བྱང་ཆུབ་དགེ་མཛེས་ཡུལ་མངའ་རིས་པ། ཤིང་ཕོ་བྱི་བ་ལ་འཁྲུངས། ཤིང་བྱི་འདི་སྣེའུ་ཟུར་པའི་ཞེ་གསུམ་པ་ཡིན། གདུང་དགེ་ཤིང༌། གཞོན་ནུ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། འདུལ་བ་བསླབས། གཉགས་ལོ་ཙཱ་བས་པཎྚི་ཏ་སུ་ག་ཏ་ཤྲཱི་གདན་དྲངས་པའི་ཕྱགས་ཕྱིར་ཡར་ཀླུངས་སུ་བྱོན། ལོ་པཎ་ལ་ཤེར་ཕྱིན་བག་ཙམ་མཉན། བཙན་ལ་བྱམས་ཆོས་ཤེས་པར་བསླབས། ཚ་རོང་བ་ལ་འདུལ་བ་བསླབས། ཕུ་ཆུང་བ། གླང་རི་ཐང་པ། ཀ་མ་བ། ཁམ་པ་ལུང་པ་རྣམས་ལ་ཞལ་མཇལ། ཆོས་སྐྱོང་མགོན་པོ་ཞལ་གཟིགས། ངའི་སོ་སོ་ཐར་པ་ནས་རིག་འཛིན་གྱི་བར་ལ་འགལ་འཁྲུལ་ཡོད་ན་ཁྱེད་ཀྱིས་སྙིང་ཁྲག་ཕྱུང་ཞིག་བྱས་པས། མགོན་པོའི་ཞལ་ནས། དགེ་སློང་གི་དམ་བཅའ་འཇིགས་གསུང༌། སྣེའུ་ཟུར་པ་ལ་ཤིན་ཏུ་དད་ནས་ལམ་རིམ་གསན། དགེ་བཤེས་སྒྲེ་པ་སྣེའུ་ཟུར་པ་ལ་རྟོགས་པ་འབུལ་དུ་བྱོན་པའི་ཕྱིར་གཡེར་བྱོན་ནས་ཁོང་གི་བླ་མཆོད་མཛད། སྣེའུ་ཟུར་པ་གཤེགས་ནས་བྱ་ཡུལ་བ་ལ་ཆོས་ཚན་ཞིག་ཞུས། བྱེས་ཚན་དགོན་པར་ཐུགས་དམ་མཛད། བརྒྱད་ཅུ་རྩ་བཞི་པ་ཕག་ལོ་འཕོ་བ་མཛད་ནས་གཤེགས། དེའི་སློབ་མ་སྐོར་ཆེན་པོ་ཡིན་ཏེ། གཉགས་ཆུང་ལོ་ཙཱ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། གཙང་དུ་བྱོན་ནས་གསན་པ་མང་དུ་མཛད། སྣེའུ་ཟུར་པ་ཞལ་མཇལ་བ་ཙམ་ཞིག་བྱས། དེ་ནས་སྟག་ཅན་དུ་བྱོན། སྟག་ཅན་གྱི་བདག་གཉགས་ལོས་མཛད་པ་ཡིན། སྐོར་གྱིས་ཕྱིའི་ལྕགས་རི་དེ་བརྩིགས། དེའི་རབ་གནས་དོན་སྟེངས་པ་ལ་ཞུས། དོན་སྟེངས་པ་ལ་སེམས་བསྐྱེད་ཞུས་དུས་ས་གཡོ་བའི་ལྟས་ཆེན་པོ་བྱུང༌། སྤྱིར་བླ་མ་དྲུག་ཅུ་ཙམ་བསྟེན། གུན་པ་བས་ལུང་བསྟན། མངའ་རིས་པ་དགེ་མཛེས་ལ་སྣེའུ་ཟུར་པའི་ཆོས་རྣམས་ཚར་ཕྱིན་པར་ཞུས། སྟག་ཅན་གྱི་འབུམ་མོ་ཆེ་བཞེངས། དེའི་ལས་མི་སྔར་རྫིང་ཡན་བར་ཐང་མན་གྱི་མིས་ཁྱབ། གཤེགས་ཁར་སྐོར་ཇོ་སྲས་ལ་གདན་ས་བསྐོས། ཇོ་སྲས་ཀྱིས་དགེ་གོང་དུ་འདུལ་བ་སྦས་ཏི་ལ་བསླབས། དགེ་བཤེས་སྟོན་དར་དང༌། གནས་བརྟན་བརྩོན་ཤེ་ཞེས་བྱ་བས་འཇོག་མ་ཉན་པར་ཤ་འུག་སྟག་སྒོར་བྱོན། དེར་ཐུགས་རྗེ་ཆེན་པོའི་ཞལ་གཟིགས། སླར་ཡང་སྟག་ཅན་དུ་གདན་དྲངས། ཁྲ་འབྲུག་གི་མངའ་ཐང་བསྐྱེད། རྒྱ་ས་སྒང་དུ་མྱ་ངན་ལས་འདསསོ། །དེའི་གདན་ས་བ་མར་པ་ཕུག་པ་བར་གྲགས་པ་དེ་ནི། གསེར་སྡིངས་པ་ལ་རབ་ཏུ་བྱུང༌། ཀླུབས་དཀར་ལ་བསྙེན་པར་རྫོགས། འདུལ་བ་མཁས་པར་བསླབས། སྒྲུབ་པ་ལོ་ཉི་ཤུ་མཛད། བཀའ་གདམས་ཀྱི་གདམས་པ་རྣམས་སྐོར་ཇོ་སྲས་ལ་གསན། དྲུག་ཅུ་རྩ་གསུམ་ནས་འགྲོ་དོན་མཛད། སྟག་ཅན། སེར་བ་དགོན་པ། རྒྱས་ས་སྒང༌། བཙན་ཐང༌། རོང་སྐམ་རྣམས་གཟུང་ནས་བདུན་ཅུ་རྩ་གསུམ་པ་བྱི་བའི་ལོ་ལ་གཤེགས། དེའི་གདན་ས་ཞིག་པོ་ཀུན་གྲོལ་ཡིན་ཏེ། འཁྲུངས་ཡུལ་ཡར་ཀླུངས་ཤར་པ། གྲྭ་འདུལ་དང་ཡོལ་ལྕགས་ལ་དགེ་ཚུལ་གྱི་སྡོམ་པ་བླངས་ཤིང་བསྙེན་པར་རྫོགས། མར་ཕུག་པ་ལོ་བཞི་བསྟེན། དོན་ཞགས་ལ་ཐུགས་དམ་གཙོ་བོར་མཛད། འདི་སྣར་ཐང་སངས་རྒྱས་སྒོམ་པའི་ཡང་སློབ་མ་ཡིན། ས་སྐྱ་བ་དབུས་སུ་བྱོན་དུས་དཔུངས་རིངས་སུ་གདན་དྲངས། བརྒྱ་འབུལ་བྱས། ཁུ་སྤྱན་གཡས་པ་ལ་རབ་གནས་སེམས་བསྐྱེད་སོགས་ཞུས། བྱ་ཡུལ་དུ་ཟེམ་ལ་བསྟན་རིམ་སོགས་ཞུས། ལྷ་སྦུ་གུ་དོ་བ་ལ་ལམ་རིམ་གསན། ལྷ་འབྲི་སྒང་པ་ལའང་ཟླ་བ་གཅིག་གསན་པ་མཛད། རྗེ་སྤྱན་སྔ། འབྲི་ཁུང་གཅུང་རིན་པོ་ཆེ། གཡམ་བཟངས་སྣུབས་སྒོམ་རྣམས་ལའང་གསན་པ་མཛད། པཎྚི་ཏ་དཱ་ན་ཤཱི་ལ་ལ་དབང་བཞི་རྫོགས་ཞུས། བལ་པོ་འབུམ་མེ་དང་བལ་པོ་གྲགས་འབུམ་ལ་དོ་ཧ་གསན། འཆུས་པ་ཇོ་བསོད་ལ་ཞི་བྱེད་གསན། ཐུགས་དམ་གྱི་ལྷ་མང་དུ་ཞལ་གཟིགས། ལམ་རིམ་ཚར་བརྒྱ་དང་བཅུ་དྲུག་བཤད། ཆོས་ཕུག་གི་དོན་ཞགས་ཀྱང་བླ་མ་འདི་ལས་བྱུང་བ་ཡིན་ནོ། །དེའི་གདན་ས་བ་སངས་རྒྱས་སྟོན་པ་ལོ་མོ་བ། རུས་མཐའ་བཞི། ལོ་བཅོ་བརྒྱད་ལ་ཞིག་པོའི་སར་རབ་ཏུ་བྱུང༌། སྤྱིལ་བུར་ལྷ་འགྲོ་བའི་མགོན་པོ་ལ་བསྙེན་པར་རྫོགས། བསྟན་པའི་བྱ་བ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་ནས་ཆུ་མོ་གླང་ལ་གཤེགས། དེའི་ཐུགས་སྲས་སངས་རྒྱས་དབོན་ཆེན་པོ་ལྷ་ཟུར་ཁང་བའི་ཞབས་ལ་གཏུགས། ལ་ཁར་མཁན་པོ་ཤེས་རབ་རྒྱལ་མཚན་ལས་རབ་ཏུ་བྱུང༌། ཆོས་ཕུག་ཏུ་སངས་རྒྱས་སྟོན་པ་ལ་བཀའ་གདམས་གསན། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་ལ་རྡོ་རྗེ་ཕྲེང་བའི་དབང་གསན་པ་ལ་སོགས་པ་བླ་མ་མང་དུ་བསྟེན། ས་ཕོ་ཁྱི་ལོ་ལ་གཤེགས། ཆོས་ཕུག་ཏུ་སངས་རྒྱས་དབོན་པོའི་རྗེས་སུ། ཆོས་ཕུག་པ་གཞོན་ནུ་བློ་གྲོས། གྲགས་པ་རྒྱལ་མཚན། གྲགས་པ་བཟང་པོ། རྡོ་རྗེ་རྒྱལ་མཚན། སངས་རྒྱས་རྡོ་རྗེ་རྣམས་གདན་སའི་རིམ་པ་སྟེ། འདིའི་བར་དུ་སྐོར་གྱི་ལམ་རིམ་ཆེན་མོ་ཚོགས་སུ་གསུང་བའི་སྲོལ་མ་ཆད་པའོ། །སྔ་མ་སྟག་ཅན་པའི་གདན་རབསསོ། །དགོན་པ་བའི་བུ་ཀ་མ་པ་དང་ཤར་པ་བ་སློབ་བརྒྱུད་དང་བཅས་པའི་སྐབསསོ། ། ༥.༡༡ ཇོ་བོ་རྗེའི་སློབ་བརྒྱུད་གཞན་གྱི་ལོ་རྒྱུས་ཕྱོགས་ཙམ་བསྟན་པའི་སྐབས། གཉལ་གྱི་གཉོས་བྲ་གོར་བས་བྲ་གོར་བཏབ་པས་བཀའ་གདམས་གཞུང་པའི་བརྒྱུད་པ་ཡིན་ལ། གཉོས་བྲ་གོར་བའི་རྗེས་སུ་གདན་སའི་རིམ་པ་འདི་བྱོན་གྱི་ཡི་གེ་མ་མཐོང༌། དུས་ཕྱིས་ལྷ་འགྲོ་བའི་མགོན་པོའི་སློབ་མ་ཟངས་ཆེན་པ་དར་མ་བསོད་ནམས་ལ་སློབ་མའི་ཐུ་བོ་བཞི་བྱུང་བ་ནི། མཚོ་སྣ་བ། རྩེ་དཀར་བ། དར་མ་སྒང་བ། བྱང་ཁང་བ་སྟེ་བཞི་ལ་ཟངས་ཆེན་པའི་བུ་བཞི་ཞེས་ཟེར། དེའི་ནང་ནས་མཚོ་སྣ་བ་ཤེས་རབ་བཟང་པོ་དེས་བྲ་གོར་དུ་བཞུགས། དེའི་རྗེས་སུ་མོན་གྲྭ་བྱ་བ་ཚུལ་ཁྲིམས་བཀྲ་ཤིས། གཡེ་བ་སངས་རྒྱས་ཤེས་རབ། ཆོས་སྐྱབས་བཟང་པོ། ཆོས་དཔལ་རྒྱལ་བ་བསོད་ནམས་དཔལ་ལྡན། འདི་ལ་མཁན་ཆེན་བྲག་པ་ཡང་ཟེར། ཡོན་ཏན་རིན་ཆེན། བསམ་ཤེ་བ། རྡོར་ཤེ་བ། ཡོན་དབང་བ། ཆོས་རྗེ་བ། ཆོས་རྒྱལ་བཟང་པོ། ཆོས་རྒྱལ་བཟང་པོ་དབུ་ནག་པ། བརྩོན་འགྲུས་རྒྱལ་པོ། གཙབ་ཡོན་ཏན་འོད་ཟེར། འདི་ཡན་ལ་མཁན་པོ་བཅོ་ལྔ་ཡོད། རི་སྟེངས་སུ་མཚོ་སྣ་བ་ཆེན་པོའི་སློབ་མ་རི་སྟེངས་པ་རྒྱལ་མཚན་བཟང་པོ། དེ་རྗེས་ཆོས་རྗེ་རིན་ཆེན། ཀོང་སྟོན་ཤེས་རབ་རྡོ་རྗེ། སྐུ་འབུམ་པ། ཆོས་རྒྱལ་བ། ཆོས་རྗེ་དཔལ་བཟང་པོ། སྒོ་གཅིག་པའི་སྐྱེ་བ་སྒོ་གཅིག་པར་གྲགས་པ། འདི་ཡན་ལ་མཁན་པོ་བདུན་སོང༌། རོང་པ་ཕྱག་སོར་བར་གྲགས་པ་དེས་ནི་འབྲོམ་སྟོན་པ། དགོན་པ་བ། རྣལ་འབྱོར་བ། ཁ་རུ་བ་སྔ་མ། ཞང་བཙུན་ཡེར་པ་བ། ཡེར་རྩི་སྒང་གི་སྒོམ་པ་དད་པ་རྣམས་ལ་བསྟེན། ཁོང་གིས་རང་གི་སྐྱེ་བ་བཅུ་གསུམ་དྲན། མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ། བསྒོམས་པའི་སྟོབས་ཀྱིས་རིག་པའི་གནས་ལྔ་ལ་མཁས། ཇོ་བོའི་གདམས་ངག་ཁྱད་པར་དུ་འཕགས་པ་འདི་ལ། ཇོ་བོ་བོད་དུ་སྤྱན་ཇི་ལྟར་དྲངས་པའི་ལོ་རྒྱུས་ཤིག་འོང་ཐང་བ་ལ་སྙམ་ནས། གཞན་ནས་ནི་མ་རྙེད་པས་ཁབ་གུང་ཐང་དུ་ནག་ཚོ་ལོ་ཙཱ་བའི་དྲུང་དུ་བྱོན། ནག་ཚོས་སྔགས་ཀྱི་གདམས་པ་ཤིན་ཏུ་མང་བར་གནང་ཞིང་ལོ་གསུམ་དུ་བཞུགས། ལོ་ཕྱི་མ་ཙམ་ན་ཇོ་བོ་བོད་དུ་ཇི་ལྟར་སྤྱན་དྲངས་པའི་ལོ་རྒྱུས་གསུང་བར་ཞུས་པས། ལོ་ཙཱ་བའི་ཞལ་ནས། ངས་ཇོ་བོ་ལ་ལོ་བཅུ་དགུ་བསྟེན། བོད་དུ་སྤྱན་ཡང་ངས་དྲངས་པ་ཡིན་གསུང་ནས་དགྱེས་བཞིན་དུ་ལོ་རྒྱུས་གསུངས། མར་འབྱོན་ཁར་ཁྱོད་ཀྱིས་གནས་འདི་ལྟ་བུ་ཞིག་ཏུ་སྒྲུབས་ཤིག་གསུངས་ནས་ལག་སོར་དགོན་པའི་ལུང་བསྟན་ཀྱང་མཛད། དེ་ནས་མར་བྱོན་པ་ལ་ཕོད་མདོ་བས་སྣ་ལེན་བྱས་ནས། མདོ་རྩ་དང་བསླབ་པ་ཀུན་ལས་བཏུས་པ་གཉིས་གསུངས། དེ་ནས་སྤྲོས་པ་ཐམས་ཅད་དོར་ནས་ཉེ་གནས་དང་ཡང་མི་མཇལ་བའི་སྒྲུབ་པ་ཡུན་རིང་དུ་ལག་སོར་དགོན་པར་མཛད། སྒྲུབ་པའི་རྗེས་ལ་སྤ་ཚབ་དང་འཕྲང་ཁ་རྗེའི་འཁྲུག་པའི་དུམས་ལ་བྱོན་པའི་ཚེ་ཕོད་མདོར་རྨ་ཚོ་བྱང་རྡོར་དང་མཇལ་བས། ཁོང་དང་དེའུ་ཤང་རྡོར་སྤྱན་དྲངས་ནས་ཆོས་བཙུགས་པས་རོང་པའི་བུ་བཞིར་གྲགས་པ་བྱུང་སྟེ། བྱ་འདུལ་བ་འཛིན་པ། རོག་འཆིམས་ཕུ་བ། རྣམ་པར་བ། དགེ་བཤེས་ཞུས་ལན་པ་དང་བཞིའོ། །རྒྱ་ར་སྟོན་བརྗིད་དགེ་བསྙེན་པས་བུར་མ་བགྲངསསོ། །རྣམ་པར་བས་ནི་རྣམ་པར་དང་རམ་པ་ལྷ་སྡིངས་བཏབ། གསང་ཕུའི་གདན་ས་ཡང་ལོ་བརྒྱད་མཛད། དེ་ལ་རྣམ་པར་བ་དང་རོག་གིས་གདམས་པ་ལ་གཙོ་བོར་བྱས། ལོ་རྒྱུས་ལ་ཆེད་ཁ་མ་མཛད་པར་སྣང༌། ཞུས་ལན་པས་ཆེད་ཆེར་བྱས་པ་ཡང་བླངས་ནས། ཟུལ་ཕུ་བས་ཇོ་བོའི་ལོ་རྒྱུས་ཆེན་པོ་ཡི་གེར་བཏབ་པ་ཡིན། ཟུལ་ཕུ་བས་སྟོད་ལུངས་པ་ཆེན་པོ་ལ་ཡང་བཀའ་གདམས་ཀྱི་གདམས་པ་མང་དུ་གསན། འོད་ཀྱང་ཁོང་གི་བརྒྱུད་པ་རྣམས་ནི་འདུལ་འཛིན་དུ་བགྲང་བ་ལས། བཀའ་གདམས་སུ་མི་བགྲངས་བར་སྣང་ངོ༌། རྣལ་འབྱོར་བ་ཆེན་པོའི་སློབ་མ་མང་ར་འབྱུང་གནས་རྒྱལ་མཚན། དེའི་མཁན་བུ་སྙུག་རུམ་པ་བརྩོན་འགྲུས་རྒྱལ་མཚན། ཆུ་ཕོ་རྟ་ལ་འཁྲུངས། རེ་བརྒྱད་པ་ས་མོ་གླང་ལ་གཤེགས། ཚོགས་པ་བརྒྱད་བརྒྱ་ཙམ་འཚོགས། ཡུལ་ལྷོ་བྲག་ཆག་པ། མཚན་ཁྲི་མཆོག །དེ་ལྟར་འཆག་ཁྲི་མཆོག་ཅེས་བྱ་བ་དེ་ནི། ཇོ་བོ་རྗེ་ལས་ཆོས་མང་དུ་ཐོབ། ཇོ་བོ་ལ་འབུལ་བ་བྱུང་བའི་རྫས་རྣམས་རྒྱ་གར་དུ་སྐྱེལ་བའི་བང་ཆེན་ཡང་ལན་གསུམ་མཛད། བསྟན་བཅོས་འཆད་པ་དང་གྲུབ་མཐའ་སྨྲ་བ་ལ་ཁོང་ཙམ་པ་མེད་སྐད། ཁོང་གིས་ཇོ་བོ་གཤེགས་ཁར་ཇོ་བོ་ནི་རིང་དུ་བཞུགས་མི་འདྲ། ཇོ་བོ་གཤེགས་རྗེས་སུ་བདག་གིས་སྒོམ་མམ་ཞུས་པས། ཕན་མེད་གསུང༌། འོ་ན་བཤད་དམ་ཞུས་པས་ཀྱང་ཕན་མེད་གསུང༌། འོ་ན་རེས་བཤད་རེས་སྒོམ་མམ་ཞུས་པས། དེ་ལ་ཡང་ཕན་མེད་གསུང༌། ཇོ་བོ་འོ་ན་ཇི་ལྟར་བགྱི་ཞུས་པས། ཚེ་འདི་བློས་ཐོང་གསུང༌། དེ་ནས་ཇོ་བོ་གཤེགས་རྗེས་སུ་ལྷ་སར་མི་མང་པོ་ཞིག་ལ་སྡེ་སྣོད་ཀྱི་བཤད་པ་ལོ་གཅིག་མཛད། དེ་ནས་རེ་ཤིག་ལ་རྭ་སྒྲེང་དུ་བྱོན་ནས་ཇ་ལུང་རྡོ་གང་གི་མང་སྐོལ་མཛད། དེ་རིང་ནི་གཏམ་རི་གཟར་གྱི་རྦབ་འདྲ་བ་ཞིག་འོང་བས་སོ་སོ་ནས་བཟོད་པ་མཛད་པར་ཞུ་གསུང་ནས། དགེ་བཤེས་སྟོན་པ་ལ། དགེ་བའི་བཤེས་གཉེན་པ་ལགས། ཁྱེད་ལ་ཇོ་བོའི་གདམས་ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་མངའ་བ་ལགས་པས། དེས་ཀྱང་མི་ཕན་དེས་ཀྱང་མི་ཕན་མི་གསུང་བར་ཇོ་བོའི་གདམས་ངག་རྣམས་མི་འཆབ་པར་གསུང་བ་ཞུ། རྣལ་འབྱོར་པ་ལ། ཁྱོད་རྣལ་འབྱོར་པ་མི་ཆོས་སུ་ངན་ཏེ་ཇོ་བོའི་གཡོག་བཞག་ནས་སྦ་རྒྱ་མཚོའི་རྗེས་ལ་ཕྱིན། ལྷ་ཆོས་སུ་ངན་ཏེ་ཇོ་བོའི་གདམས་ངག་བསྒོམ་པ་བཞག་ནས། དབས་ཆུང་སྟོན་པའི་བདག་མེད་མའི་སྒྲུབ་ཐབས་བསླབས་པ་ཡིན་བྱ་བ་ལ་སོགས་པ་རིམ་གྱིས་མང་པོ་གསུངས་པའི་རྗེས་ལ། ཁོ་བོ་ནི་དེ་རིང་ནས་ཚེ་འདིའི་རྣམ་པར་རྟོག་པ་ལ་མཚམས་གཅོད་གསུང་བས། གནས་ཁང་ཞིག་ཏུ་མཚམས་སྡོམ་པ་ཡིན་སྙམ་ཙ་ན། མཚམས་ཀྱང་མི་མཛད། མི་དང་གླེང་མོ་ཙམ་ཡང་མི་མཛད་པར་བཞུགས། ལན་གཅིག་གི་ཚེ་དགེ་བའི་བཤེས་གཉེན་གསང་ཕུ་བ་དེ་རྭ་སྒྲེང་དུ་བྱོན་ནས་ཁོང་དང་ཐུགས་གཅུགས་པས་གསུང་གླེངས་ཐུགས་བཅགས་པ་ཞིག་བྱ་བསམ་ནས་ཁོང་དང་མཇལ་བའི་ཚེ། ཁོང་གི་ཞལ་ནས། དགེ་བའི་བཤེས་གཉེན་པ། ཁོ་བོ་ལ་མིའི་འདི་ཡིན་མི་བདོག་པས་བཟོད་པ་མཛད་པར་ཞུ་གསུང་ནས། ནགས་ཁྲོད་ན་ཕར་ལྡོ་ལྡོ་གཤེགས། གསང་ཕུ་བའི་ཞལ་ནས། དེ་ལས་ཡི་མུག་པ་ཞིག་ནི་མ་བྱུང་གསུང་སྐད། དེར་ཁོང་གིས་ཕལ་ཆེར་མཉམ་པར་འཇོག་པ་ཁོ་ན་མཛད། ནམ་ཞིག་དགོན་པ་བའི་སྤྱིལ་པོའི་གཡོན་གྱི་ཕ་བོང་ཞིག་གི་སྟེང་ནས་མཁའ་སྤྱོད་དུ་གཤེགས་པ་ཡིན་ལོ། །ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་རྔོག་ཆེན་པོ་བྱ་བ། བཙན་པོས་རྒྱ་ཡུལ་དུ་དམག་དྲངས་པའི་ཚེ་རྒྱལ་པོས་རི་དིའུ་ཞིག་གི་ཁར་བཞུགས། དམག་རྣམས་ཡུལ་གཞན་འཇོམས་སུ་བཏང་བ་ན། རྒྱལ་པོའི་སྐུ་ལ་བདོ་བའི་རྒྱའི་གྱེན་པོ་འགའ་ཞིག་བྱུང་བས་བློན་པོ་རྔོག་གིས་འགའ་ཞིག་བསད། འགའ་ཞིག་ནི་ཕྱིར་བྲོས། དེ་ནས་རྒྱ་ཞོ་ཧབ་ཀྱིས་བཏབ། རྒྱ་ཕྲུག་བྲག་ལ་བརྡབས་ཟེར་བ་དེའི་བརྒྱུད་པ། ཡར་འབྲོག་དོའི་ཕྱི་རོལ་གྱི་མཚོ་ཆེན་པོའི་འགྲམ་དུ་གྲོང་ཆགས་པའི་སྔགས་རྙིང་མ་བའི་དགེ་བཤེས་རྡོ་རྗེ་གཞོན་ནུ་ཞེས་བྱ་བ་ལ་སྲས་ལྔ་བྱུང་བའི་ཆེ་བ་རྔོག་ལེགས་པའི་ཤེས་རབ། གཉིས་པ་ཀླུ་ཁྲི། གསུམ་པ་ཀླུ་བྱང༌། བཞི་པ་ཆོས་སྐྱབས། ལྔ་པ་ཐུབ་པ་རྣམས་ལས་ཆེ་བ་རྔོག་ལེགས་པའི་ཤེས་རབ་ཀྱིས་འབྲིང་ཡེ་ཤེས་ཡོན་ཏན་ལས་རབ་ཏུ་བྱུང༌། སྡེ་སྣོད་སློབ་པའི་ཕྱིར་དུ་ཁམས་སུ་བྱོན་ནས་ཇོ་བོ་སེ་བཙུན་གྱི་སློབ་མ་མཛད། ཆོས་མང་དུ་མཁྱེན་ནས་ཁུ་སྟོན་ལ་སོགས་པ་དང་འགྲོགས་ཏེ། འབྲོམ་སྟོན་བཞུད་པའི་ཕྱི་དེ་ལོ་བྱའི་ལོ་ལ་དབུས་སུ་ཕེབས། བཤད་པའི་གྲྭ་བཙུགས་ནས་སློབ་མ་ཡང་མང་དུ་ཡོད། ཇོ་བོ་སྙེ་ཐང་ན་བཞུགས་པའི་ཚེ་ཇོ་བོ་ལ་ཆོས་མང་དུ་གསན། ཐུགས་རྒྱུད་ཤིན་ཏུ་བཟང་བས་ཇོ་བོའི་སློབ་མ་སུ་དང་ཡང་མི་མཐུན་པ་མེད། དེར་ལོ་པཎ་གཉིས་ལ་རྟོག་གེ་འབར་བ་བསྒྱུར་བའི་ཞུ་བ་ཕུལ། ཇོ་བོས་གནང་ནས་ནག་ཚོས་ཚར་ཕྱིན་པ་ལྷ་སར་བསྒྱུར། ཡང་རྔོག་གིས་ཇོ་བོ་ལ་ཞུས་ནས་དབུ་མའི་མན་ངག་དེ་ཡང་མཛད། དང་པོར་བྲག་ནག་གི་རྩར་དགོན་པ་ཞིག་མཛད་པ་ལས་ཕྱིས་ཇོ་བོས་ལུང་བསྟན་པ་བཞིན་ཆུ་མོ་གླང་གི་ལོ་ལ་ནེའུ་ཐོག་གི་གཙུག་ལག་ཁང་ཆེན་མོ་བཏབ། དེ་ཡང་འཁོན་དཀོན་མཆོག་རྒྱལ་པོས་ས་སྐྱ་བཏབ་པ་དང་ལོ་གཅིག །གསང་ཕུ་ནས་རྭ་སྒྲེང་དུ་སྟོན་པ་སྐུ་མཆེད་རྣམས་མཇལ་བ་ལ་ཡང་ལན་མང་དུ་ཕེབས་ཏེ། ཇོ་བོའི་ཆོས་ལ་གཙོ་བོར་མཛད་པ་ཡིན། དེའི་དབོན་པོ་རྔོག་ལོ་ཆེན་པོ་དེ་ནི། ཆོས་སྐྱབས་ཀྱི་སྲས་སུ་ས་མོ་ཕག་གི་ལོ་ལ་འཁྲུངས། གཞོན་ནུའི་དུས་ནས་ཁུ་བོའི་དྲུང་དུ་བྱོན། ཁུ་བོ་དང་གཟུས་ཀྱི་སློབ་མ་སྦོ་ཆུང་བ་ཚུལ་ཁྲིམས་ཤེས་རབ་ལ་སོགས་པའི་སར་ཡང་གསན་པ་མང་དུ་མཛད། ཁོང་གི་ཤེས་རབ་མཆོག་ཏུ་གྱུར་པ་དེ་ལ་ཁུ་བོ་མཉེས་ནས་ལོ་བཅུ་བདུན་བཞེས་པའི་ཚེ་ཁ་ཆེར་སློབ་གཉེར་ལ་བརྫངས། དེའི་ཚེ་རྭ་ལོ། གཉན་ལོ། ཁྱུང་པོ་ཆོས་བརྩོན། རྡོ་སྟོན། གཙན་ཁ་བོ་ཆེ་རྣམས་དང་ལྷན་ཅིག་འགྲོགས་ནས་བྱོན་པས། མངའ་བདག་རྩེ་ལྡེས་དབུས་གཙང་ཁམས་གསུམ་གྱི་སྡེ་སྣོད་འཛིན་པ་རགས་པ་རྣམས་སྤྱན་དྲངས་ནས། མེ་ཕོ་འབྲུག་གི་ལོའི་ཆོས་འཁོར་མཛད་པ་ཐུག །རྩེ་ལྡེའི་སྲས་པོ་དབང་ཕྱུག་ལྡེས་རྔོག་གི་ཡོན་བདག་བྱ་བར་ཆད་ནས། ཁ་ཆེར་བྱོན་ཏེ། པཎྚི་ཏ་སཛྫ་ན་དང༌། པར་ཧེ་ཏ་བྷ་དྲ་ལ་སོགས་པ་དྲུག་ཙམ་བསྟེན། བར་དུ་རྒྱགས་ཆད་ནས་ཁ་ཆེ་གསེར་སློངས་བྱ་བའི་ཡི་གེ་མངའ་རིས་སུ་བཏང་བ་ལས། དབང་ལྡེས་གསེར་མང་པོ་ཡང་བསྐུར། ཚད་མ་རྒྱན་བསྒྱུར་ཅིག་བྱ་བའི་ཞུ་བ་བྱུང་བས། པཎྚི་ཏ་སྐལ་ལྡན་རྒྱལ་པོ་དང་རྔོག་གཉིས་ཀྱིས་ལེགས་པར་བསྒྱུར། དེར་ཁ་ཆེར་ལོ་བཅུ་བདུན་དུ་ཡང་དག་པར་སྦྱངས་ནས། སླར་བོད་དུ་བྱོན། བོད་དུ་ཡང་པཎྚི་ཏ་འབུམ་ཕྲག་གསུམ་པ་དང༌། སུ་མ་ཏི་ཀཱིརྟི་གཉིས་ལ་ཆོས་གསན་ཞིང་བལ་པོར་ཡུག་ཅིག་བྱོན་ནས་ཨ་ཏུ་ལྱ་བཛྲེ་དང༌། བ་རེནྡྲ་རུ་ཙི་ལ་སོགས་པ་ལ་སྔགས་ཀྱི་གསན་པ་ཡང་མཛད། སླར་བོད་དུ་ཕེབས། འགྱུར་མང་པོ་མཛད་པ་ཡང་དག་ཅིང་ཤིན་ཏུ་འགྱུར་བཟང༌། འགྱུར་མཛད་པའི་ཚད་ནི་གྲོ་ལུང་བས། དམ་ཆོས་བསྒྱུར་ལ་མངའ་བརྙེས་པས། །རྒྱལ་ཡུམ་གཉིས་དང་བསྟན་བཅོས་གཞུང༌། །འབུམ་ཕྲག་གཅིག་དང་ཁྲི་ཕྲག་གསུམ། །སྟོང་ཕྲག་བདུན་ནི་ལྷག་བཅས་བསྒྱུར། །ཞེས་འབྱུང་བ་དེའོ། །ལྷ་ས་དང༌། བསམ་ཡས་དང༌། མྱུ་གུ་སྣ་དང༌། གཉལ་སྒང་ཐོག་དང༌། གཙང་རྒྱང་མཁར་ལ་སོགས་པར་བཤད་པ་མཛད་པའི་ཚེ། མཁས་བཙུན་གྲྭ་པ་རིམ་པ་བཞིན། ཁྲི་ཚོ་གཉིས་དང་སུམ་སྟོང་དང༌། ཞེས་བྱ་བ་དང༌། ཟུར་ཆོས་པའི་གྲངས་ཀྱང༌། རྒྱན་དང་ཆོས་མཆོག་འཆད་མཁན་ལྔ་བཅུ་རྩ་ལྔ། རྣམ་ངེས་འཆད་པ་ཉིས་བརྒྱ་དང་བརྒྱད་ཅུ། ལུང་ཆོས་སྨྲ་བ་སྟོང་དང་བརྒྱད་བརྒྱ་སྟེ། ཆོས་སྨྲ་བ་ཉིས་སྟོང་དང་བརྒྱ་སུམ་ཅུ་ཙམ་ཞིག་འདུས། ཚད་མ་དང༌། བྱམས་ཆོས་དང༌། དབུ་མ་ལ་སོགས་པའི་རྣམ་པར་བཤད་པ་ཡང་མང་དུ་མཛད། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་སྤྱོད་པའི་སེམས་དཔའ་ཆེན་པོ་དེ་ནི། དགུང་ལོ་ལྔ་ཅུ་རྩ་གཅིག་བཞེས་པའི་ཚེ་བསམ་ཡས་དང་ཉེ་བའི་སར་ལམ་དུ་སྐུ་གཤེགས། དེ་ལྟར་ཆོས་གྲྭ་སྔ་ཕྱིར་མཛད་པ་རྣམས་ལ་སློབ་མའི་ཚོགས་མཐའ་ཡས་མོད། ཞང་ཚེས་སྤོང་ཆོས་ཀྱི་བླ་མ། གྲོ་ལུང་པ་བློ་གྲོས་འབྱུང་གནས། ཁྱུང་རིན་ཆེན་གྲགས། འབྲེ་ཤེས་རབ་འབར་བཞི་ལ་སྲས་ཀྱི་ཐུ་བོ་བཞི་ཟེར། གངས་པ་ཤེའུ། གོང་བུ་ར་ཅན། ཤམ་པོ་མེ་དིག །མེ་ལྷང་ཚེར། དམར་སྒས་ལང༌། རྔོག་སྐྱ་བོ། ཏྲེ་བོ་མཆོག་གི་བླ་མ་ལ་སོགས་པ་མང་དུ་བྱོན། ལོ་ཙཱ་བ་ཉིད་ཀྱིས་ཇོ་བོའི་ཆོས་རྣམས་ཁུ་བོ་ལ་གསན་ནས་ལམ་གྱི་རིམ་པའི་བསྟན་བཅོས་ཀྱང་མཛད། གྲོ་ལུང་པས་ལམ་རིམ་ཆེན་མོ་དང་བསྟན་པའི་རིམ་པ་ཆེན་པོ་ཡང་མཛད་སྣང་སྟེ། ཁུ་དབོན་གཉིས་དངོས་ཀྱི་སློབ་མ་དང་བཅས་པའི་བར་དུ་ཇོ་བོའི་གཞུང་ལུགས་འཛིན་པ་ཡིན། རྔོག་ལེགས་ཤེ་འབྲོམ་གྱི་སློབ་མ་ཡང་ཡིན་པས་བཀའ་གདམས་པར་ཡང་གཏོགསསོ། །སྤྱིར་ན་ཇོ་བོས་བོད་དུ་ལོ་བཅུ་གསུམ་བཞུགས་པའི་རིང་ལ་གདམས་ངག་བཏབ་ཅིང་ཡོན་ཏན་ཕུན་སུམ་ཚོགས་པ་སྐྱེས་པ་ནི་ཤིན་ཏུ་མང་བར་བྱུང་འདུག་ནའང་གྲངས་སུ་མ་བཅད། གཙང་ན་འགར་འགོས་ཡོལ་གསུམ། དབུས་ན་ཁུ་རྔོག་འབྲོམ་གསུམ་ཞེས་པ་དེ་རྣམས་གྲགས་པ་དང་ལྡན་པ་ཡིན། འབྲོམ་ནས་བརྒྱུད་པའི་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཡི་གེ་མཐོང་བ་རྣམས་ཆེ་ལོང་ཙམ་འདིར་བསྡུས་ནས་བཀོད་ཀྱི། གཞན་དུ་ན་དུས་ཕྱིས་བོད་དུ་བྱོན་པའི་དགེ་བའི་བཤེས་གཉེན་རྣམས་དང༌། རྣལ་འབྱོར་པ་གྲུབ་པའི་སྤྱོད་པ་ཅན་རྣམས་ཀྱི་རྣམ་པར་ཐར་བ་ཕལ་ཆེ་བ་ན་བཀའ་གདམས་པའི་དགེ་བའི་བཤེས་གཉེན་རེ་ལ་གཏུགས་པ་ཁོ་ན་སྣང་བས། འབྲོམ་ཡང་རྒྱ་ཆེ་ཞིང་རྒྱན་ཆགས་པའི་ཕྲིན་ལས་ཅན་ཞིག་སྟེ། དེ་དག་གིས་ནི་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་འབྲས་བུ་ཕྱོགས་ཙམ་ཞིག་བསྟན་པ་ཡིན་ནོ། །ཇོ་བོ་རྗེ་བརྒྱུད་པ་དང་བཅས་པའི་སྐབསསོ། ། ༦.༡ རྔོག་ལོ་བརྒྱུད་པ་དང་བཅས་པའི་སྐབས། ད་ནི་ལོ་ཙཱ་བའི་དངོས་ཀྱི་སློབ་མ་རྣམས་ཀྱི་ཡང་སློབ་མར་གྱུར་པ། སྡེ་སྣོད་འཛིན་པ་ཆེན་པོ་གཞུང་ཆེན་པོའི་བཤད་པ་མཛད་པ་རྣམས་བཀའ་གདམས་ཀྱི་ལུགས་སྐྱོང་བའི་ངེས་པ་ནི་མེད་མོད། །འོན་ཀྱང་དཔལ་གསང་ཕུའི་གདན་རབས་དང༌། དེ་དག་གིས་བསྟན་པ་ལ་བྱ་བ་ཇི་ལྟར་བྱས་པའི་ཚུལ་བརྗོད་པར་བྱ་སྟེ། ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་ས་ཕོ་རྟ་ལ་འཁྲུངས་ནས་དགུ་བཅུ་རྩ་བརྒྱད་པ་ཤིང་མོ་ལུག་ལ་གཤེགས། ལོ་ཆེན་གྱིས་ལྔ་བཅུ་རྩ་བཞི་བཞེས་པ་ལྕགས་མོ་ཕག་ལ་ནག་ཚོ་ལོ་ཙཱ་བ་འཁྲུངས། ནག་ཚོའི་བཞི་བཅུ་རྩ་དགུ་པ་ས་མོ་ཕག་ལ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་འཁྲུངས། དེས་ལོ་བཅོ་བརྒྱད་སོང་བ་མངའ་བདག་རྩེ་ལྡེའི་མེ་ཕོ་འབྲུག་གི་ཆོས་འཁོར་ལ། དྭགས་པོ་དབང་རྒྱལ། རྭ་ལོ། གཉན་ལོ། ཁྱུང་པོ་ཆོས་བརྩོན། མར་ཐུང་དད་པ་ཤེས་རབ། མང་ཞོར་བྱང་ཆུབ་ཤེས་རབ། བཙན་ཁ་བོ་ཆེ་རྣམས་ཀྱིས་ལྷན་ཅིག་ཏུ་སླེབ། ཁ་ཆེར་ལོ་བཅུ་བདུན་སྦྱངས་པ་མཛད་ནས་ཆུ་ཕོ་སྤྲེའུ་སུམ་ཅུ་རྩ་ལྔ་པ་ལ་བོད་དུ་ཕེབས། འགྲོ་དོན་རྒྱ་ཆེན་པོ་མཛད་དེ་ལྔ་བཅུ་རྩ་གཅིག་པ་ས་མོ་གླང་ལ་གཤེགས། དེའི་ཕྱི་ལོ་ལྕགས་ཕོ་སྟག་ལ་འགྲོ་མགོན་ཕག་མོ་གྲུ་པ་འཁྲུངས། ལོ་ཙཱ་བ་གཤེགས་རྗེས་ཞང་ཚེས་སྤོང་བ་ཆོས་ཀྱི་བླ་མས་གདན་ས་ལོ་སུམ་ཅུ་རྩ་གཉིས། དེའི་རྗེས་སུ་གཉལ་བ་རི་ལུས་ལོ་གཉིས། རྣམ་པར་བས་ལོ་བརྒྱད། ཕྱྭ་པ་ཆོས་ཀྱི་སེང་གེས་ལོ་བཅོ་བརྒྱད། ཕྱྭ་པ་ས་མོ་གླང་ལ་གཤེགས་ནས་ལོ་བཅུ་བདུན་ལ་རྨ་བྱ་བྱང་བརྩོན་གཤེགས། ཕྱྭ་པའི་རྗེས་སུ་རྩགས་དབང་ཕྱུག་སེང་གེས་ལོ་ལྔ། གཙང་པ་འཇམ་སེང་གིས་ལོ་བཅུ་གསུམ། གཉལ་བ་དད་པ་བཟང་པོས་ལོ་བདུན། ཛམ་ཙན་ནེས་ལོ་བདུན། བཟང་པོ་དར་མ་འོད་དང༌། བཟང་པོ་དོན་གྲུབ་ཀྱིས་ལོ་སུམ་ཅུ། སློབ་དཔོན་ཇོ་ནམ་གྱིས་ལོ་བཅོ་ལྔ། རོག་གིས་ཟླ་བ་དྲུག །འོད་ཟེར་མགོན་པོས་ལོ་སོ་ལྔ། འདི་དག་སྤྱིར་དྲིལ་བས་ལོ་བརྒྱ་དང་ལྔ་བཅུ་རྩ་དགུ་ཙམ་ཞིག་བྱུང་ནའང་གདན་ས་པ་སྔ་ཕྱི་ལོ་གཉིས་འཛིན་འགའ་རེ་བྱུང་བའི་གྲངས་ཏེ། དོན་ལ་ལོ་གསུམ་གྱིས་གྲངས་ལྷག་ཅིང་ལོ་བརྒྱ་དང་ལྔ་བཅུ་རྩ་དྲུག་སོང་ངོ༌། །དེ་ལ་གཙང་པ་འཇམ་སེང་འདྲེན་མི་འདྲེན་གཉིས་འདུག་པས་ཁོང་གི་ལོ་གསུམ་མི་གཏོགསསོ། །དེ་རྗེས་འཇམ་དབྱངས་ཤཱཀྱ་གཞོན་ནུས་མེ་ཕོ་སྟག་ནས་ལོ་ཉི་ཤུ་རྩ་བདུན་གདན་ས་མཛད། དེ་རྗེས་རྒྱ་མ་པ་བཀྲ་ཤིས་རྒྱལ་མཚན་གྱིས་ལོ་བརྒྱད། ཕྱོགས་ལསརྣམ་རྒྱལ་གྱིས་ལོ་བརྒྱད། ཡར་འབྲོག་པ་གཞོན་རྒྱལ་གྱིས་ཟླ་བ་གཅིག །རྒྱལ་སྡེ་བ་གཞོན་སེང་གིས་ལོ་བརྒྱད། གཙང་དཀར་གྱིས་ལོ་གསུམ། བློ་གྲོས་སེང་གེས་ལོ་བཅུ་བདུན། དར་དབང་ལོ་བདུན། བླ་མ་ཡེ་ཤེས་ལོ་བཅུ། ཤེས་རབ་རྒྱལ་མཚན་ལོ་གསུམ། གཞོན་ནུ་བློ་ལྡན་ལོ་དྲུག །བློ་གྲོས་བརྟན་པ་ལོ་གསུམ། ཚད་མ་སྔོན་པོ་ལོ་ལྔ། བསོད་ནམས་འཕེལ་ལོ་བཅུ་དགུ། སེང་གེ་རྒྱ་མཚན་མཚན་ལོ་བརྒྱད། བསམ་གཏན་བཟང་པོ་ལོ་བདུན། སངས་རྒྱ་རྒྱལ་མཚན་ལོ་བཅུ། བརྩོན་འགྲུས་སེང་གེ་ལོ་དྲུག །ཡོན་ཏན་རྒྱ་མཚོ་ལོ་ངོ་ལྔ། སང་ཆོས་པ་ལོ་བཅུ་བཞི། དེ་ནས་ད་ལྟའི་ཤེས་རབ་དཔལ་ལྡན་པ་འདིའོ། །གླིང་སྟོད་པའི་གདན་རབས་ནི། འཇམ་དཔལ་སེང་གེ་ཡན་ཐུན་མོང་པ་ཡིན། དེ་ནས་ཞུ་སྟོན་ཧྲལ་མོ་ལོ་ལྔ། བློ་གྲོས་འབར་ལོ་ལྔ། གཉལ་ཞིག་ལོ་བརྒྱད། རྒྱ་འཆིང་རུ་བས་ལོ་བཅོ་བརྒྱད། ཆུ་མིག་པས་ལོ་བཅོ་བརྒྱད། ལྡན་མ་གྲགས་རིན་ལོ་བཅོ་བརྒྱད། ལྷོ་བྲག་པ་ལོ་ཉི་ཤུ་རྩ་གཉིས། སོག་དབོན་ལོ་བདུན། བཙན་དགོན་པ་ལོ་ཉི་ཤུ། བླ་བྲང་པ་ཆོས་དཔལ་རྒྱལ་མཚན་ལོ་དྲུག །གཞོན་རིན་ལོ་བཅུ་གཉིས། ལྷ་སྟོན་ཞིག་པོ་ལོ་བཅུ་བདུན། ཡང་རྩེ་བ་ལོ་ལྔ། ལྷ་ཡུལ་བ་ལོ་བཅུ་གསུམ། བོན་སྟོན་ཤེར་བཟང་ལོ་བདུན། རིན་ཆེན་གྲགས་པ་ལོ་བདུན། ཡོན་ཏན་རྒྱ་མཚོ་ལོ་བཅུ་བཞི། དཀོན་མཆོག་ཚུལ་ཁྲིམས་ལོ་བདུན། རིན་ཆེན་རྣམ་རྒྱལ་ལོ་ཉི་ཤུ་རྩ་གཉིས། འོད་ཆེན་པ་ལོ་དྲུག །གྲགས་པ་དཔལ་ལོ་ལྔ། དཀོན་མཆོག་རྒྱ་མཚོ་ལོ་བཅུ་བདུན། མི་ཉག་རིན་ཆེན་བཟང་པོ་ཟླ་བ་བདུན། དཔལ་ལྡན་སེང་གེ་ལོ་བཅུ་གཅིག །ཀུན་དགའ་དབང་ཕྱུག་ལོ་བཅུ་གསུམ། དེ་ནས་ད་ལྟའི་རིན་ཆེན་བྱང་ཆུབ་པ་འདིའོ། །ལོ་ཙཱ་བ་འཁྲུངས་ནས་མེ་ཕོ་སྤྲེའུ་འདི་ཡན་ལ་ལོ་བཞི་བརྒྱ་དང་བཅོ་བརྒྱད་སོང་ངོ༌། །ལོ་ཙཱ་བའི་སློབ་མའི་མཆོག་ཆེ་བ་འབྲེ་ཤེས་རབ་འབར་གྱིས་སྐྱེགས་གནས་རྙིང་དང༌། གཞན་རྣམས་སུའང་ཆོས་གཞི་བསྐོར་ཞིང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དང་བསྟན་བཅོས་གཉིས་ཀ་ལ་བཤད་པ་རྒྱ་ཆེར་མཛད། ཆོས་བཤད་པའི་དུས་སུ་ལྷ་རྣམས་ཆོས་ཉན་དུ་འོང་བར་ཡང་གྲགས། ཁོང་གི་བཤད་པ་དེ་ནི་བསྟན་པ་སྔ་དར་གྱི་ཕ་རོལ་ཏུ་ཕྱིན་པའི་བཤད་རྒྱུན་ཁམས་སུ་འཕོས་པ་ལས་བྱུང་བ་ཡིན། སློབ་མ་ཤིན་ཏུ་མང་ནའང༌། བཤད་པའི་རྒྱུན་གྱི་གཙོ་བོ་ཨར་བྱང་ཆུབ་ཡེ་ཤེས་ཀྱི་གཟུང༌། འདིས་གནམ་རྩེ་ལྡང་ལ་སོགས་པར་སྐུ་ཤིན་ཏུ་བགྲེས་པར་གྱུར་ཚུན་ཆད་དུ་བཤད་པ་མཛད་ཅིང༌། སྐབས་ཤེད་དུ་ནི་རྒྱལ་ལྷ་ཁང་གི་གདན་ས་ཡང་མཛད། ཕ་རོལ་ཏུ་ཕྱིན་པའི་མདོ་བསྟན་བཅོས་ཀྱི་རྣམ་པར་བཤད་པ་ཡང་མང་དུ་མཛད། བོད་ཀྱི་ཕ་རོལ་དུ་ཕྱིན་པའི་གཞུང་འཆད་པ་ཕལ་ཆེ་བ་ནི་འབྲེ་ཨར་གྱི་བཤད་པ་ལ་བརྟེན་པར་སྣང༌། ཁུ་ཤེར་བརྩོན་གྱིས་འབྲེ་ལའང་སླེབ་མོད། མངོན་རྟོགས་རྒྱན་འགྲེལ་པ་དང་བཅས་པའི་ཊཱི་ཀ་ཆེ་འབྲིང་ཆུང་གསུམ་བརྩམས་པ་རྣམས་ཀྱང་ཨར་གྱི་ལུགས་གཙོ་ཆེ་བར་སྣང་ཞིང༌། སྐར་ཆུང་རིང་མོར་གྲགས་པ་མཚན་གཞོན་ནུ་ཚུལ་ཁྲིམས་བྱ་བ་དེས་ཀྱང་ཨར་ལ་བསླབས་ནས། མངོན་རྟོགས་རྒྱན་འགྲེལ་ཆུང་དང་བཅས་པ་དང༌། སྡུད་པ་ལ་སོགས་པའི་ཊཱི་ཀ་མང་དུ་མཛད། ཁུ་དང་སྐར་ཆུང་བ་གཉིས་ཀྱི་སློབ་མ་ཞང་གཡེ་བ་སྨོན་ལམ་ཚུལ་ཁྲིམས་ཀྱིས་ཀྱང་སྙེ་ཐང་ལ་སོགས་པའི་ཆོས་གཞི་མང་དུ་གཟུང༌། ལོངས་སྤྱོད་ཀྱང་ཤིན་ཏུ་ཆེ། འགྲེལ་བ་དོན་གསལ་དང་རྣམ་ངེས་ལ་སོགས་པའི་བསྟན་བཅོས་ལ་ཊཱི་ཀ་ཆེན་པོའང་བརྩམས་ཤིང༌། གཞན་ཕན་ཤིན་ཏུ་ཆེ། ཁོང་གི་སློབ་མ་དབང་ཕྱུག་རྒྱལ་པོ་ཞེས་བྱ་བས་ཀྱང་གྲིབ་ཀྱི་ཕུར་གནས་བཅས་ནས་གྲྭ་ཚོགས་མང་དུ་བསྐྱངས། ཕར་ཕྱིན་ལ་ཊཱི་ཀ་ཡང་ཤིན་ཏུ་རྒྱས་པ་ཞིག་མཛད་སྣང༌། ཞང་གཡེ་བའི་སློབ་མ་གཉལ་པ་ཞིག་པོ། དེའི་སློབ་མ་རྒྱ་འཆིང་རུ་བ། དེ་ནས་ཆུ་མིག་པ་སེང་གེ་དཔལ། ལྷོ་བྲག་པ། ཚང་མའི་སྐྱེས་བུ། བུ་སྟོན་རིན་པོ་ཆེ། མཁན་ཆེན་དྷརྨ་ཤཱི། རུ་མཚམས་པ་བསོད་ནམས་སེང་གེ སྤོ་བོ་ཡོན་ཏན་སེང་གེའི་བར་དུ་རིམ་པར་བརྒྱུད་ནས། ཡོན་ཏན་སེང་གེས་བདག་གི་བླ་མ་དམ་པ་ཤཱཀྱ་དབང་ཕྱུག་ལ་འགྲེལ་བ་དོན་གསལ་གྱི་བཤད་པ་ཚར་ཉི་ཤུ་རྩ་དྲུག་གནང་ཞིང་ཤིན་ཏུ་སྨིན་པར་མཛད་དོ། །དེ་ལ་བདག་གིས་ལེགས་པར་ཐོས་པ་ལགསསོ། ། ཡང་། ལོ་ཙཱ་བ་ཆེན་པོའི་སློབ་མ་མཆོག་གྲོ་ལུང་པ་བློ་གྲོས་འབྱུང་གནས་ཀྱིས་ལོ་ཙཱ་བ་ཆེན་པོའི་གསུང་མཐའ་དག་ལ་གཅེས་སྤྲས་སུ་གཟུང༌། སྤྱིར་སྔགས་མཚན་ཉིད་ཀྱི་བཤད་པའི་ཊཱི་ཀ་ཤིན་ཏུ་མང་བར་མཛད། བཀའ་གདམས་ཀྱི་ཕྱོགས་ལ་ཡང་ལམ་རིམ་དང་བསྟན་རིམ་ཤིན་ཏུ་ཆེ་བ་རེ་མཛད། བྱེ་བྲག་ཏུ་ལོ་ཙཱ་བ་ཆེན་པོའི་འགྲེལ་ཆུང་གི་ཊཱི་ཀ་བརྟེན་ནས་རྣམ་པར་བཤད་པ་ཡང་བརྩམས། དེ་ཡང་སྐུ་ཚེའི་སྟོད་ལ་ལོངས་སྤྱོད་ཀྱིས་ཕོངས་སེ་བ་ཞིག་བྱུང་བས། སྣེའུ་ཟུར་པའི་སློབ་མ་གུང་པ་ལྷ་རྗེས་གནོད་སྦྱིན་རྨུགས་འཛིན་གྱི་མན་ངག་གནང་བས་ལོངས་སྤྱོད་ཀྱང་ཤིན་ཏུ་ཆེ། བྲིན་ལས་ཀྱི་གཙུག་ལག་ཁང་ཆེན་མོའང་བཏབ། བདག་ཉིད་ཆེན་པོ་དེའི་སྐུ་ཚེའི་མཐར་གཏུགས་པ་ན། སློབ་དཔོན་ཕྱྭ་པས་འབད་པས་གསན་ནས་འགྲེལ་ཆུང་གི་ཊཱི་ཀ་ཆེ་བ་ཞིག་མཛད་དེ། དེའི་རྗེས་སུ་འབྲང་བ་དང་བཅས་པ་རྣམས་ནི་འབྲེ་ཨར་གྱི་ལུགས་ལས་ཐ་དད་པ་ཡིན་ནོ། ། ཡང་། གངས་པ་ཤེའུ་བློ་གྲོས་བྱང་ཆུབ་ཅེས་བྱ་བ་དེ་ནི། མཚན་ཉིད་དང་སྔགས་ཀྱི་རྒྱུད་སྡེའི་ཕྱོགས་ལ་ཡང་ཤིན་ཏུ་མཁས། ཁོང་དང་ཁྱུང་རིན་ཆེན་གྲགས་གཉིས་ཀྱི་སློབ་མ་སྟོད་ལུངས་རྒྱ་དམར་བ་བྱང་ཆུབ་གྲགས་ཀྱིས་མྱང་རོ་ལ་སོགས་པར་བཤད་པ་མཛད་པས། སློབ་མ་ཡོན་ཏན་དང་ལྡན་པ་ཤིན་ཏུ་མང་བར་བྱུང་སྟེ། སློབ་དཔོན་ཕྱྭ་པས་དབུ་ཚད་གཉིས་ཀའི་རིགས་པ་ཁོང་ལ་བསླབས་པ་ཡིན། རྒྱ་དམར་བ་ནི་བཤད་པར་མ་ཟད་མན་ངག་དང་ཡང་ལྡན་ཏེ། ཁོང་དང་ཨར་གཉིས་ཀྱིས་ཁ་རག་སྒོམ་ཆུང་གི་དངོས་ཀྱི་སློབ་མ་ལྷོ་པ་དཀོན་མཆོག་དཔལ་ལ་སེམས་སྦྱོང་གི་མན་ངག་དཔྱིས་ཕྱིན་པར་ཞུས། རྒྱ་དམར་བས་ནི་འཁོན་ཕུ་བའི་སྲས་ཟླ་བའི་འོད་ཟེར་ལ་ཡང་མན་ངག་མང་པོ་ཞུས་སྣང༌། མཁས་པ་ཆེན་པོ་ཅོག་རོ་ཆོས་ཀྱི་རྒྱལ་མཚན། དཔལ་ཕག་མོ་གྲུ་པ། འབལ་ཚད་མ་བ། སྐྱིལ་མཁར་ལྷ་ཁང་བ། དུས་གསུམ་མཁྱེན་པ་ལ་སོགས་པ་སློབ་མ་ཡང་མཁས་པ་མང་དུ་བྱུང༌། ཚད་མ་རྣམ་པར་ངེས་པ་དང་དབུ་མ་བདེན་གཉིས་ལ་སོགས་པའི་ཊཱི་ཀ་དང༌། བསྡུས་པའང་མང་དུ་མཛད་དོ། །ཞང་ཚེ་སྤོང་བ་ཆོས་ཀྱི་བླ་མས་ཀྱང་ཊཱི་ཀ་འགའ་རེ་བརྩམས་ཤིང་དེའི་སློབ་མ་ཉན་བྲན་པ་ཆོས་ཀྱི་ཡེ་ཤེས་ཀྱིས་ནི་བསླབས་པ་ཀུན་ལས་བཏུས་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལ་སོགས་པ་སྤྱོད་ཕྱོགས་ཀྱི་ཡིག་ཆ་དང༌། སློབ་མ་མང་པོ་ལའང་བཤད་པས། སློབ་དཔོན་འདི་སྤྱོད་ཕྱོགས་ལ་བཀའ་དྲིན་ཆེ་བར་གྲགས། སློབ་དཔོན་ཕྱྭ་བས་ནི་ནེའུ་ཐོག་གི་གདན་ས་མ་མཛད་གོང་ནས་ཆོས་གྲྭ་མང་དུ་བསྐྱངས་ཤིང༌། བསྟན་བཅོས་བརྩམས་པ་ཡང་བྱམས་པའི་ཆོས་ལྔ་དང༌། ཚད་མ་རྣམ་པར་ངེས་པ་དང༌། དབུ་མ་བདེན་གཉིས། རྒྱན། སྣང་ག །སྤྱོད་འཇུག་ལ་སོགས་པའི་ཊཱི་ཀ་མང་པོ་ཡང་མཛད། སོ་སོའི་བསྡུས་པ་ཡང་མང་དུ་བརྩམས། ཚད་མའི་བསྡུས་པ་ཡིད་ཀྱི་མུན་སེལ་ཞེས་བྱ་བ་ཚིགས་སུ་བཅད་པ་རང་འགྲེལ་དང་བཅས་པ་དང༌། ཡིད་ཀྱི་མུན་སེལ་རྐྱང་པ་སྟེ་གཉིས་མཛད། དབུ་མ་ལ་ཡང་བསྡུས་པ་ཆེ་ཆུང་གཉིས་སྣང༌། གཞན་ཡང་རྩོམ་པ་མང་པོ་མཛད་པ་འདྲ་སྟེ་ཁོ་བོས་མཐོང་བ་ནི་དེ་དག་དང༌། ཕྱི་ནང་གི་གྲུབ་མཐའ་བསྡུས་པ་དང་ཤེས་བྱ་གཞི་ལྔའི་བཤད་པ་ཙམ་ཞིག་གོ །ཁོང་ལ་དེ་དུས་ཀྱི་སྡེ་སྣོད་འཛིན་པ་ཕལ་མོ་ཆེ་སློབ་མར་འདུས་པ་ལས། གཙང་ནག་པ་བརྩོན་འགྲུས་སེང་གེ དན་བག་པ་སྨྲ་བའི་སེང་གེ བྲུ་ཤ་བསོད་ནམས་སེང་གེ། རྨ་བྱ་རྩོད་པའི་སེང་གེ རྩགས་དབང་ཕྱུག་སེང་གེ མྱང་བྲན་ཆོས་ཀྱི་སེང་གེ ལྡན་མ་དཀོན་མཆོག་སེང་གེ གཉལ་པ་ཡོན་ཏན་སེང་གེ་སྟེ་སེང་ཆེན་བརྒྱད། ཁ་ཅིག་གཙང་བ་འཇམ་དཔལ་སེང་གེ་ཟེར། འཁོན་ཇོ་སྲས་རྩེ་མོ། རྔོག་ཇོ་སྲས་ར་མོ། ཁུ་ཇོ་སྲས་ནེ་ཙོ། གཉོས་ཇོ་སྲས་དཔལ་ལེ་དང་བཞི་ལ་ཇོ་སྲས་བཞི་ཟེར། འགར་དབང་གྲུབ། ཀོང་པོ་འཇག་ཆུང༌། ལྷོ་བ་སྒོག་ཟན། བར་ཕུ་བ་དང་བཞི་ལ་ཤེས་རབ་ཅན་བཞི་ཟེར། གཞན་ཡང་འཇད་པ་སྟོན་སྐྱབས་དང༌། རྡོ་རྗེ་འོད་ཟེར་ལ་སོགས་དང༌། དུས་གསུམ་མཁྱེན་པ་དང༌། ཞང་འཚལ་བ་ལ་སོགས་པ་མང་དུ་བྱོན་ནོ། །དེ་དག་ལས་གཙང་ནག་པ་ནི། རྗེ་བཙུན་འཇམ་དཔལ་གྱི་བསྙེན་པས་བློ་རྣོ་ཞིང་ཤིན་ཏུ་མཁས་པ། དབུ་ཚད་ལ་སོགས་པ་ཡིག་ཆ་མང་དུ་མཛད་དེ། ཚད་མ་རྣམ་ངེས་ལ་ཊཱིཀ་ཆེན་ཞིག་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྦྱོར་དང༌། བསླབ་བཏུས་དང་སྤྱོད་འཇུག་དང༌། དབུ་མའི་བསྟན་བཅོས་རྣམས་ལའང་རྣམ་བཤད་མང་དུ་བརྩམས། སློབ་དཔོན་ཕྱྭ་བས་སློབ་དཔོན་ཟླ་བ་གྲགས་པ་ལ་དགག་པ་མང་དུ་མཛད་པ་ལ། གཙང་ནག་པས་ནི། དཔལ་ལྡན་ཟླ་བ་གྲགས་པའི་གཞུང་ལུགས་ལ། སྦྱངས་པའི་སྟོབས་ཀྱིས་གཞུང་དོན་ངེས་གྱུར་པ། ང་འདྲའི་སྐྱེ་བོ་སླད་ཆད་འབྱུང་མི་འགྱུར། གསུང་ནས། དབུ་མའི་བསྡུས་པའང་ཆེ་ཕྲ་མང་དུ་མཛད་པ་རྣམས་ཟླ་བ་གྲགས་པའི་ལུགས་ཡིན། རྨ་བྱ་བྱང་ཆུབ་བརྩོན་འགྲུས་ནི། ལུང་དང་ཚད་མ་ལ་ཡང་ཤིན་ཏུ་མཁས་མོད་ཀྱི། དབུ་མ་ལ་བརྟེན་ནས་གཞན་ཕན་མང་དུ་མཛད་ཅིང༌། རྩ་བ་ཤེས་རབ་དང་ཚིག་གསལ་སྟོང་ཐུན་གྱི་ཊཱི་ཀ དབུ་མའི་བསྡུས་པ་དང༌། རྟོག་གེ་ཐོ་བའི་ཊཱི་ཀ་འང་མཛད་དེ། འདི་ཡང་སློབ་དཔོན་ཕྱྭ་བའི་ལུགས་ལས། ཛ་ཡ་ཨཱནནྡ་ལ་སོགས་པའི་ལུགས་ལ་ལྷག་པར་དད་པར་མཛད། དན་བག་པས་མཛད་པའི་ཚད་མའི་བསྡུས་པ་དང༌། རྒྱུད་བླའི་ཕྱྭ་ཀ་ཙམ་ཞིག་ལས་གཞན་པ་མ་མཐོང་ཞིང༌། སློབ་དཔོན་ཕྱྭ་པའི་དུས་རྡུལ་ཕྲན་ཐུགས་མེད་བཞེད་པ་ལ་དགག་པ་མང་པོ་མཛད་འདུག་ནའང༌། ཨེ་སྙམ་པ་ཞིག་ལས་མ་བྱུང༌། བར་ཕུ་བས་ནི་དབུ་མ་རྩ་བའི་ཊཱི་ཀ་མཛད་པ་ཞིག་ཀྱང་མཐོང༌། དུས་ཕྱིས་དགེ་བའི་བཤེས་གཉེན་གྲུ་ཤུལ་བ་ཟེར་བ་ཞིག་དང༌། དཔལ་ཕག་མོ་གྲུ་པའི་སློབ་མ་བྱས་ནས་ཕྱག་རྒྱ་ཆེན་པོ་བའི་སྒོམ་ཆེན་དུ་གྱུར་ཏོ། འཇད་པ་སྟོན་སྐྱབས་ཀྱིས་ནི་སྤྱོད་ཕྱོགས་དང་ཆོས་མངོན་པའི་བཤད་པ་མང་དུ་མཛད། སློབ་མ་ཡང་སྐྱེས་བུ་དམ་པ་མང་དུ་བྱོན་ནོ། །གཉལ་ཞིག་གིས་འུ་ཤང་རྡོར་ལོ་དགུའི་བར་དུ་མཚམས་བསྡམས་ཏེ་བཤད་པ་མཛད་པ་ལས། གཉལ་ཞིག་གི་བུ་དགུ་ཞེས་པ་བྱུང་སྟེ། བཟང་རིངས། ཕུ་ཐང་དར་དཀོན། གཙང་པ་གྲུ་གུ་གསུམ་སྔ་ཚར། འུ་ཡུག་པ་བསོད་ནམས་སེང་གེ། བོ་དོང་རིན་རྩེ། གཙང་པ་ཇོ་ནམ་གསུམ་བར་ཚར། རྒྱ་འཆིང་རུ་བ། འཇམ་གསར། སྐྱིལ་ནག་གྲགས་སེང་གསུམ་ཕྱི་ཚར་རོ། །དེ་ལ་བཟང་རིངས་ཀྱིས་ཁྲོ་ཕུར་བཤད་པ་མཛད་པས་ལྷོ་པ་གྲུབ་སེང་ལ་སོགས་པའི་མཁས་པ་མང་དུ་ཚར་ཏེ། བུ་སྟོན་ཁ་ཆེ་ཡང་དེའི་བརྒྱུད་ལ་བྱོན་པ་ཡིན་ནོ། །ཕུ་ཐང་དར་དཀོན་གྱིས་ནི། སྟོད་ལུངས་མཚོ་སྨད་དང་ཡར་ཀླུངས་ལ་སོགས་སུ་བཤད་པ་མཛད། གཉན་དར་མ་སེང་གེ་དང༌། བྱ་ཡུལ་དཀར་མོ་ལ་སོགས་པའི་སློབ་མ་མང་དུ་ཐོན་ནོ། །གཙང་པ་གྲུ་གུས་ཞ་ལུར་བཤད་པ་བཙུགས་ཏེ། དེ་ནས་ཞ་ལུ་བ་རྣམས་གཉལ་པའི་ཊཱི་ཀ་འཆང་བའི་སྟེང་དུ་བུ་རིན་པོ་ཆེ་ཕེབས། ཁོང་རྣམས་དང་བསྟུན་པའི་ཕྱིར་སློབ་དཔོན་བཀྲ་ཤིས་བཟང་པོ་ལ་གཉལ་ཊཱིཀ་གི་ལུང་གསན་ནས་བཤད་པའང་མཛད་དོ། །འུ་ཡུག་པས་ས་སྐྱར་ས་པཎ་ལ་རྣམ་འགྲེལ་གསན་ནས་དེར་བཤད་པ་མཛད་པས་མཁས་པ་ཆེན་པོ་ཞང་མདོ་སྡེ་དཔལ་ལ་སོགས་པའི་སློབ་མ་མང་དུ་བྱུང་ཞིང༌། དིང་སང་གི་བར་དུ་རྣམ་འགྲེལ་དར་བའང་པཎ་ཆེན་དང་ཁོང་རྣམ་གཉིས་ཀྱི་དྲིན་ཡིན། གསང་ཕུ་བ་རྣམས་ཀྱང་ཁོ་བོ་གཞོན་པའི་དུས་ན་རྣམ་ངེས་ཀྱི་བདག་པོ་མཛད་པ་ལས། དིང་སང་ནི་རྣམ་འགྲེལ་བར་གྱུར་ཏོ། །བོ་དོང་རིན་རྩེས་བྲག་རམ་དུ་བཤད་གྲྭ་བཙུགས། སློབ་དཔོན་དེར་འོང༌། དབུ་མ་པ་ཤེར་འབུམ། བུ་སྟོན་གྲགས་སེང་ལ་སོགས་པའི་མཁས་པ་མང་དུ་ཐོན་ནོ། ། འཇམ་དབྱངས་གསར་མས་ནི་སྐྱང་འདུར་དུ་བཤད་པའི་གྲྭ་བཙུགས་པས་གྲྭ་པ་མང་དུ་ཐོན། ཀུན་མཁྱེན་ཆེས་སྐུ་འོད་ཟེར་ཞེས་གྲགས་པའང་ཁོང་གི་སློབ་མ་ཡིན། སྐུ་ཚེའི་སྨད་ལ་བཤད་གྲྭ་དང་སྒོམ་གྲྭ་གཉིས་སུ་མཛད། སྐབས་ཤེད་དུ་རི་བོ་རྩེ་ལྔར་ཡང་བྱོན་ནས་སླར་བོད་དུ་བྱོན། ཕར་ཕྱིན་དང་རྣམ་ངེས་ལ་ཊཱི་ཀ་ཡང་མཛད་སྣང༌། སྔ་སྒྲོས་ཕྱི་སྒྲོས་ཅུང་ཟད་མི་མཐུན་པར་བྱུང་བ་ལ། སློབ་མས་དེ་སྐད་ཞུས་པས། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ལུགས་མི་མཐུན་པ་རེ་ལ་བརྟེན་ནས་བྱུང་བ་ཡིན་གསུང་ཞིང༌། ཕྱིས་ནི་དུས་ཀྱི་འཁོར་ལོ་བའི་དེད་དཔོན་ཆེན་པོ་མཛད་པས། རོང་པ་རྒྭ་ལོ་ཡང་ཁོང་གི་སློབ་མར་གྱུར། སྐྱེལ་ནག་གྲགས་སེང་ལ་འཆིམས་ཆེན་མོས་ལྐོག་ཏུ་ཞལ་བརྡ་མཛད་ནས་སྣར་ཐང་དུ་བཤད་ཉན་བཙུགས་པས། བཀའ་གདམས་པ་རྣམས་དེ་ལ་མ་དགའ་བས་ཆད་པ་གཅོད་ཟེར་བ་ལ། སྐྱེལ་ནག་གིས་འཆིམས་ཆེན་མོ་ལ་འདིར་བཤད་པ་རང་མི་ཚུགས་པ་འདྲ་ཞུས་པས། འཆིམས་ཀྱི་ཞལ་ནས། ངས་ཇ་མང་དུ་བྱིན་གྱིས། ཆད་པའི་ཇ་ལན་གསུམ་ཙམ་དུ་བསྐོལ་ལ། མང་ཇ་གསུམ་པའི་སྟེང་དུ་ཆད་པ་ནི་ཕུལ་ཡོད། ད་བགྲོ་གླེང་བྱེད་ཟེར་བ་གྱིས་ལ་བགྲོ་གླེང་གྱིས་ཞེས་ལྐོག་ཏུ་ཞལ་བརྡ་མཛད། དེ་ལྟར་བྱས་པས་བཤད་པ་ཡང་ལེགས་པར་ཚུགས་ཏེ། སྐྱི་སྟོན་གྲགས་འབུམ་དང༌། ཆུ་མིག་པ་སེང་གེ་དཔལ་ལ་སོགས་པ་མཁས་པ་མང་དུ་ཐོན། བཅོམ་ལྡན་རིགས་པའི་རལ་གྲི་དེ། ཡུལ་ཕུ་ཐང་བ་ཡིན་པ་ཞིག་བསམ་ཡས་མཆོད་རྟེན་དཀར་པོ་བའི་བཙུན་པ་བྱས། དགའ་བ་གདོང་དུ་དབྱར་ཉི་མ་བརྩོན་འགྲུས་ལ་ཕར་ཕྱིན་སློབ་ཀྱི་ཡོད་པའི་ཚེ་ནད་ཀྱི་རྣམ་པར་རྟོག་པ་ཞིག་བྱུང་ནས། སྣར་ཐང་སྐྱོ་སྟོན་པ་ལ་ཁམས་འཆོས་སུ་འོངས། སྐྱོ་སྟོན་པ་དེ་ནི་ཕྱག་ན་རྡོ་རྗེ་ལ་ཉི་མ་མིག་གིས་མི་མཐོང་བའི་བསྙེན་པ་ལོ་བཅུ་གཅིག་ཏུ་མཛད་པ་ཞིག་ཡིན། བཅོམ་རལ་གྱིས་སྣར་ཐང་གི་ཐེམ་པ་ལ་ཞབས་བཞག་པ་དབུ་ལ་ཉི་མ་ཤར་བ། སྣར་ཐང་གི་ཚོགས་དུང་འབུད་པ་རྣམས་དུས་མཚུངས་སུ་བྱུང་བས་རྟེན་འབྲེལ་བཟང་བར་ཡང་གོ །དེར་སྐྱོ་སྟོན་པས་ཁྱེད་ཀྱི་ནད་འདི་ལ་སྟུགས་པོ་མི་དགོས། ཁྱེད་རང་རྣམ་ངེས་ཀྱི་གཞུང་དེ་གྲོག་སུལ་ཕ་གིར་སྐྱོངས་དང་གསུང་བས། སྣར་ཐང་ཕྱིའི་གྲོག་ཕུག་ཤིག་ཏུ་རྣམ་ངེས་ཚར་སྟོང་བཤད། དེས་མཛེ་ཡུལ་བུད། དེ་ནས་སྣར་ཐང་གི་ཆོས་གྲྭར་བཞུགས། སྦྱངས་པ་མཛད་ཅིང་མི་གཡོ་བའི་བསྙེན་པ་ཡང་དུང་ཕྱུར་བཅུ་གསུམ་དུ་བསྐྱལ་བས་ཤེས་རབ་ཀྱི་ནམ་ལངས། ཆོས་སྐྱོང་ཞལ་བཞི་པས་ཀྱང་ཞབས་ཏོག་བསྒྲུབས་ཏེ་བཤད་ཉན་མཛད་པས། སློབ་མ་ཤིན་ཏུ་མཁས་པ་མང་བར་བྱུང་ཞིང༌། སྡེ་སྣོད་འཛིན་པ་སུམ་གཉིས་སྣར་ཐང་དུ་འདུས་པར་གྲགས། མཁས་པ་ཆེན་པོ་འཇམ་པའི་དབྱངས་ཀྱང་ཁོང་གི་སློབ་མ་ཡིན་པ་ལས་རེ་ཤིག་ཆོས་བར་སར་འདྲེ་རྫུ་བྱས་ནས་སློབ་དཔོན་ལ་བསྡིགས་བསྐུར་བས། ཤིན་ཏུ་བཀའ་བཀྱོན་ནས་དྲུང་དུ་འདུག་དབང་མ་བྱུང་བས་ས་སྐྱར་བཞུགས་པས། ཧོར་གྱིས་གདན་དྲངས་ནས་བྷཱུ་ཡན་དུ་རྒྱལ་པོའི་མཆོད་གནས་མཛད། དེར་ཚད་མ་རྣམ་འགྲེལ་གྱི་ཊཱི་ཀ་བསྡུས་པ་དང་བཅས་པ་བརྩམས། གསེར་ཡིག་པ་རྣམས་ལ་བཅོམ་ལྡན་པའི་དྲུང་དུ་འབུལ་བར་ཅི་ཐེངས་བྱས་ཀྱང་མཉེས་པ་ཙམ་མ་བྱུང༌། མཐར་སྣག་ཚ་སྒམ་ཆུང་གང་བསྐུར་བས་ཤིན་ཏུ་མཉེས། བཅོམ་ལྡན་པས་བསྟན་བཅོས་ཀྱང་པུ་སྟི་བཅུ་དྲུག་ཙམ་བརྩམས། མཁས་པ་ཆེན་པོ་དབུས་པ་བློ་གསལ་ཞེས་གྲགས་དེ་ཡང༌། བཅོམ་རལ་དང་བཙུན་པ་འཇམ་དབྱངས་གཉིས་ཀའི་སློབ་མ་ཡིན། བཅོམ་རལ་གྱིས་བདེ་བར་གཤེགས་པའི་བཀའ་རྣམས་ཀྱི་བམ་ཚད་དང་འགྱུར་བྱང་སོགས་ལའང་ངེས་ངེས་མཛད། བསྟན་བཅོས་རྣམས་ཀྱང་སོ་སོར་ཕྱེ་ནས་ཚན་ཚན་དུ་བསྡུ་བའི་བསྟན་བཅོས་བསྟན་པ་རྒྱས་པ་བྱ་བའང་མཛད། དེ་རྟིང་བཙུན་པ་འཇམ་དབྱངས་ཀྱིས་ཡོ་བྱད་ཚན་ཆེན་པོ་བསྐུར། དབུས་པ་བློ་གསལ་ལ་སོགས་པ་བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་བཞེངས་ལ་དཔལ་སྣར་ཐང་གི་གཙུག་ལག་ཁང་དུ་བཞུགས་པར་གྱིས་ཤིག་ཅེས་ལན་བསྐུར་བ་བཞིན། དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་དང༌། ལོ་ཙཱ་བ་བསོད་ནམས་འོད་ཟེར་དང༌། རྒྱང་རོ་བྱང་ཆུབ་འབུམ་གསུམ་གྱིས་འབད་པ་ཆེན་པོས་བཀའ་འགྱུར་བསྟན་འགྱུར་གྱི་ཕྱི་མོ་བཙལ་ཞིང་ལེགས་པར་བཞེངས་ནས། འཇམ་ལྷ་ཁང་ཞེས་པའི་གཙུག་ལག་ཁང་དུ་བཞུགས་པ་ལས། གཞན་དུ་ཡང་མང་དུ་མཆེད་དེ། སྟོད་ཀྱི་གྲོམ་པ་ས་སྐྱ་དང༌། ཁབ་གུང་ཐང་ལ་སོགས་པར་མཆེད། སྨད་དུ་ཡང་འཚལ་གུང་ཐང་དུ་ཡང་ཚར་གསུམ། སྟག་ལུང་ཉེ་འཁོར་དང་བཅས་པར་ཡང་ཚར་གསུམ། བུ་སྟོན་རིན་པོ་ཆེས་སྣར་ཐང་ནས་བསྟན་འགྱུར་སྤྱན་དྲངས་ཏེ་ཟློས་པ་རྣམས་དོར། སྣར་ཐང་གི་དེ་དང་པོ་ཁོ་ན་ཡིན་པས་ཕྱི་མོ་ཅི་རྙེད་བསྡུས་པའི་ཕྱིར། གོ་རིམ་མེད་པ་ལ་གོ་རིམ་རྣམས་ལེགས་པར་བསྒྲིགས། ཆོས་ཀྱི་རྣམ་གྲངས་གསར་པ་སྟོང་ལྷག་ཙམ་བསྣན་ནས། ཞ་ལུའི་གཙུག་ལག་ཁང་ན་བཞུགས། དེ་ལ་ཕྱི་མོ་བགྱིས་ཏེ་གཞིས་ཁ་རིན་སྤུངས་སུ་སློབ་དཔོན་ནམ་མཁའ་རྒྱལ་མཚན་པས་བཞེངས། རྩེས་ཐང་གི་ཆོས་གྲྭར་བཞུགས། དེ་ལ་ཕྱི་མོ་བགྱིས་ཏེ་གོང་དཀར་དང༌། གདན་ས་ཐེལ་ན་ཡང་བཞུགས། ཕྱིས་ནི་ཁམས་པ་རྣམས་ཀྱིས་སོ་སོར་བཞེངས་ཏེ་ཁམས་སུ་ཁྱེར་བ་དང༌། དེ་རྣམས་ཉིད་ལ་ཕྱི་མོ་བྱས་ནས་ཁམས་ཉིད་དུ་བཞེངས་པ་དང༌། ཆོས་རྗེ་མཐོང་བ་དོན་ལྡན་པས་བཞེངས་པ་དང༌། དབུས་སུ་དུ་དབེན་ཤ་བས་བཞེངས་པ་དང༌། འཚུར་ཕུར་ན་ཡང་ཆོས་རྗེ་རང་བྱུང་བས་རིན་པོ་ཆེ་ལས་བཞེངས་པ་དང༌། བྱམས་པ་གླིང་དུ་ཡར་རྒྱབ་དཔོན་ཆེན་དགེ་བསྙེན་པས་བཞེངས་པ་དང༌། གཟི་ཀུན་སྤངས་པས་པུ་སྟི་བརྒྱ་བརྒྱད་ཅུ་ཙམ་ཞིག་བཞེངས་པ་དང༌། སྟག་རྩེ་བས་ཀྱང་གཙུག་ལག་ཁང་བཟང་པོ་དང༌། བཀའ་འགྱུར་བསྟན་འགྱུར་སྔར་གྱི་སྟེང་དུ། དུས་ཕྱིས་ཕྱི་མོ་རྙེད་པ་མང་པོ་དང་བཅས་ཏེ་བཞེངས་པའི་བར་བགྲང་བ་ལས་འདས་པ་ཞིག་བྱུང་བ་རྣམས་ཀྱང༌། བཅོམ་ལྡན་རིགས་པའི་རལ་གྲིའི་སློབ་མ་བཙུན་པ་འཇམ་པའི་དབྱངས་ཀྱི་མཐུ་ལས་བྱུང་བ་ཡིན་ཏེ། འདི་རྣམས་ཀྱང་མཐར་གཏུགས་ན་རྔོག་ལོ་ཙཱ་བའི་བཀའ་དྲིན་དང༌། དེ་ཡང་ཁ་ཆེའི་མཁས་པ་རྣམས་ཀྱི་བཀའ་དྲིན་དང༌། མཐར་སངས་རྒྱས་རྣམས་ཀྱི་བཀའ་དྲིན་དུ་གྱུར་པའོ། །དིང་སང་མཁས་པ་ཤེས་རབ་སེང་གེ་དང་དེའི་སློབ་མ་མཁས་པ་ཆེན་པོ་དགེ་འདུན་གྲུབ་ཀྱིས་བཀྲ་ཤིས་ལྷུན་པོའི་གཙུག་ལག་ཁང་དང་ལྷ་ཆེན་པོ་བཞེངས། དགེ་འདུན་མང་དུ་བསྡུས་ནས་བཤད་པ་དང་ཉན་པ་འཕེལ་བར་བྱུང་བའང༌། ཐ་སྙད་དུ་རི་བོ་དགེ་ལྡན་གྱི་ཡན་ལག་ཏུ་གྲགས་པ་ཡང༌། དོན་དུ་ན་དཔོན་སློབ་གཉིས་པོ་དེ་སྣར་ཐང་པའི་དགེ་བཤེས་ཡིན་ནོ། །ཡང་རྩེས་ཐང་གི་ཆེན་པོ་བྱང་ཆུབ་རིན་ཆེན་གྱི་སྲས། ངོ་ལེན་རང་གི་ཉེ་གནས་གཡག་ཡུ་ཞེས་པ་ལ་བཅོལ་བས། གཡག་ཕྲུག་སངས་རྒྱས་དཔལ་ཞེས་གྲགས་པ་དེའི་རྩ་བའི་གྲྭ་ས་ནི་གསང་ཕུ་བ་ཡིན། དེར་བུ་ཊཱི་ཀ་ལ་མང་དུ་སྦྱངས། ཐུགས་ལ་བཀའ་བསྟན་བཅོས་ཀྱིས་གཙོ་བྱས་པའི་གསུང་རབ་བཞུགས་པ་ཁོང་ལས་མང་བ་མེད་ཅེས་གྲགས་པ་དེས། ས་སྐྱ་དགའ་ལྡན་གྱི་བདག་པོ་མཛད། དབུས་གཙང་ཡར་མར་དུ་བཤད་ཉན་མཛད་པས་ཕ་རོལ་ཏུ་ཕྱིན་པའི་བསྟན་པ་ཤིན་ཏུ་དར་བ་མཛད་དེ། ཕ་རོལ་དུ་ཕྱིན་པ་ལ་ཊཱི་ཀ་ཡང་རབ་འབྲིང་མང་པོ་བརྩམས། རྣམ་འགྲེལ་དང་དབུ་མ་ལ་སོགས་པའི་བཤད་པ་ཡང་མཛད་དེ། མཐར་གདུང་སྦྱངས་པ་ན་ལྷ་སྐུ་དང་རིང་བསྲེལ་འབའ་ཞིག་ཏུ་གྱུར། དེའི་ཐུགས་ཀྱི་སྲས་རོང་སྟོན་སྨྲ་བའི་སེང་གེ་ཆེན་པོ་ནི། རྒྱལ་མོ་རོང་ནས་གཞོན་ནུ་ལ་གསང་ཕུ་ནེའུ་ཐོག་ཏུ་ཕེབས། བརྩོན་པ་དང་སྐལ་བ་གཉིས་ཀ་ཕུན་སུམ་ཚོགས་པས་དགུང་ལོ་ཉི་ཤུ་ཙམ་བཞེས་པ་ན། བསྟན་བཅོས་ཆེན་པོ་ལ་ཊཱི་ཀ་བྱ་བར་ནུས་པའི་དགེ་བཤེས་ཆེན་པོར་གྱུར། དབུས་དང་ལས་སྟོད་ཕྱིན་གྱི་ས་སྟོད་སྨད་རྣམས་སུ་ཆོས་པར་མཛད་ཅིང༌། བཤད་པ་རྒྱ་ཆེན་པོ་མཛད་པ་ལ་བརྟེན་ནས་མཁས་པའི་སློབ་མ་མང་དུ་བྱུང་ལ། འགྲེལ་པ་དོན་གསལ་ལ་ཊཱི་ཀ་མཛད་པ་དང༌། འབུམ་ལ་ཡང་འབུམ་ཊཱིཀ་ཆེན་མོ་མཛད་པ་ལ་སོགས་པས་བསྟན་པའི་བྱ་བ་རྒྱ་ཆེར་མཛད་དེ། ཕྱི་མའི་དུས་སུ་འཆད་ཉན་གྱིས་ཕན་བཏགས་པ་རྣམས་ཀྱི་མཆོག་ཡིན་ནོ། །དེའི་སློབ་མ་ཆོས་སྨྲ་བ་ཆེན་པོ་སངས་རྒྱས་འཕེལ་གྱིས་རིན་སྤུངས་པས་སྦྱིན་བདག་མཛད་ནས། འབྲས་ཡུལ་དུ་ཆོས་གྲྭ་བསྐྱངས་པས་ཀྱང་བློ་གསལ་མང་པོའི་མིག་ཕྱེ་སྟེ། བསྟན་པ་གསལ་བར་བྱསསོ། ། ཡང་གཞིས་ཁ་རིན་སྤུངས་པས་བྱམས་ཆེན་དུ་ཆོས་སྡེ་ཆེན་པོ་བཏབ། བྱང་ཆུབ་སེམས་དཔའ་རྒྱལ་བ་མཆོག་གིས་ལོ་ཤས་བཤད་པ་མཛད། མཁན་ཆེན་སངས་རྒྱས་དཔལ་བའི་བགྲོས་རྣམས་བཙུགས། དེ་རྗེས་སྐུ་སྐྱེ་བས་གདན་ས་མཛད་ཅིང༌། རྗེ་བཙུན་བྱམས་པའི་སྐུ་ཆེན་པོ་རྒྱན་ཕུན་སུམ་ཚོགས་པ་དང་བཅས་པ་ཡང་བཞེངས། ཁོང་གཤེགས་རྗེས་སུ་ཆོས་སྨྲ་བ་ཆེན་པོ་སངས་རྒྱས་འཕེལ་གྱིས་གདན་ས་མཛད་དེ། ད་ལྟ་ཆོས་ཀྱི་འཁོར་ལོ་སྐོར་བཞིན་པའོ། ། ཡང་རྗེ་བཙུན་རེད་མདའ་བས་མཁས་པ་ཆེན་པོ་ཉ་དབོན་ཀུན་དགའ་ལ་བརྟེན་ནས་ཕ་རོལ་ཏུ་ཕྱིན་པ་ལེགས་པར་བསླབས། ཕྱིས་སློབ་མ་རྣམས་ཀྱིས་བསྐུལ་ནས་འགྲེལ་བ་དོན་གསལ་གྱི་ཊཱི་ཀ་ཡང་མཛད། རྗེ་ཙོང་ཁ་པ་ཆེན་པོས་ཀྱང་རྗེ་བཙུན་རེད་མདའ་བ་ལས་གསན་ཏེ། དུས་ཕྱིས་བྱ་བྲལ་ལ་མ་བྱོན་པའི་གོང་དུ་ལེགས་བཤད་གསེར་ཕྲེང་ཞེས་བྱ་བའི་ཊཱི་ཀ་ཆེན་མོ་དེ་མཛད། དེ་འཕྲལ་དུ་བྱ་བྲལ་ལ་བྱོན་པས་དེའི་བཤད་རྒྱུད་འཛིན་པ་ནི་ཆེར་མ་བྱུང༌། དུས་ཕྱིས་རྒྱལ་ཚབ་རིན་པོ་ཆེ་དར་མ་རིན་ཆེན་པས་འགྲེལ་བ་དོན་གསལ་ལ་ཊཱི་ཀ་མཛད་པ་ནི་དིང་སང་དར་ཞིང་གཞན་ལ་ཕན་པ་ཆེན་པོར་གྱུར་ཏོ། །གཉལ་ཞིག་གི་སློབ་མ་རྒྱ་འཆིང་རུ་བས་བདེ་བ་ཅན་བཏབ། དེ་རྗེས་ཁོང་གི་དབོན་པོ་སངས་རྒྱས་དཔལ་ལ་སོགས་པས་ཆོས་བཤད། དེ་རྗེས་གཉགས་གྲགས་ཚུལ། རྒྱ་སྟོན་བསོད་རིན། དགེ་བྲག་པ། སྙེ་ཐང་པ་བཀྲ་ཤིས་སེང་གེ སློབ་དཔོན་བློ་རིན། ཡང་སློབ་དཔོན་བཀྲ་ཤིས་སེང་གེ འཇམ་རིན། སེང་གྲགས། དགེ་གོང་བ་དར་མ་སེང་གེ ཚུལ་རྒྱམ་པ། དབུ་རྒྱན་པ་ལ་སོགས་པ་རྣམས་བྱོན་ནོ། །འདི་དག་ནི་གླིང་སྟོད་པའི་ལག་ཡིན་ནོ། ། སློབ་དཔོན་ཤཱཀ་གཞོན་གྱི་བདག་རྐྱེན་འཚལ་བ་སྨོན་ལམ་པ་ལ་སོགས་པས་མཛད་ནས་འཚལ་གུང་ཐང་དུ་བཤད་གྲྭ་བཙུགས། སློབ་དཔོན་ཤཱཀ་གཞོན་པ་ནེའུ་ཐོག་གི་གདན་སར་བྱོན་རྟིང་ཆོས་འཁོར་གླིང་གི་གདན་ས་ལ་སློབ་དཔོན་དོན་གྲུབ་དཔལ་བསྐོས། དེ་རྗེས་བློ་བཟངས༌། བསོད་ནམས་དཔལ། བྱམས་པ། ཀུན་བཟངས་པ་རྣམས་བྱོན་ཏེ། གླིང་སྨད་པའི་ལག་ཡིན་ནོ། །དེ་རྣམས་ནི་རགས་པ་ཙམ་ཞིག་སྨོས་པ་ཡིན་གྱི། སྡེ་ཆུང་དང་དགོན་གནས་སོ་སོར་གཞུང་བཤད་བྱེད་པ་རྣམས་ཀྱང་རྔོག་ལོ་ཙཱ་བའི་བཀའ་དྲིན་ལས་ཡིན་ཏེ། རྔོག་བྱང་ཆུབ་སེམས་དཔའ་ཆེན་པོའི་ཕྲིན་ལས་ཀྱི་རིམ་པ་རགས་པ་ཙམ་ཞིག་བསྟན་པ་ཡིན་ནོ། །རྔོག་ལོ་ཙཱ་བ་བརྒྱུད་པ་དང་བཅས་པའི་སྐབསསོ། ། ༦.༢ པ་ཚབ་བརྒྱུད་པ་དང་བཅས་པའི་སྐབས། ད་ནི་ཐེག་པ་ཆེན་པོ་དབུ་མའི་བཤད་པ་ཇི་ལྟར་བྱུང་བ་བརྗོད་པར་བྱ་སྟེ། དེ་ཡང་ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ་སློབ་བརྒྱུད་དང་བཅས་པས་ཤེས་རབ་སྒྲོན་མ་གཙོ་བོར་གྱུར་པའི་གཞུང་རྣམས་ལ་བཤད་པ་བྱས་པའི་ཚུལ་ནི་བཤད་ཟིན་ལ། ལོ་ཙཱ་བ་སྤ་ཚབ་ཉི་མ་གྲགས་ལ་བརྟེན་ནས། སློབ་དཔོན་ཟླ་བ་གྲགས་པའི་གཞུང་གི་བཤད་པ་ཇི་ལྟར་བྱུང་བ་ལ། སྤ་ཚབ་ཉི་མ་གྲགས་པ་ནི། འཕན་ཡུལ་ན་སྤ་ཚབ་སྟོད་སྨད་གཉིས་ཡོད་པའི་སྟོད་པ། གཞོན་པའི་དུས་སུ་ཁ་ཆེར་བྱོན་ཏེ། སཛྫཱ་ནའི་སྲས་གཉིས་ལ་སོགས་པའི་པཎྚི་ཏ་མང་པོ་ལ་ཆོས་གསན་ཞིང༌། ལོ་ཉི་ཤུ་རྩ་གསུམ་དུ་སྦྱངས་པ་མཛད་ནས་བོད་དུ་ཕེབས་པའི་ཚེ། སྤུ་ཧྲངས་པའི་དགེ་འདུན་སྤྱིས་གཡུ་བོ་ཆེ་ཕག་སྐུར་ཟེར་བ་ཞིག་ཕུལ་ནས། མཛོད་ཀྱི་འགྲེལ་བཤད་གང་བ་སྤེལ་གྱིས་མཛད་པ་དེ་བསྒྱུར་བར་ཞུས་པས་ལེགས་པར་བསྒྱུར། འཕན་ཡུལ་དུ་ཕེབས་དུས་གདུལ་བྱ་ཧ་ཅང་མི་ཆེ་བ་ལ། དགེ་བའི་བཤེས་གཉེན་ཤར་པ་བས་རང་གི་གྲྭ་པ་མང་པོ་ཁོང་ལ་དབུ་མ་སློབ་ཏུ་བཏང་བས། དེ་ནས་དབུ་མའི་འཆད་ཉན་ལེགས་པར་ཚུགས་ཏེ་གྲྭ་པ་མང་དུ་བསྐྱངས། རྩ་འཇུག་བཞི་གསུམ། རིགས་པ་དྲུག་ཅུ་པ་རྣམས་ཀྱི་སློབ་དཔོན་ཟླ་བས་མཛད་པའི་འགྲེལ་པ་རྣམས་ལེགས་པར་བསྒྱུར་ཞིང༌། ཕྱིས་ར་མོ་ཆེར་པཎྚི་ཏ་ཀ་ན་ཀ་ཝརྨ་དང་ལྷན་ཅིག་ཏུ་ཡུལ་དབུས་ཀྱི་དཔེ་དང་མཐུན་པར་ཡང་བཅོས། སྟོང་ཉིད་བདུན་ཅུ་པ་ལ་སློབ་དཔོན་ཟླ་བས་མཛད་པའི་འགྲེལ་པ་ཆེན་པོ་དེ། ཨ་བྷ་ཡ་དང་སྣུར་དྷརྨ་གྲགས་ཀྱིས་བསྒྱུར་པ་ལས། སྤ་ཚབ་ཀྱིས་པཎྚིཏ་མུ་དི་ཏ་དང་ལྷན་ཅིག་ཏུ་འགྲེལ་པ་དེའི་སྟོད་ནས་བམ་པོ་གཉིས་ལྷག་ཙམ་གྱི་འགྱུར་བཅོས། གསང་བ་འདུས་པའི་རྒྱ་ཆེར་འགྲེལ་པ་སྒྲོན་མ་གསལ་བ་ལ། སྒྱུར་བྱེད་བཟང་བར་གྲགས་པ་རིན་ཆེན་བཟང་པོ་ལྟས། བསྒྱུར་ཞུས་གཏན་ལ་ཕབ་པར་རློམ་ཡང་ཇི་ལྟ་བཞིན་མིན་པར་མཐོང་ནས་ཉི་མ་གྲགས་ཀྱིས་ལེགས་པར་བསྒྱུར་བའི། ཞེས་བྱ་བ་ལ་སོགས་པ་གསུངས་ཤིང་འགྱུར་བཅོས་ཡང་དག་པ་ཞིག་མཛད། འདུས་པའི་སྐོར་གྱི་ཕྲན་མང་པོ་ཡང་བསྒྱུར་ཞིང༌། འདུས་པའི་འཆད་ཉན་ཀྱང་མཛད། སློབ་མ་རྣམས་ཀྱི་ནང་ནས་གཙང་པ་སར་སྤོས། རྨ་བྱ་བྱང་ཆུབ་ཡེ་ཤེས། དར་ཡོན་ཏན་གྲགས། ཞང་ཐང་སག་པ་ཡེ་ཤེས་འབྱུང་གནས་རྣམས་ལ་སྤ་ཚབ་ཀྱི་བུ་བཞི་ཞེས་གྲགས། དེ་རྣམས་ལ་བརྟེན་ནས་དབུས་གཙང་དུ་དབུ་མའི་བཤད་པ་དང༌། བྱེ་བྲག་ཏུ་སློབ་དཔོན་ཕྱྭ་པའི་སེང་ཆེན་རྨ་བྱ་བྱང་བརྩོན་གྱིས་སྤ་ཚབ་ལ་དབུ་མ་དང་འདུས་པ་གཉིས་ཀ་གསན་ཏེ། ཡར་ཀླུངས་ཀྱི་སྟོད་སྨད་དུ་ཆོས་གཞི་སྤོས་ཤིང་དབུ་མའི་བཤད་པ་ཡུན་རིང་དུ་མཛད། བཙན་ཐང་བ་རྒྱལ་བ་དཔལ་ལ་སོགས་པའི་སློབ་མ་མང་པོ་བྱུང་ཞིང་དབུ་མ་ཤིན་ཏུ་དར་བར་མཛད། རྨ་བྱ་བྱང་བརྩོན་ནུ་ཁུ་ལོ་ཙཱ་བ་མདོ་སྡེ་འབར་དང༌། ཁ་ཆེ་ཛ་ཡ་ཨཱ་ནནྡ་གཉིས་ཀའི་སློབ་མ་སྟེ། ཛ་ཡ་ཨཱ་ནནྡས་མཛད་པའི་རྟོག་གེ་ཐོ་བ་ལ་ཡང་ཊཱི་ཀ་མཛད། རྩ་བ་ཤེས་རབ་ཀྱི་ཊཱི་ཀ ཚིག་གསལ་གྱི་སྟོང་ཐུན་ལ་ཊཱི་ཀ འཇུག་འགྲེལ་གྱི་བསྡུས་དོན་དང་མཆན། དབུ་མའི་བསྡུས་པ་མཛད་པ་རྣམས་ནི་མཐོང༌། གཞན་ཡང་དབུ་མའི་སྐོར་ལ་ཡིག་ཆ་མང་དུ་མཛད་པ་འདྲའོ། ། ཞང་ཐང་སག་པས་ནི། ཐང་སག་བཏབ་ནས་དབུ་མའི་འཆད་ཉན་ལེགས་པར་མཛད་དེ། ཁོང་གིས་མཛད་པའི་འཇུག་པའི་ཊཱི་ཀ རིགས་པ་དྲུག་ཅུ་པའི་ཊཱི་ཀ།བཞི་བརྒྱ་པའི་ཊཱི་ཀ རིན་ཆེན་ཕྲེང་བའི་ཊཱི་ཀ་རྣམས་མཐོང་སྟེ། དེ་དག་ལས་གཞན་པ་ཡང་མཛད་པ་འདྲ་འོ། །ཐང་སག་ཏུ་ནི་དིང་སང་གི་བར་དུ་ཁོང་ལ་བརྟེན་ནས་དབུ་མའི་བཤད་པ་རྒྱུན་མ་ཆད་པར་བྱུང༌། དབུས་གཙང་གི་དགེ་བཤེས་བཟང་པོ་མང་པོས་ཀྱང་དེར་གཏུགས་ཏེ། དབུ་མ་ལ་ཕན་པ་ཆེའོ། །ཞང་ཐང་སག་པའི་རྗེས་སུ་འབྲོམ་སྟོན། དབང་ཕྱུག་གྲགས་པ། སློབ་དཔོན་ཤེས་རབ་རྡོ་རྗེ། སློབ་དཔོན་སྟོན་ཚུལ་དང་གྲགས་ལྡན་ཏེ་སྐུ་མཆེད་གཉིས། ལུ་དབོན་སུ་ཁ་དེ་བ། སློབ་དཔོན་ཇོ་བཙུན། བླ་མ་དབུ་ར་བ། སློབ་དཔོན་སྟོན་པ་ཤེས་རབ་དཔལ། སློབ་དཔོན་དར་མ་ཤེས་རབ། བང་སྟོན་ཤེས་རབ་རིན་ཆེན། རྗེ་བཙུན་སྟོན་པ་བསོད་ནམས་སེང་གེ ཕག་སྟོན་བསམ་གཏན་བཟང་པོ། བང་སྟོན་གཞོན་ནུ་བསམ་གཏན། སློབ་དཔོན་ཐང་ནག་པ། སློབ་དཔོན་བཀྲ་ཤིས་སེང་གེ རྟ་པ་གཞོན་ནུ་བཟང་པོ། གསས་ཁང་བ་སློབ་དཔོན་ཆོས་གྲགས། ཐང་སག་པ་བསོད་ནམས་རྒྱལ་མཚན། རྩེ་བ་ཀུན་དགའ་གཞོན་ནུ། སློབ་དཔོན་ཤཱཀྱ་གཞོན་ནུ། ཀུན་སྤངས་གཞོན་ནུ་རྒྱལ་མཚན། དམར་སྟོན་གཞོན་ནུ་རྒྱལ་མཚན། སློབ་དཔོན་ཚུལ་ཁྲིམས་དཔལ་བ། གྲགས་པ་རྒྱལ་མཚན། སློབ་དཔོན་རིན་ཆེན་རྒྱ་མཚོ། གདན་ས་བ་བློ་གྲོས་དཔལ་རིན་པའི་བར་དུ་ཚིག་གསལ་འཇུག་གི་འགྲེལ་ཆེན་གཉིས་པོ་ལ་གཞུང་དུ་བྱས་ནས་བཤད་པ་མཛད་པ་ཡིན་ནོ། །ཐང་སག་པ་རྣམས་རང་གི་རྒྱ་གར་བའི་བརྒྱུད་པ་བརྗོད་པ་ན། ཐུབ་པའི་དབང་པོ། མཁན་པོ་སྒྲ་གཅན་ཟིན། ཀླུ་སྒྲུབ། ཟླ་བ་གྲགས་པ། མཉྫུ་ཀཱིརྟཱི། དེ་བ་ཙནྡྲ། བྲམ་ཟེ་རིན་ཆེན་རྡོ་རྗེ། བ་ར་ཧི་ཏ། ཧ་སུ་མ་ཏི། སྤ་ཚབ་ལོ་ཙཱ་བ་ཞེས་འཆད་དོ། །སྤ་ཚབ་བརྒྱུད་པ་དང་བཅས་པའི་སྐབསསོ། ། ༦.༣ མངོན་པའི་བརྒྱུད་པའི་སྐབས། གངས་ཅན་གྱི་ཁྲོད་དུ་མངོན་པ་ཀུན་ལས་བཏུས་ཀྱི་བཤད་པ་རྒྱུན་ཆགས་སུ་བྱུང་བའི་བརྒྱུད་པ་ནི་སངས་རྒྱས་བྱམས་པ། ཐོགས་མེད། དབྱིག་གཉེན། བློ་བརྟན། གང་སྤེལ། ཁ་ཆེ་ཛི་ན་མི་ཏྲ། ཀ་ཅོག་ ཞང་གསུམ། དེས་ལྷ་ལུང་དཔལ་གྱི་རྡོ་རྗེ། ནམ་ནང་ཟླ་བའི་རྡོ་རྗེ། དབས་རྒྱལ་བ་ཡེ་ཤེས་གསུམ་ལ་བཤད། དང་པོ་གཉིས་ཀྱིས་བསྒོམས་པས་གྲུབ་པ་ཐོབ། དབས་དབུས་སུ་འཁྲུག་པ་བྱུང་ནས་ཁམས་སུ་གཤེགས། དེ་ལ་གྲུམ་རྒྱལ་བའི་ཡེ་ཤེས། དེ་ནས་གྲུ་མཆོག་གི་ཡེ་ཤེས། སེ་བཙུན། གར་མི་ཡོན་ཏན་གཡུང་དྲུང༌། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང༌། རྭ་ཁྲི་བཟང་འབར། རྒྱ་ཚུལ་ལེ། ལི་བདུད་རྩི་གྲགས་རྣམས་བྱུང་བ་ལས། རྭ་ཁྲི་བཟངས་ལ་བྲང་ཏི་དར་མ་སྙིང་པོས་གསན། བྲང་ཏི་ནི་སློབ་མ་ཤིན་ཏུ་མང་སྟེ། རྔོག་ལོ་ཙཱ་བ་ཆེན་པོ་པཎྚི་ཏ་འབུམ་ཕྲག་གསུམ་པ་མཇལ་བའི་ཕྱིར་འཁོར་དགེ་སློང་སུམ་བརྒྱ་དང་བཅས་ཏེ་བྱོན་པའི་ཚེ། ལོ་ཙཱ་བའི་དགེ་སློང་རེ་རེ་ལ་བྲང་ཏིས་ཁོང་རང་གི་སློབ་མ་དགེ་སློང་བཅུ་གསུམ་བཅུ་གསུམ་བསྙེན་བཀུར་བྱེད་དུ་བཅུག་ཅེས་གྲགས། བྲང་ཏི་ལ་ཀོ་བོ་ཡེ་ཤེས་འབྱུང་གནས། དེ་ལ་རོག་ཆོས་ཀྱི་བརྩོན་འགྲུས། འདི་ལ་བརྟེན་ནས་ཡར་ཀླུངས་སྟོད་སྨད་དུ་ཡང་མངོན་པ་ཀུན་ལས་བཏུས་ཀྱི་འཆད་ཉན་མང་དུ་བྱུང་སྟེ། འདིའི་སློབ་མ་ཡར་རྒྱལ་བའི་ཤེས་རབ་ཀྱིས་ཀྱང་ཀུན་ལས་བཏུས་ཀྱི་ཊཱི་ཀ་ཆེ་མོ་མཛད། རོག་ལ་ཏེ་ལུང་སེ་འབར། བྱ་སྡེར་བ། བྱེ་སྐྱིད་པ་སྤྱིན་པ་སེང་གེ སྐྱི་སྟོན་གྲགས་འབུམ། བཅོམ་ལྡན་རལ་གྲི་སྟེ། བྱེ་སྐྱིད་པ་ལ་ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱིས་ཀྱང་གསན། ཡང་བྲང་ཏི་ནས་འཆིམས་བརྩོན་སེང༌། རྒྱང་རོ་དར་མ་མགོན། མཆིམས་བརྩོན་རྒྱལ། ཤོང་བློ་བརྟན། ལོ་ཙཱ་བ་མཆོག་ལྡན། དཔང་ལོ་ཙཱ་བ། བྱང་རྩེ། ཉ་དབོན་པོ་ཀུན་དགའ་དཔལ། ཆོས་དཔལ་མགོན་པོ། བདག་ཉིད་ཆེན་པོ་བློ་གྲོས་རྒྱ་མཚོའི་བར་རོ། །ཡང་། ཀོ་བོ་ཡེ་ཤེས་འབྱུང་གནས། འབན། ཐོ་གར་བ་གཅམ་ལྡེ། འཇད་པ་བྱང་སྐྱབས། འཇད་པ་གཞོན་བྱང༌། འབྲིང་མཚམས་ཞང༌། བོ་དོང་རིན་རྩེ། ཁྲོ་ཕུ་རིན་པོ་ཆེ་བསོད་ནམས་སེང་གེ། ཚད་མའི་སྐྱེས་བུ། བུ་སྟོན་རིན་པོ་ཆེ། མཁན་ཆེན་དྷརྨ་ཤྲཱི། དེས་དབུས་སུ་སྡེ་སྣོད་འཛིན་པ་མང་པོ་ལ་གསུངསསོ། །བུ་སྟོན་རིན་པོ་ཆེ་ཡན་དུ་བརྒྱུད་པའི་བླ་མ་དེ་རྣམས་ཀྱིས་ཊཱི་ཀ་ཤིན་ཏུ་རྒྱས་པ་མཛད་པ་མང་པོ་སྣང་ལ། འབུམ་ཕྲག་གསུམ་པའི་གདན་ས་བོ་དོང་ན་བཞུགས་པའི་སྡེ་སྣོད་འཛིན་པ་ཕལ་ཆེར་ཆོས་འདི་ལ་མཁས་པར་མཛད་ལ། བོ་དོང་ཨེའི་བླ་མ་བརྒྱུད་རིམ་གྱི་ཡི་གེ་མ་རྙེད་ནའང༌། གྲྭ་ས་འདིར་ལུང་རིགས་མངོན་པ་དང་འདུལ་བ་སྒྲ་སྙན་དངགས་ལ་སོགས་པའི་ཡོན་ཏན་རྒྱ་ཆེན་པོ་དང་ལྡན་པ་མང་དུ་བྱུང་སྟེ། ཆོས་གྲྭ་འདི་ནི་ངོ་མཚར་བའི་གནསསོ། །མངོན་པ་མཛོད་འདི་བསྟན་པ་སྔ་དར་གྱི་དུས་སུ་འགྲེལ་བཤད་མང་པོ་དང་བཅས་པ་འགྱུར་ལ། བཤད་པ་ནི་པཎྚི་ཏ་སྨྲྀ་ཏི་ལས་བྱུང་བར་གྲགས་ཤིང༌། དབུས་གཙང་དུ་དར་རྒྱས་ཆེ་བར་གྱུར་ཀྱང་བརྒྱུད་རིམ་གྱི་ཡི་གེ་མ་རྙེད་དོ། །མངོན་པའི་བརྒྱུད་པའི་སྐབསསོ། ། ༦.༤ ཚད་མ་རྣམ་འགྲེལ་གྱི་བརྒྱུད་པའི་སྐབས། ཐུབ་པ། དགྲ་བཅོམ་ཆོས་སྐྱོབ། པཎ་ཆེན་མེ་ལྦཾ་ག །དབྱིག་གཉེན། ཕྱོགས་གླང༌། དབང་ཕྱུག་སྡེ། ཆོས་གྲགས། ལྷ་དབང་བློ། ཤཀྱ་བློ། དུལ་བ་ལྷ། ཆོས་གྲགས། ཤེར་འབྱུང༌། ཉི་མ་སྦས་པ། ཇ་མ་རི། ཛྙ་ན་ཤྲཱི་མི་ཏྲ། ཆོས་ཀྱི་མཆོག །ཨཱནནྡ། ཝཾ་ཀུ་པཎྚི་ཏ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། ས་པཎ། འུ་ཡུག་པ། ཞང་བཙུན་མདོ་སྡེ་དཔལ། འཇམ་དབྱངས་སྐྱ་བོ། དཔལ་ལྡན་པ། འཇམ་དབྱངས་སྟོན་གཞོན། ནོར་བཟངས་དཔལ། གྲགས་རིན་པ། འཇམ་སྟོན་པ། ཆོས་སེང་པ། རྡོ་ཐོག་པ་ཆོས་ཀྱི་བཟང་པོ། མཁན་ཆེན་རིན་པོ་ཆེ་རྒྱལ་མཚན་བཟང་པོ། ཡང༌། ཆོས་སེང་བ་ལ་རྒྱལ་ལྷ་ཁང་བ་བསམ་གྲུབ་ཡེ་ཤེས། དེ་ལ་སློབ་དཔོན་བསམ་གྲུབ་བཟང་པོ་བ་རྣམས་ཏེ། འདི་རྣམ་འགྲེལ་བ་གཞན་རྣམས་ལ་མི་སྣང་བས། མཁན་ཆེན་རིན་པོ་ཆེ་རྒྱལ་མཚན་བཟང་པོས་འབད་པ་ཆེན་པོས་བཙལ་བས་རྙེད་པ་ཡིན་གསུང་སྟེ། ཚད་མ་རྣམ་འགྲེལ་གྱི་བརྒྱུད་པའོ། ། ༦.༥ བྱམས་ཆོས་བཙན་ལུགས་ཀྱི་སྐབས། བཅོམ་ལྡན་འདས་བྱམས་པའི་ཆོས་ལྔ་པོ་འདི་ལ། ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ་དང་བཙན་ཁ་བོ་ཆེ་གཉིས་གསན་སའི་བླ་མ་སཛྫ་ནར་གཅིག་ཀྱང༌། གཞུང་གི་བཤད་པའི་ཚུལ་ནི་མི་འདྲ་བར་སྣང་སྟེ། དེ་ཡང་བཙན་ལུགས་ཀྱི་ལོ་རྒྱུས་ལ། ཐེག་པ་ཆེན་པོ་རྒྱུད་བླ་མ་དང་ཆོས་ཆོས་ཉིད་རྣམ་པར་འབྱེད་པ་གཉིས་པཎྚི་ཏ་གཞན་ལ་ཡང་མ་གྲགས། རྗེ་མེ་ཏྲི་བས་མཆོད་རྟེན་ཞིག་གི་སེར་ཁ་ནས་འོད་འབྱུང་གི་འདུག་པ་གཟིགས་པས་ཆོས་གཉིས་པོའི་དཔེ་བྱུང༌། དེ་ནས་རྗེ་བཙུན་མ་ཕམ་པ་ལ་གསོལ་བ་བཏབ་པས་སྤྲིན་གྱི་མཐོངས་སུ་བྱོན་ཏེ། དེ་གཉིས་ལེགས་པར་གནང༌། མེེ་ཏྲི་བས་པཎྚི་ཏ་དགའ་བའི་གྲགས་པ་ཞེས་བྱ་བ་ལ་བཤད། དགའ་བའི་གྲགས་པས་སྤྲང་པོའི་ཆ་བྱད་ཀྱིས་ཁ་ཆེར་བྱོན། ས་ཛྫ་ནས་དགའ་བའི་གྲགས་པ་ངོ་མཚར་ཅན་དུ་གཟིགས་ཏེ་བསྙེན་བཀུར་ནས་གཞུང་གཉིས་པོའི་བཤད་པ་ཞུས་ཤིང༌། དཔེ་ཡང་ཁ་ཡར་བྲིས་ནས་མཁས་པ་ཛྙཱ་ན་ཤྲཱི་ལ་སོགས་པ་ལ་ཕུལ། དེ་ཡང་བཙན་ཁ་བོ་ཆེ་དེ་གྲྭ་པ་མངོན་ཤེས་ཀྱི་མཁན་བུ་ཡིན་པས། ཁ་ཆེར་འབྱོན་ཁར་མཁན་པོ་ལ་གཏོར་མ་ཞུས་པས། མཁན་པོའི་ཞལ་ནས་ཁྱོད་ཁ་ཆེ་ནས་མ་འཁོར་བར་ལ་སོ་ན་བ་ཙམ་ཡང་མི་ཡོང་བར་ངས་ཁག་ཁུར་ཅིག་གསུང་ནས། ལྕགས་མོ་བྱ་ལོ་པ་ལོ་ལྔ་བཅུ་རྩ་དྲུག་བཞེས་པ་ཞིག་ཁ་ཆེར་ཕྱིན་པ་ཡིན་པས། སཛྫ་ན་ལ། ད་ང་རྒས་པས་ཆོས་མང་པོ་མི་ལོབས། བཅོམ་ལྡན་འདས་བྱམས་པའི་ཆོས་ལ་འཆི་ཆོས་བྱེད་པས་དེའི་བཤད་པ་ཡང་དག་པ་ཞིག་གནང་བར་ཞུ་ཞེས་ཞུས། སཛྫ་ནས་ལོ་ཙཱ་བ་གཟུ་དགའ་བའི་རྡོ་རྗེ་ལ་བཅོལ་ནས། བཙན་ཁ་བོ་ཆེ་ལ་གདམས་པ་དང་བཅས་པ་གནང་ཟེར། དེ་དུས་སུ་གཟུས་ཟིན་བྲིས་བྱས་པའི་རྒྱུད་བླ་མ་ལ་ཡིག་ཆ་ཡང་ཡོད་པར་འདུག །པདྨ་སེང་གེ་ཞེས་བྱ་བའི་ལོ་ཙཱ་བ་ཞིག་ལ་ཡང་བཙན་དང་བཤད་པ་མཐུན་པར་བྱུང་འདུག་སྟེ། དེས་ཀྱང་སཛྫ་ན་ལ་གཏུགས་པའི་སྐབས་ཀྱི་ཟིན་བྲིས་བྱས་པའི་མདོ་སྡེ་རྒྱན་གྱི་ཊཱི་ཀ་ཆེན་པོ་ཞིག་ཀྱང་སྣང་ངོ༌། །བཙན་གྱིས་རྔོག་ལོ་ཙཱ་བའི་སྔ་རོལ་དུ་བོད་དུ་ཕེབས། གནས་ཐ་དད་པ་རྣམས་སུ་ཇི་ལྟར་རིགས་པར་དགེ་བའི་བཤེས་གཉེན་དོན་དུ་གཉེར་བ་རྣམས་ལ་བྱམས་ཆོས་ཀྱི་བཤད་པ་མཛད། ཕན་ཡང་ཆེ་བར་བྱུང༌། དེའི་གནས་གཞི་ནི་ཡར་སྟོད་ཀྱི་བྲག་རྒྱ་ཡིན། དེས་དགེ་བའི་བཤེས་གཉེན་ལྕང་ར་བ་ཞེས་བྱ་བ་ལ་གསུངས། དེས་འཕྱོས་ཀྱི་མདོ་སྡེ་སྦུག་པ་དར་མ་བརྩོན་འགྲུས་ལ་བཤད། དར་མ་བརྩོན་འགྲུས་ཀྱིས་མདོ་སྡེའི་རྒྱན་ལ་ཊཱི་ཀ་ཆེ་བ་ཞིག་མཛད་དེ། དེའི་གླེགས་བམ་ནི་མང་དུ་སྣང༌། རྒྱུད་བླ་མ་ལ་བཙན་ལུགས་ཀྱི་ཊཱི་ཀ་ཡིན་ཟེར་བའི་མཛད་པ་པོ་མ་སྨོས་པ། བཤད་པ་རྣམས་མན་ངག་ཉམས་ལེན་ཁོ་ན་དང་སྦྱར་བ་ཞིག་ཀྱང་སྣང༌། བཙན་ལུགས་ཀྱི་མན་ངག་ཡེ་ཤེས་ཀྱི་བཞགས་ལ་སོགས་ཡིག་ཆུང་ཡང་འགའ་ཡར་འདུག །དིང་སང་ལུགས་དེ་དགེ་བའི་བཤེས་གཉེན་འདི་ལ་བཟུགས་སོ་བྱ་བ་ནི་མ་ཐོས། དེ་ཡང་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ནས་རིམ་པར་བརྒྱུད་པའི་མཁས་པ་མང་པོས་ཊཱི་ཀ་ཡང་མཛད། དེ་ལ་ལོ་ཙཱ་བ་ཆེན་པོ་དང་སློབ་དཔོན་གཙང་ནག་པ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་དོན་དམ་པའི་བདེན་པ་ལ་ཟེར་མོད་ཀྱི། དོན་དམ་པའི་བདེན་པ་ནི་སྒྲ་དང་རྟོགས་པའི་དངོས་ཀྱི་ཡུལ་མ་ཡིན་པ་ལྟ་ཞོག །ཞེན་པའི་ཡུལ་ཙམ་ཡང་མ་ཡིན་ཞེས་གསུང༌། སློབ་དཔོན་ཕྱྭ་པ་ནི་དངོས་པོ་རྣམས་བདེན་པས་སྟོང་བའི་མེད་པར་དགག་པ་ནི་དོན་དམ་པའི་བདེན་པ་ཡིན་ཞིང༌། དེ་སྒྲ་རྟོག་གི་ཞེན་པའི་ཡུལ་དུ་ཡང་བཞེད། བཙན་ལུགས་པ་རྣམས་ནི་སེམས་ཀྱི་རང་བཞིན་འོད་གསལ་བ་བདེ་བར་གཤེགས་པའི་སྙིང་པོ་ཡིན་པས། དེ་སངས་རྒྱས་ཀྱི་རྒྱུ་ཡང་གྲུང་པོར་བཞེད། རྗེ་བཙུན་རེད་མདའ་བས་དང་པོར་རྒྱུད་བླ་མ་སེམས་ཙམ་གྱི་བསྟན་བཅོས་སུ་མཛད་ནས་སེམས་ཙམ་དང་མཐུན་པའི་ཊཱི་ཀ་ཡང་མཛད། ཕྱིས་དབེན་པ་བརྟེན་ནས་ནི། དེ་ཕྱིར་རང་སེམས་རིག་སྟོང་དབྱེར་མེད་འདི། སེམས་ཅན་ཀུན་ལ་ཁྱབ་པར་ཡོད་གཟིགས་ནས། ས་འོག་གཏེར་དང་སྦྲུམ་མའི་མངལ་སོགས་དཔེས། །འགྲོ་ཀུན་བདེ་གཤེགས་སྙིང་པོ་ཅན་དུ་གསུངས། །ཞེས་བྱ་བའི་མགུར་བླངས། སྤྱིར་བྱམས་པའི་ཆོས་ཀྱི་མ་གཉིས་པོ་འདི་རྗེ་བཙུན་མཻ་ཏྲི་བས་གསར་དུ་རྙེད་པ་ནི་བདེན་པ་འདྲ་སྟེ། བརྒྱད་སྟོང་འགྲེལ་ཆེན་སོགས་སུ་དབུས་དང་མཐའ་རྣམ་པར་འབྱེད་པ་དང༌། མདོ་སྡེའི་རྒྱན་ནས་ལུང་དྲངས་ཤིང༌། བསྟན་བཅོས་ཕྱི་མ་གཉིས་པོའི་ལུང་ཅུང་ཟད་ཀྱང་མ་དྲངས་པར་སྣང་བའི་ཕྱིར་རོ། །ཁ་ཆེ་པཎ་ཆེན་གྱིས་ཀྱང་སྲིན་པོ་རིར་བྱམས་ཆོས་ལྔའི་མན་ངག་གནང་ཟེར་བ་ནི་འདུག །དིང་སང་ནི་དེའི་སྒྲ་མི་གྲག་གོ །ཀུན་མཁྱེན་ཇོ་མོ་ནང་པས་དེ་བཞིན་གཤེགས་པའི་སྙིང་པོ་བདེན་རྟག་ཏུ་ཁས་བླངས་པ་ནོར་རོ་ཞེས་ཁ་ཟེར་བ་དག་ཡོད་ཀྱང༌། རྒྱུད་བླ་མ་ཡི་དམ་དུ་བྱེད་པ་དབུས་གཙང་ན་མང་དུ་འདུག་པ་རྣམས་ནི་ཁོང་གི་དྲིན་ལས་ཡིན་པར་སྣང་ངོ༌། །རྒྱུད་བླ་མ་འགྲེལ་པ་དང་བཅས་པ་ཇོ་བོ་དང་ནག་ཚོས་ཐོག་མར་བསྒྱུར། དེ་ནས་རྔོག་ལོ། སྤ་ཚབ་ལོ་ཙཱ་བ། ཡར་ཀླུངས་ལོ་ཙཱ་བ་རྣམས་ཀྱིས་བསྐྱུར། ཇོ་ནང་ལོ་ཙཱ་བས་གཞུང་རྐྱང་ལ་འགྱུར་མཛད། མར་པ་དོ་པས་བྱམས་ཆོས་ལྔ་ཀ་ལ་འགྱུར་མཛད་ཡོད་ཅེས་ཀྱང་ཟེར་རོ། །བྱམས་ཆོས་བཙན་ལུགས་ཀྱི་སྐབས་སོ། ། ༧.༡ ཡོ་གའི་ལོ་རྒྱུས་ཀྱི་སྐབས། ད་ནི་རྒྱུད་སྡེའི་བཤད་པ་ཇི་ལྟར་བྱུང་བའི་ཚུལ་བརྗོད་པར་བྱ་སྟེ། དེ་ལ་བྱ་བ་དང་སྤྱོད་པའི་རྒྱུད་རྣམས་ལ་བསྟན་པ་སྔ་དར་གྱི་དུས་སུ་སློབ་དཔོན་སངས་རྒྱས་གསང་བའི་བཤད་པ་གཙོ་ཆེ་ཞིང༌། པཎྚི་ཏ་གཞན་གྱི་ཡང་བཤད་པ་ལ་བརྟེན་ནས་དཔུང་བཟངས་དང་གསང་བ་སྤྱིའི་རྒྱུད་དང༌། བསམ་གཏན་ཕྱི་མ་ལ་སོགས་པ་དང༌། སྤྱོད་པའི་རྒྱུད་ཀྱི་ཡང་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལ་སློབ་དཔོན་སངས་རྒྱས་གསང་བའི་བསྡུས་དོན་གྱི་འགྲེལ་པ་དང༌། སློབ་དཔོན་སངས་རྒྱས་གསང་བའི་གསུང་ལོ་ཙཱ་བས་ལེགས་པར་བཟུང་སྟེ་ཡི་གེར་བྱས་པ་དང༌། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལ་འགྲེལ་པ་ཞིག་ཀྱང་འགྱུར་ཞིང༌། དེ་ལ་སོགས་པ་ལ་བཤད་པ་དང་ཉན་པའི་རྒྱུན་ཡང་ཡོད་པར་སྣང་མོད། བསྟན་པ་ཕྱི་དར་ནས་ནི་བཤད་པའི་རྒྱུན་ཆེར་བྱུང་བ་མི་འདྲའོ། ། བསྟན་པ་ཕྱི་དར་ལ་རྣལ་འབྱོར་ཕྱི་ནང་གཉིས་ཀའི་བཤད་པ་རྒྱུན་དང་བཅས་ཏེ་མང་དུ་བྱུང་ངོ༌། །དེ་ཡང་སྐྱེས་བུའི་མཆོག་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་ཞེས་གྲགས་པ་དེས། སྤྱིར་ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་གཞུང་ཐམས་ཅད་མཁྱེན་ཅིང་བཤད་པ་ཡང་མཛད་མོད། བྱེ་བྲག་ཏུ་རྣལ་འབྱོར་གྱི་རྒྱུད་ཀྱི་བཤད་པ་ཇི་ལྟར་མཛད་པ་ནི། ལོ་ཙཱ་བ་ཆེན་པོ་དེས་ཁ་ཆེར་ལན་གསུམ་བྱོན། དེར་བླ་མ་མང་པོ་བསྟེན། བོད་དུ་ཡང་པཎྚི་ཏ་མང་པོ་སྤྱན་དྲངས། བཤད་པའི་སྲོལ་ལེགས་པར་བཙུགས་ཏེ། དེ་ཉིད་བསྡུས་པའི་རྒྱུད་ལ་འགྲེལ་པ་སློབ་དཔོན་ཀུན་སྙིང་གིས་མཛད་པའི་དེ་ཉིད་སྣང་བ་དང༌། དཔལ་མཆོག་གི་རྒྱུད་ཀྱི་འགྲེལ་པ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་ཡང་ཧོལ་ཁོངས་འགའ་རེ་ལུས་པ་ཞིག་དང༌། ཀུན་དགའ་སྙིང་པོས་མཛད་པའི་རྡོ་རྗེ་འབྱུང་བའི་ཆོ་ག་ལག་ལེན་དང་བཅས་པ་རྣམས་དང༌། སྒྱུ་འཕྲུལ་དྲ་བའི་རྒྱུད་སློབ་དཔོན་ཀུན་དགའ་སྙིང་པོའི་བཤད་པ་དང་བཅས་པ་དང༌། ཐམས་ཅད་གསང་བའི་རྒྱུད་སློབ་དཔོན་ཤཱནྟི་བའི་འགྲེལ་པ་དང་བཅས་པ་དང༌། དེ་དག་གི་ཕན་མང་པོ་ཡང་བསྒྱུར་ཞིང་ཕྱག་ལེན་དུ་མཛད་དེ་ལེགས་པར་བསྐྱངས་པ་ལས། མངའ་རིས་དང་དབུས་གཙང་བའི་སློབ་མ་ཡང་མང་དུ་བྱུང་བ་ལས། ལོ་ཆུང་ལེགས་པའི་ཤེས་རབ། མང་ནང་གི་གུར་ཤིང་བརྩོན་འགྲུས་རྒྱལ་མཚན། གྲྭ་པ་གཞོན་ནུ་ཤེས་རབ། སྐྱི་ནོར་ཛཱ་ན་དང་བཞི་ལ་ཐུགས་ཀྱི་སྲས་བཞིར་གྲགས།གཞན་ཡང་སྤུ་ཧྲངས་པ་ཨན་སྟོན་གྲགས་རིན། རྒྱ་ཡེ་ཚུལ། གུང་བ་དགེ་བཤེས། མང་ཡུལ་བ་དཀོན་མཆོག་བརྩེགས་རྣམས་ཏེ། བཞི་པོ་ནི་ལོ་ཆེན་ལོ་ཆུང་གཉིས་གའི་སློབ་མ་ཡིན། གཞན་ཡང་མྱང་སྟོད་རྒྱང་རོ་སྤྲེའུ་དམར་གྱི་རྐྱང་པ་ཆོས་བློས་ལོ་ཆེན་གྱི་ཞབས་ལ་གཏུགས། ལོ་ཆེན་ཁ་ཆེ་ནས་བྱོན་མ་ཐོག་ཅིག་ལ་རྡོ་རྗེ་འབྱུང་བའི་དབང་ཤྲིདྡྷཱ་ནས་བརྒྱུད་པ་དང༌། ཀོ་ས་ལའི་རྒྱན་གསན། དཔལ་མཆོག་ཀྱང་ཧོལ་ཁོངས་ཅུང་ཟད་ཡོད་པའི་འགྲེལ་པ་དབང་དང་བཅས་པ། ཤབ་རྩེ་རྒྱ་གར་དང་སྟབས་ཤེད་དུ་གསན། གསང་འདུས་ཡེ་ཤེས་ཞབས་ལུགས་ཀྱང་ལེགས་པར་གསན། ལག་ལེན་ནི་དོལ་པོ་སྒོམ་ཆེན་ལ་བསླབས།བཤད་པ་རྣམས་གཙོ་བོར་ལོ་ཆུང་ལ་ཞུས། ལོ་ཆེན་གྱིས་ཁ་ཆེར་ལན་གཉིས་པ་འཁོར་རྗེས་ཧོལ་ཁོངས་བསབས་པ་དང་བཅས་པ་དང༌། སྔར་གྱི་ཆོས་འཕྲོ་ལུས་པ་ཡང་གསན། དེ་རྗེས་ཤངས་ཀྱི་སུམ་སྟོན་ཡེ་འབར་གྱིས་ལོ་བདུན་དུ་ལོ་ཆེན་བསྟེན། དེ་ཉིད་སྣང་བའི་སྟོད་འགྲེལ་དང༌། དཔལ་མཆོག་སྟོད་འགྲེལ་དང༌། དཔལ་མཆོག་ཧོལ་ཁོངས་ཅན་དང༌། རྡོ་རྗེ་འབྱུང་བ་དང༌། འགྲེལ་པ་གཉིས་ཀྱི་ལུགས་ཀྱི་དབང་བཀའ་དང༌། དཔལ་མཆོག་རྡོར་སེམས་དང༌། རིགས་བསྡུས་ཀྱི་དབང་བཀའ་རྣམས་ཞུས། ལོ་ཆེན་ལ་བཀའ་ཐོབ་ཙམ་མཛད་ནས་སྦྱངས་པ་ཕལ་ཆེ་བ་ལོ་ཆུང་ལ་མཛད།དེ་ནས་མྱང་སྟོད་ཀྱི་ལྕེ་ཞར་གྱིས་ལོ་ཆེན་ལ་ཐུག་ཅིང༌། གཙོ་བོར་ལོ་ཆུང་ལོ་བདུན་དུ་བསྟེན་ནས་སྤྱིར་ཡོ་ག་ཐམས་ཅད་དང་ཁྱད་པར་དཔལ་མཆོག་ལ་མཁས་པར་བྱས་ནས་བྱོན།དེ་ནས་སྦང་ཁ་དར་ཆུང་གི་ཕ་གཞོན་ནུ་རྒྱམཚོ། ལས་སྟོད་ཀྱི་བྲག་སྟེངས་པ། ཀུན་འཆིང་རུའི་དམར་སྟོན་ཆོས་ཀྱི་རྒྱལ་མཚན། ལྡོག་པ་ཀླེ་སྟོན། བལ་ཤཱཀྱ་རྡོ་རྗེ། ཐང་སྟོན་ཀོང་ཁ་བ། ལྡོག་གོང་ཁ་བ་རྣམས་ཀྱིས་ལོ་ཆེན་ལ་ཐུག་པ་ཙམ་བྱས་ནས། སློབ་གཉེར་གཙོ་ཆེར་ལོ་ཆུང་གི་དྲུང་དུ་སྦྱངས། རྔོག་གེ་སེར་དང༌། ཤངས་ཀྱི་སྲད་ཡེ་གཞོན་གྱིས་ལོ་ཆེན་ལ་བསྙེགས་པས་མ་ཟིན་པར་ལོ་ཆུང་ལ་བརྟེན་ཏེ་རྔོག་གེ་སེར་བས་མཚན་བརྗོད་འགྲེལ་ཆེན་ལ་མཁས་པར་བྱསསོ། །ལོ་ཆེན་གཤེགས་རྗེས་ཕོ་བྲང་ཞི་བ་འོད་ལོ་ཙཱ་ལ་མཁས་པར་འགྱུར་མང་པོ་མཛད་ཅིང༌། ལོ་པཎ་མང་པོ་སྤྱན་དྲངས་ནས་དཔལ་མཆོག་གི་ཧོལ་ཁོངས་རྣམས་ཀྱང་ལེགས་པར་བསབས། ཟངས་དཀར་འཕགས་པ་ཤེས་རབ་ཀྱི་ལོ་ཆེན་ལ་མ་ཟིན་པར་ལོ་ཆུང་དང༌། དེའི་ཟུར་ཆོས་པ་ཨན་སྟོན་གྲགས་རིན་ལ་བརྟེན་ནས། དེ་ཉིད་བསྡུས་པ་དང་དཔལ་མཆོག་གི་བཤད་བཀའ་དབང་བཀའ་དང༌། སྤྱོད་རྒྱུད་མ་བུའི་བཤད་བཀའ་དབང་བཀའ་རྣམས་ལེགས་པར་གསན།དེ་ནས་པཎྚི་ཏ་གཞོན་ནུ་བུམ་པ་སྤྱན་དྲངས་ནས་དབུས་སུ་བྱོན་པའི་ཚེ། དེ་གོང་དུ་པཎྚི་ཏ་ཀརྨ་བཛྲ་དང་ཟངས་དཀར་གཞོན་ནུ་ཚུལ་ཁྲིམས་ཀྱིས་འདམ་དུ་རྩེ་མོའི་འགྱུར་མཛད་པའི་དཔེ་དང༌། གཞོན་ནུ་བུམ་པས་རྒྱ་དཔེའི་སྟེང་ནས་བཤད། ཟངས་དཀར་གྱིས་ལོ་ཙཱ་བྱས་ནས་སྨོན་གྲོའི་མར་པ་རྡོར་ཡེས། ཁམས་པ་རྒྭ་སྟོན། ཡམ་ཤུད་ཀླུ་ཆུང་གསུམ་ལ་བཤད། དེ་ནས་ལྷ་སར་བྱོན་པའི་ཚེ་གཉལ་པ་ཉི་མ་ཤེས་རབ་ཅེས་བྱ་བ་རྟེན་དགེ་བསྙེན་ཞིག་གིས་ལོ་པཎ་གཉིས་ལ་རྩེ་མོ་ཚར་གསུམ་གསན། མཆན་དང་ཡིག་སྣ་མང་དུ་བྲིས། ཟངས་དཀར་དང་ཉི་མ་ཤེས་རབ་ཀྱིས་ཕྱིས་བལ་པོར་སྐོར་ཅིག་བྱོན། དེ་ནས་ལོ་ཙཱ་བ་དང་དཔོན་སློབ་གཉིས་པོས་མངའ་རིས་སུ་བྱོན། ལོ་ཙཱ་བ་ཁ་ཆེར་བཞུད། གཉལ་གྱིས་རྩེ་མོ་ཚར་གཅིག་བཤད། ཕྱིས་ཁ་ཆེ་ཛྙཱ་ན་ཤྲཱི་བོད་དུ་བྱོན་ནས་ཆོས་འཁོར་ཏ་བོར་བཞུགས་པ་ལ། ལོ་གསུམ་ན་པཎྚི་ཏ་བོད་སྐད་བྱང་བར་གྱུར་པས། དེ་ལ་ལོ་བདུན་གྱི་བར་དུ་ལེགས་པར་མཉན། མང་ནང་པ་ལ་ཀུན་སྙིང་གི་ལུགས་རྣམས་ཀྱང་ཞུས། སྐྱི་ནོར་ཛྙཱ་ན་ལ་ཇོ་བོའི་ལུགས་ཀྱི་སྦྱོང་རྒྱུད་ལེགས་པར་ཞུས། ཕྱིས་ཟངས་དཀར་གྱིས་རྩེ་མོ་ལ་ལ་ཊཱི་ཀ་ཡང་མཛད། པཎྚི་ཏ་ཐུགས་རྗེ་ཆེན་པོ་དང་ཟངས་དཀར་གྱིས་སྨད་འགྲེལ་དུམ་བུ་གསུམ་ཡང་མྱང་རོར་རྫོགས་པར་བསྒྱུར། གཉལ་པ་ཉི་མ་ཤེས་རབ། མར་པ་རྡོར་ཡེས། གཉན་སྟོན་ཚུལ་འབར། སྤྱང་ཚང་པ་སེང་གེ་རྒྱལ་མཚན་བཞི་ལ་ཟངས་དཀར་གྱི་བུ་བཞི་ཟེར་ཏེ། སྤྱིར་ཟངས་དཀར་གྱིས་རྣལ་འབྱོར་ཕྱི་ནང་གི་བཤད་པ་མང་པོ་དང༌། བྱེ་བྲག་ཏུ་རྣལ་འབྱོར་གྱི་རྒྱུད་ལ་ཤིན་ཏུ་བཀའ་དྲིན་ཆེའོ། །སུམ་སྟོན་ཡེ་འབར་ལ་གཉན་སྟོན་ཚུལ་འབར་དང༌། མྱང་སྟོད་གཙང་པོའི་རྒྱ་མོང་ཆོས་གྲགས་དང༌། སྟག་ཚལ་གདོང་སྟོན་པ་སྦུ་སྟོན་འབར་ཐོག་དང༌། ཁམས་པ་ཤེས་རབ་རྡོ་རྗེ་ལ་སོགས་པ་བྱུང་ངོ༌། །དགེ་བཤེས་གཉལ་པའི་སློབ་མ་སྣུར་ཉི་མ་འོད་ཟེར། དེ་ལ་གླན་ཆོས་འབྱུང༌། རྩ་སྐྱ་དཀོན་མཆོག་གྲགས། དམར་ཆོས་རྒྱལ། སྒངས་སྟོན་ཤེར་འབུམ་སྟེ་བཞི་བྱུང༌། ཁོང་གི་སྲས་རྡོ་རྗེ་སེང་གེས་ཡོ་གའི་ཡིག་སྣ་མང་དུ་མཛད། ཆོས་རྗེ་རྒྱལ་སྲས་རིན་པོ་ཆེས་ཁམས་གསུམ་རྣམ་རྒྱལ་གྱི་དབང་གསན་པའི་སྣུར་ཆོས་འཕགས་ཞེས་བྱ་བ་དེ་ཡང་འདི་པའི་བརྒྱུད་པའོ། །སྣུར་ཡེ་ཤེས་རྒྱལ་མཚན་གྱི་སྲས་ཆོས་རྒྱལ་ལ་ཀུན་མཁྱེན་འཕགས་འོད་ཀྱིས་མང་དུ་གསན། འཕགས་འོད་ཀྱིས་བུ་རིན་པོ་ཆེ་ལ་དབང་དང་བཤད་པ་ཐམས་ཅད་ཀྱི་བུམ་པ་བྱོའོ། །བུ་རིན་པོ་ཆེས་ནི་རྣལ་འབྱོར་རྒྱུད་ཀྱི་བསྡུས་པའི་དོན་དང༌། འབྱུང་བའི་བཤད་པ་ཆེན་མོ་དང༌། གཞན་རྣམས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་མང་དུ་མཛད། རྣལ་འབྱོར་རྒྱུད་ལ་བག་ཆགས་སད་ཅེས་ཀྱང་གསུང་ངོ༌། །དིང་སང་ནི་རྣལ་འབྱོར་རྒྱུད་ཀྱི་དབང་བཀའ་རྣམས་ཕལ་ཆེར་ཡོད་ཅིང༌། རྒྱུད་འགྲེལ་པ་དང་བཅས་པའི་བཤད་པ་མཛད་པ་ནི་མ་མཐོང་ངོ༌། །ཡང་རྔོག་ཆོས་ཀྱི་རྡོ་རྗེས། དང་པོར་སྐྱི་བྱེ་མ་ལུང་པ་དང༌། དེ་ནས་ཁམས་པ་ཤེས་རབ་རྡོ་རྗེ་ལ་གསན་ནས་རིམ་པར་བརྒྱུད་དེ། དཀྱིལ་ཆོག་གསང་ལྡན་ལག་ལེན་དང་བཅས་པ། མཚན་ཡང་དག་པར་བརྗོད་པའི་བཤད་པ་ནི་རྔོག་པ་རྣམས་ལ་དིང་སང་གི་བར་དུ་ཡོད་དོ། །ཡོ་གའི་ལོ་རྒྱུས་ཀྱི་སྐབས། །

༧.༢ འདུས་པ་འཕགས་ལུགས་ཀྱི་སྐབས། རྣལ་འབྱོར་ནང་གི་རྒྱུད་རྣམས་ལས་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་བཤད་པ་ཇི་ལྟར་བྱུང་བ་འཆད་དེ། དེ་ལ་དཔལ་གསང་བ་འདུས་པའི་རྒྱུད་ཅེས་བྱ་བ་ཡང་བརྗོད་པར་བྱ་བ་དོན་གྱི་རྒྱུད་དང༌། རྗོད་པར་བྱེད་པ་སྒྲའི་རྒྱུད་གཉིས་སུ་གནས་པ་ལས། དོན་ནི་གསང་བ་འདུས་པ་ཞེས་བྱ་བ་ནི། སྐུ་གསུང་ཐུགས་ནི་རྣམ་པ་གསུམ། །གསང་བ་ཞེས་ནི་བཤད་པ་ཡིན། །ཚོགས་པ་འདུས་པར་རབ་བརྗོད་དེ། །སངས་རྒྱས་ཐམས་ཅད་མངོན་བརྗོད་བྱེད། །ཅེས་གསུངས་པའི་ཕྱིར་ཉན་རང་དང་ཐེག་པ་ཆེན་པོ་བ་ཡང་ཤིན་ཏུ་སྐལ་པ་ཅན་མ་ཡིན་པ་དག་ལ་གསང་བར་བྱ་བ་ཉིད་ཀྱི་ཕྱིར། སངས་རྒྱས་རྣམས་ཀྱི་དོན་དམ་པའི་སྐུ་དང་གསུང་དང་ཐུགས་ལ་གསང་བ་ཞེས་བྱ་ལ། དེ་ཡང་ཞིང་ཕྱོགས་གཅིག་པ་དང་གདུལ་བར་བྱ་བ་ཕྱོགས་གཅིག་པའི་དབང་དུ་བྱས་པའི་སངས་རྒྱས་ཀྱི་མ་ཡིན་པར། སངས་རྒྱས་ཐམས་ཅད་ཚོགས་པའམ་འདུས་པའི་བདག་ཉིད་ཅན་ཟུང་དུ་འཇུག་པའི་སྐུ་ལ་རྡོ་རྗེ་འཆང་ཆེན་པོའི་སངས་རྒྱས་ཐམས་ཅད་ཅེས་བྱའོ། །དེ་ནི་མཐར་ཐུག་པའི་གནས་ཡིན་པའི་ཕྱིར། དེ་རྗོད་པར་བྱེད་པའི་རྒྱུད་ལ་ཡང་རྒྱུད་རྣམས་ཀུན་གྱི་སྤྱི་བོ་ཡིན་ནོ་ཞེས་བཤད་དོ། །རྡོ་རྗེ་འཆང་ཞེས་བྱ་བ་ཡང་སྒྲོན་མ་གསལ་བ་ལས། རིགས་ཐམས་ཅད་ཀྱི་བདག་ཉིད་ཅན། ཐོག་མ་དང་ཐ་མ་མེད་པ། དང་པོའི་སངས་རྒྱས། རིག་པ་ཆེན་པོའི་སྐྱེས་བུའི་གཟུགས། ཡེ་ཤེས་ཀྱི་སྐུ། རང་བཞིན་གྱིས་འོད་གསལ་བའི་བདག་ཉིད་ཅན། འཇིག་རྟེན་གསུམ་གྱི་བདག་ཉིད་ཅན། སྐུ་གསུམ་གྱི་བདག་ཉིད་ཅན། ཐེག་པ་གསུམ་གྱི་བདག་ཉིད་ཅན། དུས་གསུམ་གྱི་བདག་ཉིད་ཅན། རྡོ་རྗེ་གསུམ་གྱི་བདག་ཉིད་ཅན། བདེན་པ་གཉིས་ཀྱི་བདག་ཉིད་ཅན། ཞེས་གསུངས་པས་ན། འདུས་པ་བ་ཁ་ཅིག་རྡོ་རྗེ་འཆང་ཆེན་པོའི་སྐུ་མདོག་དང་ཕྱག་མཚན་ཅི་ཡིན་པ་ཚོལ་ཞིང༌། སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྨྲ་བ་ནི། ད་ལྟར་བཤད་པའི་སྒྲོན་མ་གསལ་བའི་དོན་ཐུགས་སུ་མ་ཆུད་པ་ལས་ཡིན་པར་སྣང་ལ། འོན་ཀྱང་གཟུགས་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་དང་འདྲ་བར། བཏགས་པའི་དབང་གིས་དེའི་སྐུ་མདོག་དང་ཕྱག་མཚན་ཅི་ཡིན་འཚོལ་ན་ནི། རིགས་དྲུག་པར་རྣམ་པར་བཞག་པའི་རྡོ་རྗེ་སེམས་དཔའི་སྐུ་མདོག་ལ་སོགས་པ་གང་ཡིན་པ་དེ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་སློབ་དཔོན་ཀླུ་སྒྲུབ་སློབ་མར་བཅས་པ་རྣམས་ཀྱིས་ཀྱང༌། འདུས་པ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་པོ་ཐམས་ཅད་ཀྱི་དོན་གྱི་གཙོ་བོ་ཡིན་པར་བཞེད་ལ། དིང་སང་ལ་ལ་དག་རྒྱུད་གཞན་དང་མ་འདྲེས་པའི་རང་དབང་ཅན་ཉི་ཚེ་བ་ཞིག་ཏུ་ཁས་ལེན་པ་ནི་ཐེག་པ་དམན་པ་ལ་མངོན་པར་དགའ་བའི་བག་ཆགས་ལས་བྱུང་བ་ཡིན་ནོ། །དེ་བཞིན་དུ་དྲི་མ་མེད་པའི་འོད་དུ་ཡང༌། དེ་བཞིན་དུ་གསོལ་བ་འདེབས་པ་པོ་ནི་དཔལ་འདུས་པར། དེ་ནས་ཕྱག་ན་རྡོ་རྗེ་དེ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བྱིན་གྱིས་བརླབས་པར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྒྱུད་ཐམས་ཅད་ཀྱི་བླ་ན་མེད་པ་སངས་རྒྱས་ཐམས་ཅད་ཀྱི་དཔལ་འདུས་པ་སངས་རྒྱས་ཐམས་ཅད་མངོན་པར་བརྗོད་པ་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། ཞེས་པ་དེ་ལྟ་བུ་ལ་སོགས་པས་ཕྱག་ན་རྡོ་རྗེས་གསོལ་བ་བཏབ་བོ། །ཞེས་གསུངས་པའི་ཕྱིར། དུས་ཀྱི་འཁོར་ལོ་འགྲེལ་པ་དང་བཅས་པ་ཡང་གསང་བ་འདུས་པ་འཆད་བྱེད་དུ་གྱུར་པ་ཡིན་པར་བཞེད་པ་ཡིན་ནོ། །དཔལ་ཀྱེའི་རྡོ་རྗེར་ཡང༌། སེམས་ནི་འདུས་པའི་གཟུགས་ཅན་ནོ། །ཞེས་ཀྱེའི་རྡོ་རྗེའི་རྒྱུད་འདུས་པ་ལ་མངོན་དུ་ཕྱོགས་པར་གསུངསསོ། །སློབ་དཔོན་ནག་པོ་བས་གསང་བའི་དེ་ཁོ་ན་ཉིད་གསལ་བ་ཞེས་བྱ་བའི་གཞུང་བརྩམས་པ་ཡང༌། གསང་བ་འདུས་པའི་དེ་ཁོ་ན་ཉིད་དེ་ཉིད་བདེ་མཆོག་འཁོར་ལོས་གསལ་བར་འཆད་དོ་ཞེས་བཞེས་པ་ཡིན་ནོ། །འདི་ནི་བསྟན་པ་སྔ་དར་གྱི་དུས་སུ་ལོ་ཙཱ་བ་ལྕེ་བཀྲ་ཤིས་ཞེས་བྱ་བས་བསྒྱུར་ནས། བླ་མ་རྙིང་མ་དག་གིས་ཏནྡྲ་སྡེ་བཅོ་བརྒྱད་པོའི་གཙོ་བོར་ཡང་འཆད་ཅིང༌། བོད་ཀྱི་སློབ་དཔོན་སྔ་མས་འགྲེལ་པ་མཛད་པ་ཡང་འགའ་ཞིག་སྣང་ངོ༌། །ཕྱིས་ནི་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོས་འདིའི་རྒྱུད་དང༌། འགྲེལ་པ་སྒྲོན་མ་གསལ་བ་ལ་སོགས་པའི་འགྲེལ་པ་དང༌། བསྐྱེད་པ་དང་རྫོགས་པའི་རིམ་པ་སྟོན་པའི་ཕྲ་མོ་ཡང་མང་དུ་བསྒྱུར་ཞིང་བཤད་པ་ཡང་མཛད་པར་སྣང་ངོ༌། །དེ་བཞིན་དུ་ཕྱིས་ནས་ཀྱི་ལོ་ཙཱ་བ་མང་པོས་ཀྱང་འཕགས་པའི་ཡུལ་དུ་བྱོན་ནས་འདུས་པ་བསླབས་ཤིང་བོད་དུ་ཡང་བཤད་མོད་ཀྱི། དེ་རྣམས་ཀྱི་ནང་ནས་རྗེ་འགོས་ཉིད་ཀྱི་རྗེས་སུ་འབྲང་བ་དང་བཅས་པ་རྣམས་འདུས་པའི་བདག་པོར་གྱུར་ཏོ། །དེ་ལ་འདུས་པ་བ་རྣམས་ཞལ་མཐུན་པར་འདུས་པའི་རྒྱུད་འདི་ཨོ་ཊི་ཡ་ཎའི་རྒྱལ་པོ་ཆེན་པོ་ཨནྡྲ་བྷཱུ་ཏི་ཞེས་བྱ་བས་གསོལ་བ་བཏབ་པའི་མཐུས། ཐུབ་པའི་དབང་པོས་དེར་བྱོན་ནས་དབང་བསྐུར་ཞིང་རྒྱུད་བསྟན་ཏེ། རྒྱལ་པོ་འཁོར་བཅས་ཀྱིས་ཀྱང་སྤྲོས་བཅས་ཀྱི་སྤྱོད་པས་ལེགས་པར་བསྒྲུབས་པས་རིགས་པ་འཛིན་པར་གྱུར་ནས། ཨོ་ཌི་ཡ་ཎའི་གནས་སྟོངས་པ་ལྟ་བུར་གྱུར། དེ་ཡང་ཀླུ་ལས་གྱུར་པའི་རྣལ་འབྱོར་མ་ཞིག་གིས་རྒྱལ་པོ་ལས་མཉན་ནས། དེས་ལྷོ་ཕྱོགས་ཀྱི་ས་བདག་བི་སུ་ཀལྦ་ལ་བཤད། དེ་ལ་བྲམ་ཟེ་ཆེན་པོ་ས་ར་ཧས་གསན་ཞིང༌། དེས་སློབ་དཔོན་ཀླུ་སྒྲུབ་ལ་གསུངས་ལ། དེ་ལ་སློབ་མ་མང་དུ་ཡོད་ཀྱང་སློབ་མའི་གཙོ་བོ་ ཤཱཀྱ་བཤེས་གཉེན། ཨརྻ་དེ་བ། ཀླུའི་བྱང་ཆུབ། ཟླ་བ་གྲགས་པས་སློབ་པའི་རྡོ་རྗེ་ལ་བཤད། དེས་ནག་པོ་བ། དེས་ས་འདྲེས་པ། དེས་མངོན་ཤེས་ཅན་ལ་བསྟན་ཏོ། །འགོས་ཀྱིས་དེ་ལ་སོགས་པ་ལ་གསན་པ་ཡིན་ཏེ། དེ་ལ་འགོས་ནི། རྟ་ནག་ཕུའི་ཁུག་པ་ཞེས་བྱ་བའི་སའི་ཆར། ཡུམ་སྒྲོལ་མའི་སྤྲུལ་པ་ཡིན་ཟེར་བ་ཞིག་ལས་འཁྲུངས། མཚན་ནི་ལྷས་བཙས་ཏེ་ལྷས་སྐྱབས་ཤེས་བྱ་བ་ཡིན་པ་ལ། གདུང་འགོས་ཡིན་ཞིང༌། དེ་ཡང་ཡབ་ཡུམ་གཉིས་ཀ་འགོས་ཡིན་པས་འགོས་ཁུག་པ། ལྷས་ར་ཞིག་ཏུ་བཙས་པས་ལྷས་བཙས་ཟེར་བ་ནི་བླུན་པོ་ཁོ་ནའི་གཏམ་མོ། །དེ་ཡང་དང་པོར་ཟུར་པའི་སར་སློབ་གཉེར་ལ་ཕྱིན་པས། ལས་ཁོ་ན་བཅོལ་ཞིང་ཆོས་མ་བསླབས་པས། བླ་ཆེན་འབྲོག་མིའི་ཐད་དུ་བྱོན། ཆོས་ཀྱི་འབྲེལ་བ་ཙམ་གནང་ཡང༌། རྒྱུད་ཉན་པར་འདོད་པ་ལ་གསེར་ཁྱེར་ཤོག་གསུང་ནས་མ་གནང་བས་རང་གི་སྤོབས་པ་སྐྱེས་ཏེ། བདག་ཉིད་རྒྱ་གར་དུ་ཕྱིན་ལ་ཁོང་འདྲ་བ་ཞིག་བྱ་སྙམ་ནས་རྒྱ་གར་དུ་བྱོན། པཎྚི་ཏ་རྣམས་ཀྱིས་ཐད་དུ་ཆོས་གསན་པ་ན་ཡང༌། བརྩོན་འགྲུས་མ་བསྐྱེད་ན་འབྲོག་ལྡོམ་དེ་ལ་ངོ་ཚ་བར་ཡོད་གསུང་ནས་སྙིང་རུས་བསྐྱེད་དེ་སློབ་གཉེར་ལ་འབད་པ་ཆེན་པོ་མཛད། ཁོང་ལ་བལ་པོ་ཕན་ཆད་ན་སྤྱིར་པཎྚི་ཏའི་བླ་མ་བདུན་ཅུ་དང༌། མཁའ་འགྲོ་མའི་བླ་མ་གཉིས་ཏེ་བདུན་ཅུ་རྩ་གཉིས་ཡོད་པར་གྲགས། དེ་དག་ལས་འདུས་པ་གསན་པའི་གཙོ་བོ་ནི་བྷངྒ་ལའི་མངོན་ཤེས་ཅན། ཟ་ཧོར་གྱི་མཁས་པ་བཙུན་མོ་ཅན། ཀོང་ཀ་ཎའི་རྒྱལ་བུ་སྤྲིན་གྱི་ཤུགས་ཅན། རྡོ་རྗེ་གདན་གྱི་ནག་པོ་དམ་ཚིག་རྡོ་རྗེ། ཇོ་བོ་རྗེ། ཁ་ཆེ་གྲི་བསྟན་གྱི་མཁས་པ་ཙནྡྲ་རཱ་ཧུ་ལ། རྒྱལ་པོའི་ཁབ་ཀྱི་ཞེ་བ་བཟང་པོ། ཡེ་རང་གི་དགེ་བསྙེན་ཆེན་པོའམ་བལ་པོ་ཐུགས་རྗེ་ཆེན་པོ་བལ་པོ་རྫོང་གི་ན་བ་ཀཱུ་ཊི་པ། ནཱ་རོ་པའི་སློབ་མ་ཁ་ཆེ་ཛྙཱ་ན་ཀཱ་ར་རྣམས་ལ་འདུས་པ་གསན། ངོར་རྗེ་ཀུན་དགའ་འོད་ནི་ཀླུའི་བྱང་ཆུབ་ཀྱིས་ཏི་ལླི་བ་ལ་བཤད་དེས་ནཱ་རོ་པ་ལ། དེས་ཀུ་ས་ལི་ཆེ་བ། དེས་ཀུ་ས་ལི་ཆུང་བ། དེས་གསེར་གླིང་པ། དེས་པིཎྚོ་པ་བསོད་སྙོམས་པ་དང༌། མངོན་ཤེས་ཅན་དང༌། བཙུན་མོ་ཅན་དང༌། ཛྙཱ་ནཱ་ཀུ་ར་བཞི་ལ་བཤད་ཟེར། ཁ་ཅིག་ནི། རྡོ་རྗེ་འཆང༌། དེས་རྡོ་རྗེ་ཆོས། དེས་ཨི་ནྡྲ་བྷུ་ཏི་ལ། དེས་ཀླུ་ལས་གྱུར་པའི་མཁའ་འགྲོ་མ་ཞེས་བྱ་བ་ལ་སོགས་པར་འཆད་དེ། རྡོ་རྗེ་ཆོས་ཀྱི་ཨིནྡྲ་བྷུ་ཏི་ལ་བཤད་ཟེར་བ་འདི་ནི། དེ་ཁོ་ན་ཉིད་ཀྱི་སྒྲོན་མའི་རྒྱུད་ལས། ལྷ་མོས་གསོལ་བ། གསང་བ་ཆེན་པོའི་རྒྱུད་འདི་ནི། །ཤེས་པ་དང་ནི་བཤད་པ་སུ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། བྱང་ཕྱོགས་སུ་དཔལ་རྡོ་རྗེའི་གནས་ཨོ་ཊི་ཡ་ཎ་རུ་རྒྱལ་པོ་ཨི་ནྡྲ་བྷུཏི་ཞེས་བྱ་བས་ཤེས་པ་དང་བཤད་པ་དང་སེམས་ཅན་ལ་གསལ་བར་བྱེད་དོ། །ལྷ་མོས་གསོལ་བ། ཀྱེ་བཅོམ་ལྡན་འདས་རྒྱལ་པོ་ཆེན་པོ་ཨིནྡྲ་བྷཱུ་ཏི་ཞེས་བྱ་བ་དེ་ས་དུའི་དབང་ཕྱུག་ལགས། བཀའ་སྩོལ་ཅིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔལ་ཡེ་ཤེས་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོ་ལས། གང་ཞིག་ངས་བསྟན་པའི་ཕྱག་ན་རྡོ་རྗེའི་རྒྱལ་པོ་དེ་ཉིད་ཨིནྡྲ་བྷུ་ཏི་སྤྲུལ་པའི་སྐུས་ས་བཅུའི་དབང་ཕྱུག །ཡེ་ཤེས་ཀྱི་སྐུ། ས་བཅུ་བཞིའི་དབང་ཕྱུག་གོ །ཞེས་མ་འོངས་པ་ན་འབྱུང་བའི་ཚུལ་དུ་ལུང་བསྟན་པའི་འདི་དང་འབྱོར་བར་སྣང་ལ། གཞན་ཡང་ལྷན་ཅིག་སྐྱེས་གྲུབ་ལས། དཔལ་ལྡན་རོལ་པ་ལྷ་མོ་ཆེ། །དེ་བཞིན་དཔའ་བོ་རྡོ་རྗེ་དཔལ། །དམ་ཚིག་ཅེས་བྱ་རྡོ་རྗེ་དཔལ། །དེ་བཞིན་པདྨ་རྡོ་རྗེ་དཔལ། །དཔལ་ལྡན་ལྷ་ཅིག་སྐྱེས་རྡོ་རྗེ། །རྡོ་རྗེ་དང་ལྡན་བྲམ་ཟེ་མོ། །དེ་བཞིན་གྲུབ་པའི་རྡོ་རྗེ་དཔལ། །དཔལ་ལྡན་གཤིན་རྗེའི་རྒྱལ་པོ་འདིས། །དཔལ་ལྡན་འཁོར་ལོ་མངོན་བརྗོད་པ། བླ་མ་དགེ་སློང་གཉིད་ལོག་པ། །དེ་བཞིན་གཞན་ཡང་གང་ཞིག་ལྷ། །ཞེས་པའི་འགྲེལ་པར། དེ་ཡང་དཔལ་ཨོ་ཌི་ཡ་ཎའི་ཡུལ་ན་རིན་པོ་ཆེས་བརྒྱན་པ་ཞེས་བྱ་བའི་ནགས་ཚལ་དགོན་པ་ཞིག་ན། གསང་བ་པའི་བདག་པོའི་སྤྲུལ་པར་གྱུར་པ་དྲང་སྲོང་འགྲོ་བ་དབུགས་འབྱིན་པ་ཞེས་བྱ་བ་སྐལ་པ་དང་ལྡན་པ་རྣམས་ལ་ལྷན་ཅིག་སྐྱེས་པའི་རིན་པོ་ཆེའི་མན་ངག་གི་རྒྱུད་བསྟན་པར་བྱ་བའི་ཆེད་དུ་བཞུགས་པར་གྱུར་ཏོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དྲང་སྲོང་འགྲོ་བ་དབུགས་འབྱིན་པས་རྒྱལ་པོའི་བུ་མོ་ལྷ་མོ་རོལ་བ་ཆེན་མོ། དེས་རྒྱལ་པོ་ཆེན་པོ་དཔའ་བོ་རྡོ་རྗེ། དེས་འདུན་ན་འདོན་དམ་ཚིག་རྡོ་རྗེ། དེས་ཞིང་པ་པདྨའི་རྡོ་རྗེ། དེས་ཆང་འཚོང་མ་ལྷན་ཅིག་སྐྱེས་པའི་རྡོ་རྗེ། དེས་ཐག་པ་དགའ་བའི་རྡོ་རྗེ། དེས་བྲམ་ཟེ་མ་རྡོ་རྗེ། དེས་འདྲེག་མཁན་གྲུབ་པའི་རྡོ་རྗེ། དེས་དཔལ་ལྡན་ཀུན་འགྲོའི་མགོན་པོ། དེས་རྣལ་འབྱོར་པ་ཐུགས་ཀྱི་རྡོ་རྗེ། དེས་ལྕམ་ལཀྵི་མཱ་ཆེན་མོ། དེས་རྒྱལ་པོ་ཨེནྡྲ་བུདྡྷིའམ་ལྭ་བ་པ་ལ་བཤད་དོ་ཞེས་བྱ་བའི་དོན་འདི་དག་གསུངས་ཏེ། ལྭ་བ་པས་ཨོ་ཌི་ཡཱ་ཎའི་ཡུལ་ནས་འཕགས་པའི་ཡུལ་དུ་རྒྱུད་རྣམས་དར་བར་བྱས་སོ་ཞེས་བྱ་བའི་གཏམ་དང་སྦྱར་ན། འདུས་པའི་བླ་མ་བརྒྱུད་པའི་རིམ་པ་ཁུངས་ཅན་དུ་འགྱུར་རམ་སྙམ་སྟེ། སློབ་དཔོན་ཨཱརྻ་དེ་བས་སྤྱོད་པ་བསྡུས་པའི་སྒྲོན་མར་ལྭ་བ་པའི་ལུང་དྲང་ནས་བཤད་པའང་ཡང་འབྱོར་རམ་སྙམ་མོ། །ཁ་ཅིག་རྒྱལ་པོ་ཨིནྡྲ་བུདྡྷི་དང་ལྭ་བ་པ་གང་ཟག་སོ་སོ་བར་འཆད་པ་རྣམས་ཀྱིས་ནི། ལྷན་ཅིག་སྐྱེས་གྲུབ་ཀྱི་འགྲེལ་པ་འདི་བཤད་པར་མི་ནུསསོ། །ལྷན་ཅིག་སྐྱེས་གྲུབ་ཀྱི་གཞུང་འདི་ཡང་འདུས་པའི་རྒྱུད་ལ་བརྟེན་པ་སྟེ། དེའི་འགྲེལ་པར་ཐེག་ཆེན་ཤིན་ཏུ་ཡངས་པ་ལས། ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་སྟོན་པར་བྱེད་པ་རྣལ་འབྱོར་ཆེན་པོའི་རྒྱུད་དེ་ཞེས་གསུངས་པའི་ཕྱིར་རོ། །རྒྱལ་པོ་ཨིནྡྲ་བྷཱུ་ཏིས་མཛད་པའི་ཡེ་ཤེས་གྲུབ་་པ་ཡང་འདུས་པ་ལ་བརྟེན་པར་ཤིན་ཏུ་གསལ་ལ། གསང་བ་གྲུབ་པ་ཞེས་གྲགས་པ་ཡང་འདུས་པ་ལ་བརྟེན་པར་གཞུང་དེ་ཉིད་ལས་ཤིན་ཏུ་གསལ་ཏེ། འདི་ལས་སློབ་དཔོན་ཨཱརྻ་དེ་བས་སྤྱོད་པ་བསྡུས་པའི་སྒྲོན་མར་ལུང་དུ་དྲངསསོ། །གསང་བ་གྲུབ་པའི་མཛད་པ་པོ་པདྨ་རྡོ་རྗེ་ཞེས་བྱ་བ་ཡང་ཞིང་པ་པདྨའི་རྡོ་རྗེ་བྱ་བ་ཉིད་ཡིན་པ་འདྲའོ། །དེ་ལྟར་བརྒྱུད་པ་དུ་མ་ལས་བྱུང་ཞིང༌། རྒྱུད་ཐམས་ཅད་ཀྱི་སྤྱི་བོར་གྱུར་པ་འདུས་པའི་རྒྱུད་འགྲེལ་པ་སྒྲོན་མ་གསལ་བ་དང་བཅས་པ་ལ་ནི། རྗེ་འགོས་ཀྱིས་འགྱུར་བཅོས་ཀྱང་ལན་གཉིས་སུ་བྱས། ཕན་པ་ཡང་ཤིན་ཏུ་ཆེ་བར་བྱུང་ཞིང༌། གཞན་ཡང་གུང་བརྟག་སམ་གསུམ། བརྟག་གཉིས་ཀྱི་འགྲེལ་པ་རིན་ཆེན་ཕྲེང་བ། བདེ་མཆོག་བཤད་རྒྱུད་དང་བཅས་པ་དང༌། རྡོ་རྗེ་གདན་བཞི་བཤད་པ་དང་བཅས་པ་དང༌། མ་ཧཱ་མཱ་ཡཱ་ལ་སོགས་པའི་རྒྱུད་མང་པོ་འགྲེལ་པ་དང་བཅས་པ་བསྒྱུར་ཞིང༌། བཤད་པ་ཡང་མཛད་ལ། འདུས་པའི་ཕྲན་རྣམས་ལ་ཡང་འགྱུར་བཅོས་མཛད་དེ། མཁྱེན་པ་རྒྱ་ཆེན་པོ་དང་ལྡན་པ་དེའི་སློབ་མ་མཆོག་ནི། མང་ར་སེང་གེ་རྒྱལ་མཚན། རྔོག་དབུས་པ་གེ་སེར། དབ་མི་བྱང་ཆུབ་རྒྱལ་མཚན། ལྷོ་པ་རྡོ་རྗེ་སྙིང་པོ། གཉལ་པ་འགར་ཆོས་ཀྱི་རྡོ་རྗེ། དབུས་པ་ཧྭ་གསུམ་དྲུག་ཏུ་གྲགས། དེ་དྲུག་ཀ་ལ་རོང་པ་རྒྱལ་ལེ་དང༌། ཤོ་སྟོན་རྡོ་རྗེ་རྒྱལ་མཚན་གཉིས་ཀྱིས་ཞུས། ཏྲོ་བོ་མགོན་པོས་དབ་མེའི་སློབ་མ་རྒྱ་ནམ་མཁའ་དང་རོང་བ་རྒྱ་ལེའི་སློབ་མ་ཞང་རྒྱབ་མ་སྤང་སྒང་པ་གཉིས་ལ་གསན་ནས་རྒྱ་ཆེར་བཤད་པས་སློབ་མ་ཤིན་ཏུ་མང་བར་བྱུང་ཞིང༌། འདུས་པའི་ཡིག་སྣ་ཡང་མང་པོ་མཛད་ལ། དེའི་སློབ་མ་སྒོམ་ཆེན་ཆོས་ལ་དགའ་ལ་སོགས་པས་ཀྱང་འདུས་པའི་བཤད་པ་མང་དུ་མཛད་དོ། །ཏྲེ་བོ་འདི་འདུས་པའི་བཤད་པ་ལ་ཕན་ཆེ་བས། ཁོང་གི་དགོན་པ་ན་སྒྲོན་མ་གསལ་བ་ཡང་ལྔ་བརྒྱ་ཙམ་འདུག་ཅེས་ཐོས་སོ། །ཡང་འཚུར་སྟོན་དབང་ངེས་འགོས་ཀྱི་སློབ་མ་མང་ར་སེང་གེ་རྒྱལ་མཚན། འགར་ཆོས་ཀྱི་ཤེས་རབ། རྔོག་གེ་སར། དབུས་པ་རྒྭ་སུམ་སྟེ་བཞི་ལ་འགོས་ལུགས་གསན། དེ་ལ་འཁོན་གད་པ་ཀཱི་རྟིས་འགོས་ལུགས་རྣམས་གསན། དེ་ལ་དགེ་བཤེས་འགར་གྱིས་གསེར་གྱི་བརྒྱད་སྟོང་པ་དང་ནོར་སྲང་བཅུ་ཕུལ་ནས་ཞུས། དེ་ལ་གཉན་སྟོན་རི་རྩེ་བས་ཞུས། ཡང་ཇོ་བོ་རྗེས་འདུས་པ་འཕགས་ལུགས་ཀྱི་གདམས་པ་རྣམས་ནག་ཚོ་ལ་གསུངས། དེས་རོང་པ་ཕྱག་སོར་པ་ལ་བཤད། དེས་ཞུས་ལན་པ་ལ། དེས་ལྷ་རྗེ་རི་སྟོན་ལ་གནང༌། དེ་ལ་ངོར་རྗེ་ཀུན་དགའ་འོད་ཀྱིས་ཞུས། ངོར་རྗེ་འདིས་ནི་འདུས་པའི་རྒྱུད་ཕྲན་དང་བཅས་པ་རྣམས་ལ་རྣམ་པར་བཤད་པ་ཡང་མང་དུ་བརྩམས། དེ་ལས་མཆེད་པ་གཉལ་དང་དྭགས་པོ་རྣམས་སུ་མང་བར་བྱུང་ངོ༌། །ཡང་ཤོ་སྟོན་རྡོ་རྗེ་རྒྱལ་མཚན་དང་རོང་པ་རྒྱལ་ལེས་ཤུང་ཀེ་ལོ་ཙཱ་བ་དར་མ་རྡོ་རྗེ་ལ་བཤད། ཤུང་ཀེས་དབ་མི་ལ་ཡང་དབང་བསྐུར་ཞུས། ཤུང་ཀེ་འདི་ལ་སྤ་ཚབ་ལོ་ཙཱ་བས་ཀྱང་འགོས་ལུགས་གསན་ཟེར་ཞིང༌། ཤུང་ཀེ་ལ་དོལ་པ་འགར་སྟོན་དབང་ཕྱུག་གྲུབ་ཀྱིས་གསན། དེས་བླ་མ་གཟེ་བའི་སྲས་ཇོ་བདེ་ལ། དེས་ཇོ་བོ་འཚར་པ་སྣ་པ་ལ། དེས་ལྷབ་མི་ལའོ། ། ཡང་། མང་ར་སེང་གེ་རྒྱལ་མཚན་གྱིས་རྔོག་ཡེ་ཤེས་ལ་བཤད། དེས་རྔོག་ཉི་མ་སེང་གེ་ལ་བཤད་དེ། ཉི་མ་སེང་གེ་འདི་ནི་མཁས་པའི་གྲགས་པ་ཆེ་བས། དགེ་བའི་བཤེས་གཉེན་མཁས་པ་ཤིན་ཏུ་མང་བར་འདུས་སྟེ། རྩ་རྒྱུད་ཀྱི་ཊཱི་ཀ་ལ་སོགས་པའི་བསྟན་བཅོས་ཀྱང་མང་དུ་བརྩམས་ནས་འདུས་པའི་བསྟན་པ་སྤེལ་ལོ། །དེས་གླན་རྩང་ཚ་ཉི་མ་ལྕམ་ལ་བཤད་དེ། ཉི་མ་ལྕམ་གྱིས་རྒྱུད་ཀྱི་ཊཱི་ཀ་མོ་ཆེ་ཞིག་ཀྱང་མཛད་སྣང་ངོ༌། །ཉི་མ་ལྕམ་གྱིས་རྔོག་ཨཱརྻ་དེ་བ་ལ་བཤད། འདིས་རྗེ་བཙུན་གྲགས་པ་རྒྱལ་མཚན་ལ་ཡང་གཏུགས། ཨཱརྻ་དེ་བས་རྟག་པ་རིན་ཆེན་གྲགས་ལ་བཤད། དེ་ལ་ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱིས་གསན་ཏེ། འདི་ནི་ཁ་ཆེ་པཎ་ཆེན་གྱི་སྐྱེ་བར་གྲགས་ཤིང༌། བསྟན་བཅོས་ཐམས་ཅད་གཟིགས་པ་ཙམ་གྱིས་ཐུགས་སུ་ཆུད་པར་གྱུར་པས་ཀུན་མཁྱེན་ཞེས་ཀྱང་གྲགས་ཏེ། འདུས་པའི་བཤད་པ་ཡུན་རིང་དུ་མཛད་པས་སློབ་མའང་མང་དུ་བྱུང༌། ཁོང་གི་སློབ་མ་བླ་མ་འཕགས་འོད་ཅེས་པ་འཕགས་ཡོག་དུས་གསུམ་ལ་མཁས་པ། གདམས་པའི་མཛོད་དུ་གྱུར་པ་དེས་ཁོང་ལ་གསན། འཕགས་འོད་ཀྱིས་ཐམས་ཅད་མཁྱེན་པ་བུ་རིན་པོ་ཆེ་ལ་ཞ་ལུ་ཉིད་དུ་བྱོན་ཏེ། གསང་བ་འདུས་པ་དང་ཡོ་གའི་ཕྱག་ལེན་དང་བཤད་པ་མང་དུ་མཛད། བུ་རིན་པོ་ཆེའང་འདུས་པ་ལ་ཤིན་ཏུ་མཁས་པར་གྱུར་ཏེ། འཕགས་པའི་གསུང་གིས་བསྐུལ་བར་གྱུར་པས་སྒྲོན་མ་གསལ་བའི་ཊཱི་ཀ་ཆེན་མོ་མཛད། གཞན་ཡང་འདུས་པའི་ཆོས་སྐོར་མང་དུ་བརྩམས། འགོས་ནས་སློབ་བརྒྱུད་རིམ་པར་བྱུང་བ་ལ་བུ་སྟོན་ཉིད་མཁས་པར་རྟོགས། དེས་འདུས་པའི་སྐོར་རྣམས་ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས་ལ་བཤད། དེ་ལ་རྗེ་ཙོང་ཁ་པ་ཆེན་པོས་གསན་པ་ཡིན་ཏེ། དེ་ཡང་སྤྱིར་བསྟན་པ་ལ་ཕན་པ་རྒྱ་ཆེན་པོ་དང༌། བྱེ་བྲག་ཏུ་འདུས་པས་ས་སྟེངས་ཁྱབ་པར་གྱུར་པའི་བྱེད་པ་པོ་ནི་རྗེ་ཙོང་ཁ་པ་ཆེན་པོའོ། །འདི་དག་ནི་འགོས་ལས་བརྒྱུད་པའི་གཏམ་རགས་པ་ཙམ་ཞིག་བཤད་པ་སྟེ། ཞིབ་པར་བདག་གིས་བཤད་ག་ལ་ནུས། བསམ་ཡས་ཀྱི་ལྷ་བཙུན་སྔོན་མོས་ཆོས་འཁོར་བཙུགས་པའི་དུས་སུ། །གསང་འདུས་འཕགས་སྐོར་ལ་མཁས་པ་ཤུང་ཀེ་དར་མ་རྡོ་རྗེ་དང༌། དབུས་པ་འཕགས་སྐོར་ལ་མཁས་པ་སྤ་ཚབ་ལོ་ཙཱ་བ་གཉིས་སྤྱན་དྲངས་པས། སྤ་ཚབ་གསང་འདུས་ལ་མོན་ནས་ཤུང་ཀེ་ལ་གསན་པས་འགྱུར་ལ་མ་མཉེས་ནས། པཎྚི་ཏ་ཏི་ལ་ཀ་ཀ་ལ་ཤས་མཛད་ནས་སྤ་ཚབ་ལོ་ཙཱ་བས་འགྱུར་ཡང་རྒྱུད་འགྲེལ་ཕྲན་དང་བཅས་པ་ལ་མཛད་ཅིང་ལེགས་པར་བསྒྱུར། བཤད་པ་ཡང་མཛད་དོ། །དིང་སང་གི་བར་དུ་བརྒྱུད་པ་བཞུགས་པ་ནི་མ་མཐོང་ངོ༌། ། ཆག་ཆོས་རྗེ་དཔལ་གྱིས་ཀྱང་དང་པོར་རྔོག་མུན་ནེའི་སློབ་མ་ཇོ་བཙུན་རྟག་པ། དེའི་སློབ་མ་གུང་ཐང་གི་ཇོ་བོ་ལྷ་མགོན་པོ་དཔལ་ཞེས་པ་ལ་གསང་འདུས་འགོས་ལུགས་བསླབས། དེ་ནས་བལ་ལོའི་པཎྚི་ཏ་ཉི་མའི་དབང་པོའི་འོད་ཟེར་ལ་ལེགས་པར་མཉན་ནས། རྒྱུད་འགྲེལ་དང་མདོར་བྱས་རིམ་ལྔ་སོགས་ཀྱི་འགྱུར་ཡང་བཅོས། །སྒྲོན་གསལ་གྱི་བསྡུས་པའི་དོན་དང་ཊཱིཀ་ཡང་མཛད་དེ་སྐྱེ་བོ་མང་པོ་ལ་ཕན་པར་མཛད་དོ། ཡང་ཁ་ཆེ་ཟླ་བ་མགོན་པོས་སྒོམ་པ་དཀོན་མཆོག་བསྲུངས་ལ་སྒྲོན་གསལ་མན་ངག་གི་བཤད་པ་དང་བཅས་ཏེ་གནང་ཞེས་འབྱུང་བ་ལ། དིང་སང་དེའི་དཔེ་ལ་སོགས་པ་ནི་མཐོང་བར་མ་གྱུར་ཏོ། །འདུས་པ་འཕགས་ལུགས་ཀྱི་སྐབསསོ། །

༧.༣ ཡེ་ཤེས་ཞབས་ལུགས་ཀྱི་སྐབས། གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཞེས་གྲགས་པ་དེ་ཡང་བོད་ཀྱི་ཡུལ་འདིར་སྒོ་དུ་མ་ནས་བྱུང་ངོ༌། །དེ་ལ་སློབ་དཔོན་སངས་རྒྱས་ཡེ་ཤེས་ནི། རིག་པའི་གནས་མཐའ་དག་ལ་མཁས་པའི་པཎྚི་ཏ་སྟེ། དེས་ཡུལ་མ་ག་དྷའི་བྱེ་བྲག་ཁ་བི་ཞེས་བྱ་བར་གྲོང་ཁྱེར་རྡོ་འཇོག་ཏུ། སློབ་དཔོན་སེང་གེ་བཟང་པོ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ཤིན་ཏུ་མཁས་པ། རྗེ་བཙུན་གྱི་སྣང་བ་ཐོབ་པར་ཡང་གྲགས་པ་དེ་མཉེས་པར་བྱས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། དེ་ལས་གཞན་པའི་གཞུང་ཡང་མང་དུ་ཐོས་ཤིང༌། རིགས་པས་ཀྱང་རྣམ་པར་དཔྱད་པ་མཛད་ནས། སླར་ནཱ་ལེནྡྲར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པའི་འགྲེལ་པ་ལ་སོགས་པ་བརྩམས་ནས་གཞན་དག་ལ་བཤད་པ་མཛད། དེ་ནས་སྔགས་ཀྱི་ཐེག་པ་བཙལ་བའི་ཕྱིར་ཡུལ་དབུས་ནས་བྱང་དུ་དཔག་ཚད་ཉིས་བརྒྱ་སུམ་ཅུ་ན་ཨོ་ཌི་ཡཱ་ཎའི་ཡུལ་ཡོད་དེ། །ཡུལ་དེ་མཁའ་འགྲོ་མ་མང་པོས་བྱིན་གྱིས་བརླབས་པས་གསང་སྔགས་ཀྱི་འབྱུང་གནས་ཡིན་པའི་ཕྱིར་དེར་བགྲོད་དེ། དེ་ན་ནོར་བུའི་གླིང་དུ་སྐུ་འཁྲུངས་པའི་སློབ་དཔོན་སྒེག་པ་རྡོ་རྗེ་ཞེས་བྱ་བ་ལ། བྱ་བ་དང་རྣལ་འབྱོར་གྱི་རྒྱུད་མང་པོ་ཐོས་ཤིང་འབད་པས་ལེགས་པར་བསླབསསོ། །ཡང་གནས་དེའི་ཕྱོགས་གཅིག་ན། བསམ་མི་ཁྱབ་ཀྱི་རིམ་པའི་མན་ངག་ཐོབ་པ། དེ་ཁོ་ན་ཉིད་རྟོགས་པའི་རྣལ་འབྱོར་མ་གུ་ནེ་རུ་ཞེས་གྲགས་པའི་དྲུང་དུ་བགྲོད་ཅིང་མཉེས་པར་བྱས་ཏེ། བླ་ན་མེད་པའི་རྒྱུད་མང་དུ་ཐོས་པར་བྱས། དབང་དང་དམ་ཚིག་ལ་སོགས་པ་ཡང་དག་པར་བླངས་ཏེ། དེ་ནས་སྒོམ་པ་ལ་ཡང་བཞུགསསོ། །ཡང་ལྷས་རྨི་ལམ་བསྟན་པས། ཨོ་ཌི་ཡཱ་ཎའི་བྱང་གི་སྒོ་སྲུང་པ་གདོལ་པ་ཛ་ཐིག་ཛ་ལ་ཞེས་བྱ་བའི་བུ་མོ་ལོ་བཅུ་དྲུག་ལོན་པ་ཞིག་ཡོད་པ་དེ་ལཀྵིམཱ་ཆེན་མོ་ཡིན་པས་དེར་སོང་ཞེས་བྱུང་བ་བཞིན་འཕྲལ་དུ་སོང་སྟེ། དེ་དང་བཤེས་སུ་འཐམས་ཏེ་ཟླ་བ་བརྒྱད་ཀྱི་བར་དུ་མཉེས་པར་བྱསསོ། །དེས་ཀྱང་སློབ་དཔོན་ཕྱག་རྒྱ་ཆེན་པོ་ལ་བྲོད་པར་རྟོགས་ན་དེའི་ཆ་རྐྱེན་སྒྲུབ་པའི་ཕྱིར་ཕྲ་མོའི་ལུང་བཙལ་བ་ཙམ་གྱིས་གནོད་གནས་ཀྱི་གྲུབ་པ་ཐོབ་བོ། །དེ་ནས་ཛ་ལན་དྷ་རར་བྱོན་ཏེ་གྲོང་ཁྱེར་ཀོ་ནེ་ཛེར་གྱི་ཕྱོགས་གཅིག་ན། བྱིས་པ་ཆུང་བའི་ཞབས་ཞེས་ཤེས་རབ་ཀྱི་རྒྱུད་ལ་ལྷག་པར་མཁས་པ་ཞིག་ཡོད་པ་དེ་ལ་ལུང་་མང་པོ་ཐོས་ཤིང་སྒོམ་པ་ལ་ནན་ཏན་དུ་མཛད་དོ། །དེ་ནས་ཡུལ་དབུས་ནསལྷོ་ཕྱོགས་སུ་དཔག་ཚད་སུམ་བརྒྱ་ཕྱིན་པ་ན། ཡུལ་ཀཾ་ཀོ་ཞེས་བྱ་བ་ནམ་མཁའ་ལ་ནགས་ཚལ་འཁྲིགས་པ་ཞིག་ཡོད་པ་དེའི་ཕྱོགས་ཞིག་ན། སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་སློབ་དཔོན་བསྲུང་བའི་ཞབས་ཞེས་བྱ་བ་ཐབས་ཀྱི་རྒྱུད་ལ་རབ་ཏུ་མཁས་པ། དེ་དག་ཀྱང་རྫུ་འཕྲུལ་སློབ་མས་བསྐོར་བ་ཞིག་ཡོད་པ་དེའི་དྲུང་དུ་བྱོན་ནས། བླ་མ་དེ་ལ་བྲམ་ཟེ་ཙ་ཏྲ་ར་ཞེས་བྱ་བ་དང༌། བྲམ་ཟེ་གུ་ཧྱ་བརྟ་ཞེས་བྱ་བ་དང༌། རྒྱལ་རིགས་མཉྫུ་ཤྲཱི་ཞེས་བྱ་བ་དང༌། རྗེའུ་རིགས་བུ་རྞ་བྷ་དྲ་ཞེས་བྱ་བ་དང༌། དམངས་རིགས་དཱི་བམ་ཀ་ཞེས་བྱ་བ་དང༌། དམངས་རིགས་ཁརྞ་བུ་ཏྲ་ཞེས་བྱ་བ་དང༌། སྨད་འཚོངས་མ་ཨཱ་ལོ་ཀཱི་ཞེས་བྱ་བ་དང༌། སྨད་འཚོང་མ་དུཿཤི་ལ་ཞེས་བྱ་བ་རྫུ་འཕྲུལ་ཐོབ་པ་དག་ཡོད་དེ། དེ་ཐམས་ཅད་ཀྱི་འཕྲལ་ཡོ་བྱད་ལྷ་མོ་ནོར་རྒྱུན་མས་ཉིན་རེ་ཞིང་གསེར་གྱི་མཱ་འཥ་བཅུ་དང༌། མུ་ཏིག་གི་དོ་ཤལ་ཕྱེད་དང༌། ཀཱརྵ་པ་ན་སུམ་བརྒྱ་རེ་སྦྱོར་བ་ཞིག་ཡོད་པ་དེའི་དྲུང་དུ་ལོ་དགུའི་བར་དུ་བསྟེན་ནས། སྐྱེ་བ་གཅིག་གིས་ཐོགས་པ་སྟེ། བསྐྱེད་པའི་རིམ་པའི་རྣལ་འབྱོར་ལ་སྐྱེ་བ་གཅིག་གིས་ཐོགས་པ་རྣལ་འབྱོར་གསུམ་པའི་མཐར་ཕྱིན་པར་མཛད་དོ། །གནས་དེར་རྣལ་འབྱོར་མ་རྣམས་དང་ལྷན་ཅིག་པའི་སྤྱོད་པ་ཡང་ཟླ་བ་བཅོ་བརྒྱད་ཀྱི་བར་དུ་མཛད་དོ། །དེ་ལྟར་འབད་ཀྱང་དེ་ཁོ་ན་ཉིད་མངོན་སུམ་དུ་མ་རྟོགས་པས། བླ་མ་བསྲུང་བའི་ཞབས་ལ་དེ་སྐད་དུ་ཞུས་པ་ན། བསྲུང་བའི་ཞབས་ཀྱིས། དེ་ནི་ཁོ་བོས་ཀྱང་མ་རྟོགས་ཞེས་གསུང་བས་ཐུགས་ཅུང་ཟད་ཆད་དེ། རང་གི་ཕྱག་རྒྱ་མ་གླེགས་བམ་གྱི་གཟུགས་སུ་བསྒྱུར་ཏེ། མགུལ་ཏུ་བཏགས་ནས། བྱང་ཕྱོགས་སུ་རྡོ་རྗེ་གདན་གྱི་རྒྱབ་ཀུ་བ་ཛ་ཞེས་བྱ་བའི་ནགས་སུ་ཕྱིན་ཏོ། །ནགས་དེ་ཡང་སྟག་དྲེད་ལ་སོགས་པ་ཤིན་ཏུ་འཇིགས་པའི་གནས་ཏེ། སྤྱིར་བྱང་ཆུབ་ཀྱི་སྙིང་པོ་ལ་རྒྱབ་ཀྱིས་ཕྱོགས་པའི་སེམས་ཅན་རྣམས་འཁོར་བའི་ནགས་ཉོན་མོངས་པའི་གཅན་གཅན་གྱིས་གང་བར་གནས་པ་ཡིན་ལ། བདག་ཀྱང་དེ་ཁོ་ན་ན་གནས་པས་དེ་ལས་ཐར་བར་བྱ་བའི་ཕྱིར། གནས་དེར་ལྷ་དྲག་ཏུ་སྐུལ་བའི་ཆོ་ག་ལ་བརྩོན་པས་ཟླ་བ་དྲུག་ཏུ་གནས་པས། གཟོད་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་རྟོགས་སོ།ཇི་ལྟར་རྟོགས་ན། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་དགེ་སློང་འབན་པོ་ཤམ་ཐབས་བྱེ་ཞིང་ཆོས་གོས་ལ་ཐོད་བྱས་ནས་ཞིང་རྨོ་ཞིང༌། ཆུང་མ་ངན་མ་ཞིག་དང་ཁྱི་མོ་དཀར་མོ་མཚན་མ་ཅན་ཞིག་ཏུ་སྤྲུལ། དེར་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་གཟིགས་པས་འདི་དག་ཅི་འདྲ་བ་ཞིག་སྙམ་དུ་ཐེ་ཚོམ་ཟོསསོ། །སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་སངས་རྒྱས་ཡེ་ཤེས་སྔགས་ཀྱི་སྤྱོད་པ་མཆོག་ལ་གནས་པར་གཟིགས་ནས། དེ་ལ་ཕན་པའི་ཕྱིར་འཇམ་དཔལ་དབྱངས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོར་སྤྲུལ་ཏོ། །དེ་ཡང་སྟོན་ཟླ་ར་བའི་མར་ངོའི་ཚེས་བརྒྱད་ཀྱི་སྐར་མ་མགོ་དང་ལགགཉིས་ཡོལ་བ་ཐོ་རངས་ཀྱི་དུསསོ། །དེར་བླ་མ་དང་དཀྱིལ་འཁོར་གང་ལ་མོས་ཞེས་དྲིས་པས། །དཀྱིལ་འཁོར་ལ་མོས་ཞེས་ཞུས་པས། དགེ་སློང་བླ་མ་གཉིས་དང་བཅས་པ་ཁང་པ་ཆུང་ངུ་ཞིག་གི་ནང་དུ་ཞུགས་པར་གྱུར་ཏོ། །དེ་ནས་སངས་རྒྱས་ཡེ་ཤེས་ཀྱིས་དེ་ཁོ་ན་ཉིད་བླང་བའི་ཕྱིར། ཁྱོད་ནི་སེམས་ཅན་ཀུན་གྱི་ཡབ་སྟེ་ཡུམ་ཡང་ཡིན། ཁྱོད་ཀྱིས་བདག་ལ་སོགས་པ་འཇིགས་པ་ཆེ་ལས་སྐྱོབས། འགྲོ་བའི་དབང་པོ་རྗེ་བཙུན་ཁྱོད་ཀྱིས་སྡུག་བསྔལ་སེལ། ཁམས་གསུམ་གཏོང་བྱེད་ཆེ་བས་ཆེ་ཁྱོད་སྐྱེ་བོ་སྐྱོངས། ཞེས་བྱ་བ་ལ་སོགས་པའི་གསོལ་བ་བཏབ་པས། དེར་དཀྱིལ་འཁོར་གྱི་གཙོ་བོར་ཞལ་གྱི་ལུང་ལེགས་པར་བཀའ་སྩལ་བས། སློབ་དཔོན་གྱིས་དེ་ཁོ་ན་ཉིད་ཐུགས་སུ་ཆུད་དེ་ཡང་དག་པའི་ཡེ་ཤེས་ལ་དབང་བའི་རྣལ་འབྱོར་པར་གྱུར་ཏོ། །དེ་ནས་འཇམ་དཔལ་དབྱངས་ཀྱིས་སློབ་དཔོན་ལ་མ་འོངས་པའི་སེམས་ཅན་ལ་ཕན་པའི་ཕྱིར་བསྐྱེད་པའི་རིམ་པའི་སྒྲུབ་ཐབས་ཀུན་ཏུ་བཟང་པོ་དང༌། ཀུན་ཏུ་བཟང་མོ་དང༌། ཀུན་ཏུ་བཟང་པོའི་དོན་བསྡུས་པ་སྟེ་རྣམ་པ་གསུམ་དང༌། སྦྱིན་བསྲེག་གཉིས་ཀྱི་ཆོ་ག་དང༌། གཏོར་མ་མི་ནུབ་པའི་སྒྲོན་མ་དང༌། ཚོགས་ཀྱི་འཁོར་ལོའི་ཆོ་ག་དང༌། རིན་པོ་ཆེ་འབར་བ་དང༌། རྒྱུད་ཀྱི་རྣམ་བཤད་དང༌། དཀྱིལ་འཁོར་གྱི་ཆོ་ག་ཤླཽ་ཀ་བཞི་བརྒྱ་ལྔ་བཅུ་པ་དང༌། རྩ་བའི་ཡེ་ཤེས་ཆེན་པོ་དང༌། ཚིགས་སུ་བཅད་པའི་མཛོད་དང༌། གྲོལ་བའི་ཐིག་ལེ་དང༌། བདག་སྒྲུབ་པ་དང༌། བྱང་ཆུབ་སེམས་ཀྱི་ཐིག་ལེ་དང༌། དཔལ་བཀྲ་ཤིས་ཀྱི་རྣམ་པར་བཤད་པ་ཆེན་པོ་དང༌། བཞི་པ་ལ་འཇུག་པ་ཐབས་དང་བཅས་པ་དང༌། ཆུ་སྦྱིན་དབང་པོའི་སྒྲུབ་པའི་ཐབས་གསུམ་སྟེ། ལུང་དང་མཐུན་པའི་ཆོས་བཅུ་བཞི་རྩོམས་ཤིག་པར་བཀས་གནང་ངོ༌། །དེ་ལ་ཀུན་ཏུ་བཟང་པོ་གསུམ་པོ་གཅིག་ཏུ་བྱས། ཆུ་དབང་གི་སྒྲུབ་ཐབས་གསུམ་པོའང་གཅིག་ཏུ་བྱས། རྒྱུད་ཀྱི་རྣམ་བཤད་ནི་སློབ་དཔོན་གྱིས་མ་མཛད་པས་ན། ལྷག་མ་རྣམས་ལ་ལུང་གི་ཆོས་བཅུ་བཞི་ཞེས་གྲགས་པ་ཡིན་ནམ་སྙམ་མོ། །དཀྱིལ་འཁོར་གྱི་ཆོ་ག་ཡང་དཔེ་ཁ་ཆེར་ཁྱེར་ནས་ཡུལ་དབུས་ན་མེད་དོ། །སློབ་དཔོན་སངས་རྒྱས་ཡེ་ཤེས་དེ་ལམ་མཐོན་པོ་དེ་ཁོ་ན་ཉིད་མངོན་སུམ་དུ་མཛད་པ་ལ་མངའ་བརྙེས་ཀྱང༌། གཟུགས་ཀྱི་ཕུང་པོ་ནི་གནས་མ་གྱུར་ཞེས་གསུངསསོ། །སློབ་དཔོན་དེས་རྡོ་རྗེའི་གདན་ནས་རྒྱང་གྲགས་ལྔ་ཅུ་ཡོད་པའི་ས། དབང་ཆེན་རིའི་ཕུག་ཏུ་གནས་བཅས་ཏེ་བཀའ་སྩལ་བའི་ཆོས། རྒྱུད་ཀྱི་རྣམ་བཤད་མ་གཏོགས་པ་རྣམས་བརྩམས་ཤིང་སློབ་མ་རྣམས་ལ་ལེགས་པར་གསུངས་པས། སློབ་མའི་མཆོག་བཅོ་བརྒྱད་བྱུང་ཞིང༌། དེ་རྣམས་ཀྱི་ནང་ནས་མར་མེ་མཛད་བཟང་པོ། རབ་ཏུ་ཞི་བའི་བཤེས་གཉེན། སྒྲ་གཅན་ཟིན་བཟང་པོ། རྡོ་རྗེ་བདེ་བ་ཆེན་པོ་སྟེ་བཞིས་ནི་ཚེ་དེ་ཉིད་ལ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མངོན་དུ་མཛད་དོ། །སློབ་མ་ལྷག་མ་བཅུ་བཞི་པོའི་མཚན་ནི་གསལ་བར་མ་ངེས་ལ། སློབ་དཔོན་སྨན་ཞབས་ཀྱང་སློབ་དཔོན་གྱི་དངོས་ཀྱི་སློབ་མ་ནི་ཡིན་ནོ། །སྨན་པ་ཞབས་ཀྱིས་ཞལ་ལུང་གི་འགྲེལ་པ་ལ་སོགས་པ་བསྟན་བཅོས་མང་དུ་མཛད་ལ། གཞན་ཡང་འདིའི་སློབ་མ་རིམ་པར་བརྒྱུད་པ་རྣམས་ཀྱིས་རྒྱུད་ཀྱི་འགྲེལ་པ་དང༌། རིམ་པ་གཉིས་ཀྱི་གཞུང་མང་དུ་བརྩམས་པ་ལས་བོད་དུ་ཡང་ཤིན་ཏུ་མང་བར་འགྱུར་རོ། །དུས་ཕྱིས་སློབ་དཔོན་ཨ་བྷ་ཡས་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་ཕྲེང་བ་བརྩམས་པ་ཡང༌། དཀྱིལ་འཁོར་གྱི་ཆོ་ག་བཞི་བརྒྱ་ལྔ་བཅུ་པ་ལ་གཙོ་བོར་བརྟེན་པས་ན། ཡེ་ཤེས་ཞབས་ལུགས་ཀྱི་ཁོངས་སུ་གཏོགསསོ། །སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་དུས་ཕྱིས་རྡོ་རྗེ་གདན་དང་དེ་དང་ཉེ་བ་དག་ཏུ་བཞུགས་ཏེ། ལྷ་ཁང་གསར་དུ་བཞེངས་པ་དང༌། མཆོད་པ་ཡང་རྒྱ་ཆེན་པོ་མཛད་དོ་ཞེས་གྲགསསོ། །བོད་དུ་ནི་ཡེ་ཤེས་ཞབས་ལུགས་རྣམས་དང་པོར་ལོ་ཆེན་རིན་ཆེན་བཟང་པོ་ལ་མང་དུ་བྱུང་ནས་སློབ་མ་རྣམས་ལ་ཡང་གསུངས་ཤིང་རིམ་པར་བརྒྱུད་དོ། པཎྚི་སྨྲྀ་ཏིས་ཀྱང་ཁམས་སུ་ཡེ་ཤེས་ཞབས་ལུགས་རྣམས་མང་དུ་བཤད། སྔོན་གྱི་སློབ་དཔོན་སངས་རྒྱས་གསང་བ་དང་སངས་རྒྱས་ཞི་བ་གཉིས་ཀྱང་ཡེ་ཤེས་ཞབས་ཀྱི་དངོས་ཀྱི་སློབ་མ་ཡིན་ལ་དེ་གཉིས་ཀྱིས་མཛད་ཅིང་འགྱུར་བའི་ཆོས་རྣམས་ཀྱང་ཡེ་ཤེས་ཞབས་ཀྱི་ལུགསསོ། །བར་དུ་པཎྚི་ཏ་སུ་ན་ཡ་ཤྲཱི་དང་གཉན་ལོ་ཙཱ་བ་ཀྱང་བོད་དུ་ཡེ་ཤེས་ཞབས་ལུགས་མང་དུ་བཤད་ཅིང༌། གཉན་གྱི་སློབ་མ་སྣང་ཁའུ་བ་ནས་ཀྱང་མང་དུ་འཕེལ་ལོ། ། ཡང་ལོ་ཙཱ་བ་གཉོས་འབྱུང་བོས་རྒྱ་གར་དུ་བྱོན་ནས། དཔལ་ནཱ་རོ་པ་དང་དུས་མཚུངས་པའི་བ་ལི་ཨཱ་ཙརྻ་ཞེས་ཀྱང་བྱ། ནག་པོ་ཞབས་ཆུང་བ་ཞེས་ཀྱང་བྱ་བ་དེ་ལ་ཡེ་ཤེས་ཞབས་ལུགས་རྣམས་ལེགས་པར་བསླབས།དེའི་སྔར་གྱི་བརྒྱུད་པའི་རིམ་པ་ནི། འཇམ་པའི་རྡོ་རྗེ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། འཇམ་དཔལ་གྲགས་པའི་བཤེས་གཉེན། རྟ་རྫི་པ་དཔལ་བདེ་བ་ཆེན་པོའམ་མཚན་གྱི་རྣམ་གྲངས་ཀ་མ་ལ་ཀུ་ལི་ཤ་དང་ཡན་ལག་མེད་པའི་རྡོ་རྗེ། སློབ་དཔོན་ཡི་གེ་པ། འདི་ནི་རྒྱལ་པོ་ཤྲཱི་དྷརྨ་པཱ་ལའི་ཡིག་མཁན། ཤ་བ་ར་པས་བྱིན་གྱིས་བརླབས་པ་ལས་མཆོག་གི་དངོས་གྲུབ་བརྙེས་ནས། སྔར་གྱི་རྒྱལ་པོའི་བླ་མར་གྱུར་པའོ། །སློབ་དཔོན་ཀརྞ་པ་སྟེ་རབ་ཏུ་བྱུང་བའི་མཚན་ཙནྡ་ནི་པྲ་བྷ་ཝ། དབང་བསྐུར་བའི་མིང་རཏྣ་བཛྲེ། འདི་ཡང་དངོས་གྲུབ་བརྙེས་པ་ཡིན། ཛྙ་ན་ཤྲཱི་མི་ཏྲ་ནི་བི་ཀྲ་མ་ཤྲཱི་ལའི་དབུས་ཀྱི་ཀ་ཆེན་ནོ། །དེས་བ་ལིན་ཨཱ་ཙརྻ་ལ་བཤད་ཅེས་འབྱུང་ངོ༌། །གཉོས་འབྱུང་པོས་རང་གི་སྲས་རྡོ་རྗེ་བླ་མ། དེས་རང་གི་སྲས་གཉོས་དཔལ་ལེ། དེས་རང་གི་སྲས་གཉོས་གྲགས་པ་དཔལ། དེས་རང་གི་སྲས་རྡོ་རྗེ་གཟི་བརྗིད་དམ་སངས་རྒྱས་རས་ཆེན་རྒྱལ་བ་ལྷ་ནང་པར་གྲགས་པ་དེ་ལ་བཤད། དེས་རྩ་རྒྱུད་ཀྱི་ཊཱི་ཀ་ཡང་བརྩམས། ལྷོ་བྲག་དང༌། སྐྱི་ཤོད། ལྷ་ནང་ལ་སོགས་པ་རྣམས་སུ་མང་དུ་བཤད་ཅིང༌། བྱེ་བྲག་ཏུ་ལྷ་རིན་ཆེན་རྒྱལ་པོ་དང་གཙང་དགེ་བྲག་པ་ཚུལ་ཁྲིམས་གཞོན་ནུ་གཉིས་ལ་གསུངས། དེ་གཉིས་ཀ་ལ་མཁས་པ་བྱང་ཆུབ་དར་གྱིས་གསན། དེས་གཟི་བརྗིད་རྒྱལ་པོ་ལ་གསུངས། དེས་བླ་མ་མགོན་པོ་རིན་ཆེན། དེས་སྙན་སྟོན་ཀུན་དགའ་དར། དེས་བླ་མ་རི་པ་ཤཱཀྱ་བཟང་པོ། དེས་གཉོས་རྡོ་རྗེ་བླ་མ་ཞེས་བྱ་བ་གཉོས་ལོ་ཙཱ་བའི་གདུང་བརྒྱུད་དུ་འཁྲུངས་ནས། ཆུང་ངུ་ལ་རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་མཛད་པས་ཡེ་ཤེས་ཞབས་ལུགས་ལ་མཁས་པར་གྱུར་པ་དེ་ལ། བདག་གི་ཡེ་ཤེས་ཞབས་ལུགས་ཀྱི་དབང་འཇམ་རྡོར་དང་འཇིག་རྟེན་དབང་ཕྱུག་གཉིས་དང༌། རྒྱུད་ཀྱི་བཤད་པ། ཞལ་ལུང་ལ་སོགས་པའི་མན་ངག་རགས་པ་ཕལ་ཆེ་བ་ཐོབ་པ་ཡིན་ནོ། །འདིའི་དབང་གི་བརྒྱུད་པ་གཞན་ནི། འཇམ་དབྱངས། ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། ཀུན་དགའ་སྙིང་པོ། ཐ་ག་པ། ཤཱཎྚི་པ། ཤྲིདྡྷཱ་ཀ་ར། པདྨཱ་ཀ་ར། དེ་གཉིས་ལ་ལོ་ཆེན་རིན་ཆེན་བཟང་པོ། རྐྱང་པོ་ཆོས་བློ། དགེ་བཤེས་སྐྱབས་སེ། རྡོ་རྗེ་སྲ་བརྟན། དཀོན་མཆོག་འབར། དགེ་བཤེས་དབང་རིན། ཁམས་པ་ས་ཕུག་པ་ཤཱཀྱ་རྡོ་རྗེ། རོང་པ་ཆོས་མགོན། ལོ་ཙཱ་བ་མཆོག་ལྡན། དཔལ་ལྡན་སེང་གེ བུ་སྟོན་རིན་པོ་ཆེ། ཡང་སངས་རྒྱས་རས་ཆེན། སྟོན་མོ་ལུང་པ་ཡེ་ཤེས་མཁར། བླ་མ་ཆོས་སྐུ་འོད་ཟེར། ཀུན་མཁྱེན་འཕགས་འོད། ཆོས་རྗེ་བུ་སྟོན། རིན་རྣམ་པ། ཀུན་མཁྱེན་ཤེས་རབ་དཔལ་བཟང༌། དེ་ལ་བདག་གིས་ཡེ་ཤེས་ཞབས་ལུགས་ཀྱི་དབང་ལེགས་པར་ཐོབ་བོ། །ཡང་གསང་འདུས་འཇིག་རྟེན་དབང་ཕྱུག་གི་བརྒྱུད་པ་ནི། ཇོ་བོ་རྗེ། ལྷ་བཙུན་པ་བྱང་ཆུབ་འོད། འོལ་བ་བྱང་ཆུབ་རྡོ་རྗེ། རྒྱ་ལྕགས་རི་གོང་ཁ་བ། རྫིང་བུ་ཁ་པ། ཐང་སྟོད་པ་ཆོས་ཀྱི་འོད། ཞང་ཡེས། གཟེ་བ་དོན་གྲུབ་མགོན། བར་ཐང་པ་ཡབ་སྲས། དར་མ་ཤཱཀྱ། བསོད་ནམས་དབང་ཕྱུག །ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ བུ་སྟོན་ཁ་ཆེ། བྱང་ཆེན་འཇམ་རིངས་པ། ཀུན་མཁྱེན་ཤེས་རབ་དཔལ་བཟང༌། དེས་བདག་ལ་གནང་བ་ལགསསོ། །ཡེ་ཤེས་ཞབས་ལུགས་ཀྱི་སྐབསསོ། །

༧.༤ གཤིན་རྗེ་གཤེགས་ཀྱི་སྐོར་གྱི་སྐབས། གཤིན་རྗེ་གཤེད་ཀྱི་སྐོར་རྣམས་ཇོ་བོ་རྗེས་ནག་ཚོ་ལོ་ཙཱ་བ་ལ་གསུངས་ཤིང༌། འགྱུར་ཡང་རྒྱུད་དང་འགྲེལ་བ་ལྷན་སྐྱེས་སྣང་བ་སོགས་བསྒྱུར། ཡང་ནག་ཚོས་ནག་པོ་དམ་ཚིག་རྡོ་རྗེ་ལ་ཡང་གསན། དམ་ཚིག་རྡོ་རྗེས་ཕྱིས་དབུས་གཙང་དུ་བྱོན་ནས་གཤེད་སྐོར་གྱི་བཤད་པ་མཛད་པ་ལས་ཀྱང་མང་དུ་མཆེད་ཅིང༌། ནག་ཚོས་རོང་པ་ཕྱག་སོར་བ་ལ་གཤེད་སྐོར་བཤད་པ་ལས་ཀྱང་མཆེད། འགོས་ཀྱིས་ཀྱང་གཤིན་རྗེ་གཤེད་ཀྱི་རྒྱུད་ལ་བཤད་པ་འགའ་རེ་མཛད། སྙིང་མའི་འཆར་ཀར་གྲགས་པ་ལ་ཡང་ཕྱག་ལེན་མཛད་དོ། །ལོ་ཙཱ་བ་གཞན་དག་ལ་ཡང་ལུང་ཙམ་བྱུང་མོད་ཀྱི། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱིས་གཤེད་སྐོར་མང་དུ་བཤད་ཅིང༌། རྒྱུན་ཡང་རིང་དུ་གནས་པ་ཡིན་ནོ། །དེ་ལ་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ནི། སྙེ་ནམ་སྣང་ཡུལ་དུ་འཁྲུངས། བྱིས་པའི་དུས་ན་ལྷ་མོ་རེ་མ་ཏིས་ཕུ་རུང་ནང་དུ་བཅུག་ནས་ཟླ་བ་གཉིས་སུ་ཁམས་བསྐོར་ཞིང༌། དེ་ནས་མ་ལ་གཏད། དུས་ཕྱིས་རབ་ཏུ་བྱུང་ཞིང་བསྙེན་པར་ཡང་རྫོགས། དེ་ནས་བལ་ཡུལ་དུ་བལ་པོ་ཐུགས་རྗེ་ཆེན་པོ་ལ་གཙོ་བོར་བརྟེན་ཅིང༌། དེ་ལ་ནཱ་རོ་པ་ནས་པྲཛྙཱ་རཀྵི་ཏ། དེས་བལ་པོ་ཐུགས་རྗེ་ཆེན་པོ་ལ་གསུངས་ནས། དེ་ལ་རྭ་ལོས་ལེགས་པར་གསན་ཞིང་མང་དུ་མཁྱེན་པ་ནི། འདི་ལྟ་སྟེ། བདེ་མཆོག་རྩ་རྒྱུད་དང་། སམྦུ་ཊ་དང༌། རྡོ་རྗེ་མཁའ་འགྲོ་དང་། རྒྱུད་བླ་མ་མངོན་བརྗོད་བླ་མ་དང༌། ཧེ་རུ་ཀ་མངོན་འབྱུང་དང༌། ཀུན་སྤྱོད་དང༌། ཕག་མོ་མངོན་འབྱུང་དང༌། ནག་པོའི་ཆོས་དྲུག་དང༌། ལཱུ་ཡི་པ། རྡོ་རྗེ་འཇིགས་བྱེད་ཀྱི་སྐོར་དང༌། གཤིན་རྗེ་གཤེད་ནག་པོའི་སྐོར་དང་། གདོང་དྲུག་གི་སྐོར་དང༌། མཚན་བརྗོད་དང༌། ཞལ་གཉིས་མའི་སྐོར་དང་། སྒོམ་གྱི་གདམས་ངག་དང༌། བར་ཕུ་དང་མགོན་ཆུང་ལ་སོགས་པ་སྲོག་སེར་གྱི་གདམས་པ་དང་བཅས་པ་མཁྱེན། དེ་རྣམས་པཎྚི་ཏ་འབའ་ཞིག་གི་ཆོས་ལས་བོད་ཆོས་དང་བསྲེས་པ་མ་ཡིན་པས། འབྲེ་ཤེས་རབ་འབར་གྱི་ཞལ་ནས། བོད་དུ་འགྱུར་བའི་ཆོས་ལ་དགེ་བཤེས་རྭ་ལོ་ཙཱ་བའི་ཆོས་ལས་ཞེ་ཞིམ་པ་མེད་དེ། པཎྚི་ཏ་མཁས་པ་རྣམས་ཀྱི་དགོངས་པ་ལོན་ཞིང༌། བོད་ཆོས་ཀྱི་སྲེས་སླད་མེད་པས་སོ་ཞེས་གསུང༌། ཕྲིན་ལས་ཕུན་སུམ་ཚོགས་པས་འཁོར་ཡང་ལྷ་བཙུན་སྔོན་མོ་ལ་སོགས་པ་ཆེ་དགུ་དང༌། དགེ་བའི་བཤེས་གཉེན་ཡང་འགར་སྟོང་བཙན་ནམ་མཁའ་དང་ཞང་ཚེས་ཆུང་བ་དང༌། སོ་ཚབ་འདུལ་འཛིན་དང༌། གཉགས་རི་པ་དང༌། འབྲེ་ཤེས་རབ་འབར་དང༌། འབན་དཀོན་མཆོག་རྡོ་རྗེ་དང༌། རོག་མངོན་པ་བ་དང༌། ཞུ་བཀའ་གདམས་པ་དང༌། མཐའ་བཞི་པ་སོ་ཐང་པ་དང༌། སྟག་པ་ཁ་ཆེ་དང༌། དཔྱལ་ལོ་ཙཱ་བ་ཀུན་དགའ་རྡོ་རྗེ་དང༌། ཞང་ས་ག་པ་དང་། ཞང་གཙང་འོད་དང༌། སྒང་ཨིནྡྲ་དང༌། སྣུར་ཉི་མ་དང་བ་རེག་ཐོས་པ་དགའ་དང༌། ལྷ་རྗེ་དབ་དང༌། གྲན་བུ་བ་རིན་ཆེན་གྲགས་དང༌། གླུན་རྒྱམ་ལེགས་དང༌། གླུན་སེ་བོ་ཤཱཀྱ་རྒྱལ་དང༌། གླུན་ཙནྡྲ་དང༌། གླུན་རྡོར་པོ་དང༌། རྒྱ་ལོད་ཆོས་གྲགས་དང༌། མར་པ་བསོད་རིན་དང༌། ཨ་མེ་མི་ཉག་དང༌། རྒྱ་དར་སེད་དང༌། བྱང་རན་སྟོན་པ་དང༌། མྱང་དང༌། རོགས་ཀྱུགས་སེ་དང༌། ཁྱུང་པོ་དར་མ་འབར་དང༌། ཁྱུང་པོ་ཕུ་རེ་དང༌། སྣ་ལོ་ཙཱ་བ་དང༌། འཚེ་མི་བསོད་ནམས་འབར་དང་། འཚེ་མི་ཚུལ་པོ་དང༌། ཕུར་ཙནྡྲ་དང་། ཞང་དང༌། རྭ་སྒོམ་རྡོ་རྗེ་རྒྱལ་པོ་དང༌། རོང་པ་རྒྱ་ལེ་དང༌། མ་བླ་མ་བྲང་པ་དང༌། རྩངས་ཡང་དག་འབར་དང༌། བླ་མ་མཐའ་དང༌། དཔོན་རྐུན་པོ་དང༌། བཙད་ཚ་ལྕམ་མེ་དང༌། རྔོག་མདོ་སྡེ་དང༌། ཁུ་ལོ་ཙཱ་བ་མདོ་སྡེ་འབར་དང༌། གྲགས་དང༌། ནེ་ཙོ་དང༌། མདོ་སྡེ་གྲགས་དང༌། ཤོ་རྡོ་རྗེ་རྒྱལ་མཚན་དང༌། ཤོ་དགེ་འདུན་དང༌། འཛར་དགེ་པོ་དང་། འགར་ཨ་ཙ་དང༌། སྙི་བ་དང༌། ལང་ཚ་སྟོན་ནག་དང༌། གྲོལ་གྲུབ་པ་དང༌། འབྲེ་ཁ་སྒྱོག་པ་དང༌། ཀྱུ་ར་ཨ་སྐྱབས་དང༌། རབ་དཔྱ་ཇོ་སྲས་དང༌། ཏྲེ་བོ་མཆོག་བླ་དང༌། ངོ་ཁྲོ་ཡོན་ཚུལ་དང༌། དབང་དང༌། སེ་རིགས་དང༌། ཟུར་ཧོར་པོ་དང་སྤང་གྱང་བླ་མ་དང༌། མ་ཐོག་བྱང་འབར་ལ་སོགས་པ་དང༌། ཁྱད་པར་བོད་ལ་མཁས་པར་གྲགས་པའི་ཏྲེ་བོ་མགོན་པོ་རྣམསསོ། །གྲངས་ནི། གཉལ་དུ་སམྦྷོ་རའི་ཆོས་འཁོར་ལ་གྲྭ་པ་བཙུན་པ་ནག་པོའི་རྒྱུད་ལདཔེ་ཐོགས་སྟོང་ཉིས་བརྒྱ། སྔགས་པ་དཔེ་ཐོགས་བརྒྱད་བརྒྱ་སྟེ་ཉིས་སྟོང་བྱུང༌། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ལ་གསེར་སྲང་རེ། ནག་པོའི་རྒྱུད་དང་གདོང་དྲུག་གི་རྒྱུད་དང༌། བདེ་མཆོག་གི་རྒྱུད་བརྒྱད་དང༌། ནག་པོའི་ཆོས་དྲུག་དང༌། ལཱུ་ཡི་པ་དང༌། འཇམ་དཔལ་དང༌། ཞལ་གཉིས་མ་རྣམས་ལ་གསེར་ཞོ་རེའི་གསེར་ཆོས་བྱས། ཁྲིགས་སུ་མ་བཅད་པའི་འབུལ་བ་ལ་ནི་གྲངས་མེད་པ་བྱུང༌།ཕྱག་བཞེས་ལ། རྒྱ་གར་དུ་བི་ཀྲ་མ་ཤཱི་ལར་གསེར་གྱི་ཉི་ཁྲི་ཚར་གཅིག་བསྟན་པ་མ་ཞིག་བར་དུ་ཀློག་པའི་ཆ་རྐྱེན་ལ་གསེར་སྲང་བརྒྱ། གསེར་གྱི་བརྒྱད་སྟོང་པ་ཆ་གཅིག་དང༌། སྡེ་པ་བཞིའི་པཎྚི་ཏ་བརྒྱད་ཅུ་རྩ་བཞི་ལ་གསེར་གྱི་སྡུད་པ་བརྒྱད་ཅུ་རྩ་བཞི་བསྟན་པ་མ་ཞིག་བར་དུ་ཀློག་པའི་ཆ་རྐྱེན་གསེར་སྲང་བརྒྱ། བླ་མ་བྷ་རོ་ཕྱག་རྡུམ་ལ་གསེར་སྲང་བརྒྱ་ཕུལ། གསེར་སྲང་གསུམ་བཞི་ཙམ་རེ་ལ་རྐྱེན་བྱས་ནས་ཧ་མུ་ཉིས་བརྒྱ་ཙམ་བསགས་པའི་ཚོགས་འཁོར་བརྒྱ་རྩ་བརྒྱད་བཏང༌། བལ་པོ་ཐུགས་རྗེ་ཆེན་པོ་བོད་དུ་སྤྱན་དྲངས་ནས་ཕྱིར་ཐེགས་དུས་གསེར་སྲང་སྟོང་བརྫངས། མ་གཤེགས་བར་དུ་འབུལ་བ་ཐེངས་སུམ་ཅུ་སོ་བདུན་ཐེངས། བསམ་ཡས་ཀྱི་འཁོར་ས་ཀླུ་མེས་དང་སྦ་རེག་གི་ཆགས་སྡང་གིས་མེ་ཕོ་ཁྱིའི་ལོ་ལ་བསྲེགས། གྱང་ཚུན་ཆད་འགྱེལ་བ་ལ་འོལ་ཁ་ནས་ཤུག་པ་རྣམས་གཙང་པོ་ལ་གྱེན་ལ་དྲངས། གྱང་བཏང༌། ཤིང་བཟོ། གསེར་བཟོ། ལྕགས་མགར། ལྷ་བཟོ་ལ་སོགས་པའི་བཟོ་བོ་ལྔ་བརྒྱ་ཙམ་གྱིས་ལོ་གསུམ་གྱི་བར་དུ་ཞིག་གསོས་བྱས། དེའི་ཞབས་ཏོག་གི་ལག་ལེན་ནི་སྟོན་པ་རིན་ཆེན་རྡོ་རྗེས་བྱས། སྤྱིར་ན་དེ་ལ་ཁལ་འབུམ་ཚོ་ཅིག་སོང༌། དེའི་ཚོན་རྩི་ལྷག་གིས་གཙང་འཕྲང་གི་ཁྱམས་དབུ་རྩེ་དང་བཅས་པ་གསོས། ཡུན་ལོ་གཉིས་སོང༌། གཉེར་ལོ་ཙཱ་བ་རྭ་ཆོས་རབ་ཀྱིས་བྱས། ཡོ་བྱད་ཁལ་ཁྲི་ཚོ་གཅིག་སོང༌། གནས་གཞི་རྣམས་སུ་ཞབས་ཏོག་མཛད་པ་ལ། ངུར་སྨྲིག་པ་ལ་འབུམ་ཆ་གསུམ་གྱིས་སྣ་དྲངས་འབུལ་བ་མང་དུ་ཕུལ། དེར་བསྟན་པ་མ་ཞིག་བར་དུ་འགྲོན་ཟན་གཏང་བའི་ཆ་རྐྱེན་ལ་ལྗིད་སྙོམས་ཀྱི་ཁལ་ཁྲི་ཚོ་གསུམ་ཕུལ། བྱེ་མདའ་བ་ལ་མདོ་སྡེས་སྣ་དྲངས་པའི་པུ་སྟི་བརྒྱ། འགྲོ་ཟན་རྒྱུན་གྱི་ཆ་རྐྱེན་ཁལ་ཁྲི་ཚོ་གསུམ་ཕུལ། དཀྱུས་ཐང་པ་ལ་འབུམ་ཆས་སྣ་དྲངས་པའི་པུ་སྟི་ལྔ་བཅུ། ལོ་རེ་བཞིན་འགྲོན་ཟན་ཟླ་བ་རེའི་ཆ་རྐྱེན་ལ་ཁལ་ཁྲི་ཚོ་གཅིག །ཉན་ཚོ་བ་དང༌། ལྕང་ར་བ་ལ་ཡང་དེ་དང་མཉམ་པ་ཕུལ། ཤོ་སྐྱམ་པ་ལ་མདོ་སྡེས་སྣ་དྲངས་པའི་པུ་སྟི་བརྒྱ་ཐམ་པ། འགྲོན་ཟན་ཐེས་ཁལ་ཁྲི་ཚོ་གཅིག །རེ་དུལ་བ་ལ་དེ་དང་མཉམ་པ་ཕུལ། སཱ་ཙ་འབུམ་ཚོ་འབུམ་བཏབ། འབུམ་ཚོ་རེ་ལ་ཁལ་བཞི་བཅུའི་ཆ་རྐྱེན་དུ་བཅད། ཀློག་འདོན་རྒྱ་དཔེའི་ཉི་ཁྲི་དང་བརྒྱད་སྟོང་པ་འདོན་པའི་ཨ་ཙ་རའི་མཆོད་གནས་དྲུག །ལཱུ་ཡི་བ་སྒོམ་པ་རེ་དང་བདུན་རྒྱུན་དུ་འདེགས། གཞན་ཡང་གསུང་རབ་བརྒྱ་ཚར་སྟོང་ཚར་མཛད། རྔོག་ལོ་ལ་འབུམ་གྱིས་སྣ་དྲངས་པའི་འབུལ་བ་དང༌། ཁྲི་ཚོ་ཕོགས་བྱས་པའི་ཆོས་འཁོར་བཙུགས། དེ་དང་མཉམ་པ་གླང་རི་ཐང་པ་ལ་ཡང་ཕུལ། དེ་བཞིན་བཙན་ཁ་བོ་ཆེ་ལ་ཡང་དེ་དང་མཉམ་པ་ཕུལ། རྒྱ་འདུལ་ལ་འབུམ་གྱིས་སྣ་དྲངས་པའི་འབུལ་བ་དང༌། བརྒྱ་ཕོགས་ཀྱི་ཆོས་འཁོར་བཙུགས། དེ་དང་མཉམ་པ་ཇོ་བཙུན་ཁྱུང་ལ། དེ་དང་མཉམ་པ་འབྲེ་ལ། དེ་དང་མཉམ་པ་འབན་ལ། དེ་དང་མཉམ་པ་རོགས་ངོན་པ་བ་ལ། དེ་དང་མཉམ་པ་སྟག་པ་ཁ་ཆེ་ལ་ཕུལ་ཏེ་གཏམ་འདི་རྣམས་བླ་མ་ཡེ་ཤེས་སེང་གེས་མཛད་པའི་རྣམ་ཐར་ལས་བཏུས་པའོ། །ཁོང་གིས་སྤྱིར་ཆོས་མང་དུ་གསུངས་པ་དང༌། ཁྱད་པར་གཤིན་རྗེ་གཤེད་ཀྱི་སྐོར་རྣམས་འཁོར་ཉིས་སྟོང་ལྷག་པ་ལ་གསུང་སྣང་བས། དེ་རྣམས་ལས་འཕེལ་བ་བགྲང་བར་མི་ནུས་ལ། གཞན་དེ་དག་གི་བཤད་པའི་རྒྱུན་རཱ་ལོ་ཙཱ་བ་ཆོས་རབ། རྭ་ཡེ་ཤེས་སེང་གེ རྭ་འབུམ་སེང༌། རྗེ་བཙུན་རྒྭ་ལོ། བླ་མ་ཤེས་རབ་སེང་གེ་བ་ཁུ་དབོན་སྐུ་མཆེད་རྣམས་ལ་ནར་མར་བྱུང་ཞིང༌། དེ་དག་ལས་མཆེད་པ་ཡང་བགྲང་པར་མི་ནུསསོ། །གཤིན་རྗེ་གཤེད་དམར་པོའི་རྒྱུད་ལེའུ་བཅུ་དགུ་པ་ལ། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་དང་ཤོང་བློ་བརྟན་གཉིས་ཀྱི་འགྱུར་སྣང་ནའང༌། རྒྱུད་ལ་བཤད་པའི་སྲོལ་བྱུང་བར་ནི་མི་ཐོས་ལ། གཤིན་རྗེ་གཤེད་དམར་པོ་ལ་ཡི་དམ་དུ་མཛད་པ་ནི་དཔྱལ་ཆོས་བཟངས་དང༌། ཆག་ལོ་ཙཱ་བ་དང༌། བུ་རིན་པོ་ཆེ་ལ་སོགས་མང་ངོ༌། །གཞན་ཡང་གྲུབ་ཐོབ་དར་པཎ་དང་རེ་བེནྡའི་སློབ་མ་གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་བི་རཱུ་བ་ལས་བརྒྱུད་པའི་གཤེད་དམར་གྱི་མན་ངག་གཞུང་ཆུང་དང་བཅས་པ་ཡང་དབུས་གཙང་དུ་མང་དུ་མཆེད་ནའང༌། དར་པཎ་ལས་བརྒྱུད་པའི་རྒྱུད་ཀྱི་བཤད་པ་ནི་བྱུང་བར་མ་ཐོས་སོ། །གཤེད་སྐོར་གྱི་སྐབསསོ། །

༧.༥ བདེ་མཆོག་གི་སྐབས། དཔལ་བདེ་མཆོག་གི་དབང་དང་རྒྱུད་ཀྱི་བཤད་པ་སྒྲུབ་ཡིག་དང་བཅས་པ་མང་དུ་བྱུང་བ་རྣམས་དང་པོར་ལོ་ཆེན་སློབ་བརྒྱུད་དང་བཅས་པ་ལ་ཡང་བྱུང་ཞིང༌། ཕྱིས་ནི་མར་པ་དོ་བ་དང༌། སྤུ་ཧྲངས་ལོ་ཆུང་དང༌། མལ་གྱོ་ལ་སོགས་པ་ལས་རྒྱུད་ཀྱི་བཤད་པ་མང་དུ་བྱུང་སྟེ། དེ་ཡང་རྗེ་འཆང༌། ཕྱག་ན་རྡོ་རྗེ། ས་ར་ཧ། ཤ་བ་རི་དབང་ཕྱུག་དེའི་སློབ་མ་ལཱུ་ཡི་པ་ཡིན་ཏེ། འདི་ལ་ཁ་ཅིག་ནི་ལུ་ཨི་པ་ཞེས་ཟེར། ཁ་ཅིག་ནི་ལུ་ཧི་པ་ཞེས་ཟེར་རོ། །བདག་གི་བླ་མ་པཎ་ཆེན་གྱི་ཞལ་སྔ་ནས། དེས་མཛད་པའི་རྫོགས་པའི་རིམ་པའི་ཡི་གེ་ཚིགས་སུ་བཅད་པ་བཅོ་བརྒྱད་པའི་རྒྱ་དཔེར་ལཱུ་ཡི་ཞེས་པ་སྣང་བས་འདི་ཁོ་ན་དག་པ་ཡིན་གསུང་ངོ༌། །ལཱུ་ཡི་པས་རྒྱལ་པོ་དཱ་རི་ཀཱ་པ་དང༌། བློན་པོ་ཌངྒི་པ་ལ་བཤད། དེས་རྡོ་རྗེ་དྲིལ་བུ་བ་ལ་བཤད། དེས་རུ་སྦལ་ཞབས་ཅན་ལ། དེས་ཛ་ལནྡྷ་ར་པ་ལ། དེས་ནག་པོ་སྤྱོད་པ་བ་ལ། དེས་རྣམ་རྒྱལ་ཞབས་ལ། དེས་ཏིལླི་པ་ལ། དེས་ནཱ་རོ་པ་ལ་བཤད་དོ། །དེ་ཡན་ཆད་ཀྱི་རྣམ་པར་ཐར་པ་རྣམས་ནི་ཤིན་ཏུ་མང་བ་སྣང་བས་མཐོང་བར་སླ་བའི་ཕྱིར་མ་བྲིས་ལ། ན་རོ་པ་ནི་བི་ཀྲ་མ་ཤཱི་ལའི་བྱང་ཕྱོགས་ཀྱི་སྒོ་བསྲུངས་པ་ཡིན། དེ་ལ་སློབ་དཔོན་ཤཱནྟི་བ་དང༌། རྗེ་བཙུན་མཻ་ཏྲི་བས་ཀྱང་གསན། ཤཱནྟི་བ་ལ་ནི་ཇོ་བོ་རྗེ་ལྷ་གཅིག་གིས་གསན་པ་ཡིན་ཏེ། ཇོ་བོས་ནི་མངའ་རིས་སུ་ལོ་ཆེན་དཔོན་སློབ་ལ་གསུངས་ཤིང༌། གཙང་རོང་གི་འགར་དགེ་བ་ལ་ཡང་གསུངས་ཏེ། དེ་ཡང་ལྷ་སྦས་ཀྱི་འགྲེལ་བའི་སྟེང་ནས་གསུངས་པ་ཡིན་ཞེས་གྲགསསོ། །ཡང་དབུས་སུ་ནག་ཚོ་ལོ་ཙཱ་པ་དང༌། ཁམས་པ་བགྲེས་པོ་ཞིག་ལ་ཡང་གདམས་པ་རྣམས་གསུངསསོ། །ཡང་བལ་པོ་ཕམ་མཐིང་ཞེས་ཀྱང་གྲགས་ཨ་དེས་པ་ཆེན་པོ་ཞེས་ཀྱང་ཟེར་བ་དེ་ལ། གཅེན་པོ་དྷརྨ་མ་ཏི། གཅུང་པོ་དུས་འཁོར་བ་དང༌། ཐང་ཆུང་བ་གཉིས་ཏེ་སྐུ་མཆེད་བཞི་ཡོད་པ་ལ། དྷརྨ་མ་ཏིས་ནཱ་རོ་པའི་སྤྱན་སྔར་ལོ་བཅུ་གཉིས་བཞུགས། དེ་ཕམ་མཐིང་བས་སྤྱན་འདྲེན་དུ་ཕྱིན་པས། གཅེན་གྱི་ཞལ་ནས། ཁྱོད་རང་འདིར་སྡོད་ཅིག །ང་བླ་མའི་ལུང་བསྟན་ཡོད་པས་རི་བོ་རྩེ་ལྔ་ལ་འགྲོ་ཟེར་ནས་གར་བཞུད་ཆ་མེད་པར་བཞུད་དོ། །ཕམ་མཐིང་པས་ནི་ནཱ་རོ་པ་ལོ་དགུ་བསྟེན། བདེ་མཆོག་དང་ཀྱེ་རྡོར་ལ་སོགས་པའི་ཆོས་མང་པོ་གསན། ཁྱད་པར་དུ་བདེ་མཆོག་གི་སྒོ་ནས་དམན་པ་དང་འབྲིང་གི་དངོས་གྲུབ་ཀྱང་ཐོབ་པར་མཛད། གཅུང་པོ་དུས་འཁོར་བས་ནཱ་རོ་པའི་སྤྱན་སྔར་ལོ་ལྔ་བཞུགས་ཏེ། བདེ་མཆོག་ལ་སོགས་པའི་ཆོས་མང་དུ་གསན། ཐ་ཆུང་ཐང་ཆུང་བས་ཀྱང་དུས་འཁོར་བ་སྤྱན་འདྲེན་དུ་ཕྱིན་པས། ནཱ་རོ་པ་ལ་དབང་དང་རྒྱུད་མན་ངག་དང་བཅས་པ་ཅུང་ཟད་ཙམ་ཐོབ། ཐང་ཆུང་བ་ལ་གཅེན་པོའི་ཞལ་ནས། ཁྱོད་ངག་གི་དབང་ཕྱུག་བསྒྲུབས་ཤིག་གསུང་ནས་བསྒྲུབས་པས། ཆུ་ལ་མེ་ཏོག་བསྐུར་བ་ལ་ལན་གསུམ་དུ་ཡར་ལོག་བྱུང་བའི་དང་པོ་གཉིས་སུས་ཀྱང་མ་མཐོང༌། ཐ་མ་དེ་ཡར་ལོག་བྱུང་བ་བླངས་པས་ངག་གི་དབང་ཕྱུག་ཆེ་འབྲིང་གཉིས་མ་ཐོབ་ཀྱང༌། ཐ་མ་ཚིགས་སུ་བཅད་པ་རྩོམ་པ་དང་མང་པོ་ཟིན་པ་ཙམ་ཞིག་བྱུང༌། མེ་ཏོག་མར་ལ་ལོག་ཏུས་གཡོག་པོ་བྷ་དནྟས་དེའི་ཆུ་ལ་འཐུངས་པས་ཀྱང་ཤེས་རབ་ཤིན་ཏུ་ཆེ་བ་གྱུར། ཕམ་མཐིང་བའི་གསུང་གིས་ཐང་ཆུང་བ་ལ། ཁྱོད་བོད་དུ་སོང་ལ་གསེར་ཚོལ་འདིར་རྒྱུན་བཞག་གི་མེ་སྦོར་བ་གྱིས་གསུང་བ་ལ། ཐང་ཆུང་བས་བྷ་དནྟ་གཡོག་ཏུ་ཁྲིད་ནས་གཉལ་ཚུན་ཆད་དུ་བྱོན། གཡོག་པོ་བྷ་ད་ནྟས་དུར་སྨྲིག་ཏུ་རྟ་གསོ་ཞིང་བསྡད་པའི་ཚེ། བོད་སྐད་ཤེས་ཤིང་པྲང་ཏི་ལ་མངོན་པ་ཀུན་ལས་བཏུས་མཉན་པས་ཤེས། སློབ་དཔོན་དང་རྩོད་པ་བྱས་པས་ཀྱང་བྷ་དནྟ་རྒྱལ། བྷ་དནྟས་ང་པཎྚི་བྱས་ཏེ་འོང་བས་དེའི་ཚེ་སློབ་དཔོན་གྱིས་སྣེ་ལེན་དགོས་ཟེར་བ་བྱས། ཁོང་དཔོན་གཡོག་གིས་གསེར་སྲང་ལྔ་བརྒྱ་རྙེད། རྒྱུན་བཞག་དང་ཚོགས་རྒྱུན་རིང་དུ་མ་ཆད་པར་ཡོད་པ་ཡིན་ནོ། །ལོ་ཙཱ་བ་ཀློག་སྐྱ་ཤེས་རབ་རྩེགས་ཀྱིས་ཕམ་མཐིང་བ་ལ་བདེ་མཆོག་སྐོར་གསན་ནས་བོད་དུ་བྱོན་པའི་ཚེ། མལ་གྱོ་ལོ་ཙཱ་བ་བློ་གྲོས་གྲགས་ཀྱིས་བདེ་མཆོག་གི་དབང་དང་སྒྲུབ་སྐོར་རྣམས་ཞུས། ཕྱིས་མལ་གྱོ་ཉིད་བལ་པོར་བྱོན་ནས་ཕམ་མཐིང་བ་སྐུ་མཆེད་དང༌། ནཱ་རོ་པའི་སློབ་མ་བྱང་ཆུབ་བཟང་པོ་དང༌། བལ་པོ་ཀ་ན་ཀ་ཤྲཱིའི་སློབ་མ་བལ་པོ་ཐུགས་རྗེ་ཆེན་པོ་རྣམས་ལ་བདེ་མཆོག་སྐོར་ལེགས་པར་གསན། དེ་ལ་བླ་མ་ས་ཆེན་གྱིས་གསན། དེས་ཕྱིས་རྒྱུད་ལ་བཤད་པ་མཛད་པའི་ཚེ་སྐུ་ལུང་པ་བསོད་ནམས་རྡོ་རྗེས་ཟིན་བྲིས་སུ་བཏབ། དེ་ལ་ས་ཆེན་གྱིས་མཛད་པའི་ཊཱི་ཀར་ཡང་གྲགས། ས་ཆེན་གྱིས་རང་གི་སྲས་རྩེ་མོ་སྐུ་མཆེད་ལ་གསུངས། རྗེ་བཙུན་གྱིས་ས་སྐྱ་པཎ་ཆེན་ལ་བཤད། དམར་ཆོས་ཀྱི་རྒྱལ་པོས་རྗེ་བཙུན་ལ་བདེ་མཆོག་གསན་ཞིང༌། པཎ་ཆེན་ལ་རྒྱུད་གསུམ་མན་ངག་དང་བཅས་པ་ཡང་ལེགས་པར་བསླབས།དམར་ཆོས་ཀྱི་རྒྱལ་པོ་དེ་ནི། སྤུ་ཧྲངས་ལོ་ཆུང་གི་སློབ་མ་དམར་ཆོས་ཀྱི་རྒྱལ་མཚན་གྱི་དབོན་བརྒྱུད་ཡིན་ཏེ། དཔོན་པོ་དམར་ཤེས་རབ་རྡོ་རྗེ། ཐུབ་པ་ཤེས་རབ། བརྩོན་འགྲུས་རྡོ་རྗེ་རྣམས་བྱུང་བ་ལས། རང་གི་ཁུ་བོ་བརྩོན་འགྲུས་རྡོ་རྗེ་ལ་རང་གི་བླ་མ་ནས་བརྒྱུད་པའི་བདེ་མཆོག་དང༌། ཡོ་ག་དང༌། ལོ་ཙཱ་ཆོས་དྲུག་ལ་སོགས་པ་ཡང་ཐུགས་སུ་ཆུད་པར་མཛད་དོ། །ས་སྐྱ་པ་ཡབ་སྲས་ལས་མཆེད་པའི་བདེ་མཆོག་གི་བཤད་པ་འཛིན་པའི་སློབ་མ་བརྒྱུད་པ་དང་བཅས་པ་འབྱུང་བར་ནི་རིགས་ནའང༌། དམར་ཆོས་རྒྱལ་ཙམ་མ་གཏོགས་གཞན་མ་ཐོས་པས་ཡི་གེར་བྲི་བར་ནི་མི་ནུསསོ། །མར་པ་དོ་བ་ནི། དགེ་བའི་བཤེས་གཉེན་ཤ་སྟག་གི་བརྒྱུད་པ་ལས་ཡར་འབྲོག་བླ་དོའི་རྒྱགས་སུ་སྐུ་འཁྲུངས། ཡབ་དགེ་བཤེས་ཆོས་རྒྱལ་བྱ་བ་ཡིན། ཁོང་རང་གི་མཚན་ཆོས་ཀྱི་དབང་ཕྱུག །དང་པོར་པཎྚི་ཏ་ཞིག་ལ་སྐད་བསླབས་ཤིང༌། རོང་ཟོམ་ཆོས་ཀྱི་བཟང་པོ་ལ་ཡང་གཏུགས། ཕྱིས་གོ་རུབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་ལ་ཡང་བསླབས། དེ་ནས་བལ་ཡུལ་དུ་བྱོན། དེར་མར་པ་ལྷོ་བྲག་པ་རྒྱ་གར་ནས་ཚུར་ལོག་པ་དང་མཇལ་ཟེར། འདི་དང་ཅོག་རོ་ཆོས་རྒྱལ་གྱིས་མཇལ་བའི་གཏམ་བརྒྱུད་ལྟར་ན། ལོ་ཙཱ་བ་འདི་རྗེ་མར་པའི་སུམ་ཅུ་རྩ་གཅིག་པ་ཙམ་ལ་འཁྲུངས་པ་འདྲ། སྐུ་ཚེའི་ཚད་ནི་དགུ་བཅུ་རྩ་ལྔ་བཞུགས། དེས་མར་པ་ལྷོ་བྲག་པ་ལ་གསེར་ཞོ་གང་གི་ཕྱག་རྟེན་བྱས་པས། གསེར་སེ་བ་རེ་ལ་ཡང་འཐོགས་འོང་བས་ཁྱེད་རང་ཁྱེར། ང་བོད་དུ་གསེར་འཆག་ཏུ་འགྲོ་བ་ཡིན་གསུང་ཞིང༌། ནཱ་རོ་པ་སྤྱོད་པ་ལ་གཤེགས་ནས་མེད་པས་ནཱ་རོ་པའི་སློབ་མ་བཞི་ལ་ཆོས་ཉོན་ཞེས་གསུང༌། དེ་ནས་ཏི་ར་ཧུ་ཏིར་ཕེབས་དུས་མི་མང་པོ་འདུ་ཞིང་འདུག་པ་ཅི་ཡིན་དྲིས་པས། ནཱ་རོ་པ་ཕེབས་པ་ལ་བལྟ་བ་ཡིན་ཟེར། དེར་ཁྲོམ་གསེབ་ཏུ་ཕྱིན་ནས་ནཱ་རོ་པའི་དྲུང་དུ་སླེབ་ཙ་ན། གསེར་ཞོ་གང་ཕུལ་བས། ལན་གཅིག་ཕྱག་ཏུ་བཞེས་ནས་ས་ལ་བསྐྱུར། སྤྱན་ཆེར་བ་ཅིག་གཟིགས་བྱུང༌། གསུང་ནི་ཅི་ཡང་མ་བྱུང་སྟེ། བྱིན་གྱིས་བརླབས་པར་ངེས་ཤེས་སྐྱེས། དེ་ནས་རྒྱ་གར་དབུས་སུ་ཕེབས། ལྷོ་བྲག་པའི་གསུང་བཞིན་དུ་ནཱ་རོ་པའི་སློབ་མ་མ་ན་ཀ་ཤྲཱི། པྲཛྙཱ་རཀྵི་ཏ། ཁ་ཆེ་བྱང་ཆུབ་བཟང་པོ། པྲ་མུ་ད་བཛྲ་རྣམས་ལ་ནཱ་རོ་པའི་ལུགས་ཀྱི་བདེ་མཆོག་གི་དབང་དང་རྒྱུད་དང་མན་ངག་རྣམས་ལེགས་པར་གསན། པཎྚི་ཏ་གཞན་ལ་ཆོས་མང་དུ་གསན།ཕྱིར་བལ་པོར་ཕེབས་དུས་ཕམ་མཐིང་བ་དང༌། དེའི་གཅུང་པོ་ངག་གི་དབང་ཕྱུག་དང༌། བལ་པོ་ཀ་ན་ཀ་ཤྲཱི་རྣམས་ལ་ནཱ་རོ་པའི་ལུགས་ལེགས་པར་གསན། མཻ་ཏྲི་བའི་དངོས་ཀྱི་སློབ་མ་རྒྱ་གར་ཕྱག་ན་བལ་པོ་ན་བཞུགས་པ་ལ་ཡང་ཆོས་མང་དུ་གསན། བལ་པོ་ཛ་ཧཱུྃ་གི་སློབ་མ་བྲམ་ཟེ་ནག་པོ་ཞབས་ལ་ཡང་གསན་ཞིང༌། མཁས་པ་སུ་མ་ཏི་ཀཱིརྟཱི་ལ་བརྟེན་ནས་བདེ་མཆོག་གི་སྐོར་གྱི་འགྱུར་ཡང་མང་དུ་མཛད། བོད་དུ་ཕེབས་ནས་ལོ་ཙཱ་བ་དེ་ལ་སློབ་མ་བདེ་མཆོག་ཉན་པ་མང་དུ་ཡོད་ཀྱང༌། གཙང་གི་མཁས་པ་རྒྱ་ནམ། ངོའི་གཟེ་བ་བློ་ལྡན། ཁམས་ཀྱི་ཅོག་རོ་ཆོས་རྒྱལ་རྣམས་ཀྱིས་ཆོས་བརྒྱུད་ལེགས་པར་གཟུང༌། རྗེ་སྒམ་པོ་བའི་སློབ་མ་རྟོགས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་ལ་ཡག་པ་བྱང་ཆུབ་དངོས་གྲུབ་ཅེས་བྱ་བ་དེས་ཀྱང༌། བླ་དོར་མར་དོའི་ལུགས་ཀྱི་བདེ་མཆོག་རྣམས་གཟེ་བ་ལ་ལེགས་པར་ཞུས། རྩ་བའི་རྒྱུད་དང་ཀུན་སྤྱོད་གཉིས་ཀ་ལ་དཔལ་སྒམ་པོ་བའི་བཀའ་ཊཱི་ཀ་རྒྱས་པར་མཛད། བསྐྱེད་རིམ་གྱི་བཤད་པ་དང༌། དྲིལ་བུ་བའི་རིམ་པ་ལྔ་པའི་འགྲེལ་པ་ཡང་མཛད་དོ། །མར་པ་དོ་བ་ཉིད་ཀྱིས་ཀྱང་རྩ་བའི་རྒྱུད་དང་ཀུན་སྤྱོད་གཉིས་ཀ་ལ་བསྡུས་དོན་དང་ཊཱི་ཀ་རྒྱས་པར་མཛད། མར་དོའི་སྲས་པོ་ནམ་མཁའ་འོད་ཅེས་བྱ་བ་འཁྲུངས་པ་ལ། ཡབ་ཀྱི་བཤད་པ་དང་གདམས་པ་མ་ལུས་པ་མངའ་ཞིང༌། སྐྱིད་ཤོད་ལ་སོགས་པར་བྱོན་ནས། གདམས་པ་ཕྲན་རེ་རེ་ཙམ་གཞན་ལ་བཤད་ན་ཡང༌། ཡབ་དང་དུས་གཅིག་ཏུ་གྲོངས་པས་འཕེལ་བ་ཆད་དོ། །གཟེ་བས་རང་གི་སྲས་བདེ་མཆོག་རྡོ་རྗེ་ལ་ལེགས་པར་གསུངས། དེ་ནས་བརྒྱུད་ནས་མང་དུ་འཕེལ། དེ་ལ་མཁྱེན་རབ་དབང་ཕྱུག་གིས་ནི་ཡང་རྩེ་བ་རིན་ཆེན་སེང་གེ་ལ་བདེ་མཆོག་གི་བཤད་པ་གསན། ཁོང་གིས་ཁང་གསར་བ་བསོད་ནམས་མགོན་ལ་གསན་འདུག་ནའང༌། དེ་ཡན་གྱི་བརྒྱུད་པ་ངེས་པ་ཅན་མ་རྙེད་གསུང་སྟེ། མར་དོ་ལུགས་ནི་ཡིན་ནོ། །དབང་ནི། སངས་རྒྱས། ཡེ་ཤེས་མཁའ་འགྲོ་མ། ལཱུ་ཡི་བ། ཊེངྒི་བ། ལྭ་བ་པ། ཨིནྟྲ་བོ་དྷི། ཀ་ཙ་བ། དྲིལ་བུ་བ། ཛ་ལནྡྷ་ར་པ། ནག་པོ་པ། ཀུ་ཤ་ལ་ན། ཏི་ལླི་པ། ནཱ་རོ་པ། མན་ཀ་ཤྲཱི་ཛྙཱ་ན། བལ་པོ་བྷ་དནྟ། མར་པ་དོ་བ། གཟེ་བ་བློ་ལྡན། གཟེ་བ་ཇོ་བདེ། སློབ་དཔོན་ཁུ་ལྷས་པ། སློབ་དཔོན་ལྷོ་ཚང་བ། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ བུ་སྟོན་ཏེ། སྤྱིར་བུ་སྟོན་རིན་པོ་ཆེ་ལ་བདེ་མཆོག་གི་དབང་བརྒྱུད་མི་འདྲ་བ་བདུན་བཞུགས་སོ། །བུ་རིན་པོ་ཆེས་ཀྱང་ལཱུ་ཡི་པའི་ལུགས་ཀྱི་མངོན་པར་རྟོགས་པ་དཀྱིལ་ཆོག་དང་བཅས་པ་ཡང་མཛད། ནག་པོ་པས་མཛད་པའི་མངོན་པར་རྟོགས་པ་ལ་འཁྲུལ་སྤོང་ཞེས་བྱ་བའི་ཊཱི་ཀ་བརྩམས་ཤིང༌། རྩ་བའི་རྒྱུད་དང་ཀུན་སྤྱོད་གཉིས་ཀ་ལ་ཡང་ཊཱི་ཀ་མཛད་དོ། །བདེ་མཆོག་སྡོམ་པ་འབྱུང་བའི་དཀྱིལ་འཁོར་གྱི་ཆོ་ག་ཡང་མཛད་དེ། །དཀྱིལ་འཁོར་གྱི་ཆོ་ག་མང་དུ་མཛད་པ་ལས། ཆོ་ག་འདིར་དབང་བཞི་པ་རྒྱས་པར་བཤད་དེ། ཅོག་རོ་ཆོས་ཀྱི་རྒྱལ་མཚན་མདོ་སྨད་དུ་ས་ཕོ་བྱི་བ་ལ་འཁྲུངས་ནས། ལོ་བཅུ་དགུ་ལ་རྒྱ་དམར་གྱི་གྲྭ་སར་ཕེབས། འདིའི་ས་བྱི་དཔལ་ཕག་མོ་གྲུ་པ་ལྕགས་སྟག་ལ་འཁྲུངས་པའི་གོང་གི་ས་བྱི་དེ་ཡིན། ཚད་མ་རྣམ་ངེས་དང༌། དབུ་མ་རང་རྒྱུད་དུ་གྲགས་པའི་སྐོར་རྣམས་གསན་ཞིང་མཁས་པར་མཛད། ཉི་ཤུ་རྩ་བཞིར་དོ་ལ་རྣམ་ངེས་ཀྱི་བཤད་པ་མཛད། གྲྭ་ས་དེར་རྗེ་ཕག་མོ་གྲུ་པ། མཁན་པོ་ཀ་བ། འབལ་ཚད་མ་བ་རྣམས་དང་དུས་མཚུངས། དེར་དོ་པའི་སྲས་ཇོ་སྲས་ནམ་མཁའ་ཡང་བྱོན་པས། གདམས་ངག་ཕྲན་འགའ་ཡང་ཞུས། ཨར་དང་ཁམས་པ་ཨེ་སེང་ལ་གསན་པ་མངཔོ་མཛད། གཞུང་དུ་རྔོག་མདོ་སྡེ་ལ་དགྱེས་རྡོར་དང་མཱ་ཡཱ་སོགས་གསན། རིན་ཆེན་ལྗོན་ཤིང་ཞེས་བྱ་བའི་ཡིག་ཆ་ཡང་མཛད། དེ་རྟིང་བླ་མ་དོ་པའི་དྲུང་དུ་སྔ་ཕྱི་ལན་གསུམ་དུ་བྱོན་ནས་འབུལ་བས་ཀྱང་མཉེས་པར་མཛད། ལོ་བཞིར་བདེ་མཆོག་གི་ཕྲན་དང་བཅས་པའི་གསན་པ་མཛད་པས་མཁས་པར་མཁྱེན། ཇོ་སྲས་ཀྱིས་ཁུངས་བྱུང་ནས་ཟབ་པའི་གདམས་པ་ཡང་གནང༌།དེར་བླ་མ་ལོ་ཙཱ་བ་དགུ་བཅུ་རྩ་ལྔ་ལ་གཤེགས། དེ་དང་ཉེ་བར་ཇོ་སྲས་ཀྱང་གཤེགས། དེ་རྟིང་དཔྱལ་ལོ་ཀུན་དགའ་རྡོ་རྗེ་ཞེས་བྱ་བ། ཧ་མུ་དཀར་པོའི་དངོས་ཀྱི་སློབ་མ་དེ་ལ་ཕག་མོ་བསླབས། དེ་ནས་རྣམ་ངེས་ཀྱི་བཤད་པ་ཐོགས་ཤིག་མཛད་དེ། གནམ་མཚོ་ལ་ལོ་དྲུག་ཏུ་བསྒོམས། དེ་ནས་མེ་དགེ་ལྷ་འཚོ་བཏབ་སྟེ་བཤད་གྲྭ་དང་སྒོམ་གྲྭ་གཉིས་སུ་མཛད། སློབ་མ་ཁྱི་ར་བ་ལུས་མ་སྤངས་པར་མཁའ་སྤྱོད་དུ་བཞུད་པ་ཡང་བྱུང༌། རྩ་བའི་རྒྱུད་ལ་ཊཱི་ཀ་མཛད་ནས་མང་དུ་གསུངས་ཤིང༌། རང་ལོ་དྲུག་ཅུ་རྩ་དགུའི་བར་དུ་བཞུགས་ཏེ། མེ་སྤྲེ་སྨིན་དྲུག་གི་ཚེ་གཉིས་ལ་གཤེགས། གཞུང་བཤད་པའི་སྲོལ་དགེ་བཤེས་གུ་ཤྲཱི་འབྲོམ་པ་དང༌། རོང་པོ་དགེ་རིངས་ལ་སོགས་པས་གཟུང༌། བྱིན་རླབས་དབང་གི་བཀའ་འབྲི་ཁུང་སློབ་དཔོན་ཆེན་པོས་མཛད། གདན་ས་ཞང་གིས་བསྐྱངས། ཞང་གི་མཚན་ཚུལ་ཁྲིམས་ཤེས་རབ། དེས་འབྲི་ཁུང་པ་ལ་གཏུགས་ནས་ཕྱག་རྒྱ་ཆེན་པོའི་རྟོགས་པ་བརྙེས། དེའི་སློབ་མ་ཀུན་ཏུ་འོད། དེ་གཉིས་ཀྱི་སློབ་མ་རོམ་པོ་བའོ། །གཏམ་འདི་དག་ཨཱ་ཙ་རྻ་དྷརྨ་ཀེ་ཏུའི་བཞེས་པ་མཁས་པ་གཡོར་སྟོན་ལས་རྙེད་པ་ཡིན་ཞེས་གྲགསསོ། །དེ་ལ་ཀུན་ཏུ་འོད་ནི་ཆེ་མིང་ཡིན་ལ། མཚན་དངོས་དབང་ཕྱུག་སེང་གེ རྣོ་ར་བ་ཡང་ཟེར།དེའི་སློབ་མ་ཞང་བཙུན་སྨོན་ལམ་དབང་ཕྱུག་ནི། མེ་སྤྲེ་ནས་ལྕགས་སྤྲེའི་བར་གྱ་ལྔ། ཁྲོ་ལོའི་ཡང་སློབ་མ་ཡིན། ཤིན་ཏུ་མཐུ་ཆེ་འོ། །དེའི་སློབ་མ་རྫོད་པ་ནི། ཆུ་སྟག་ལ་འཁྲུངས། ཉི་ཤུ་པ་ལྕགས་བྱ་ལ་གདན་སར་བསྐོས། དྲུག་ཅུ་རྩ་དགུ་པ་ལྕགས་ཁྱི་ལ་གཤེགས། དེའི་སློབ་མ་བླ་མ་དམ་པ་རིན་པོ་ཆེ། ཞེས་འབོད་པ་དེ་ཤིང་མོ་ལུག་ལ་འཁྲུངས། བཅུ་དྲུག་པ་ལྕགས་ཁྱི་ལ་གདན་སར་བསྐོས། སོ་དགུ་པ་ཆུ་བྱ་ལ་གཤེགས། འདི་ལ་གཉན་ཐོག་ཇོ་འབུམ་ཟེར་བ་འདྲའོ། །དེ་ལྟར་བདེ་མཆོག་གི་བཤད་རྒྱུད་རིང་དུ་བྱུང་ངོ༌། །མཁས་པ་ཆེན་པོ་རྒྱ་ནམ་མཁའ་ལ་ཏྲེ་བོ་མགོན་པོས་བདེ་མཆོག་མར་དོའི་ལུགས་བཤད་པའི་རྒྱུད་བཞི་དང་བཅས་པ་ལེགས་པར་གསན། དེ་ལ་ལྡུམ་ར་སྒང་པ་གཉན་རྡོ་རྗེ་སེང་གེས་གསན། དེས་སྙེ་མདོ་ཐམས་ཅད་མཁྱེན་པ་ལ་དགྱེས་པ་ཕུལ་དུ་བྱུང་བས་གནང་ངོ༌། །མར་པ་དོ་པའི་ལོ་ཆུང་གྲགས་པ་ཤེས་རབ་ཀྱིས་ནི། མར་དོས་གསན་པའི་བླ་མ་རྣམས་ལ་ཡང་རྒྱ་གར་དང་བལ་པོར་གསན་པ་མཛད་ལ། ཕྱིས་ནི་རྒྱལ་པོའི་སྲས་བྷཱི་མ་དེ་བ་ལ་ཡང་མང་དུ་གསན་པ་མཛད་དེ། ཆོས་ལོ་ཆེན་པས་ལོ་ཆུང་ཆེའོ་ཞེས་གྲགས་པ་དེས་ཀྱང༌། སློབ་མ་མང་དུ་བསྡུས་ནས་བདེ་མཆོག་གི་བཤད་པ་རིང་ཞིག་ཏུ་མཛད་པའི་འཕྲོ་དེ་ཉིད་ལ། ལས་སྟོད་ལྷོའི་ཤྲཱིའི་ཕུག་པར་མཚམས་མཛད་དེ། དེའི་མོད་ལ་མཁའ་སྤྱོད་དུ་གཤེགསསོ། །དེའི་རྗེས་སུ་དམར་ཆོས་ཀྱི་རྒྱལ་མཚན་ནས་བརྒྱུད་པ་ཙམ་མ་གཏོགས་སློབ་མ་གཞན་རྣམས་ལས་བཤད་པའི་རྒྱུན་བྱུང་བ་ཡང་མ་ཐོས་པ་ཉིད་ཀྱི་ཕྱིར་བྲི་བར་མ་ནུསསོ། །གཞན་ཡང་རོང་གི་སུམ་པ་ལོ་ཙཱ་བ་དྷརྨ་ཡོན་ཏན་གྱིས་བལ་པོར་བྱོན། པཎྚི་ཏ་ཛ་ཡ་སེ་ན་ཞེས་ཀྱང་གྲགས། དམ་པ་ཁང་གསར་བ་ཞེས་ཀྱང་བྱ་བ། དུས་ཕྱིས་བོད་དུ་བྱོན་ནས་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་ཀྱང་བསྟེན་པ་དེ་ལ་ཞུས་ནས་བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་རྒྱུད་དང༌། དེའི་འགྲེལ་པ་གྲུབ་ཐོབ་མཚོ་སྐྱེས་ཀྱིས་མཛད་པ་དང༌། ཛ་ཡ་སེ་ནས་མཛད་པའི་དབང་དང་མངོན་པར་རྟོགས་པ་ལ་སོགས་པའི་རིན་པོ་ཆེ་སྣ་བདུན་དུ་གྲགས་པའི་གཞུང་རྣམས་ལ་འགྱུར་མཛད། རྒྱུད་དང་འགྲེལ་པ་གཉིས་ལ་རང་གི་ཁུ་བོ་དཔལ་མཆོག་དང་པོའི་རྡོ་རྗེའི་བཀས་ཀྱང་འགྱུར་བཅོས་མཛད་དེ་སྒོ་དུ་མ་ནས་བོད་དུ་དར་བར་གྱུར་པ་ལས། ཆོས་རྗེ་རང་བྱུང་རྡོ་རྗེས་ཀྱང་དེའི་ཡིག་ཆ་མང་དུ་མཛད། འགྲེལ་པ་མཛད་པ་པོ་མཚོ་སྐྱེས་དེ་ནི་འདི་ཉིད་ཀྱི་བརྒྱུད་པ་ལ་ཡོད་པའི་པདྨ་རྡོ་རྗེ་དེ་ཉིད་ཡིན་པ་འདྲའོ། ། སྡོམ་པ་འབྱུང་བ་ལ་རཏྣ་རཀྵི་ཏས་འགྲེལ་བ་མཛད་ཅིང༌། ཆག་ལོ་ཙཱ་བ་ཡང་དེའི་དངོས་སློབ་ཡིན་པས་བཤད་པའི་བཀའ་ཡོད་དམ་སེམསསོ། །ཕྱིས་ནི་རྗེ་བཙུན་ཙོང་ཁ་པ་ཆེན་པོས་ཀྱང་བུ་སྟོན་རིན་པོ་ཆེ་ལས་བརྒྱུད་ནས་རྩ་བའི་རྒྱུད་ལ་བཤད་རྒྱུད་དང་འགྲེལ་པ་ཆེན་པོ་རྣམས་གུང་ལེགས་པར་བསྒྲིགས་པའི་ཊཱི་ཀ་དང༌། མངོན་རྟོགས་དང་དཀྱིལ་ཆོག །དྲིལ་བུ་པའི་ལུགས་ཀྱི་མངོན་དཀྱིལ། དྲིལ་བུ་རིམ་ལྔའི་རྣམ་པར་བཤད་པ། ལཱུ་ཡི་པའི་ལུགས་ཀྱི་རྫོགས་པའི་རིམ་པ་རྣལ་འབྱོར་ཆེན་པོ་ཉམས་སུ་ལེན་ལུགས། ལཱུ་ཡི་པའི་མངོན་རྟོགས་ཀྱི་བཤད་པ་འདོད་འཇོ་རྣམས་མཛད་དེ། འཁོར་ལོ་སྡོམ་པའི་ལུགས་ཉམས་པར་གྱུར་པ་གསོ་བར་མཛད་དོ། །བདེ་མཆོག་གི་སྐབས་སོ། ། ༧.༦ ཕག་མོ་གཞུང་དྲུག་གི་སྐབས། བདེ་མཆོག་གི་བཤད་པའི་རྒྱུད་རྣམས་ལ་བརྟེན་ནས་ཕག་མོ་ལྷ་སོ་བདུན་མ་ཞེས་བྱ་བ་ཡུམ་འབའ་ཞིག་གི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་ཞིང༌། དཀྱིལ་འཁོར་དེ་ཉིད་ལ་བསྙེན་ཅིང་སྒྲུབ་པའི་རིམ་པ་ཡང་མང་དུ་བྱུང་ངོ༌། །བྱེ་བྲག་ཏུ་སྡོམ་པ་རྒྱ་མཚོའི་རྒྱུད་ལ་བརྟེན་ནས་ཕག་མོའི་གཞུང་དྲུག་ཏུ་གྲགས་པའི་བྱིན་རླབས། གཞུང་གི་བཤད་པ། ཉམས་ལེན་གྱི་རིམ་པ་རྣམས་གངས་ཅན་གྱི་ཁྲོད་འདིར་སྔགས་ཀྱི་རྣལ་འབྱོར་པ་ཕལ་མོ་ཆེ་ལ་བྱུང་ངོ༌། །ལུགས་འདི་ཡང་ཨིནྡྲ་བུདྡྷིའི་ལྕམ་ལྷ་མོ་དཔལ་མོས་རྗེ་བཙུན་བི་རཱུ་པ་ལ་གནང༌། དེས་ཨ་བ་དྷུ་ཏཱི་པ་ཆེན་པོའམ་བསོད་སྙོམས་པ་ཆེན་པོ་ཞེས་གྲགས་པ་དེ་གནང་བ་ཡིན་ཏེ། ཡུལ་ཤར་ཕྱོགས་བྷངྒ་ལ་བ། རིགས་རྒྱལ་རིགས། ཕལ་ཆེན་པའི་སྡེ་བ་ལས་རབ་ཏུ་བྱུང༌། གསང་བ་འདུས་པ་འཇམ་པའི་རྡོ་རྗེ་ལ་རྣལ་འབྱོར་དུ་བྱེད་པ་ཞིག་ཡིན་ཏེ། དེ་ནམ་ཞིག་ན་ཉི་ཟླ་ཁོང་དུ་ཆུད་པ་ལ་སོགས་པའི་རྨི་ལྟས་ལ་བརྟེན་ཞིང༌། བིར་ཝ་པའི་དྲུང་དུ་ཕྱིན་ཏེ་རྣལ་འབྱོར་མའི་དབང་བསྐུར་ཞུས་པས་དེ་ཉིད་དུ་ཞལ་གཟིགས། རྒྱུད་དང་གདམས་ངག་ཐམས་ཅད་གསན་ཞིང་ཉམས་སུ་བླངས། དེ་ནས་བི་རཱུ་པས་སྤྱོད་པ་ལ་བསྐུལ། སྤྱོད་པ་ལ་ཞུགས་ནས་གངྒའི་འགྲམ་ན་མུ་སྟེགས་པ་རྩེ་གསུམ་གྱི་སྟེང་དུ་མཆོངས་ཏེ་ཤི་བ་ལ་ཐར་བར་འཛིན་པ་དེའི་རྩེ་གསུམ་གཞན་གྱིས་བསྐྱོད་མི་ནུས་པ་ཞིག་ཡོད་པ་ཕྱུང་ནས་གངྒཱ་ལ་བོར། མུ་སྟེགས་པ་རྣམས་ཀྱིས་གསོལ་བ་བཏབ་པས་སླར་ཡང་རྩེ་གསུམ་ཕྱུང་སྟེ་ཁོང་རང་རྣམས་ལ་གཏད་ཅིང༌། ལམ་དེ་ལ་ཐར་པ་མེད་པར་བཀའ་སྩལ། དེ་ལྟ་བུའི་གྲུབ་པ་བརྙེས་པའི་སྐྱེས་བུ་དེས་ལྡོང་དར་བ་རྗེས་སུ་གཟུང་སྟེ། དེ་ནི་ཡུལ་མ་ག་དྷ་པའི་རིགས་ངན་ཡིན། དེ་ཡང་ཆོས་བྱ་བར་འདོད་པ་དྲག་པོ་སྐྱེས། ཨ་བ་དྷུ་ཏཱི་པ་ཆེན་པོ་ཞེས་བྱ་བ་མཆོག་གི་དངོས་གྲུབ་བརྙེས་པ་དེ་བྷངྒ་ལ་ན་བཞུགས་པར་ཐོས་ནས་རབ་བྱུང་གི་ཆོས་སུ་ཞུགས། ཀརྴ་པ་ན་མང་པོ་ཁྱེར་ཏེ་མཇལ་དུ་ཕྱིན་པ་ན། བཙུན་རྒན་ཞིག་གླང་དོར་གྱིས་ཞིང་རྨོ། ཆུང་མས་འབུ་འཐུ་བ་ཞིག་མཐོང༌། དང་པོར་ཅུང་ཟད་མ་དད་ཀྱང༌། ད་འདི་ཉིད་ལ་གསོལ་བ་གདབ་དགོས་སྙམ་ནས། ཀརྴ་པ་ན་ཕུལ་ནས་བདག་རྗེས་སུ་འཛིན་པར་ཞུས་པས། ཁྱོད་ང་ལ་མ་མོས་པ་གསུང༌། དེ་བདེན་ལགས་ཞུང་ཤིང་མང་དུ་གསོལ་བ་བཏབ་ནས་ལོ་གསུམ་ཕྱག་ཕྱིར་འབྲངས་པས། གཟོད་བྱིན་གྱིས་བརླབས་པས་ཕག་མོའི་ཞལ་མངོན་སུམ་དུ་མཐོང༌། དངོས་གྲུབ་ཁྱད་པར་ཅན་ཡང་བརྙེས། དེ་ནས་སླར་བྱོན་ཏེ་ཛ་ལན་དྷ་རར་བཞུགས་པ་ན། མུ་སྟེགས་པ་ཞིག་བི་ཀྲ་མ་ཤཱི་ལ་བ་རྣམས་ལ་རྩོད་པ་དང་ནུས་པ་འགྲན་ནོ་ཞེས་ཟེར་བ་ལ། ཁོའི་གདོང་བཟློགས་པ་རྙེད་དཀའ་བར་གྱུར་པའི་ཚེ་ལྡོང་དར་བས་མཁྱེན་ཏེ་བྱོན་ནས། དེར་རྒྱལ་པོར་དཔང་དུ་བཞག་ནས་རྩོད་པར་ཆས་པའི་ཚེ། ཁོ་ན་རེ། ནུས་པ་འགྲན་ནམ་རྩོད་ཟེར། ཁྱེད་ཉིད་གང་དགའ་བ་བྱའོ་ཞེས་གསུངས་པས། འོ་ན་ངས་ཁྱོད་ལ་སྦྲུལ་བཏང་གི་ཟེར་ནས། ཁོས་དུག་སྦྲུལ་ཆེན་པོ་འོད་ལྷག་ལྷག་པ་ཞིག་ཟར་བཏང་བ་ལ། སློབ་དཔོན་གྱིས་ཕག་ཞལ་ཕྱུང་སྟེ་ཏུག་སྒྲ་དང་བཅས་པས་གསོལ་ཞིང་ཕམ་པར་བྱས་ནས་སངས་རྒྱས་ཀྱི་བསྟན་པ་ལ་བཙུད་དོ། །ཁོ་ན་རེ། ལྷ་ཕག་ཞལ་ཅན་ངེད་མུ་སྟེགས་པའི་ཡིན་གྱི་སངས་རྒྱས་པ་ལ་མེད་ཟེར་བས། ལྡོང་དར་བས་སྒྲུབ་ཐབས་མཛད། ལྡོང་དར་བས་བསོད་སྙོམས་པ་ཆུང་ངུ་རྒྱལ་བས་བྱིན་རྗེས་སུ་གཟུང་བ་ཡིན་ཏེ། དེ་ནི་ལྷོ་ཕྱོགས་བེ་ཏ་ལའི་རྒྱལ་པོ་བུ་མེད་པ་ཞིག་གིས་སྟོན་མོ་ཆེན་པོ་བྱས་པས་བུ་ཞིག་བྱུང་བ་དེ་ལ་བྷོ་ཛ་དེ་བ་ཞེས་བྱ་བར་བཏགས། ཕྱིས་དེ་རྒྱལ་པོར་གྱུར་པའི་ཚེ་ནགས་ཤོད་དུ་འཁོར་དང་བཅས་ཏེ་བྱོན་པས། དེར་ལྡོང་དར་བས་ཅི་ཡང་མེད་པའི་རྣལ་འབྱོར་པ་ཞིག་ཏུ་བྱས་ཏེ་རྒྱལ་པོ་ལ་ལྟ་སྟངས་ཡུན་རིང་དུ་བྱས་པས། རྒྱལ་པོ་ཁྲོས་ཏེ། འཁོར་རྣམས་ལ་འདི་སོད་ཅིག་པར་བསྒོ་བས། དེ་ནས་ལྡོང་དར་བས་བདེན་པའི་གཏམ་མང་དུ་བྱས་པས། རྒྱལ་པོ་དེ་ཉིད་དུ་རྒྱལ་སྲིད་སྤངས་ནས་སྒོམ་པ་ལ་ཞུགས་ཏེ། ལྷོ་ཕྱོགས་ཀྱི་ཡུལ་དུ་བསོད་སྙོམས་པ་རྒྱལ་བས་བྱིན་ཞེས་བྱ་བར་གྲགས་ཤིང་གྲུབ་པ་བརྙེསསོ། །བསོད་སྙོམས་པ་དེས་ཚའོ་སངས་རྒྱས་བྱིན་ཕྱགས་ཕྱིར་ཁྲིད་ནས་བལ་ཡུལ་དུ་བྱོན་ཏེ། མ་ཧེ་བྷ་རོའི་སྒོ་དྲུང་དུ་བསོད་སྙོམས་མཛད་པས། བྷ་རོས་གཡོག་མོ་ཟན་དང་ཆང་སྐྱེལ་དུ་བཏང་བས། ཁོང་གི་ཐོད་པར་ཆང་བླུགས་པའི་ཚེ་ཆང་ཁོལ་བས། གཡོག་མོ་ངོ་མཚར་སྐྱེས་ཏེ་བྷ་རོ་ལ་བཟླས་པས། བྷ་རོ་དད་དེ་བྷ་རོ་ཉིད་ཀྱིས་བསོད་སྙོམས་སྐྱེལ་དུ་བྱོན། དེ་ནས་བྷ་རོ་ལ་སོགས་པའི་བསོད་སྙོམས་ལ་སྤྱོད་ཅིང་བཞུགས་པའི་ཚེ། དེ་བ་ཨཱ་ཀ་ར་ཙནྡྲ་གསང་མཚན་སྟོངས་ཉིད་ཏིང་འཛིན་རྡོ་རྗེ་དང་མཇལ་ཏེ། སློབ་དཔོན་དེ་ནི་གྲོང་ཁྱེར་ཆེན་པོ་ལ་འགལ་གྱི་རྗེའུ་རིགས། བུ་གཅིག་པོ་ཡིན། ལོ་བརྒྱད་ལོན་པའི་ཚེ་ཕས་ཆུང་མ་བླངས་ཤིང་ཁྱིམ་གཟུང་ཞིག་པར་བསྒོ་བ་ལས། ང་ནི་ཆོས་བྱེད་ཟེར་ནས་མ་ཉན་པ་ལ། གང་དུ་བྱེད་དྲིས་པས། ང་ལ་འགྲོ་ས་ཡོད་ཟེར་ནས་འཕགས་པ་ཛ་མ་ལི་ལ་ཞག་བདུན་དུ་བསྐོར་བ་བྱས་པས། དེའི་ཞག་ཐ་མ་ལ་ད་རྒྱ་གར་གྱི་ཡུལ་དུ་ཐོང་ཞིག་ཅེས་སྨྲས་ཏེ་རྒྱ་གར་དུ་བྱོན། བི་ཀྲ་མ་ཤཱི་ལར་རབ་ཏུ་བྱུངབར་ཞུས་པས། དགེ་འདུན་གྱི་གྲངས་མ་ཚང་ཟེར་ནས་རབ་ཏུ་འབྱུང་དུ་མ་གནང༌། དེར་སྒྲ་ཚད་ལ་བསླབས་པས་ཤིན་ཏུ་མཁས་པར་གྱུར་ཏེ། བལ་པོ་རཏྣ་ཤྲཱི་དང་མཇལ་ནས་སམྦུ་ཊི་དང་ཀྱེའི་རྡོ་རྗེ་གསན་པས་མཁས་པ་ཆེན་པོར་གྱུར་ཏེ། ལོ་ཡང་ཉི་ཤུར་བྱོན། རང་གི་ཁྱིམ་དུ་བྱོན་པ་ན་སྐུ་བསོད་ཀྱང་ཤིན་ཏུ་ཆེ་བར་གྱུར་ཏོ། །དེའི་ཚེ་བྷ་རོའི་མཆོད་གནས་བསོད་སྙོམས་པ་ཞེས་བྱ་བ་ཞིག་བཞུགས་ཟེར་བ་ལ་ཤིན་ཏུ་དད་ནས། རས་པ་ཅོ་ར་གསུམ་ཁྱེར་ནས་མཇལ་དུ་བྱོན།ཁྱོད་པཎྜི་ཏ་ཞིག་ང་ཅི་ཡང་མི་ཤེས་པ་ཞིག་ལ་ཞུའམ་གསུང་པ་ལ། ཡང་ཡང་གདམས་པ་གནང་བར་ཞུ་བ་ཕུལ་བས། ད་འོ་ན་བྱིན་རླབས་བྱ་དགོས་པས་ཆ་རྐྱེན་ཚོལ་ཅིག་གསུངས་ནས། མ་ཧེ་བྷ་རོ་དང་གཉིས་ཀྱིས་ལྷན་ཅིག་ཏུ་བྱིན་རླབས་ཞུས། དེའི་ཚེ་ཆང་ཀ་པཱ་ལ་གང་ལ་བླ་མས་བྱིན་རླབས་མཛད་པས། ཇི་ཙམ་འཐུངས་ཀྱང་ཟད་པ་མེད་པ་ཞིག་བྱུང༌། ཚ་བོ་སངས་རྒྱས་བྱིན་གྱིས་བྱིན་རླབས་བྱས་པས་ཀྱང་དེ་བཞིན་དུ་བྱུང༌། དེར་ཆོས་བཤད་ཅིང་གདམས་ངག་གནང༌། དེ་བ་ཨཱ་ཀ་ར་ཙ་ནྡྲས་ཞལ་གཉིས་མ་ཆེ་བ། དོན་གྲུབ་མ་ཆེ་བ། སྦྱིན་བསྲེག་རྣམས་ལ་ཡི་གེ་མཛད་པར་ཞུས་པས་མ་གནང༌། སྦྱིན་བསྲེག་ནི་སངས་རྒྱས་བྱིན་ལ་བླ་མའི་བཀས་གནང་ནས་ཁོང་གིས་མཛད། ཡང་ཧ་མུ་དཀར་པོས་སྤྱན་དྲངས་ནས་ཀྱང་བྱིན་རླབས་དང་གདམས་པ་ཚང་བར་ཞུས། བྱིན་རླབས་མཛད་པའི་ཚེ་བུ་མོ་ལྔ་དགུག་པའི་སྦྱོར་བ་མཛད་དེ། ཧ་མའི་ཆུང་མས་མི་མཐོང་བར་མཛད་པས། བུ་མོ་མ་མཐོང་བར་ཆང་སྐྱོགས་ནམ་མཁའ་ལ་འདུག་པ་ཆུང་མས་མཐོང་བས། འདི་ཇི་ལྟར་ལགས་ཞུས་པས། ངའི་བྱིན་རླབས་ཡིན་གསུང༌། དེའི་ཚེ་བལ་ཡུལ་དུ་སྟོང་ཉིད་ཏིང་འཛིན། མ་ཧེ་བྷཱ་རོ། ཧ་མུ་དཀར་པོ། སངས་རྒྱས་བྱིན་ཏེ་སློབ་མ་བཞི་བླ་མ་དང་ལྔ་ཚོགས་པར་གྱུར་ཏོ། །ཧ་མུས་གསེར་སྲང་གསུམ་ཕུལ། དེ་ནས་བླ་མ་རྒྱ་གར་དུ་འགྲོ་གསུངས་ནས་སློབ་མ་གསུམ་པོས་རྡོ་རྗེ་གདན་གྱི་བར་དུ་བསྐྱལ། ལམ་དུ་ཇག་པ་བྱུང་བའི་ཚེ་ད་ཇི་ལྟར་བྱ་ཞེས་ཞུས་པས། ཐབས་ཡོད་གསུང་ནས་ཇག་པ་ལ་བྱིན་རླབས་ཕབ་པས་ཇག་པ་རྣམས་གར་བྱེད་ཅིང་འདུག་པས་དེའི་བར་ལ་བྱོན། སློབ་མ་གསུམ་པོ་རྡོ་རྗེ་གདན་ནས་ཕྱིར་ལོག །བླ་མ་ནི་ལྷོ་ཕྱོགས་བེ་ཏ་ལར་བཞུད་དོ། །སྟོང་ཉིད་ཏིང་འཛིན་གྱིས་ལོ་དྲུག་ཏུ་བསྒོམས་པས་ཡོན་ཏན་ཁྱད་པར་ཅན་བརྙེས་ཀྱང༌། ཞལ་གཉིས་མ་ཆེ་བ་དང་དོན་གྲུབ་མ་ཆེ་བའི་ཡི་གེ་མཛད་པ་དེ་བླ་མའི་བཀའ་ལས་ཅུང་ཟད་འགལ་བས་ཟང་ཟིང་གི་སྐུ་བསོད་བྲི་སྟེ། འཇིག་རྟེན་པའི་མཁའ་འགྲོ་མས་བར་ཆད་བྱས་པ་ཡིན་གསུང་ངོ༌། །འདིས་མཛད་པའི་གཞུང་གཞན་ཡང་ཤེས་རབ་ཡེ་ཤེས་གསལ་བ་དང༌། བདག་མེད་མའི་མངོན་པར་རྟོགས་པ་དང༌། སྤྱན་མའི་ངན་སོང་ཡོངས་སུ་སྦྱོང་བ་དང༌། ཀྱེའི་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་མཛད་པ་རྣམས་ནི་བོད་དུ་འགྱུར་རོ། །དེ་ལ་ཧ་མུ་དཀར་པོ་ནི་མཚན་དངོས་བསོད་ནམས་འབྱུང་གནས་བཟང་པོ། ཡོན་ཏན་གྱི་མིང་བ་རེནྟྲ་རུ་ཙི་སྟེ་མཆོག་ཏུ་དབང་པོ་གསལ་བའོ། །འདིས་སྟོང་ཉིད་ཏིང་འཛིན་ལ་ཡང་ལེགས་པར་ཞུས་སོ། །དེ་ལ་དཔྱལ་ཀུན་དགའ་རྡོ་རྗེས་གསན་ཏེ། དེ་ཡང་དཔྱལ་འདི་རྣམས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོར་གྱུར་པ་ཞིག་ལ་བུ་གསུམ་བྱུང་བ། རྒྱལ་པོས་དཀར་ནག་ཁྲ་གསུམ་དུ་བཏགས་པ་ལས་དཔྱལ་དཀར་ནག་ཁྲ་གསུམ་ཞེས་བརྒྱུད་པ་དང་བཅས་པ་ལ་གྲགས། སྔ་མ་ཕལ་ཆེར་རྙིང་མའི་དགེ་བའི་བཤེས་གཉེན་ཡང་དག་པ་ཤ་སྟག་ཏུ་བྱོན། དེ་རྣམས་ལས་དཔྱལ་འབྱུང་གནས་རྒྱལ་མཚན་ཞེས་བྱ་བ་དེས་གསེར་མང་དུ་བསྣམས་ནས་པཎྚི་ཏ་སྨྲི་ཏི་ར་རྫིར་གྱུར་བ་ལས་ཇོ་བོ་རྣམས་ལ་གསེར་བྱིན་ནས་བླུ། དེ་རྗེས་སྨྲྀ་ཏི་ལ་སྐུ་བསོད་ཆེན་པོ་སྐྱེས། བྲེས་སུ་པཎྚི་ཏས་ཆོས་གསུངས་པས་གསེར་གཡུའི་ཆར་བབ་པར་གྱུར། བཞུགས་པར་ཞུས་ཀྱང་མ་གསན་པར་ཁམས་སུ་བཞུད་དོ། །དཔྱལ་འབྱུང་གནས་རྒྱལ་མཚན་གྱི་དབོན་པོ་སེ་ཚ་བསོད་ནམས་རྒྱལ་མཚན་གྱིས་བལ་པོར་བྱོན་ནས་ཕམ་མཐིང་བ་ལ་གཏུགས་ནས། ཀྱེའི་རྡོ་རྗེ་ལ་སོགས་པ་ནཱ་རོ་པའི་ལུགས་རྣམས་གསན་ཞིང༌། ཀྱེ་རྡོར་གྱི་ཊཱི་ཀ་མཛད་པ་ལ་ཡང་དཔྱལ་བ་རྣམས་ལ་འཆད་ཉན་གྱི་རྒྱུན་ཡུན་རིང་དུ་བྱུང་ངོ༌། །དེས་བྷ་བ་བྷ་དྲའི་འགྲེལ་པ་ལ་སོགས་པ་འགྱུར་མང་པོ་ཡང་མཛད། དེའི་དབོན་པོ་ཀུན་དགའ་རྡོ་རྗེས་བོད་དུ་ཟུར་ལུགས་ཀྱི་རྙིང་མ་རྣམས་ལ་ཤིན་ཏུ་མཁས་པར་སྦྱངས་ཤིང༌། ཡབ་མེས་ཀྱི་གསར་མའི་སྐོར་དང༌། བལ་པོ་ཀཱ་ཡ་ཤྲཱི་ལས་ནམ་མཁའ་སྐོར་གསུམ་གྱི་གདམས་པ་ལ་སོགས་པ་ཡང་ཐོབ། །ཀཱ་ཡ་ཤྲཱི་གསེར་སྲང་ལྔ་བཅུ་ཙམ་གྱི་འབུལ་བས་མཉེས་པར་མཛད། ཕྱིས་བལ་པོར་བྱོན་ནས་ཧ་མུ་དཀར་པོ་ལ་གཞུང་དྲུག་པོ་རྣམས་བྱིན་རླབས་དང་བཅས་པ་ཞུས། ཧ་མུས་ཁྱད་པར་གྱི་གདམས་པ་རྣམས་མ་གནང་བ་ལ། ཡང་ཧ་མུ་དང་དེའི་བཙུན་མོ་ལ་ཡང་འབུལ་བས་མཉེས་པར་བྱས་པས་ཁྱད་པར་གྱི་གདམས་པ་བཅུ་གསུམ་པོ་ཡང་གནང༌། དེའི་ཚེ་རྒྱ་གར་ཕྱག་ན་ཡང་བལ་པོ་ན་བཞུགས་པས། ཁོང་དང་སྟོང་ཉིད་ཏིང་འཛིན་གཉིས་ལ་ཡང་བླ་མར་གཟུང༌། ཕྱག་ན་སྐུ་བསོད་ཆེ་བས་སྤྱན་མི་འདྲོངས་སྙམ་ནས། དེ་བ་ཨཱ་ཀ་ར་སྤྱན་དྲངས་པས་སྐུ་བསོད་ཙམ་མ་བྱུང༌། ། ཡང་ཕག་མོའི་ཆོས་སྐོར་འདི་རྣམས་སྣུབས་སྟོན་གྱིས་བལ་པོ་ཧ་མུ་ལ་ཞུས་ནས་དེ་ལས་ཀྱང་མཆེད། ཁུ་ནེ་ཙོས་བལ་པོར་ཧ་མུ་དཀར་པོ་ཉིད་ལ་ཞུས་ཤིང༌། སྣུབས་སྟོན་ལ་ཡང་མཉན་ནས་འགྱུར་འགའ་ཞིག་ཀྱང་མཛད་དེ་དེ་ལས་ཀྱང་མཆེད། །རྭ་ལོ་ཙཱ་བས་རྒྱ་གར་གྱི་པཎྚི་ཏ་ཨ་བྷི་ཡུཀྟ་ལ་ཕག་མོའི་སྐོར་རྣམས་གསན་ཞིང༌། དེ་ལ་རྔོག་མདོ་སྡེས་གསན་ནས་ཡིག་ཆའང་འགའ་རེ་མཛད་སྣང་ངོ༌། །ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་ཀྱང་བལ་པོར་བྱོན་ནས་ཧ་མུ་དཀར་པོ་ལ་གསན་ཏེ། སྟོང་ཉིད་ཏིང་ངེ་འཛིན་གྱིས་མཛད་པའི་གཞུང་གཉིས་པོའི་འགྱུར་ཡང་ཡང་དག་པ་མཛད། །མདོར་ན་བོད་ཀྱི་དགེ་བའི་བཤེས་གཉེན་ཕལ་མོ་ཆེ་ལ་ཕག་མོའི་གདམས་ངག་གིས་ཁྱབ་པར་སྣང་སྟེ། དེ་ལས་ཇི་ལྟར་བརྒྱུད་པའི་ཕྱོགས་ཙམ་ཞིག་བྲི་བ་ནི། དེ་ལ་དཔྱལ་ཀུན་དགའ་རྡོ་རྗེ་ལེགས་སྟོན་སྟག་རིས་པ་སློབ་དཔོན་སྟོན་ཡེས་ཀྱིས་ཞུས། དེ་ལ་བླ་མ་ལྷ་བཟོས་ཞུས། ཡང་དཔྱལ་ལ་ཟར་སྟོན་གྱིས་ཞུས། དེ་ལ་ཇོ་སྲས་ཡང་དག་དང་ཞིང་འོད་ཀྱིས་ཞུས། དེ་ལ་རིན་པོ་ཆེ་རྒྱལ་ཚ། ཁྲོ་ཕུ་ལོ་ཙཱ་བ། བླ་ཆེན་བསོད་དབང༌། རིན་པོ་ཆེ་བསོད་ནམས་སེང་གེ། ཡང་རྩེ་བ་རིན་ཆེན་སེང་གེ། བུ་སྟོན་རིན་པོ་ཆེ། བྲག་ནག་པ་གཞོན་ནུ་བསོད་ནམས། ཆོས་ལུང་ཚོགས་པའི་མཁན་ཆེན་རིན་རྒྱལ་བ། ། ཡང་དཔྱལ་གྱིས་ཟར་སྟོན་ལོ་ཙཱ་བ། སྣར་སྟོན་ཞིག་པོ། གྲགས་པ་ཚུལ་ཁྲིམས། གྲུབ་ཐོབ་དཀོན་མཆོག་གྲགས། འཕགས་པ་ཡོན་ཏན་རྒྱ་མཚོ། བླ་མ་འཇམ་རྒྱན། མཁན་པོ་ཀླུ་སྒྲུབ། དཀའ་བཞི་བ་དཀོན་མཆོག་གཞོན་ནུ། དེ་ནས་ཡང་རྩེ་བ་རིན་ཆེན་སེང་གེའོ། །དཔྱལ་ལ་ཡང་དབེན་པ་བསོད་སེང༌། སྲས་དཔྱལ་ཀུན་དགའ་གྲགས་དང༌། ལྷ་ལུང་པ་དང་གསུམ་གྱིས་ཞུས། དེ་ལ་དཔྱལ་ཆོས་བཟངས། རོང་པ་རྒྭ་ལོ། རོང་པ་ཤེར་སེང༌། བག་སྟོན་གཞོན་ཚུལ། སྟག་སྟོན་གཞོན་ནུ་དཔལ། བླ་མ་ཨ་མོ་གྷ་བཛྲ། མཁན་ཆེན་རིན་རྒྱལ་བ། །ཡང་དཔྱལ་ཀུན་རྡོར། གཙང་པ་ཡང་དག་རྡོ་རྗེ། དབུས་པ་ཤེས་རབ་རྡོ་རྗེ། ལྕེ་མདོ་སྡེ་སེང་གེ། གྲུ་ཤཱཀྱ་འབུམ། ལྕེ་བློ་ལྡན་སེང་གེ ལྕེ་རྗེ་བཙུན་བསོད་ནམས་དཔལ། ལྕེ་དབང་ཕྱུག་རྡོ་རྗེ། མཁན་ཆེན་རིན་རྒྱལ་བ། །ཡང་མངའ་རིས་སྐྱི་སྟོན། ཐུར་ལ་པ་ཚུལ་ཁྲིམས་སྐྱབས། ཐང་བེ་པ་འཕགས་པ་སྐྱབས། གསེར་སྡེངས་པ་གཞོན་ནུ་འོད། ཀུན་མཁྱེན་ཆོས་སྐུ་འོད་ཟེར། ལྕེ་བློ་ལྡན་སེང་གེ་སྟེ །དེ་ལྟར་ལུགས་ལྔའོ། །ཕག་མོ་གཞུང་དྲུག་གི་སྐབསསོ། །ཡི་གེ་བ་ནི་དོལ་པ་ཉི་ཤར་ཡིན། ། ༨.༡ རྔོག་པའི་བརྒྱུད་པའི་སྐབས། ༄༅། ། གངས་ཅན་ཕྱི་རྒྱུད་འདིར་བཤད་སྒྲུབ་གཉིས་ཀའི་སྒོ་ནས་བསྟན་པའི་བདག་པོར་གྱུར་པ་ནི་རྗེ་མར་པ་ལྷོ་བྲག་པ་ཡིན་ཏེ། རྗེ་བཙུན་དེ་ནི་ལྷོ་ཕུ་ཆུ་ཁྱེར་དུ། ཡབ་མར་པ་དབང་ཕྱུག་འོད་ཟེར་དང༌། ཡུལ་རྒྱལ་མོ་འོད་ཟེར་གཉིས་ཀྱི་སྲས་མིང་སྲིང་བཞི་ལས་ཚིགས་གཉིས་པར། ཆུ་ཕོ་བྱི་བ་ལ་འཁྲུངས། ཆུང་ངུའི་དུས་ནས་སློབ་དཔོན་ཀླུ་བརྒྱད་པ་ཞིག་ལས་བྲི་ཀློག་ལེགས་པར་མཁྱེན། སྤྱོད་པ་ཤིན་ཏུ་མི་སྲུན་པས་སློབ་དཔོན་དང་གྲོགས་པོ་གཅིག་མིན་པ་སུའི་ཁྱིམ་དུ་ཡང་མི་ཚུད། དེར་ཡབ་ཀྱི་དགོངས་པ་ལ་གཞན་ཞིག་ཏུ་སློབ་གཉེར་ལ་བཏང་ན་ཤེད་བྱེ་བ་སྲིད་དམ་སྙམ་ནས། རྗེ་འབྲོག་མིའི་དྲུང་དུ་རྟ་བཟང་པོ་སེང་ལྡེང་གི་སྒ་ཅན་གཅིག་གིས་སྣ་དྲངས་པའི་འབུལ་བ་མང་པོ་བསྐུར་ནས་བརྫངས། དེའི་ཚེ་ལོ་བཅོ་ལྔ་ལོན། ལོ་ཙཱ་ཤེས་པར་འདོད་པའི་འདུན་པ་ཡོད་པས། འབྲོག་མི་ལ་ལོ་ཙཱའི་སྐད་རྣམས་བསླབས་ཤིང་ལེགས་པར་མཁྱེན། དུས་ཕྱིས། དཔལ་མྱུ་གུ་ལུང་གི་དགོན་པ་རུ། །སྒྲ་སྒྱུར་འབྲོག་མིའི་ལོ་ཙཱ་ལ། །སྒྲ་ཐད་ཀློག་སྐད་ཀྱི་ཡིག་ཚང་བསླབས། ཁོང་བཀའ་དྲིན་མི་ཆུང་ཆེ་བར་འཁུམས། །ཞེས་ཀྱང་གསུངས། རྗེ་འབྲོག་མིའི་ཆོས་རྣམས་ལ་ཡོ་བྱད་ཤིན་ཏུ་ཆེ་བར་དགོས་པ་འདུག་པས། ཁོང་གི་ཆོས་འདི་རྣམས་ཀྱང་རྒྱ་གར་ནས་བྱུང་བ་ཡིན། ད་ང་རང་ཡང་རྒྱ་གར་དུ་འགྲོ་སྙམ་པའི་འདུན་པ་སྐྱེས། དེར་ཡུལ་དུ་བྱོན་ནས་གསེར་སྲང་བཅོ་ལྔ་ཙམ་ཞིག་རྙེད། ལས་སྟོད་དུ་ཀློག་སྐྱ་ཇོ་སྲས་ཀྱིས་ཞྭ་ལྷམ་ཚུན་ཆད་ནས་གསེར་དང་བཅས་པའི་རྫོང་བ་མཛད། ང་རྒྱ་གར་ནས་ལོག་དུས་སྣ་ལེན་མཛད་དགོས་གསུངས་པས། ང་རྒས་པས་ཁྱེད་དང་ཨེ་མཇལ་མི་ཤེས། བུ་ཀུན་སྣ་ལེན་བྱེད་དུ་གཞུག་གོ་ཟེར། དེ་ནས་བལ་པོར་བྱོན་པའི་ཚེ། གཉོས་ཁ་རག་པ་དང་སྟབས་སུ་བྱུང་བས། ཁོང་གི་ཞལ་ནས། ཁྱོད་ལ་གསེར་ཅི་ཡང་མི་འདུས་པས་ངའི་གཡོག་གྱིས། ང་དང་ཆོས་སྟབས་སུ་ཞུས་པས་ཆོག་གསུང་བ་ལ། ཁོང་གསུང་བ་བཞིན་ཅུང་ཟད་མ་བགྱིས་ཏེ། བལ་པོར་ལོ་གསུམ་ཆུ་སྙོམ་ཞིང་བཞུགས། བལ་པོ་སྤྱི་ཐེར་བ་ལ་དཔལ་གདན་བཞི་པ་ལ་སོགས་པའི་རྒྱུད་འགའ་ཡང་ཉན། ལོ་གསུམ་སོང་བ་དང་བལ་པོ་བནྡེ་པས་འདྲེན་པ་མཛད་ནས་པུ་ཥྤ་ཧ་རིར་རྗེ་ནཱ་རོ་པའི་དྲུང་དུ་བསྐྱལ། དགེ་ཚུལ་ཤེས་རབ་སེང་གེ་ཞེས་བྱ་བས་ཀྱང་ཞུ་སྣ་མཛད། ཐུགས་ལ་འདོགས་པས་ཀྱེའི་རྡོ་རྗེའི་དབར་རང་ཡང་ལན་བདུན་ཞུས། གཞན་རྒྱུད། སྒྲུབ་ཐབས། རྫོགས་པའི་རིམ་པའི་མན་ངག་རྣམས་ཀྱང་ལེགས་པར་གནང༌། གཞན་རྒྱ་གར་ནུབ་ཕྱོགས་ཏུ་ལ་ཀྵེ་ཏྲའི་གྲོང་དུ། བླ་མ་ཐར་པ་ལམ་སྟོན་ནམ་ཡེ་ཤེས་སྙིང་པོ་ལ་གསང་བ་འདུས་པ་རྒྱུད་རྐྱང་གི་ལུགས་རྣམས་ལེགས་པར་གསན། སླར་ནཱ་རོ་པའི་དྲུང་དུ་བྱོན་ནས་སྒྲོན་མ་གསལ་བའི་བཤད་པ་ལེགས་པར་གསན། མ་ཧཱ་མཱ་ཡཱ་ཡང་དབང་བྱིན་རླབས་མན་ངག་དང་བཅས་པ་རྫོགས་པར་གནང༌། དེ་ནས་སླར་བོད་དུ་བྱོན་ཏེ། བྱང་ཕྱོགས་སུ་ཕྱུག་པོ་འགའི་སྲིའུ་གསོ་བ། ལྷ་མོ་དུད་སོལ་མ་ལ་བརྟེན་ནས་མཛད་དེ། སྲིའུ་རེ་རེ་ལ་གསོས་པའི་ཡོན་སྲང་བཅུ་བཅུ་ཕབ། ནམ་རའི་གསེར་ཁ་རྡོལ་བ་དང་འཛོམ་པ་དང༌། ཙམ་ལུང་གི་མར་པ་མགོ་ཡགས་བྱ་བ་དེས་རུས་གཅིག་པའི་ཞེན་བྱས་ནས་དབང་ཞུས་ཤིང༌། ཉེ་འབངས་དང་བཅས་པ་ལ་གསེར་འབུལ་དུ་བཅུག་པས་ཕྱག་ཏུ་གསེར་མང་པོ་ཡང་དག་པ་བྱུང༌། དེ་ནས་མར་པ་མགོ་ཡགས་ཀྱིས་སྐྱི་རོང་གི་ལ་རྩ་ཚུན་བསྐྱལ། དེ་ནས་བལ་པོ་ནས་རྒྱ་གར་དུ་བྱོན། ཡུལ་དབུས་སུ་ཕེབས་པའི་ཚེ་ནཱ་རོ་པ་སྤྱོད་པ་ལ་གཤེགས་ཟིན་ནས་མཇལ་རྒྱུ་མ་བྱུང༌། སྤྱོད་པ་ལ་གཤེགས་ཁར་ནཱ་རོ་པས་སློབ་མ་རྣམས་ལ་རྟེན་ནས་སོ་སོར་གནང་ནས། མར་པའི་སྐལ་བ་ཡིན་ཟེར་བ་ཞིག་བཞག་ནས་སྣང༌། དེར་བླ་མ་གཞན་ལ་ཆོས་འདྲ་བ་གསན་ཞིང༌། དགྱེས་རྡོར་གྱི་རྒྱུད་ལ་གཟིགས་རྟོགས་མཛད་པ་ན། ནཱ་རོ་པ་ཚོལ་བའི་འདོད་པ་ཆེན་པོ་སྐྱེས་ཏེ། རྒྱ་གར་ཤར་ཕྱོགས་དང་ལྷོ་ཕྱོགས་རྣམས་ཀྱི་ཡུལ་དུ་མར་བགྲོད། དེའི་ཚེ་གསོ་རི་བ་ལ་སོགས་པའི་གྲུབ་ཐོབ་མང་པོ་དང་ཡང་མཇལ། རྣལ་འབྱོར་དང་རྣལ་འབྱོར་མ་གཞན་འགའ་རེ་ལ་ཡང་གདམས་པ་སྣ་ཚོགས་གསན་ཞིང༌། དད་པ་ཆེན་པོས་བཙལ་བས་ནམ་ཞིག་ནགས་གསེབ་ཅིག་ཏུ་མཇལ་ཏེ། གསེར་རྣམས་ཕུལ་བས་ཐམས་ཅད་གཏོར། ཅུང་ཞིག་ཡིད་མ་ཆེས་པ་ན་ཞབས་ཀྱི་མཐེ་བོང་ས་ལ་རེག་པས་ས་དེ་གསེར་དུ་སོང༌། ཞལ་ནས་ཀྱང༌། ཐམས་ཅད་གསེར་གླིང་ཡིན་ནོ་ཞེས་གསུངས། དེ་ནས་མི་སྣང་བར་གཤེགས། དེ་ལ་རྗེ་མར་པ་ནི་སྔ་གོང་ཉིད་ནས། རྗེ་ཏི་ལླི་པས། བྷོ་ཊའི་མ་རིག་མུན་སོལ་ལ། །ཡེ་ཤེས་སྣང་བས་ཁྱབ་པར་གྱིས། །ཞེས་ལུང་ཡང་བསྟན། བླ་མ་སྤྱོད་པ་ལ་གཤེགས་ནས་མཇལ་པའི་སྐབས་ཚུན་ཆད་དུ་ཐུགས་དམ་ཇི་ལྟར་འཁྲུངས་པ་ལ་སོགས་པའི་ཚུལ་ནི་བརྗོད་པ་ལས་འདསསོ། །དེ་ནས་ལར་ཡང་བོད་དུ་བྱོན་ཏེ་བལ་པོར་ཕེབས་ནས་ཕམ་མཐིང་བ་ལ་སོགས་པའི་བླ་མ་རྣམས་ཀྱི་དྲུང་དུ་ནཱ་རོ་པའི་ཡོན་ཏན་དང་རང་ཉིད་ཀྱི་ངང་ཚུལ་རྣམས་གླུར་བླངས། བླ་མ་མཆེད་གྲོགས་དང་བཅས་པ་རྣམས་ཀྱང་དགྱེས་པར་མཛད། དེའི་ཚེ་ལོ་བཞི་བཅུ་རྩ་གཉིས་པ་ཡིན། དེ་ནས་བོད་དུ་ཕེབས་ཏེ་ཡུལ་ས་གཟུང༌། བདག་མེད་མ་ཡང་བཙུན་མོར་བླངས། གཞན་ཡང་བཙུན་མོ་མ་ཕྱག་རྒྱར་སྡོ་བ་བརྒྱད་ཙམ་ཞིག་ཡོད་པར་གྲགས་ཏེ། ཀྱེ་རྡོར་ལྷ་མོ་དགུ་པོ་དང་སྦྱོར་བ་ཡིན། ཡང་མཻ་ཏྲི་བའི་བསྔགས་པ་གསན་པས་ཐུགས་དྲངས་ཏེ་རྒྱ་གར་དུ་བྱོན་ནས། རྒྱ་གར་ཤར་ཕྱོགས་སུ་མངའ་བདག་མཻ་ཏྲི་བ་དང་མཇལ། རྒྱུད་ཀྱི་གསན་པ་མང་པོ་ཡང་མཛད། ཕྱག་རྒྱ་ཆེན་པོའི་མན་ངག་གིས་མངོན་སུམ་གྱི་རྟོགས་པ་འཁྲུངས་ཏེ། རྗེ་མངའ་བདག་ཆེན་པོའི་བཀའ་དྲིན་གྱིས། །གཞི་ཆོས་ཉིད་སྐྱེ་བ་མེད་པར་རྟོགས། །སེམས་སྟོང་པ་ཉིད་ལ་སྦར་ཟིན་བྱས། །མི་ཁོ་བོའི་སྤྲོས་པ་དེ་ནས་ཆོད། །ཅེས་གསུངས་ནས་སླར་ཡང་བོད་དུ་ཕེབས། དེ་རྗེས་ལ་ཡང་བལ་པོར་ལན་གཉིས་སུ་བྱོན་ནས་བླ་མ་རྣམས་ལ་ཆོས་མང་དུ་གསན། དེ་ནས་ཕྱིར་བྱོན་པའི་ལམ་དུ་བལ་པོ་རྫོང་པས་ཤོ་གམ་འདོད་པའི་ཕྱིར་བོད་རྣམས་བསྐྱེལ་བས། དེར་ཞག་འགའ་ཞིག་བཞུགས་པའི་རྨི་ལམ་དུ་བུད་མེད་ཅིག་གིས་ཕྲག་པ་ལ་ཁུར་ནས་དཔལ་གྱི་རི་ལ་ས་ར་ཧའི་དྲུང་དུ་བསྐྱལ། ས་ར་ཧས་གདམས་ངག་གནང་ཞིང་བྱིན་གྱིས་བརླབས་པས་སྣང་སྲིད་ཐམས་ཅད་རོ་གཅིག་པའི་མྱོང་བ་ཡང་དག་པ་འཁྲུངས། དེ་ནས་ལས་སྟོད་དུ་ཀློག་སྐྱ་སྟོན་པས་བསྙེན་བཀུར་བྱས་ནས་ཞུ་བ་ཕུལ་བས། དོན་དེ་མགུར་དུ་ཡང་དག་པར་བཞེངས། དེ་ནས་གཙང་རོང་དུ་ཕེབས་པའི་ཚེ། མེས་ཚོན་པོས་ཞིང་ཞོ་གཅིག་གི་ས་ཚོས་དང་བུར་ལྟང་གིས་བཀང་སྟེ། ཕུལ་ནས་ཆོས་ཞུས་པས། ཀྱེའི་རྡོ་རྗེའི་རྒྱུད་བཤད་པ་དང་བཅས་ཏེ་ལེགས་པར་གསུངས། ཁྱད་པར་དུ་གདམས་ངག་གནང་བས། མེས་ཚོན་པོ་ལ་འོད་གསལ་གྱི་ཡེ་ཤེས་ཡང་དག་པར་འཁྲུངས། དེ་ནས་གྲོ་བོ་ཀླུངས་སུ་ཕེབས་ནས་སློབ་མ་མང་དུ་བསྐྱངས་པ་ལ། དོལ་པ་གག་སྟོན། གྲེའི་མེའུ་ཆུང༌། ཆུ་གོང་དཔལ་ལེ། དགེ་བཤེས་ཁེ་གད་དེ་ཐུགས་ཀྱི་སྲས་བཞིར་གྲགས་པ་དང༌། གཞན་ཡང་སློབ་མ་དབུ་ཆེ་བཅུ་ཞེས་བྱ་བ་བྱུང་སྟེ། མཇལ་བ་ལ་སྔ་བའི་ཀློག་སྐྱ་འབྱུང་གནས་རྒྱལ་མཚན། བྱང་ཙམ་ལུང་གི་མར་པ་མགོ་ཡགས། རྔོག་གཞུང་བ། འཚུར་དབང་ངེ༌། མེས་ཚོན་པོ། ལྷ་རྗེ་སེ་རིངས། རྒྱ་སྟོན་ཞིག་པོ། མར་པ་བྱ་ཟེ་བ། མྱང་སྒོམ་སྦྲང་ལྟག །རྗེ་བཙུན་མི་ལ་རྣམསསོ། ། གཞན་ཡང་གཉལ་གྱི་ཤུང་ཀེ་ལྦ་བ་ཅན་ལ་སྒྲོན་མ་གསལ་བའི་བཤད་པ་ཡང་དག་པར་གནང་སྟེ། དེས་ཀྱང་རང་གི་སློབ་མ་ལ་བཤད་པ་ལན་འགའ་ངར་བགྱིས་ནའང་རྒྱུན་རིང་བ་ནི་མ་བྱུང་ངོ༌། །དེ་རྣམས་ལས་རྔོག་ཆོས་རྡོར། འཚུར་དབང་ངེ༌། མེས་ཚོན་པོ། མི་ལ་རས་པ་རྣམས་ལ་ཀ་ཆེན་བཞི་ཡང་ཟེར། རྔོག་གིས་དང་པོར་རྟ་བཟང་པོ་ཞིག་ཕྱག་རྟེན་དུ་བསྣམས་ལྷོ་བྲག་ཏུ་མཇལ་བ་ལ། ཁྱོད་ཀྱི་འདི་ཆོས་ཞུ་བའི་ཞུ་རྟེན་ཡིན་ན་ནི་ཆུང༌། ཞལ་མཇལ་བའི་རྟེན་ཡིན་ན་ནི་ཆེ་ཞེས་ཀྱང་གསུངས། དེར་དབང་དང་གདམས་པ་འགའ་རེ་གནང་ཞིང༌། ཕྱིས་རི་བོར་སྤྱན་དྲངས་ནས་འབྲི་གནག་བདུན་ཅུ་སྦྲ་དང༌། ཁྱི་དང༌། ཤེ་མ། ཟོ་བ་གཅིག་རྣམས་ཀྱང་ཕུལ་ཏེ། དེ་ལ་ཀྱེའི་རྡོ་རྗེ། བཤད་པའི་རྒྱུད་གུར། དཔལ་གདན་བཞི་པ། མ་ཧཱ་མཱ་ཡཱ་རྣམས་གནང༌། ཟབ་ཁྲིད་ཀྱིས་ཀྱང་བསྐྱངས། རྔོག་གི་ཞལ་ནས། ང་རང་གི་ཡོ་བྱད་ཀྱིས་དེ་ལས་མ་ལྡངས། བླ་མའི་ཆོས་ལ་ནི་ཟད་པ་མེད་པ་ཡིན་གསུང། ཡང་རྗེ་མར་པས་སྐུ་འདས་ཁར་ཡང་གཞུང་རི་བོར་ཕེབས་པ་ཞིག་ཡིན་པ་འདྲ་སྟེ། རྔོག་གི་སྲས་མོ་མདོ་སྡེས་རྗེ་མར་པ་ལས་ལུང་ཙམ་ཐོབ། ལོ་བརྒྱད་ལོན་པའི་ཚེ་རྗེ་མར་པ་གཤེགས། བཅུ་གསུམ་ལོན་པའི་ཚེ་ཡབ་གཤེགས་ཞེས་འབྱུང་ངོ༌། །ནཱ་རོ་པའི་གཞུང་གདམས་ངག་ཏུ་མ་ཟད། མེེ་ཏྲི་པའི་གཞུང་བཤད་དང་གདམས་པ་རྣམས་ཀྱང་གནང་པས། རྔོག་པ་རྣམས་གུར་གྱི་གཞུང་རེ་རེའི་སྟེང་དུ་ནཱ་རོ་མཻ་ཏྲི་གཉིས་ཀའི་བཤད་པ་མི་འདྲ་བ་རེ་མཛད་དོ། །རྔོག་ཆོས་ཀྱི་རྡོ་རྗེ་ནི། རྗེ་མར་པའི་ཉི་ཤུ་རྩ་ལྔ་པ་མེ་ཕོ་བྱི་བ་ལ་འཁྲུངས། རང་གི་དྲུག་ཅུ་རྩ་བདུན་པ་ཆུ་ཕོ་རྟའི་ལོ་ལ་མཁའ་སྤྱོད་དུ་གཤེགས། སྤྱིར་རྗེ་མར་པ་ཆུ་ཕོ་བྱི་བ་ལ་འཁྲུངས་ནས་བརྒྱད་ཅུ་རྩ་དྲུག་པ་མེ་མོ་གླང་གི་བར་དུ་བཞུགས། དེ་ཁོ་ན་ཉིད་ཀྱི་རྟོགས་པ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དང་ལྡན་ཡང༌། ཐ་མལ་པ་རྣམས་ཀྱིས་མཐོང་བར་བུ་སྨད་བསྲེལ་བ། ཡུལ་མི་རྣམས་དང་འཐབ་པ། མཁར་ལས་དང་ཞིང་ལས་འབའ་ཞིག་མཛད་པར་སྣང༌། སྐལ་བ་དང་ལྡན་པ་དག་གི་མིག་ལམ་དུ་གྲོང་འཇུག་ཀྱང་ལན་བཞིར་མཛད་དེ། ཊོམྦྷི་ཧེ་རུ་ཀའི་སྤྲུལ་པ་ཡིན་ནོ་ཞེས་གྲགསསོ། །ཁོང་གིས་ལོ་སུམ་ཅུ་རྩ་གཅིག་བཞེས་པའི་ཚེ། ཇོ་བོ་རྗེ་བོད་དུ་བྱོན། ནག་ཚོ་ལོ་ཙཱ་བ་དང་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གཉིས་ཁོང་ལས་ལོ་གཅིག་གིས་བགྲེས། མར་པའི་ལོ་དྲུག་པ་མེ་མོ་སྦྲུལ་ལ་རྒྱ་གར་ཕྱག་ན་འཁྲུངས། ལོ་དེ་ལ་གྲུ་མེར་གྱིས་ཐང་པོ་ཆེ་བཏབ། རྗེ་མར་པའི་ཆུ་ཕོ་བྱི་བ་འདི། རྒྱལ་བ་རྡོ་རྗེ་དབང་ཕྱུག་གི་སུམ་བཅུ་རྩ་བདུན་པ་ཡིན། གྲྭ་པ་མངོན་ཤེས་ཞེས་པའི་སྐད་པོ་ཆེ་དེ་ཡང་རྗེ་མར་པ་དང་སྐྱེས་ལོ་གཅིག །འདི་གཉིས་ཀྱིས་བཅུ་དྲུག་བཞེས་པའི་ཚེ། རྩིས་པ་རྣམས་ཀྱི་མེ་མཁའ་རྒྱ་མཚོ་ལ་འདས་ལོ་བསྲེ་བའི་ཐོག་མ་མེ་ཡོས་དེ་བྱུང་བ་ཡིན། མར་པའི་ཉི་ཤུ་རྩ་དགུ་པ་ལ་རྗེ་བཙུན་མི་ལ་དང་བ་རི་ལོ་ཙཱ་བ་གཉིས་འཁྲུངས། མར་པའི་སུམ་ཅུ་རྩ་གསུམ་པ་ཤིང་ཕོ་སྤྲེའུ་ལ་རྨ་བན་ཆོས་འབར་འཁྲུངས། མར་པའི་བཞི་བཅུ་རྩ་བརྒྱད་པ་ས་མོ་ཕག་ལ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་འཁྲུངས། མར་པའི་ཉི་ཤུ་རྩ་གསུམ་པ་ཤིང་ཕོ་ཁྱི་ལ་འཁོན་དཀོན་མཆོག་རྒྱལ་པོ་འཁྲུངས། མར་པའི་དྲུག་ཅུ་རྩ་གཉིས་པ་ཆུ་མོ་གླང་ལ་ས་སྐྱ་དང་ནེའུ་ཐོག་བཏབ། དྲུག་ཅུ་རྩ་ལྔ་པ་མེ་ཕོ་འབྲུག་ལ་མངའ་བདག་རྩེ་ལྡེའི་ཆོས་འཁོར་བྱུང་ངོ༌། རྗེ་མར་པ་ལ་སློབ་མ་ཀ་བ་བཞིར་གྲགས་པ་ལས། མེས་རྔོག་འཚུར་གསུམ་པོས་བཤད་པའི་བཀའ་གཟུང་ལ། མི་ལས་སྒྲུབ་པའི་བཀའ་གཟུང་བ་ཡིན་ནོ། །དེ་ལ་མེས་ཚོན་པོ་བསོད་ནམས་རྒྱལ་མཚན་གྱིས་མྱང་རོ་དང་གཙང་རོང་གཉིས་ཀར་བརྟག་གཉིས་ཀྱི་བཤད་པ་མང་དུ་བཤད། གནས་གཞི་པ་དོ་གཟུང༌། ཊཱི་ཀ་ཡང་བརྩམས། ཁོང་རང་གི་གདུང་བརྒྱུད་མེས་ཀུན་པོ། ཇོ་མཐོང་བློ་གྲོས་ཀྱི་བར་དུ་གྲུབ་པ་ཐོབ་པ་འགའ་ཡང་བྱོན། ཆོས་བརྒྱུད་ནི། ཞང་བསོད་ནམས་མཁར་གྱིས་མར་མེས་གཉིས་ཀ་ལ་ཐུག །དེ་ནས་བདེ་གཤེགས་ཡེ་ཤེས་སྙིང་པོ། ཞང་སྟོན་ཀུན་དགའ་གྲགས། བླ་མ་རིན་ཆེན། ཤཱཀྱ་རྒྱལ་པོ། ཞང་སྟོན་པ་གྲགས་འབྱོར་གྱི་བར་དུ་མེས་ལུགས་ཀྱི་བཤད་རྒྱུན་དར་ཞིང༌། རྒྱ་མཚོ་གྲགས་ལ་སོགས་པ་བརྒྱུད་པའི་སློབ་མ་ཊཱི་ཀ་བྱེད་པ་ཡང་མང་དུ་བྱུང༌། གདན་ས་སངས་རྒྱས་འབུམ་མེས་སྒོམ་སྡེར་ཡང་མེས་ལུགས་ཀྱི་བཤད་པའི་རྒྱུན་གཟུང་ངོ༌། །རྔོག་གིས་གཞུང་དུ་བཤད་པའི་རྒྱུན་སྤྲེངས་པ་ལས། སློབ་མ་རམ་ཙན་ཅན། སྤ་ལྦ་བ་ཅན། རྔོག་དད་པ་ཅན། རྒྱ་འ་མ་ཅན། སུམ་པ་ཕོད་ཀ་ཅན། ལྷོ་པ་ཆུང་མ་ཅན། གཉལ་བ་རྔོག་ཆུང་མ་ཅན་ལ་སོགས་པ་མང་དུ་བྱོན་ནོ། །དེའི་སྲས་པོ་རྔོག་མདོ་སྡེ་ནི། ལས་སྟོད་ཀྱི་མཁན་པོ་སྤུག་ཡེ་རྒྱལ་གྱི་སྐྱེ་བ་ཡིན། རྔོག་ཆེན་པོ་དང༌། སྤ་ཝ་བ་ཅན་གྱི་མིང་སྲིང་སྤ་མོ་ཆོས་བརྩོན་གཉིས་ཀྱི་སྲས་བུ་ལྕགས་ཕོ་རྟ་ལ་འཁྲུངས་ནས། དགུང་ལོ་བདུན་ཅུ་རྩ་བདུན་ལ་གཤེགས་པའི་བར་དུ་དབང་དང་རྒྱུད་དང་གདམས་པ་རྣམས་ཀྱིས་འགྲོ་བའི་དོན་ཤིན་ཏུ་རྒྱ་ཆེ་བར་མཛད་དེ། བོད་ཀྱི་སྔགས་པ་གཅིག་ལ་བསོད་ནམས་ཆེ་བར་གྲགས་པ་ཡིན། བདག་མེད་མ་ལྷ་མོ་བཅོ་ལྔའི་ཞལ་གཟིགས་ཤིང༌། ཐབས་ལམ་ལ་མངའ་བརྙེས་པས། སློབ་མ་རྣམས་ལ་ཐབས་ལམ་གྱིས་སྐྱེ་བ་མེད་པའི་དོན་མངོན་སུམ་དུ་རྟོགས་སུ་གཞུག་ནུས་པ། བཤད་པ་ཡང་རིན་ཆེན་རྒྱན་འདྲ་ལ་སོགས་པའི་བསྟན་བཅོས་ཀྱང་མང་དུ་མཛད། ཉ་མོ་གྱུར་དུ་འཆིམས་ཆེན་པོ་དང༌། བླ་མ་ཞང་ལ་སོགས་པའི་དགེ་བའི་བཤེས་གཉེན་ཆེ་དགུ་བསྡུས་ནས་ཆོས་འཁོར་ཆེན་པོ་མཛད། དེའི་དུས་སུ་རྗེ་མར་པའི་དཔོན་མོ་ཞིག་ལྷ་ས་སྐོར་དུ་བྱུང་བས། དགེ་བའི་བཤེས་གཉེན་ཆེན་པོ་དེ་རྣམས་ལ་བཟོད་པ་གསོལ་ནས། དཔོན་མོ་དེ་ཉིན་གཅིག་གི་གྲལ་དཔོན་བྱེད་དུ་བཅུག །དེས་རྗེ་མར་པའི་གདུང་རུས་ཉུང་ངུ་ཞིག་ཁྱེར་འདུག་པ་ང་ལ་བླང་བྱས་པས། འདི་ཡང་བྱིན་པས་ཆོག །དེར་མ་ཟད་གདུང་རུས་རྣམས་སེང་ལྡེང་གི་བཀྲ་ཤིས་སྒོ་མང་ཞིག་ན་བཞུགས་ཡོད་པ། སྲས་ཇ་རིང་འཁོར་ལོས་སེང་ལྡེང་གི་སྒོ་མང་རྩེ་མོ་ལ་བཙོངས། གདུང་རྣམས་བང་བ་ཞིག་ན་བྱོ་ཡོད་པས་ཁྱེད་རང་གིས་བླངས་ན་འོང་ཟེར། མོ་ལྷ་ས་ནས་འཁོར་བའི་ཕྱིར་བནྟེ་གཉིས་གདུང་ལེན་དུ་བཏང་བས་གདུང་ཚང་བར་ཕེབས་ནས་གདུང་ཁང་ཆེན་མོ་དེ་བཞེངས། དེའི་ནང་དུ་དངུལ་གྱི་གདུང་ཁང་ཞིག་བགྱིས་ནས་བཞུགས་སུ་བཅུག་སྟེ། ད་ལྟའི་བར་དུ་ཡུལ་ཤིན་ཏུ་བཀྲ་ཤིས་པར་མཛད་པ་ཡིན། འདིས་རྭ་ལོ། སྤ་ཚབ། གཉལ་གྱི་བྱ་ལོ་ཟླ་བ་འོད་ཟེར། ཤུད་ཕུ་ལོ་ཙཱ་བ་འབྱུང་གནས་རྒྱལ་མཚན། གཉན་ལོ། ཟངས་དཀར་འཕགས་པ་ཤེས་རབ། བ་རི་ལོ་ཙཱ་བ། རྨ་ལོ་ཙཱ་བ་ལ་སོགས་པ་རྣམས་ལའང་གཏུགས། ཡབ་ཀྱི་ཞལ་ཆེམས་ལ་དགྱེས་རྡོར་རམ་ལ་ཉོན་གསུང་བ་ཡོད་བས། གཙང་དུ་རམ་གྱི་སར་བྱོན་པས། དང་ངོས་ལ་མ་མགུ་བར་ལོག་ནས་རྔོག་ལ་གསན་པ་མཛད། དུས་ཕྱིས་རམ་ལུགས་དང་རྔོག་ལུགས་ཟེར་བའི་ལུགས་གཉིས་སུ་སོང༌། ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱིས་རམ་རྔོག་གཉིས་པོ་དགོངས་པ་གཅིག་ཏུ་སྦྱར་བའི་བསྟན་བཅོས་མཛད་དོ། །རམ་ལུགས་པ་རྣམས་ན་རེ། རམ་མཁས་པ་ཆེན་པོ་ཡིན། པཎྚི་ཏ་འབུམ་ཕྲག་གསུམ་པ་ཡང་རྩོད་པས་ཕམ་པར་བྱས། རྔོག་ཆོས་རྡོར་ལ་ཕྱག་རྒྱ་མ་མཛེས་མ་ཞིག་ཡོད་པ་ཡང་ཕུལ། ཆོས་གསུང་དུས་གསང་ལྡན་སོགས་ཀྱི་འདྲེས་བྱུང་བ་ན། ང་ལ་རྗེ་མར་པའི་གསུང་གཙང་མ་དེ་ཐུགས་ལ་གདགས་པར་ཞུ་བྱས་ནས། བླ་མ་གཅུན་གྱི་ཞུས་པས་བཤད་པ་ཤིན་ཏུ་གཙང༌། མདོ་སྡེས་རྔོག་ལ་ཉན་པས་བཤད་པ་ཉོག་པོ་དེ་བྱུང་བ་ཡིན་ཟེར། རམ་དེས་ཀྱང་རྒྱུད་ཀྱི་བཤད་པ་མང་དུ་མཛད་པས། དབོན་པོ་རམ་རྡོ་རྗེ་བཙན་ལ་སོགས་པ་དང༌། མཁས་པ་རྒྱ་ནམ་ཡང་སློབ་མར་གྱུར། རྒྱ་ནམ་ལ་ཏྲེ་བོ་མགོན་པོས་དང་པོར་རྩོད་པ་བྱེད་དུ་འོངས། རྩོད་པ་མ་ཐུབ་པས་སློབ་མར་གྱུར་ཏེ། ཀྱེ་རྡོར་གྱི་དབང་རྒྱ་ནམ་ལ་ཞུས་པའི་ཚེ། སོ་ཤིང་ནམ་མཁའ་ལ་ཆགས་པས། རྒྱུད་གསང་འདུས་ལ་མོས་ཀྱང་ལས་འབྲེལ་ཀྱེ་རྡོར་དང་འདུག་སྙམ་པ་བྱུང༌། རྒྱ་ནམ་གྱིས་ཀྱེ་རྡོར་གྱི་ཊཱི་ཀ་ཡང་ལེགས་པར་མཛད། ཏྲེ་བོས་དེ་གཟུང་ནས་བཤད་པ་ཡང་མང་དུ་མཛད། ཏྲེ་བོའི་སློབ་མ་ཆོས་ལ་དགོས་ཀྱང་རམ་ལུགས་དང་མཐུན་པའི་ཊཱི་ཀ་བརྩམས། སྙེ་མདོ་ཐམས་ཅད་མཁྱེན་པས་ཀྱང་ཏྲེ་བོའི་སློབ་མ་གཉན་རྡོ་རྗེ་སེང་གེ་ལ་གཏུགས་ནས་རམ་ལུགས་རྣམས་ལེགས་པར་མཉན་ཏེ། རང་གི་སྲས་བརྒྱུད་ཀུན་དགའ་དོན་གྲུབ་ལ་སོགས་པ་རྣམས་ལ་ཡང་བཤད་པ་དེའི་རྒྱུན་ཡོད་དོ། །རྔོག་མདོ་སྡེ་ལ་སློབ་མ་རྩགས་དྷརྨ་རཱ་ཛ། འགར་བཀྲ་ཤིས་རིན་ཆེན། འཚེའུ་དར་རེ། མལ་ཡེར་པ་བ། ཏྲེ་བོ་མགོན་པོ། ངོར་རྗེ་ཀུན་དགའ་འོད། གཤེན་པ་རྡོ་རྗེ་སེང་གེ མཉམ་མེད་ཤཱཀྱ་ཡེ་ཤེས། ཅོག་རོ་ཆོས་རྒྱལ། ལྷ་ཕྱུག་མཁར་བ། སྡོ་ཚ་ཆོས་སྐུ། དྲན་སྟོན་མཐའ་བྲལ། ལྷོ་ནག །རྒྱལ་ཚ་རིན་ཆེན་མགོན་ལ་སོགས་པ་མཐའ་ཡས་པ་བྱོན་ནོ། །རྔོག་མདོ་སྡེས་གཙང་ཆུ་མིག་ཏུ་བཞུགས་དུས། མཚན་མོ་ཞིག་ཕྱག་རྒྱ་མ་ཞིག་གི་སར་བྱོན་བར་བརྩམས་པས། ཇོ་མོ་སྒྲེ་མོ་ཞེས་བྱ་བའི་གྲུབ་ཐོབ་མ་དེ་བྱོན་ནས། དོ་ནུབ་བྱོན་ན་བར་ཆད་འོང༌། སང་ནུབ་བྱོན་ན་སྲས་ཁྱད་པར་ཅན་ཞིག་ཀྱང་འོང་བས་བྱོན་ཟེར། དེ་ཡང་རྔོག་གི་སྐྱེ་བ་སྔ་མ་སྤུག་ཡེ་རྒྱལ་དེ་ཇོ་མོ་སྒྲེ་མོ་ལ་བསླབ་པ་སྟེར་མཁན་ཡིན་ཞིང༌། དེའི་སྟོབས་ཀྱིས་མདོ་སྡེ་ལ་གུས་པ་ཆེན་པོ་མཛད་དོ། །སྒྲེ་མོ་འདི་ནི་གྲུབ་ཐོབ་མ་ཚེ་ཡང་ཤིན་ཏུ་རིང་བ་ཞིག་ཡིན་ཞིང༌། བི་མ་ལ་མི་ཏྲས་གསང་སྔགས་ཀྱི་རྒྱུད་མང་པོ་ཡང་ཁོང་ལ་གཏད་ཅེས་ཟེར་རོ། །སྒྲེ་མོའི་ལུང་བསྟན་བཞིན་སྲས་གཙང་ཚ་ཇོ་ཚུལ་བྱུང་བ་ཡིན་ཏེ། ཡབ་ཀྱི་ཉེར་དྲུག་པ་ཤིང་མོ་ལུག་ལ་འཁྲུངས། མཚན་ཚུལ་ཁྲིམས་ཤེས་རབ་ཏུ་བཏགས། ཞེ་བཞི་པ་ས་ཕོ་སྟག་ལ་གཤེགས། ཇོ་ཚུལ་གྱི་སྲས་ནི་རྔོག་ཀུན་དགའ་རྡོ་རྗེ་ཡིན་ཏེ། མེ་མོ་གླང་ལོ་ལ་འཁྲུངས། འདིས་མེས་མདོ་སྡེ། ལྷོ་ནག་ལ་མོའི་མཚེའུ་དར་རེ། དཔལ་ཆེན་གོ་བོ། གུབ་ཐོབ་ཤོལ་པོ་བ། མལ་ནག་མོ་རྣམས་བསྟེན། སྤྲེའུ་ཞིང་གི་གནས་བཞི་བཏབ། ལོ་བཅུ་ལོན་པའི་ཚེ་མེས་པོ་གཤེགས། རང་ལོ་བདུན་ཅུ་རྩ་བརྒྱད་པ་ཤིང་ཕོ་རྟ་ལ་གཤེགས། ཀུན་དགའི་སྲས་གཟི་བརྗིད་གྲགས་པ་ཡབ་ཀྱི་ཞེ་དྲུག་པ་ཆུ་ཕོ་ཁྱི་ལ་འཁྲུངས། ཆོས་རྣམས་ཡབ་ལ་ལེགས་པར་གསན། བྱ་འདུལ་གྱི་སློབ་མ་བ་ཆར་པ་ལ་བསྙེན་རྫོགས་མཛད། ལོ་རས། ལོ་དྲུག །སྒྲོལ་སྒོམ་མདོ་ཆེན་པ་ལ་སོགས་པ་བསྟེན། གཟིམས་ཁང་བྱང་མ་དང་གཙུག་ལག་ཁང་བཞེངས། རྗེ་མར་པའི་གདུང་ཁང་ཡང་དེར་གདན་དྲངས་ཏེ། གདན་ས་མཛད་ནས། བརྒྱད་ཅུ་པ་ལྕགས་མོ་སྦྲུལ་ལ་གཤེགས། ཁོང་གི་གཅུང་པོ་སློབ་དཔོན་རྒྱལ་པོ་དགའ་ཤིང་མོ་གླང་ལ་འཁྲུངས་ནས། བརྒྱད་ཅུ་པ་ཤིང་ཕོ་སྤྲེའུ་ལ་གཤེགས། དེའི་སྲས་པོ་སློབ་དཔོན་སེང་གེ་སྒྲ་ཡབ་ཀྱི་སོ་གཅིག་པ་ཤིང་མོ་ལུག་ལ་འཁྲུངས། བདུན་ཅུ་རྩ་བཞི་པ་ས་ཕོ་སྤྲེའུ་ལ་གཤེགས། དེའི་གཅུང་པོ་བླ་མ་རིན་ཆེན་བཟང་པོ་ཡབ་ཀྱི་སོ་དགུ་པ་ཆུ་མོ་ཡོས་ལ་འཁྲུངས། ཁུ་བོ་གཟི་བརྗིད་ལ་ཆོས་རྣམས་གསན་ནས་དགུང་ལོ་བཅུ་པ་ལ་བཤད་པ་མཛད། བཅོ་བརྒྱད་པ་ལ་ཟུལ་ཕུར་དགེ་ཚུལ་དང༌། སོ་གསུམ་པ་ལ་བསྙེན་རྫོགས་མཛད། མཁན་པོ་ཟུལ་ཕུ་བ་ཆོས་གྲགས་དཔལ། ལས་སློབ་འོད་ཟེར་དཔལ། གསང་སྟོན་ཡེ་ཤེས་དཔལ། ཡབ་དང༌། སློབ་དཔོན་རྡོ་རྗེ་རིན་ཆེན་དང༌། སློབ་དཔོན་བཟང་མོ་བ་འཕྱོང་པོ་བ་དང༌། སློབ་དཔོན་རིན་གཞོན་རྣམས་ལ་ཆོས་གསན། ཉི་ཤུ་རྩ་བདུན་པ་ལ་བླ་མ་གཟི་བརྗིད་འདས། རྗེས་ཀྱི་ཞབས་ཏོག་བསྒྲུབས་ནས་གདན་ས་མཛད། དེ་ནས་ལོ་ལྔ་པ་ལ་ཁམས་སུ་བྱོན་ནས་ལོ་གཉིས་ལ་འཁོར། འཚལ་པའི་ཡང་དགོན་སྒོམ་སྡེ་དང་དཔོན་རྒྱུད་ཀྱི་བླ་མར་གྱུར། གསེར་གྱི་བཀའ་འགྱུར་བཞེངས། ལྷ་ཁང་དང་གདན་ས་རྒྱ་ཆེར་བསྐྱེད། སྤེལ་བཞི་དང་ཟུལ་སྐྱོར་གྱིས་ཐོག་དྲངས་དགེ་འདུན་དཔག་ཏུ་མེད་པ་ལ་ཚོགས་གསོག་དང༌། དེའི་སྐུ་སྐལ་དབུས་གཙང་གི་དགོན་སྡེ་འབྲེལ་ཡོད་ཀུན་ལ་མཛད། མར་པའི་སྤྲུལ་པར་གྲགས་ཤིང་སྐུ་ཆེ་བའི་ཡོན་ཏན་དཔག་ཏུ་མེད། ཁོང་གི་ཞེ་གཉིས་པ་ཤིང་ཕོ་སྤྲེའུ་ལ་རང་བྱུང་རྡོ་རྗེ་འཁྲུངས། ཞེ་བརྒྱད་པ་ལྕགས་ཕོ་སྟག་ལ་བུ་རིན་པོ་ཆེ་འཁྲུངས། འགྲོ་དོན་རྒྱ་ཆེར་མཛད་ནས་ཁོང་རང་གི་རང་ལོ་བདུན་ཅུ་རྩ་བདུན་པ་ས་མོ་ལུག་ལ་གཤེགས། རིན་ཆེན་བཟང་པོའི་གཅུང་པོ་སློབ་དཔོན་ཆོས་རྡོར་མེ་ཕོ་རྟ་ལ་འཁྲུངས་ནས་རེ་དྲུག་པ་ལྕགས་མོ་ཕག་ལ་གཤེགས། ཁོང་གི་སྲས་ལྔའི་ཆེ་བ་སློབ་དཔོན་ཆོས་ཀྱི་རྒྱལ་མཚན་ཆུ་མོ་ལུག་ལ་འཁྲུངས། སོ་བདུན་པ་ལ་བླ་མ་རིན་ཆེན་བཟང་པོ་གཤེགས། རང་ལོ་བདུན་ཅུ་རྩ་བདུན་པ་ས་མོ་ཕག་ལ་གཤེགས། འདིས་ཁམས་སུ་བྱོན། རི་བོ་ཆེའི་རིན་པོ་ཆེ་བ་ལ་སོགས་པའི་སློབ་མ་དཔག་ཏུ་མེད་པ་བྱུང༌། དར་རྩེ་མདོ་ཚུན་དུ་ཐེགས་པས་འབུལ་བ་མང་པོ་བྱུང་བའང་སྤྲེའུ་ཞིང་དུ་སླེབ། དེ་རྟིང་གདན་ས་མཛད་པ་ཡིན། ཡར་ཀླུངས་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་ལ་གཏུགས་ནས་རྡོ་རྗེ་ཕྲེང་བ་གསན་པས། དིང་སང་གི་བར་དུ་སྤྲེའུ་ཞིང་པ་ལ་ཕྲེང་བའི་བཀའ་མ་ཆད་པར་ཡོད་པ་ཡིན། སློབ་དཔོན་ཆོས་རྡོར་གྱི་སྲས་བཞི་པ་སློབ་དཔོན་སེང་གེ་འབུམ་གྱི་སྲས་རིན་པོ་ཆེ་དོན་གྲུབ་དཔལ་བ་ལྕགས་མོ་ལུག་ལ་འཁྲུངས། ཉེར་དགུ་བཞེས་པའི་ཚེ་རིན་པོ་ཆེ་ཆོས་རྒྱལ་བ་གཤེགས། རང་ལོ་དྲུག་ཅུ་རྩ་བརྒྱད་པ་ས་ཕོ་སྟག་ལ་གཤེགས། དེའི་སྲས་རིན་པོ་ཆེ་བྱང་ཆུབ་དཔལ་བ་ནི། རིན་པོ་ཆེ་ཆོས་རྒྱལ་བ་གཤེགས་པའི་ཕྱི་ལོ་ལྕགས་ཕོ་བྱི་བ་ལ་འཁྲུངས། སུམ་ཅུ་རྩ་དགུ་བཞེས་པ་ལ་རིན་པོ་ཆེ་དོན་གྲུབ་དཔལ་བ་གཤེགས། ཡབ་ཀྱི་ཉེ་གནས་དང་སློབ་གཉེར་སྦྲགས་ནས་མཛད་པས་རྔོག་པའི་ཆོས་རྣམས་ལ་ཤིན་ཏུ་མཁས་ཤིང་བྱང་བར་གྱུར། དོན་གྲུབ་དཔལ་བ་གཤེགས་རྗེས་གདན་ས་གཟུང་ཞིང་དུས་ཆོས་མ་ཆག་པར་གསུངས་པ་ལ། ལོག་སྒྲུབ་ཅན་གྱི་གང་ཟག་འགའ་རེས། བདག་པོ་དྲུང་ཆེན་པ་ལ་ལོག་པར་ཞུས་པས། བཀའ་བཀྱོན་བྱུང་སྟེ་བྱ་བ་རྣམས་འབྲིང་ཙམ་དུ་བཞུགས་པ་ལ། རྗེ་ཙོང་ཁ་པ་ཆེན་པོ་གྲུམ་བུ་ལུང་དུ་ཆོས་གསུང་བའི་ཚེ་མཇལ་དུ་བྱོན་པས། རྗེས་བཀུར་སྟི་ཆེན་པོ་མཛད། མཁྱེན་པའི་ཡོན་ཏན་རྣམས་ལ་རྩད་གཅོད་གནང༌། དེར་ངོ་མཚར་ཆེ་བའི་གསུང་ཡང་ཡང་བཟླས་པ་མཛད་ཅིང༌། ཕྱིས་ཀྱང་བསྔགས་པ་མང་དུ་མཛད་པས་སྡེ་སྣོད་འཛིན་པ་ཆེན་པོ་རྣམས་ཀྱང་ཡིད་ལྷོངས་ཏེ། འབྲས་སྤུངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པ་དང༌། མཁན་ཆེན་པདྨ་བཟང་པོ་ལ་སོགས་པའི་མཁྱེན་རབ་ཅན་གྱི་སློབ་མ་ཡང་མང་དུ་འདུས། སྟག་ལུང་རིན་པོ་ཆེ་དཔལ་ངག་གི་དབང་པོས་ཀྱང་ཆོས་མང་དུ་གསན། ཆོས་སངས་རྒྱས་རྒྱལ་མཚན་གྱིས་ཀྱང་རྔོག་ལུགས་ཀྱི་དབང་ཞུས། དེ་རྗེས་མིའི་བདག་པོ་གྲགས་པ་འབྱུང་གནས་ཀྱིས་སྤྱན་དྲངས་ནས་རྔོག་ལུགས་ཀྱི་དབང་དང་རྒྱུད་བཤད་གདམས་པ་དང་བཅས་པ་ལེགས་པར་གསན་ཞིང༌། ཤིན་ཏུ་གུས་པའི་སྒོ་ནས་བཀུར་སྟི་ཆེན་པོ་མཛད། ལྡུམ་ཆུང་བ་དོན་གྲུབ་དཔལ་བ་དང༌། བྱམས་གླིང་ཆོས་ཀྱི་རྗེ་བསོད་ནམས་རྣམ་པར་རྒྱལ་བ་དང༌། སྨྲ་བའི་ཁྱུ་མཆོག་ཆེན་པོ་དཔལ་ཆོས་ཀྱི་གྲགས་པ་དང༌། དྲུང་བསོད་ནམས་རྒྱལ་མཚན་པ་རྣམས་ཀྱང་མཁྱེན་རབ་ལ་ཤིན་ཏུ་གུས་ཤིང་གསན་པ་མང་དུ་མཛད། ཕྱག་དཔེ་བརྟག་གཉིས་ཀྱི་གཞུང་རྡོ་རྗེ་མར་གྲགས་པ་ཞིག་ལ་ཆོས་ཚར་རེ་ལ་མཚན་མ་རེ་བཏབ་པའི་གྲངས་བརྒྱ་དང་བརྒྱད་ཅུ་རྩ་གཉིས་སྣང༌། བར་སྐབས་སུ་གདན་ས་བ་རྣམས་ལ་གདན་བཞིའི་བཤད་རྒྱུན་ཆད་པ་ལ། རྗེ་ཙོང་ཁ་པ་ཆེན་པོའི་བཀའ་ལུང་ལ་ཁྱེད་ཀྱིས་ཅིས་ཀྱང་གདན་བཞིའི་བཤད་པ་དེ་ཡོད་པ་མཛོད་གསུངས་པས། སྤྲེའུ་ཞིང་གླིང་གསེབ་ནས་གྲྭ་པ་སློབ་དཔོན་ཚུལ་མགོན་པ་ཞེས་བྱ་བའི་བགྲེས་པོ་ཞིག་ལ་ལུང་ལེགས་པར་བཞུགས་པ་མནོས་ནས་བཤད་པ་ཡང་མང་དུ་མཛད། དེ་ལྟར་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་པའི་ངང་ནས་རང་ལོ་བརྒྱད་ཅུ་རྩ་བདུན་པ་མེ་ཕོ་སྟག་ལ་གཤེགས། མེ་ཕོ་སྟག་དེ་ནས་དིང་སང་མེ་ཕོ་སྤྲེའུ་ཡན་ལ་ལོ་སུམ་ཅུ་རྩ་གཅིག་སོང་བ་ཡིན། སྤྲེའུ་ཞིང་དུ་རྔོག་གི་གདུང་བརྒྱུད་བྱོན་པ་ཐམས་ཅད་གཙང་ཚ་བརྒྱུད་ཡིན་ལ། རྒྱལ་ཚ་བརྒྱུད་མདོ་སྡེའི་སྲས་ཐོགས་མེད་གྲགས་ནི། ཡབ་ཀྱི་སོ་གཅིག་པ་ལྕགས་ཕོ་བྱི་བ་ལ་འཁྲུངས་ནས་མེ་བྱིའི་བར་སུམ་ཅུ་རྩ་བདུན་བཞུགས། ཡབ་ཀྱི་ཆོས་རྣམས་ལ་ཤིན་ཏུ་མཁས་ཤིང་ཡིག་ཆའང་མང་དུ་མཛད། ཐོགས་མེད་གྲགས་ཀྱི་གཅུང་པོ་ཇོ་འོད་ཆུ་སྟག་ལ་འཁྲུངས། ཉེར་ལྔ་བཞུགས། དེའི་གཅུང་པོ་ཇོ་བསོད་ས་བྱ་ལ་འཁྲུངས། བཅུ་བདུན་བཞུགས། དེའི་གཅུང་སྟོན་ཆུང་དབང་མོ་ཆུ་གླང་ལ་འཁྲུངས། བཅུ་གསུམ་བཞུགས། གཅུང་ཇོ་བདེ་ཤིང་ཡོས་ལ་འཁྲུངས་བཅུ་གཅིག་བཞུགས། ཐོགས་མེད་གྲགས་ཀྱི་སྲས་རྒྱལ་ཚར་མོ་ཡབ་ཀྱི་ཉེར་བདུན་པ་མེ་ཕོ་སྟག་ལ་འཁྲུངས་ནས་ཆུ་ཕོ་སྟག་གི་བར་སོ་བདུན་བཞུགས། དེའི་གཅུང་པོ་རྡོ་རྗེ་སེང་གེ་ཡབ་ཀྱི་སོ་གསུམ་པ་ཆུ་ཕོ་སྤྲེའུ་ལ་འཁྲུངས། རང་ལོ་དྲུག་ཅུ་རྩ་བརྒྱད་པ་ལ་གཤེགས། ར་མོས་ཉེར་གཅིག་དང་རྡོར་སེང་གིས་བཅོ་ལྔ་ལོན་པའི་ཚེ་མེས་པོ་གཤེགས། ར་མོ་ལ་སྲས་གསུམ་སྟེ། ལྕམ་མེ། ཇོ་ཤཱཀྱ། ཇོ་བསོད། ལྕམ་མེའི་སྲས་ནམ་མཁའ་དབང་ཕྱུག །དེའི་སྲས་ཀུན་དགའ་དང་དབང་ཕྱུག་འབུམ་གཉིས། ཀུན་དགའི་སྲས་རིན་ཆེན་རྒྱལ་པོ། དེ་ལ་སྲས་རིན་ཆེན་དཔལ། གྲགས་པ་རྒྱལ་མཚན། ཀུན་དགའ་བློ་གྲོས་དང་གསུམ། ཕྱི་མའི་སྲས་ཀུན་དགའ་བཟང་པོའོ། །སྤྲེའུ་ཞིང་དུ་རིན་པོ་ཆེ་བཀྲ་ཤིས་དཔལ་བ་ནི། རིན་པོ་ཆེ་བྱང་ཆུབ་དཔལ་བ་ཉིད་ཀྱི་གདུང་དུ་འཁྲུངས། ཆུང་ངུའི་དུས་ནས་རབ་ཏུ་བྱུང་ཞིང་རྩེས་ཐང་དུ་ཆེན་པོ་བློ་གྲོས་འཕེལ་བའི་སར་གཏུགས། ཚད་མའི་སློབ་གཉེར་མཛད། དེ་རྟིང་ཡབ་མེས་ཀྱི་ཆོས་རྣམས་རིན་པོ་ཆེ་བ་ལ་ཚང་བར་གསན་ཞིང་མཁས་པར་ཡང་གྱུར་པ་ལ། རིན་པོ་ཆེ་བ་ཉིད་སྐུ་ཚེ་ཤིན་ཏུ་རིང་བས་དུས་ཆོས་ཙམ་མ་གཏོགས་གཞན་ནས་ཀྱི་ཉན་པ་པོ་ནི་མ་བྱུང༌། རིན་པོ་ཆེ་པ་བཞུགས་རིང་ལ་གདན་སར་བཏོན། དེའི་སྲས་ད་ལྟའི་གདན་ས་བ་འདིའོ། །རྗེ་མར་པ་ཆུ་བྱི་ལ་འཁྲུངས་ནས་དིང་སང་གི་མེ་ཕོ་སྤྲེའུ་འདི་ཡན་ལ་ལོ་བཞི་བརྒྱ་དང་དྲུག་ཅུ་རྩ་ལྔ་སོང་ངོ༌། །སྤྱིར་རྔོག་མདོ་སྡེའི་སློབ་མ་རྩགས་ལ་སོགས་པའི་སྐྱེས་བུ་ཆེན་པོ་རྣམས་ཀྱིས་བཤད་པ་མཛད་པ་ལས་རྒྱ་ཤིན་ཏུ་ཆེ་བར་འཕེལ་ཞིང༌། བརྒྱུད་པ་ཕྱི་མ་རྣམས་ཀྱིས་བརྩམས་པི་ཊཱི་ཀས་ཀྱང་ལུང་སུལ་ཐམས་ཅད་ཁེངས་ཏེ། མར་རྒྱུད་ཀྱི་བཤད་པ་ལ་རྔོག་བརྒྱུད་འདི་ཤིན་ཏུ་དྲིན་ཆེའོ། །རྔོག་པའི་བརྒྱུད་པའི་སྐབསསོ། ། ༨.༢ འདུས་པ་མར་ལུགས་ཀྱི་སྐབས། འཚུར་དབང་དེ་ནི། དོལ་གྱི་མདའ་ན་འཆེས་དང་འཚུར་ཞེས་བྱ་བའི་རིགས་གཉིས་ཡོད་པ་ལས་འཚུར་གྱི་རིགས། སྔགས་འཆང་བརྒྱུད་པར་བྱུང་བ། ཡབ་ཤིན་ཏུ་མཐུ་ཆེ་བ་ཞིག་གི་སྲས་སུ་འཁྲུངས། ཆུང་ངུའི་དུས་ནས་དགེ་བའི་བཤེས་གཉེན་ལྕེ་པའི་སར་སློབ་གཉེར་ལ་བྱོན། ཡོ་བྱད་ཆུང་ངུ་ལས་མེད་པས་མས་མ་བཟོད་དེ་ཁྱོད་ཀྱི་ལུས་རྒྱས་པ་ན་ནོར་འབྱུང་བས། དེའི་ཚེ་རིག་པ་བསླབས་པས་ཆོག་མོད། ད་ལྟ་རང་གི་ཁྱིམ་དུ་ལྡང་ཞེས་བསྐུལ་བ་ན། མཁས་པ་ཐམས་ཅད་དཀའ་བ་སྤྱད་ཅིང་བརྩོན་པ་བསྐྱེད་པ་ལས་བྱུང་བ་ཡིན། ངའི་ཆོས་ཀྱི་བར་ཆད་མ་བྱེད་ཅིག །ང་སངས་རྒྱས་པའི་ཚེ་ཁྱོད་བརྩེ་བས་མ་འདོར་བ་ཡིན་ནོ་ཞེས་གསུངས་ཏེ། སློབ་གཉེར་ལ་འབད་པ་ཆེན་པོ་མཛད། དུས་ཕྱིས་སྐུ་བསོད་རྒྱས་ཏེ་འབུམ་བཞེངས་པའི་ཡིག་མཁན་ལ། ད་ལྟ་གསང་བ་འདུས་པའི་གདམས་པ་སུ་ཆེ་དྲིས་པས། ཁོང་རྣམས་ན་རེ། མར་པ་ལྷོ་བྲག་པ་ཆེ་ཟེར། དེ་ནས་དད་པས་ལྷོ་བྲག་ཏུ་བསྙེན་བཀུར་ཅུང་ཟད་ཅིག་བསྣམས་ནས་བྱོན། གསང་བ་འདུས་པའི་རྒྱུད་དང་གདམས་པ་གནང་བར་ཞུས་པས། མར་པའི་ཞལ་ནས། ཁྱོད་མཐུ་ཤིན་ཏུ་ཆེ་བ་ཡིན་པར་འདུག་པས། ངའི་ཕ་སྤུན་མར་པ་མོན་ནག་བྱ་བ་འདི་ང་ལ་ཤིན་ཏུ་གནོད་པར་ཡོད་པས། ཁྱོད་ཀྱིས་མཐུ་གྱིས། མཐུ་བྱུང་ན་གཟོད་ཆོས་སྟེར་ཟེར་བས། འཚུར་གྱིས་ཟླ་བ་གཅིག་ཏུ་མཚམས་བཅད། མཐུའི་རྟགས་ཁྱད་པར་ཅན་བྱུང་ནས། ཟླ་བ་ཆེ་གེ་མོའི་གནམ་སྟོང་ལ་ཁོ་འཆི་བར་ཡོད་པས་དུས་འདེབས་ཞུས། རྗེ་མར་པས་ཀྱང་མར་པ་མོན་ནག་ལ་ཁྱོད་ཟླ་བ་ཆེ་གེ་མོའི་གནམ་སྟོང་ལ་སྒུར་ཅིག་གསུང་བའི་དུས་བཏབ། དེའི་གནམ་སྟོང་གི་ཉིན་པར་ཁོ་རྩིག་པའི་འཁྲིས་ཤིག་ན་ཡོད་པས། དེ་རིང་བླ་མ་མར་པའི་མཐུ་ཡོད་པའི་དུས་ཡིན་ཟེར། རེ་ཤིག་ན་ཁང་པའི་པུ་ཤུ་ལ་ཤིང་གི་བད་ཡོད་པ་རླུང་གིས་སྐྱུར་བའི་གསོབ་ན་རྡོ་ཡོད་པ་ཁོའི་མགོ་ལ་ཕོག་སྟེ་ཤི། དེར་བླ་མ་མར་པ་མཉེས་ནས་ཆོས་ཕྲ་མོ་འདྲ་བ་གནང་ཞིང༌། རྫོགས་པར་གནང་བར་ཞལ་གྱིས་བཞེས། ཕྱིས་འཚུར་གྱིས་དོལ་མདར་རང་གི་གནས་སུ་མར་པ་སྤྱན་དྲངས། ཆོས་རིམ་ལྔའི་མན་ངག་དང་རྒྱུད་རྐྱང་གི་བཤད་པ་རྫོགས་པར་གནང༌། དེ་ཡང་རྗེ་མར་པ་ལ་ཡེ་ཤེས་ཞབས་ལུགས་ཀྱི་ཛ་ཡནྡ་དང༌། ཐ་ག་ན་དང༌། སྙིམ་པའི་མེ་ཏོག་དང་བཅས་པའི་བཤད་སྲོལ་གསུམ་ཡོད། དེ་རྣམས་ལ་རྒྱུད་དོན་མན་ངག་ཏུ་དྲིལ་ནས་འཆད་པ་མེད་པས། ནཱ་རོ་པའི་རྒྱུད་རྐྱང་མན་ངག་གི་ལུགས་ལ་རྩིས་སུ་མཛད་པ་ཡིན་ཏེ། ཆོས་ཚར་བ་དང་ཚོགས་འཁོར་ཅིག་ཞུས་པའི་ཚེ། རྗེ་མར་པས་རང་གིས་རྒྱ་གར་དུ་ཆོས་བཙལ་ལུགས་དང་དཀའ་བ་སྤྱད་ལུགས་རྣམས་མགུར་དུ་བཞེངས་ཤིང༌། ཆོས་དེ་ལྟར་དཀའ་བར་ཐུགས་དགོངས་ལ། །ཁྱེད་ལེ་ལོ་མི་མཛད་སྒྲུབ་པར་ཞུ། །གསུང་ནས་ལྷོ་བྲག་ཏུ་ཐེགས། །དེ་ལ་འཚུར་གྱི་མཚན་ནི་དབང་གི་རྡོ་རྗེ་ཞེས་ཟེར། །དེ་ལ་སློབ་མ་མང་དུ་ཡོད་ཀྱང་ཁམས་པ་རོ་མཉམ་རྡོ་རྗེ། མཁོན་གད་པ་ཀཱིརྟི། འཆེས་སྟོན་བསོད་ནམས་རྒྱལ་མཚན་གསུམ་གཙོ་བོ་ཡིན། །དེ་ལ་ཁམས་པ་རོ་མཉམ་རྡོ་རྗེ་ནི། རྒྱ་གར་དུ་གསང་བ་འདུས་པ་ཚོལ་བ་ལ་བྱོན། །དེ་ཡང་རྗེ་མཻ་ཏྲི་བ་ལ་ཉན་འདོད་པ་ལ། །དེ་ཡང་གཤེགས་ནས་མ་མཇལ། །གཞན་གསང་འདུས་ཉན་པའི་ས་མ་རྙེད་པར། །རྗེ་མར་པ་ལ་མཉན་སྙམ་ནས་བོད་དུ་བྱོན་པ་ལ། །ཨ་ཙར་གཉིས་དང་ལམ་དུ་མཉམ་དུ་བྱུང་བས། ཁྱེད་གཉིས་གང་དུ་འགྲོ་བྱས་པས། འཚུར་ལ་འདུས་པ་ཉན་དུ་འགྲོ་ཟེར་བ་དང༌། རྗེ་མར་པ་ཡང་གཤེགས་ནས་མི་སྣང་བས། འཚུར་ལ་འཁོན་གད་པ་ཀཱིརྟི་དང་མཉམ་དུ་གསན། ཁོང་གཉིས་ལ་རྒྱུད་མན་ངག་དང་བཅས་པ་གནང༌། ཁམས་པས་འཚུར་གྱི་གསུང་བཞིན་དུ་རྒྱུད་རྐྱང་གི་ཊཱི་ཀ་ཡང་མཛད། དེ་དང་མཐུན་པར་དབང་གི་ཆོ་ག་ཡང་མཛད་སྣང་སྟེ། གཞི་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དཀྱིལ་འཁོར་གྱི་ཆོ་གར་སྣང་ངོ༌། །འདི་དང་རྗེས་སུ་འབྲེལ་བར་རྗེ་མར་པས་མཛད་པའི་རྒྱུད་ཀྱི་སྤྱི་དོན་ཞིག་ཀྱང་སྣང་ལ། གཉིས་མེད་རྣམ་རྒྱལ་ཆེན་པོ་འདི་དུས་ཕྱིས་བོད་པས་བརྩམས་པའི་རྫུན་མ་ཡིན་ཟེར་བ་མང་པོ་བྱུང་ཞིང༌། ལ་ལ་ན་རེ་རྒྱ་ཕོ་བ་ལུང་པས་བྱས་ཀྱང་ཟེར་ཏེ། ཁམས་པ་རོ་མཉམ་གྱི་ཊཱི་ཀ་ན་འདི་ཚད་མར་བྱས་སྣང་བས་རྒྱ་ཕོ་བ་ལུང་པའི་དོན་མི་སྣང་ངོ༌། །འཁོན་གད་པ་ཀཱིརྟི་དེ་ཡང༌། མང་ར་སེང་གེ་རྒྱལ་མཚན་ལ་ཡུན་རིང་དུ་བརྟེན་པའི་སློབ་མ་འཕགས་སྐོར་ལ་ཤིན་ཏུ་མཁས་པ་ཡིན་ཞིང༌། ཁོང་གི་བསམ་པ་ལ། འདི་ལ་མན་ངག་ཞིག་བྱུང་ན་སྒྲུབ་པ་ཉམས་ལེན་དུ་བྱེད་པའི་དགོངས་པ་བྱུང་ནས། འཚུར་ལ་མན་ངག་ཡོད་པར་ཐོས་ཤིང་གཏུགས་པ་ཡིན་ཏེ། འབུལ་བ་རྟ་དང་རྒྱགས་ཟོང་ཚོས་ལྟང་ཡོད་པ་ཉིན་པར་མཇལ་ཁ་མ་བྱུང་སྲོད་ལ་མཇལ་ཁ་བྱུང༌། བླ་མ་སྐུ་ཚོན་པོ་ཞིག་སྣང་བས་མཐོང་མ་ཐག་ཏུ་གནམ་ས་ངོ་མི་ཤེས་པའི་མོས་གུས་སྐྱེས། རྟ་དང་ཚོས་ལྟང་ཐམས་ཅད་ཕུལ། རིམ་པ་ལྔ་ལ་ཉམས་ལེན་དུ་མཛད་པས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཐོབ། སངས་རྒྱས་ཀྱི་ཞིང་མང་པོ་ཡང་གཟིགསསོ། །དེས་བྱ་ཁང་བ་བསོད་ནམས་རིན་ཆེན་ལ་གནང་སྟེ། བྱ་ཁང་བ་དང་འཁོན་གཉིས་ཀྱང་མ་གཅིག་པའི་སྤུན་ཡིན། སྔར་བྱ་ཁང་བ་སློབ་དཔོན་དུ་ཡང་བྱེད་པ་ལ། སླར་འཁོན་ལ་དད་པ་སྐྱེས་ནས་རིམ་ལྔའི་མན་ངག་ཞུས་པས་འཁོན་དགྱེས་ཏེ། ངའི་གདམས་ངག་འདི་རྟ་ཟན་བཅངས་པ་འདྲ་བ། ཕག་པ་ནན་གྱིས་དབྱར་ལམ་ལ་ཚུད་པ་ལྟ་བུ་ཞིག་ཡིན། དིང་སློབ་དཔོན་ཆོས་ཀྱི་བདག་པོར་འདུག་པས་འབུལ་དགོས་གསུང་ནས་དགྱེས་བཞིན་དུ་གནང་སྟེ། དབུ་བསྙུང་ཡང་བཞེས། བྱ་ཁང་བས་ཐུགས་ཉམས་སུ་བཞེས་པས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བརྙེས། ལིངྒ་སྦུབས་སུ་ནུབ། འགྲོངས་ཁར་དབུའི་གཙུག་ཏོར་ཡང་འཐོན། གཤེགས་པའི་ཚེ་ངའི་སྤུར་མ་སྦྱོང་བར་ཞོགས་གསུང་བས། ཐུར་ལའི་མཆོད་ཁང་དུ་ཞལ་ནུབ་ཏུ་བསྟན་ནས་བཞུགས་སུ་གསོལ། དེའི་རྟེན་འབྲེལ་གྱིས་རྒྱ་མཁར་སྟོད་དུ་སྲད་པའི་རྟ་བས་མི་འཆགས་ཟེར་བ་ཙམ་ཡོད་པ་ལས། ཕྱིས་གནོད་པ་མེད་ཅིང་བདེ་བར་གྱུར་པ་ཡིན་ནོ། །དེས་ཐུར་ལ་བ་ཚུལ་ཁྲིམས་སྐྱབས་ལ་གནང་བ་ཡིན་ཏེ། དེ་ནི་མདོ་སྡེ་དང་རྒྱུད་སྡེ་ཐམས་ཅད་མཁྱེན། ལོ་བཅུ་གཉིས་ཤམ་ཐབས་མ་གྱོན་པར་བསྟན་ཐོག་གཅིག་ཏུ་བསྒོམས་པས་གྲུབ་པ་བརྙེས་ཏེ། བསྐྱེད་རིམ་ལ་བརྟན་པ་ཐོབ་པས་ལྷ་དངོས་སུ་གཟིགས། རྫོགས་པའི་རིམ་པ་ལ་རྟགས་ཐོན་ཞིང་ངག་རྡོ་རྗེའི་བཟླས་པ་འབྱོངས། སྣང་བ་སྒྱུ་མར་ཤར། ཐུགས་འོད་གསལ་གྱི་ངང་ལ་བཞུགས། ཟུང་འཇུག་གི་ཏིང་ངེ་འཛིན་ལ་གནས་ནས་ཐ་དད་ཀྱི་རྟོག་པ་ཐམས་ཅད་བཅོམ། སངས་རྒྱས་དང་འདྲ་བར་བཞུགས་པ་ཡིན་ནོ། །དེས་ཐང་བེ་བ་འཕགས་པ་སྐྱབས་ལ་གནང་བ་ཡིན་ཏེ། དེ་ཡང་དང་པོར་རབ་ཏུ་བྱུང་ནས་ས་གཞི་དམར་པོར་སོང་སོང་དུ་སློབ་གཉེར་མཛད། དེ་ནས་བསྐྱེད་རྫོགས་ཀྱི་དོན་ཉམས་སུ་བླངས་པས་ཉམས་དང་རྟོགས་པ་ཁྱད་པར་ཅན་སྐྱེས། གཤེགས་པའི་ཚེ་གཟིམས་ཁང་ལ་འཇའི་སྐོར་སུམ་རིམ་དུ་བྱུང་བ་ལ་སོགས་པ་ངོ་མཚར་བའི་ལྟས་མང་པོ་བྱུང་ངོ༌། །དེས་གསེར་སྡིངས་བ་གཞོན་ནུ་འོད་ལ་གནང་བ་ཡིན་ཏེ། དེ་ནི་སུམ་པ་སྐྱིལ་མཁར་གྱི་བན་རིགས། གཞོན་ནུ་ནས་འདུལ་དཀར་གཞོན་ནུ་ཚུལ་ཁྲིམས་ལ་རབ་ཏུ་བྱུང༌། ཇོ་བོ་ནས་བརྒྱུད་པའི་ལམ་རིམ་མན་ངག་དང་བཅས་པ་མང་དུ་གསན་ཞིང་ཐུགས་ཉམས་སུ་ཡང་བབ། ཕྱིས་མཁན་པོ་གཙང་ནག་པ་ལ་སོགས་པ་ལ་བསྙེན་རྫོགས་པ་ཞུས། འདུལ་འཛིན་ཆེན་པོར་གྱུར་ཏེ་འདུལ་བའི་སྐོར་ལ་སྦྱངས་པ་ཆེན་པོ་མཛད། ལན་ཅིག་གྲལ་ཐེབས་དཔོན་ལ་བྱོན་པས་ཞབས་བསྙུང་ནས་ཤབ་ཀྱི་སྣ་རིངས་སུ་བཞུགས་པའི་ཚེ། གླན་མོ་ཆེ་བས་ཞབས་ཏོག་མཛད། ཁོང་ན་རེ། སྟོན་པས་འཕགས་སྐོར་མི་མཁྱེན་ནམ་གསུང༌། འཕགས་སྐོར་མཁན་པོ་གང་ན་བདོག་བྱས་པས། ཁོང་ན་རེ། ལྷ་སའི་རྒན་མོས་ལྷ་ས་མ་མཐོང༌། ཐུར་ལ་ན་གསང་སྔགས་ཀྱི་སྡོང་པོ་འཕགས་སྐོར་མཁས་པ་ཡོད་པ་མ་གསན་ནམ་ཟེར་བས་ཅུང་ཟད་སྐྱེངས་པ་ཞིག་བྱུང༌། ཚུར་འོངས་ནས་སློབ་དཔོན་གཙང་པ་ལ་ངོ་ཆེན་བཅོལ་ནས་འཕགས་པ་ལ་ཆོས་ཞུ་བའི་གསོལ་བ་བཏབ་པས། འཕགས་པའི་གསུང་གིས་ཁོ་བོ་ལ་མ་འཐོགས་པ་ཅིག་བགྱིད་གསུང་ནས་གཞུང་བཤད་མན་ངག་ཐམས་ཅད་ཚང་བར་གནང༌། གཞན་ཡང་ཁོང་ལ་ཆོས་སྐོར་ཤིན་ཏུ་མང་པོ་ཞིག་བཞུགས་པ་རྣམས་ཀྱང་ཞུ་མ་དགོས་པར་གནང༌། རིམ་ལྔའི་ཁྲིད་ལ་འདག་འབྱར་ཡང་བྱས། གཞན་ཡང་རྗེ་སྒམ་པོ་བའི་དངོས་སློབ་ལོག་ཕུག་པ་ཞེས་བྱ་བ་ལ་ཆོས་དྲུག་དང་ཕྱག་རྒྱ་ཆེན་པོའི་ཁྲིད་ཞུས། གཙང་པ་ས་རྦོས་དབུ་མ་འཆད་པའི་ཟུར་ཆོས་གྱིས་གསུང་ནས་མཛད་པའི་ཚེ། གཞན་དང་ཆགས་སྡང་གི་རྣམ་པ་བྱུང་བས་མོན་གྱི་སྤ་གྲོ་ལ་སོགས་པར་བྱོན་ཏེ། དེ་ནས་བུམ་ཐང་ནས་འཐོན་ནས་གྲོ་བོ་ལུང་དུ་བྱོན། གཞན་ཡང་སྒྲགས་ཡང་རྫོང་དང༌། རྒྱལ་གྱི་རྩིབས་རི་ལ་སོགས་པའི་གནས་ཆེན་མང་པོར་བཞུགས། དེ་རྣམས་སུ་ཆུ་སྐྱེས་བྱིན་སྐྱེས་རྟོགས་པ་སྐྱེས་གསུང༌། དེ་ནས་ཁ་ཆེ་པཎ་ཆེན་བྱོན་པ་ལ་ཀླས་མོ་ཆེར་མཇལ་ནས་འཁོར་པཎྜི་ཏ་དང་བཅས་པ་རྣམས་ལ་ཆོས་ཀྱི་དྲི་བ་དྲུག་བདུན་ཙམ་ཞུས། དེ་ནས་སེར་བུ་དབེན་ཚར་བཞུགས་ཏེ་གསེར་སྡིངས་ཀྱི་དགོན་པ་བཏབ། མཁས་པ་ཐམས་ཅད་ཀྱིས་དྲིས། མི་ཆེན་ཐམས་ཅད་ཀྱིས་གཏུགས་སར་གྱུར། རྒྱས་འབྲིང་རྣམ་གསུམ་ལས་མི་ཉུང་བའི་བསྟན་བཅོས་ཀྱང་མང་དུ་མཛད། གསེར་སྡིངས་བཏབ་ནས་ལོ་དགུ་ཙམ་ལོན་པ་ན། ཉིད་ཀྱི་སློབ་མ་འགར་གྲགས་པ་དབང་ཕྱུག་བྱ་བའི་སྲིང་མོ་འགར་བཙུན་མ་ཤེས་རབ་རྒྱན་ཞེས་བྱ་བ་ལ་སྲས་སྐྲུན་པའི་ཆོ་ག་མཛད། འགར་བཙུན་མ་སྦྲུམ་པ་དང་ཚོགས་སུ་སྦྲུམ་པར་བྱེད་པ་པོ་དང་སྦྲུམ་མ་གཉིས་ཀ་གནས་ནས་ཕྱུང་ཞིག་ཅེས་བཀའ་སྩལ། སྦྲུམ་མས་ས་གཞན་དུ་འདུག་ཅིང་། སྦྲུམ་མ་སོས་པ་ན་སྐྱེས་མ་ཐག་ནས་ཆོས་སྤྱོད་བྱེད་པའི་ལད་མོ་ཅི་ནུས་སུ་བྱེད་པ་ལ་སོགས་པ་དང༌། མངལ་ནས་བཙའ་བའི་ཚེ་ཡང་མའི་ལུས་ལས་འདུས་པའི་ལྷ་སོ་གཉིས་སྤྲོ་བ་ལ་སོགས་པའི་སྣང་བ་ཡང་བྱུང༌། བྱིས་པ་རྩེ་བའི་སྐབས་སུ་མི་རྣམས་ན་རེ། ཇོ་མོའི་སྲས་པོ་སྙིང་སྡུག་གོ། །མིང་ཅི་ཟེར་དྲིས་པ་ན། ཡུམ་གྱིས་བདག་མེད་རྡོ་རྗེའོ་ཞེས་སྨྲས་ཏེ། བདག་མེད་རྡོ་རྗེར་ཆགས། ལོ་ལྔ་ལོན་པའི་ཚེ་སྤྱོད་ཚུལ་ཤིན་ཏུ་ཁྱད་པར་དུ་འཕགས་པས་གསང་བརྟོལ་བའི་དུས་ལ་བབ་པར་དགོངས་ཏེ། དགེ་འདུན་ལ་བཟོད་གསོལ་དུ་ཇ་སྐོར་བྱས་ནས། བླ་མས་བདག་མེད་རྡོ་རྗེ་སྐུ་མདུན་དུ་བཞག་སྟེ་ཆོས་ཉན་དུ་བཅུག་ནས་ཞག་ཤས་སོང་བ་དང༌། བདག་མེད་རྡོ་རྗེ་ཁྱོད་ང་ལ་བརྙས་སམ་ངའི་ཆོས་ལ་བརྙས་ཞེས་བཀའ་བཀྱོན་པས། ཙོག་ཙོག་པོར་ཐལ་མོ་སྦྱར་ཏེ། དེའི་རྒྱུ་མཚན་ཅི་ལགས་ཞེས་ཞུས་པ་ན། ངའི་ཆོས་མགོ་འཛུགས་པ་དང་ཁྱོད་ཀྱི་རྩེད་མགོ་མཉམ། ཆོས་ཐོན་པ་དང་རྩེད་མོ་ཐོན་པ་དུས་མཉམ་ཞེས་གསུངས་པ་ན། ཆོས་རྣ་བས་ཉན་པ་ལ་རྐང་ལག་གི་རྩེ་ཐབས་ལ་འགལ་བ་ཅི་ཞིག་མཆིས་ཞེས་ཞུས་པས། འོ་ན་མངོན་པར་འགྱུར་གྱི་ངའི་ཆོས་རྣམས་སྐྱོར་ཅིག་གསུངས་པས། ཉིན་གསུམ་དུ་ཉན་པའི་ཆོས་ཐམས་ཅད་ཀྱི་ཚིག་མ་ནོར་བར་སྐྱོར་བྱུང་བས། ཀུན་ཧ་ལས་ཏེ་འདི་ནི་སྤྲུལ་པའི་སྐུ་ཆེན་པོ་ཞིག་གོ་ཞེས་གླེང་བར་བྱེད་དོ། །དེ་ནས་བླ་མས་ཀྱང་ཉིད་ཀྱི་སྲས་སུ་ཞལ་གྱིས་འཆེས། སྔོན་རྩོམ་པ་མཛད་པ་རྣམས་ལ་དགེ་སློང་གཞོན་ནུ་འོད་ཀྱིས་སྦྱར་ཞེས་གསུང་བ་ལ། དེ་ནས་རྣལ་འབྱོར་གྱི་དབང་ཕྱུག་གཞོན་ནུ་འོད་ཀྱིས་སྦྱར་ཞེས་བྱ་བར་མཛད་དོ། །བདག་མེད་རྡོ་རྗེ་དེ་ནི་ཕྱིས་རབ་ཏུ་བྱུང་བའི་མཚན་ཆོས་ཀྱི་འོད་ཟེར་དུ་བཏགས་པ་ལ། འགྲོ་བའི་མགོན་པོ་འཕགས་པས་ཆོས་སྐུ་འོད་ཟེར་དུ་མཚན་གསོལ། འདིས་ཆོས་ཀྱི་གྲྭ་གང་དང་གང་དུ་བྱོན་པའི་ཚེ། ཆོས་ཐམས་ཅད་ལན་རེས་འཛིན་པར་ནུས་པ་དེ་གཞན་གྱིས་རྫུན་ནམ་སྙམ་པའི་བརྟག་པ་བྱས་ཀྱང༌། དེ་ཁོ་ན་བཞིན་དུ་གྱུར་པ་ལ་སོགས་པའི་ཆེ་བའི་ཡོན་ཏན་དུ་མ་ཡོད་པ་རྣམས་འདིར་བྲིས་ན་ཤིན་ཏུ་མང་བས། འདིའི་རྣམ་ཐར་ཀུན་སྤངས་ཞང་གིས་མཛད་པ་ལས་བལྟ་བར་བྱ་ཞིང༌། དུས་ཀྱི་འཁོར་ལོའི་བརྒྱུད་ཚུལ་གྱི་སྐབས་སུ་ཡང་ཤེས་པར་བྱའོ། །འདི་ནི་ཡབ་དང་ཡུན་རིང་དུ་འགྲོགས་སུ་བྱུང་བས་ཡབ་ལ་བཞུགས་པའི་ཡོན་ཏན་ཐམས་ཅད་མངའ། དེ་ལ་ཡོན་ཏན་དུ་མ་མངའ་བའི་ཀུན་མཁྱེན་འཕགས་འོད་ཀྱིས་གསན། དེ་ལ་བུ་རིན་པོ་ཆེས་གསན་པ་ཡིན་ཏེ། དེ་ཡང་བུ་རིན་པོ་ཆེ་བླ་མ་རྡོ་རྗེ་རྒྱལ་མཚན་པའི་དྲུང་ན་དུས་འཁོར་གསན་པའི་ཚེ། བུས་ཁོ་བོ་ཡོ་གའི་ཆོས་འདི་རྣམས་མཉན་པར་འདོད་པ་ལ་མཉན་ས་མ་རྙེད་ཞུས་པས། རྡོ་རྗེ་རྒྱལ་མཚན་པའི་གསུང་གིས། འོ་ན་ངེད་ཀྱི་མཆེད་གྲོགས་བླ་མ་འཕགས་འོད་ཅེས་བྱ་བ་ཞིག་ཡོད་པས་དེ་ལ་ཉོན་གསུང༌། ཕྱིས་ཞྭ་ལུར་ཕེབས་ནས་འཕགས་འོད་རྩད་བཅད་པས། འཕགས་འོད་གཞན་ཞིག་ཡིད་ལ་བྱས་ནས་དེ་ལ་ཡོན་ཏན་ཆེན་པོ་ཡོད་དེ། བསླབ་པ་མི་གཙང་ཟེར་བས་སྐྱུག་ལོག །ཕྱིས་འཕགས་འོད་ཡང་དག་པ་དེ་ཐུ་གུད་ཀྱི་སྤྲེའུ་ཞིག་ལ་ཐུགས་དམ་མཛད་པར་གསན་ནས། ཆོས་གསན་པ་ལ་དྲུང་དུ་འོང་བའི་ཞུ་བ་འབུལ་མི་བཏང་བས། འཕགས་པའི་གསུང་གིས། འོ་ན་ཁོང་ཆོས་སྡེ་ཆེན་པོའི་བདག་པོ་ཡིན་པས་ངའི་སྤྲེའུ་འདིར་ཕན་ཤོད། ང་རང་ཁོང་གི་ཐད་དུ་འགྲོ་གསུང་ནས་ཞ་ལུར་ཕེབས། སྤྱིར་ཆོས་མང་དུ་གསན། བྱེ་བྲག་ཏུ་འདུས་པ་འགྲེལ་པ་དང་བཅས་པ་གསན་པའི་ཚེ། འཕགས་པའི་ཞལ་ནས། ཁྱེད་རང་མཁས་པ་ཡིན་པས་རྒྱ་བའི་རྒྱ་ལུགས་དང་གར་བའི་གར་ལུགས་ལ་སོགས་མི་དགོས། བཤད་པ་ཡམ་མེ་བ་ཞིག་བྱས་ནས་ཆོས་ཐོབ་ཆེ་བར་བྱ་གསུང་བ་ལ། བུ་རིན་པོ་ཆེས་བདག་འདི་ལ་ཤིན་ཏུ་མོས་པ་ཞིག་བདོག་པས་ཞིབ་ཅིང་རྒྱས་པ་ཞིག་གསུང་བར་ཞུས་པས། འཕགས་པའི་གསུང་གིས། ཨ་བ་འོ་ན་དེ་ཙུག་གིས་མི་འོང༌། སྔོན་ལ་རིམ་ལྔའི་ཁྲིད་བྱས་ལ། དེ་རྟིང་བཤད་པ་མ་བྱས་ན་རྒྱུད་ལ་གོ་བ་ལེགས་པོ་མི་འཆར་གསུང་བས། ཟླ་བ་དྲུག་གི་བར་དུ་མཚམས་བསྡམས་ནས་རིམ་ལྔའི་ཁྲིད་བསྐྱངས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོ་ཏིང་ངེ་འཛིན་གྱི་རྩེད་མོ་མཛད་པ་ལ་སོགས་པའི་ཡང་དག་པའི་རྟགས་མང་པོ་ཤར། དེ་ནས་མཚམས་བཀྲོལ་ཏེ། བུ་རིན་པོ་ཆེས་ཁྲིད་ལུགས་འདི་ལ་ཡི་གེར་མི་འདེབས་པའི་བཀའ་རྒྱ་གནང་གི་ཡོད་པར་གྲགས་འདུག་པས་བདག་ལ་བཀའ་རྒྱ་དེ་མི་འདེབས་པར་ཞུས་པས། འཕགས་པའི་གསུང་གིས་ལར་ཁྲིད་ཡིག་བྱས་པ་ན་ཉམས་ལེན་མེད་པར་ཁྲིད་དེ་ཀླག་ལུང་དུ་ཤར་དེ་འགྲོ་བར་འདུག །ཁྲིད་རང་གིས་ཉམས་སུ་མི་ལེན་པ་འཕན་ཆ་ཚོལ་བའི་ཐབས་བྱེད་པ་བས། དབྱུག་པ་ལ་ཕྱུགས་ཀྱི་འགྲངས་སམ་ལྟོགས་བཏགས་ཏེ་ཁྱིའི་འགྲམ་པ་ལྕོག་པ་མི་དགའ་རི་ཤི་གསུང་ནས་ཕྱག་རྒྱ་དང་བཅས་པ་མཛད། གསུང་དེའི་དབང་གིས་ཁྲིད་ཡིག་མ་མཛད་པར་དམིགས་པ་རྣམས་མ་བསྙེལ་བར་ཡོད་པ་ལ། དུས་ཕྱིས་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་པས་བསྐུལ་ནས་ཁྲིད་ཡིག་ཏུ་མཛད། ཀུན་མཁྱེན་འཕགས་པ་འདི་ལ་བུ་རིན་པོ་ཆེས་ཡོ་གའི་སྐོར་གྱི་དབང༌། རྒྱུད་འགྲེལ་གྱི་བཤད་པ། མན་ངག་དང་བཅས་པ་དང༌། གསང་བ་འདུས་པ་མར་ལུགས་དང་འགོས་ལུགས་གཉིས་ཀ་རྒྱས་པར་གསན། ཆོས་རྣམས་རྫོགས་ནས། བུ་རིན་པོ་ཆེས་ཕྱག་ན་གང་ཡོད་ཀྱི་བསྙེན་བཀུར་ཆེན་པོ་ཞིག་བཤམས་པ་ལ། འཕགས་པའི་གསུང་གིས། དངོས་པོ་འདི་རྣམས་ང་ལ་མི་དགོས། ཁྱེད་རང་སྡེ་གོག་འཛིན་པ་ལ་དགོས། ངའི་ཆོས་རྣམས་མ་ཤིའི་བར་དུ་འཆད་དགོས་པའི་དམ་ཚིག་ལ་དགར། ཡོ་ག་དང་འཕགས་ལུགས་ལ་ཡིག་ཆ་རྩོམ་དགོས་པའི་བཀའ་གནང་ཡང་མཛད། ཕྱིས་བུ་རིན་པོ་ཆེའི་གསུང་གིས་འོ་སྐོལ་གྱིས་ཀྱང་བསྒོམས་ན་མན་ལུངས་གུ་རུ་ཙམ་ཞིག་འོང་སྟེ། འཕགས་པའི་གསུང་མ་ཆོགས་པས་མི་ཚེ་བཤད་པ་ལ་བསྐྱལ་བ་ཡིན་གསུང༌། དེ་ནས་གཟུང་ནས་ནི་རིམ་ལྔའི་ཁྲིད་ལུགས་འདི་ཆོས་རྗེ་བླ་མ་དམ་པ་ལ་སོགས་པ་དགེ་བའི་བཤེས་གཉེན་མང་པོས་གཞན་དང་གཞན་དུ་དིང་སང་གི་བར་དུ་བསྐྱངསསོ། །དེ་ལ་རྗེ་ཙོང་ཁ་པ་ཆེན་པོས་ནི། བུ་རིན་པོ་ཆེས་མཛད་པའི་རིམ་པ་ལྔའི་མན་ངག་དང༌། དེ་གང་ལ་བརྟེན་པའི་གསེར་སྡིངས་པའི་མན་ངག་རྣམས་དཔྱད་པའི་གཞིར་མཛད། སྔགས་མཚན་ཉིད་ཀྱི་གསུང་རབ་སྤྱི་དང༌། བྱེ་བྲག་ཏུ་འདུས་པའི་རྩ་བཤད་ཀྱི་རྒྱུད་དང༌། རྒྱ་གར་ནས་བྱུང་བའི་འགྲེལ་པ་ཆེན་པོ་རྣམས་དང༌། བོད་ཀྱི་ལུགས་རྣམས་ལའང་ལེགས་པར་བརྟགས་ཤིང་དཔྱད་ནས་རིམ་ལྔའི་ཁྲིད་ཡིག་དང༌། དེའི་དོན་རྒྱས་པར་འཆད་པ་རིམ་ལྔ་གསལ་བའི་སྒྲོན་མེ་མཛད་དེ། འདུས་པའི་ལུགས་ཉམས་པ་རྣམས་གསོ་བར་མཛད་དོ། ཡང་རྒྱུད་རྐྱང་གི་བཤད་ལུགས་འཁོན་གད་པ་ཀཱིརྟི་ལ་མི་ཉག །ཞང་ཞུང༌། ལྭ་བ་པ་གསུམ་གྱིས་ཞུས། དེ་གསུམ་ག་ལ་ཆོས་རྒྱལ་རིན་ཆེན་གླིང་པས་ཞུས། ཡང་ཁམས་པ་རོ་མཉམ་རྡོ་རྗེ། དེས་རྒྱལ་ལུང་ཕུ་བ་ཆེན་པོ། དེས་མེ་ལྷ་ཁང་སྣ་བ། དེས་རྒྱལ་ལུང་ཕུ་བ་ཕྱི་མ། དེ་ལ་ཆོས་རྒྱལ་རིན་ཆེན་གླིང་པས་ཞུས། དེ་ཡང་རྗེ་མར་པ་གཤེགས་རྗེས་ཀྱི་ས་ཕོ་སྟག་ནས་བརྩམས་ཏེ། ཆོས་རྒྱལ་རིན་ཆེན་གླིང་པ་ས་ཕོ་སྤྲེའུ་ལ་གཤེགས་པ་ཡན་ཆད་དུ་ལོ་དགུ་བཅུ་རྩ་གཅིག་སོང༌། ལོ་འདི་ལ་གླིང་རས་ཀྱང་གཤེགས། རིན་ཆེན་གླིང་པ་ལ་རྒྱ་ཕོ་བ་ལུང་པས་ཞུས། དེ་ལ་སྙེ་མདོ་ཐམས་ཅད་མཁྱེན་པ་ལོ་བཞི་བཅུ་རྩ་གཅིག་ལོན་པ་ཞིག་གིས་རུ་མཚམས་ཕོ་བ་ལུང་དུ་བྱོན་ནས་ཞབས་ལ་གཏུགས་ཏེ། གསང་འདུས་རྒྱུད་རྐྱང་གི་བཤད་པ་དང༌། བཤད་རྒྱུད་གཉིས་མེད་རྣམ་རྒྱལ་ཆེན་མོ་གསན། དེའི་ལོ་ཕྱི་མ་ལ་བསྙེན་བཀུར་གྱི་ཆས་བསྣམས་ཏེ། གཉིས་མེད་རྣམ་རྒྱལ་རིགས་བསྡུས་ཆེན་པོའི་དབང༌། གཞན་ཡང་སྔགས་ཕྱོགས་ཀྱི་རྒྱུད་དང་དབང་དང་གདམས་པ་མང་དུ་གསན་ནོ། །འདུས་པ་མར་ལུགས་ཀྱི་སྐབསསོ། ། ༨.༣ བདེ་མཆོག་སྙན་བརྒྱུད་དང་རས་ཆུང་སྙན་བརྒྱུད་ཀྱི་སྐབས། རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་ནི། ལྡོག་སྟག་རིས་ན་རིགས་སྤྱི་ཁྱུང་པོ། བྱེ་བྲག་མི་ལ་ཡིན་པ་ཞིག །གཞིས་རྒྱལ་དུ་བཙུགས་ཏེ་ཤོ་བྱས་པས་ཕམ་ནས་ཡུལ་འཐོན་ཏེ་ཀོ་རོན་སར་སླེབ་པའི་བརྒྱུད་པ་ལ། མི་ལ་ཤེར་རྒྱལ་དང་གཡུང་རྒྱལ་ཞེས་བྱ་བ་གཉིས་བྱུང༌། ཤེར་རྒྱལ་དང་མྱང་བཟའ་དཀར་རྒྱན་གཉིས་ཀྱི་སྲས་སུ། རྗེ་བཙུན་ལྕགས་ཕོ་འབྲུག་གི་ལོ་ལ་བལྟམས། མཚན་ཐོས་པ་དགར་བཏགས། རིང་པོར་མ་ལོན་པར་ཡབ་གཤེགས། དེའི་ཚེ་རྗེ་བཙུན་གྱི་ཡུམ་ལོ་ཉི་ཤུ་རྩ་བཞི་པ་ཡིན་པས། ཨ་ཁུའི་བུའི་ཆུང་མ་བྱེད་དགོས་ཟེར། དེ་ལ་མ་ཉན་པས་ཁྲོས་ཏེ་ནོར་རྫས་ཐམས་ཅད་ཕྲོགས། ཤིན་ཏུ་ཁས་ཉེན་པར་བྱུང་བ་ལ། ནམ་ཞིག་རྗེ་བཙུན་གྱིས་ཀློག་སློབ་པའི་སློབ་དཔོན་ཀླུ་བརྒྱད་པ་ཞིག་གི་སར་ཆང་གསོལ་ནས་གླུ་ལེན་ཞིང་ལོག་འོངས་པས། མ་ཁྲོས་ཏེ། ཕ་མི་ལ་ཤེས་རྒྱལ་ལ་བུ་ཁྱོད་འདྲ་བ་སྐྱེས། ངེད་རང་མ་སྨད་ཀྱི་འཁོས་འདི་ལ་ཁྱོད་ཀྱིས་གླུ་དྲན་ནམ། ད་ཡིན་ན་དབུས་གཙང་དུ་སོང་ལ་མཐུ་མཁས་པ་ཅིག་ལ་མཐུ་སློབ་ལ་དགྲ་ཐམས་ཅད་ཁ་ཕུང་ལ་ཐོང་ཟེར། དེར་རྗེ་བཙུན་གྱིས་འོ་ན་ཨ་མས་གསུང་བ་བཞིན་བྱ་ཡིས་བྱས་པས། འཁོས་དང་བསྟུན་པའི་ཆ་རྐྱེན་འགའ་རེ་ཡང་བརྫངས། དཔལ་མོ་ཐང་གི་མགོར་ལམ་གྲོགས་སྒུགས་པས། ལམ་གྲོགས་བཟང་པོ་དུས་མ་འགོར་བར་བྱུང་ནས་བྱོན། མཐུ་སུ་ཆེ་བྱས་ཀྱི་རྩད་བཅད་པ་ལ། ཡར་ཀླུངས་ན་གཉགས་གཡུང་སྟོན་ཁྲོ་རྒྱལ་བྱ་བ་ཡོད་ཟེར་བས། དེ་ལ་དངོས་པོ་གང་ཡོད་ཕུལ་ནས། བདག་ལ་སྟོད་ནས་འོངས། ཁས་ཉེན་བབ་པས་མཐུ་ཞུ་བ་ཡིན་བྱས་པས། ཁོང་གིས་མཐུའི་ཁ་ཕོ་མང་པོ་མཛད། གཞན་མཐུ་སློབ་མཁན་ལྔ་ཙམ་དང་ལྷན་ཅིག་ཏུ་མཐུ་སློབ་ཅིང་ལོ་གཅིག་བཞུགས། དེར་མཐུའི་མན་ངག་ཡིན་ཡིན་འདྲ་བ་བསླབས་ནས་གྲོགས་གཞན་རྣམས་དེས་ཚིམ་ནས་སོང༌། རྗེ་བཙུན་གྱིས་དེ་རྣམས་ལ་སྐྱེལ་ཐུང་མཛད་དེ་ཕྱིར་ལོག་པ་ན། སློབ་དཔོན་ན་རེ། ཁྱོད་མི་འགྲོའམ་ཟེར། ཁོང་རྣམས་རྒྱགས་ཆོས་ཀྱིས་མཐུ་སློབ་པར་འདུག །ང་ཁས་ཉེན་པོ་ཡིན་པས་མཐུ་ལག་ཡོད་དུ་མ་བྱུང་ན་མི་འགྲོ་བྱས། སློབ་དཔོན་ན་རེ། འོ་ན་ད་གཙང་རོང་གི་ལྷ་རྗེ་སྣུབས་ཆུང་དང་ཁོ་བོ་གཉིས་ཀྱིས་མཐུ་དང་སེར་བ་བརྗེས། ངའི་ཐད་དུ་མཐུ་སློབ་པར་བྱུང་ན་ཁོའི་རྩར་བརྫང༌། ཁོའི་རྩར་སེར་བ་སློབ་པ་བྱུང་ན་ངའི་རྩར་བརྫང་བར་བྱས་པ་ཡིན་པས། སྣུབས་ཆུང་གི་རྩར་སོང་ཟེར་ནས་འཕན་ཆས་འགའ་ཞིག་དང༌། ངའི་བུ་འདི་སྙིང་རྗེ་བར་ཡོད་པས་མཐུ་གཤའ་མ་ཅིག་སློབས་ཤིག་ཟེར་བའི་ཡི་གེ་བརྫངས། སྣུབས་ཆུང་གི་རྩར་སླེབས་ནས། ད་འོ་ན་ཁྱོད་རང་གིས་མཚམས་གཅོད་ནུས་དགོས་ཟེར། ནུས་ཞུས་པས། ས་འོག་གི་ཁང་པ་བཟང་པོ་ཞིག་བཟོས་ནས་དེར་མཐུ་བསྒྲུབས་པས། ཞག་བཅུ་བཞི་ན་མཐུའི་རྟགས་ཡང་དག་པ་བྱུང་སྟེ། དེ་བླ་མས་ཤེས་ནས་རྗེ་བཙུན་གྱི་རྩར་བྱོན་ཏེ། ཐོས་པ་དགའ། ཁྱེད་རང་སྒོར་ཤོག་དང་མ་དང་མཁའ་འགྲོ་ཆོས་སྐྱོང་རྣམས་ངོ་སོ་ཟླ་བ་བཞིན་ཕྱར་ནས། དགྲ་མི་སུམ་ཅུ་སོ་ལྔ་སོད་པའི་རྟགས་ཁྱེར་བྱུང༌། ད་ཆོས་སྐྱོང་ལ་གཏོར་མ་དང་གཏང་རག་བྱེད་དགོས་ཟེར། དེའི་ཚེ་ཨ་ཁུ་གཡུང་རྒྱལ་གྱི་བུ་ལ་ཆུང་མ་བླངས་ནས་བག་སྟོན་བྱེད་ཅིང་ཡོད་པ་ན་ཁྱིམ་རྡིབ་ནས་མི་སུམ་ཅུ་སོ་ལྔ་ཤི། ཨ་ཁུ་དང་ཨ་ནེ་གཉིས་ལུས། དེར་སྣུབས་ཆུང་ལ་སྒྱུ་འཕྲུལ་ལ་སོགས་པའི་ཆོས་མང་པོ་གསན། དེར་རྗེ་བཙུན་གྱི་དགོངས་པ་ལ་ངས་མའི་ངག་ལ་ཉན་ནས་སྡིག་པ་ཆེན་པོ་དེ་ལྟ་བུ་ཞིག་བསགས་སྙམ་དུ་སྐྱོ་ཞིང་ཡོད་པ་ལ། ཡང་མས་ཕ་མི་ལ་ཤེས་རྒྱལ་ལ་བུ་སྐྱེས། དགྲ་མི་སུམ་ཅུ་སོ་ལྔ་དུས་གཅིག་ལ་ཤི། དེས་ང་སྙིང་ཚིམ་སྟེ། འོན་ཀྱང་ཡུལ་མི་འདི་རྣམས་ཀྱིས་ང་ལ་སྡང་བར་བྱས་པས། ཁྱོད་ཀྱིས་ཡུལ་འདིར་སེར་བ་གྱང་རིམ་གསུམ་ཡོད་པ་ཟེར་བ་ཅིག་ཕོབ། དེ་བྱུང་ན་ང་ཤི་ཡང་འགྱོད་པ་མེད་དོ་ཟེར་བ་བསྐུར་བྱུང་བ། སློབ་དཔོན་གྱིས་མཐོང་བས། འོ་ན་གཡུང་སྟོན་ཅན་དུ་རྒྱུག་ཟེར་ནས་ཕྱིན་ཏེ། ཁོང་ལ་དེ་སྐད་ཞུས་པས། སློབ་དཔོན་གྱིས་ལན་མཁར་ནང་གི་ཕུག་པ་ན་ཞིག་ཏུ་མི་ལ་མཚམས་ལ་བཅུག་ནས་སེར་བ་སྒྲུབ་ཏུ་བཅུག་པས། ཟླ་བ་མ་ལོན་བར་སེར་བའི་རྟགས་ཡང་དག་པ་བྱུང༌། དེ་ནས་ནམ་ཟླའི་དུས་ཚོད་དང་སྦྱར་ནས་སློབ་དཔོན་གྱི་གཡོག་དཔའ་བ་ཞིག་དང་འགྲོགས་ནས་ཕྱིན་ཏེ། ཡུལ་དུ་སླེབས་ནས་མཚན་མོ་ཞིང་མང་པོ་ལ་སེར་བའི་གཏའ་བཙུད་དེ། རི་རྩེར་ཕྱིན་ནས་བདེན་པ་བདར་ཞིང་འོ་དོད་བོས་པས། རི་ལུང་ཐམས་ཅད་གྲོག་པོར་སོང་བའི་སེར་བ་ཆེན་པོ་ཞིག་ཀྱང་ཕབ། དེར་ཡུལ་མིས་ཁོང་གཉིས་རི་ལ་ཡོད་པ་རིག་ནས་ཐོག་མར་རྗེ་བཙུན་གྱིས་བྲོས་ཏེ་དིང་རིར་དུས་བྱས། གཡོག་གིས་དམག་གིས་སླེབ་བྱུང་བ་དང༌། དམག་རྣམས་ལ་ང་ཐོས་པ་དགའ་ཡིན། ངེད་མ་སྨད་ལ་སྡང་བར་བྱས་པས་ད་ཁྱེད་རྣམས་ལ་སྐྱིད་པོ་བྱུང་ངེ༌། ད་དུང་དུ་ཡང་ཡུལ་འདིར་མི་གཅིག་ཀྱང་མ་བཞག་ཅིག་བྱས་ནས། དམག་གི་སྟེང་དུ་ཕོལ་ཕྱིན་པས་སུས་ཀྱང་འཇུ་མ་ནུས་པར་ཐར། དེར་གཉིས་པོས་དབུས་གཙང་དུ་འོངས། མི་ལས་ལྷ་རྗེ་སྣུབས་ཆུང་གི་སར་བཞུགས། གཡོག་ཡར་ཀླུངས་སུ་སོང༌། སྙིང་ལ་ཆོས་ཁོ་ན་དྲན་ཡང་ཞུ་མ་ནུས་པ་ལ། ཉིན་ཞིག་སློབ་དཔོན་གྱི་ཡོན་བདག་བཟང་པོ་ཞིག་ཤི་ནས། དེས་སློབ་དཔོན་སྐྱོ་སྟེ་ཐོས་པ་དགའ། ངེད་རང་གཉིས་པོས་སྡིག་ཆེན་པོ་བསགས་ཡོད་པས། ཡང་ན་ཁྱོད་ཀྱིས་ཆོས་གཤའ་མ་ཞིག་གྱིས་ལ་ང་དྲོངས། ཡང་ན་ཆོས་གཤའ་མ་ཅིག་ངས་བྱ། ཁྱོད་ཀྱིས་ངའི་རྒྱགས་སྐྱོལ་ཟེར་བས། འོ་ན་ངས་ཆོས་གཤའ་མ་ཞིག་བྱེད་པར་ཞུ་བྱས་ནས། རོང་དུ་འབྲེ་སྟོན་ལྷ་དགའ་ལ་རྫོགས་པ་ཆེན་པོ་ཞུས། དེར་སྒོམ་ཙམ་ཡང་མ་སྐྱེས་པས་འབྲེ་སྟོན་གྱིས་ངའི་ཆོས་ཀྱང་ཁ་བོ་ཆེས། ཁྱོད་ཀྱིས་ཀྱང་ལེ་ལོ་བྱས་པས་ཅི་ཡང་མ་བྱུང༌། ད་ཡིན་ན། རྗེ་ནཱ་རོ་མཻ་ཏྲིའི་སློབ་མ་མར་པ་ལོ་ཙཱ་བ་བྱ་བ་ལྷོ་ཕུ་ཆུ་ཁྱེར་དུ་བཞུགས། རྟེན་འབྲེལ་ལུས་ལ་སྒྲིགས་ནས་སེམས་ཆོས་ཉིད་མ་དང་སྤྱོད་པ་ཞིག་ཡོད་ཟེར་བས། ཁྱེད་རང་དེར་རྒྱུག་གསུང་བས། མཚན་ཐོས་པ་ཙམ་གྱིས་དད་ནས་ཡིད་དགའ་ཆེས་ཏེ་ཆུ་ཁྱེར་དུ་བྱོན། ཞལ་མཐོང་བ་ཙམ་གྱིས་སྣང་བ་འགྱུར་བ་བྱུང༌། བླ་མ་མར་པས་འཁར་ལས་མང་པོ་དང་ཕྲུ་རློག་ལ་སོགས་པ་བྱེད་དུ་བཅུག །རྡོ་སྐྱས་པའི་སྒལ་བ་རྣག་ཁྲག་ཏུ་སོང་འབུངས། དེ་ལྟར་ལས་བྱེད་ཅིང་ཡོད་པའི་ཚེ། འཚུར་རྔོག་ལ་སོགས་པའི་སློབ་མ་མི་ཆེན་མང་པོ་ལ་བླ་མས་དབང་མཛད་པས། དེར་ཚུད་དམ་སྙམ་ནས་ཞུས་པས། གཅིག་ཀྱང་མ་གནང༌། དེར་ཡུམ་གྱིས་མ་བཟོད་དེ། ནཱ་རོ་པའི་ཐུགས་དམ་པདྨ་རཱ་ག་ཞིག་ཡོད་པ་ལག་རྟགས་སུ་བསྐུར་ཏེ་རྔོག་ཅན་དུ་བཏང༌། བླ་མ་ཐུགས་བྲེལ་བས་ཁྱེད་ཀྱིས་འདི་ལ་གདམས་པ་རྣམས་གནང་བ་ཞུ་ཟེར་བའི་ཡི་གེ་བསྐུར། རྗེ་བཙུན་གྱིས་གཞུང་རི་བོར་བཏོལ། རྔོག་གི་གསུང་གིས། ངའི་ཕྱུགས་རྣམས་ཡལ་མོ་བས་ཁྱེར་བས། ཁྱོད་ཀྱིས་སེར་བ་ཕོབ་གསུང་ནས་སེར་བ་ཕབ་སྟེ། རྔོག་གི་དྲུང་དུ་ཕྱིན་ནས། ཁོ་བོས་ཆོས་ལ་འོངས་པ་ལགས་ཏེ། ལས་སུ་སྡིག་ཁོ་ན་བྱེད་དགོས་པ་ཞིག་བྱུང་ཞུས་པས། དེས་མི་སྟོ་ཨ།འུ་རྩི་གསུང་ནས། ཐབས་ལམ་གྱི་གདམས་ངག་རྣམས་གནང༌། མི་ལ་ཕུག་ཏུ་མཚམས་གཅོད་དུ་བཅུག །དེར་རྔོག་ལ་ལོ་ཙཱ་བ་ཆེན་པོའི་བཀའ་བྱུང་སྟེ། ངའི་མཁར་དགུ་ཐོག་ཚར། དེ་ལ་ཁྱོད་ཀྱིས་སྤེན་བད་རྒྱུའི་སྤེན་མ་ཞིག་སྐྱོལ་གསུང་བས། རྔོག་གིས་མི་ལ་ཕྱགས་ཕྱིར་ཁྲིད་དེ། དཀོན་བརྩེགས་ཤིག་གིས་སྣ་དྲངས་པའི་འབུལ་བ་མང་པོ་དང༌། ལམ་དུ་སྤེན་ཁུར་བརྒྱད་ཅུ་ཙམ་བསྒྲུབས། འབུལ་བ་དང་སྤེན་མ་རྣམས་ཕུལ། ལས་རྣམས་ཚར་བ་དང༌། བླ་མས་བདག་མེད་མ་ལ་ཚོགས་ཤིག་ཤོམས་གསུང་ནས། དཔོན་སློབ་རྣམས་ཚོགས་བཞེས་པའི་ཚེ། རྔོག་ལ་སྤྱན་འབུར་ཚུགས་སུ་གཟིགས་ནས། རྔོག་ཟེར་བའི་ངན་པ་ཁྱོད་ངའི་ཐོས་པ་དགའ་ལ་གདམས་ངག་སྟེར་བ་ཅི་ཡིན་གསུང༌། བླ་མའི་ཕྱག་རྟགས་དང་བཅས་ཏེ་བཀའ་བྱུང་བ་ལགས་མོད་ཞུས་པས། མི་ལ་ལ་གཟིགས་ནས། ཁྱོད་ལ་ཕྱག་རྟགས་སུས་བསྐུར་གསུང༌། ཡུམ་གྱིས་གནང་བ་ལགས་བྱས་པས། དེར་བླ་མ་ཀོག་གིས་བཞེངས་ནས་སེང་ལྡེང་གི་དབྱུག་པ་ཞིག་ལ་འཇུས་བྱུང་བ་དང༌། བདག་མེད་མ་བྲོས། དེར་བླ་མ་སྟན་ལ་བཞུགས་ནས་ཞལ་འཛུམ་པ་དང་བཅས་ཏེ། བདག་མེད་མ་བོས་གསུང་ནས། བདག་མེད་མས་བྱོན་པ་དང༌། ད་ཆང་ལེགས་པར་དྲོངས་ཤིག །དཔོན་སློབ་རྣམས་གཏམ་བྱའོ་གསུང་ནས། མི་ལ་ལ། ཁྱོད་ལས་ཅན་དུ་དང་པོ་སླེབ་མ་ཁད་ནས་ངས་ཤེས། འོན་ཀྱང་སྡིག་ཆེན་པོ་འདུག་པས་སྦྱོང་དུ་བཅུག་པ་ཡིན། རྔོག་གིས་བྱིན་པའི་གདམས་ངག་དེ་རྣམས་ངའི་མདུན་དུ་ཤོད་དང་གསུང༌། རྔོག་ཐེགས་ནས་མི་ལས་སྐྱེལ་ཐུང་རིང་དུ་མཛད། དེ་རྟིང་བླ་མས་གདམས་ངག་རྣམས་ཡང་དག་པར་ཚང་བར་གནང༌། འདི་ལས་ལྷག་པ་ཡོད་རེ་ཞེས་མཁའ་འགྲོ་དཔང་དུ་བཞག་པའི་དབུ་བསྙུང་མཛད། གྲོ་བོ་ལུང་ནས་ཡ་ཟད་ན་རྟ་ནག་ཕུག་བྱ་བ་ཡོད་པས། དེར་མཚམས་གཅོད་དུ་བཅུག །འབད་པ་ཆེན་པོས་བསྒོམས་ཀྱང་ཡོན་ཏན་ཆེན་པོ་མ་སྐྱེས། དོན་དེ་རྣམས་ཕྱིས་ཞི་བ་འོད་ལ་མགུར་དུ་བཞེངས་པ། འོ་ན་ཁྱེའུ་ཆུང་བཞིན་ལེགས་པོ། །ཁྱོད་རྟོགས་འདོད་ཅན་དེ་ཚུར་ཉོན་དང༌། །མི་ང་ངོ་ཁྱོད་ཀྱིས་ཤེས་མ་ཤེས། །མི་ང་ངོ་ཁྱོད་ཀྱིས་མ་ཤེས་ན། །ང་གུང་ཐང་གི་མི་ལ་རས་པ་ཡིན། །ལྟེ་བ་གུང་ཐང་གི་སྨད་དུ་བཅད། །སློབ་གཉེར་དབུས་གཙང་གི་ཕྱོགས་སུ་བགྱིས། །ཕ་དར་སྟོན་དང་ངབ་མིས་དབུ་མཛད་ནས། །རོང་སྟོན་ལྷ་དགའ་ཡན་ཆད་དུ། །སྤྱིར་དྲིན་ཅན་གྱི་བླ་མ་བཅུ་ཙམ་བཞུགས། ཁྱད་པར་ལྷ་རྗེ་སྣུབས་ཆུང་ལ། །དྲག་སྔགས་གཟའ་གདོང་དམར་ནག་ཞུས། ཁོང་ལྟ་དགོངས་ཀྱི་མཁྱེན་པ་མཐོ་ལགས་ཤིང༌། །དམར་ཁྲིད་ཀྱི་ཕྱག་བཞེས་མཁས་ན་ཡང༌། །མི་ཁོ་བོའི་སྤྲོས་པ་ཅུང་མ་ཆོད། །རྗེ་ན་རོ་དང་མཻ་ཏྲིས་བྱིན་བརླབས་ཤིང༌། ལུས་རྟེན་འབྲེལ་གནད་དུ་བསྣུན་ནས་ཀྱང༌། །སེམས་ཆོས་ཉིད་མ་དང་སྤྲོད་པ་ཅིག །ལྷོ་ཕུ་ཆུ་ཁྱེར་ན་བཞུགས་སོ་སྐད། །ཕ་ལོ་ཙཱའི་སྙན་པ་རྒྱང་ནས་འཁུམས། །མཚན་ཐོས་པ་ཙམ་གྱིས་བ་སྤུ་གཡོས། །ལམ་དཀའ་བ་སྤྱད་དེ་སྤྱན་སྔར་ཕྱིན། །ཞལ་མཐོང་བ་རང་གིས་སྣང་བ་འགྱུར། ཁོང་ཚེ་རབས་ཀྱི་བླ་མ་ཡིན་པ་འདྲ། །ཕ་སྐུ་དྲིན་ཅན་གྱི་ཞབས་དྲུང་དུ། །ལོ་དྲུག་ཟླ་མཐོང་བརྒྱད་དུ་བསྡད། །ལུས་སྐུ་དང་གྲིབ་མ་བཞིན་དུ་འགྲོགས། །ཟང་ཟིང་གི་འབུལ་རྒྱུ་མ་མཆིས་ཏེ། །ལུས་ངག་གི་ཞབས་ཏོག་རྡུལ་དུ་བརླགས། །ཐུགས་གཏིང་ནས་མཉེས་པའི་ནད་ཀ་དེས། །སྙན་བརྒྱུད་ཀྱི་གདམས་ངག་རྫོགས་པར་གནང༌། །ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་ཡིན་ནོ། །དེ་ཡན་ཆད་ཅུང་ཟད་ཞིབ་པར་བྲིས་ཏེ། བཅོས་མ་མང་པོ་མཐོང་བས་འདི་ཙམ་ཞིག་འཐད་པ་ཡིན་ནོ་སྙམ་ནས་བགྱིསསོ། །དེ་ལ་རྗེ་བཙུན་གྱིས་རང་ལོ་སུམ་ཅུ་རྩ་བརྒྱད་པ་ལ་མར་པའི་ཞབས་དྲུང་དུ་བྱོན། དེར་ལོ་བཞི་བཅུ་རྩ་བཞིའི་བར་དུ་བཞུགས། ཞེ་ལྔ་པ་ནས་སྒྲུབ་པ་ལ་ཞུགས་ཞེས་ཡི་གེ་གཞན་ལས་བྱུང་བ་དང༌། འབྲི་ཁུང་ཆོས་རྗེའི་ཞལ་ནས། རྗེ་བཙུན་གྱིས་ཞི་བར་གཤེགས་གཤེགས་ཀྱི་བར་ལོ་བཞི་བཅུར་སྐུ་ལུས་སྒོམ་ཐག་དང་མ་བྲལ་བ་ཡིན་ཞེས་གསུངས་པ་དང་ཡང་འབྱོར་རོ། །དེ་ནས་རྗེ་མར་པའི་ཞབས་དྲུང་ནས་བྱོན་ཏེ་ལམ་དུ་རྔོག་ལའང་ཕྱག་མཛད། ཡུལ་དུ་ཕེབས་པའི་ཚེ། མ་འདས་ནས་ཁང་སྟོང་དེའི་གོ་ཕུགས་ཤིག་ན་རུལ་བུ་བེམས་པོས་གཡོགས་པ་ཞིག་འདུག་པ་ལ་སྔས་མཛད་དེ་ཞལ་གཅིག་རིག་པ་གཏད་ནས་སྡིག་པ་སྦྱངས། སྤུར་དེ་མེས་བསྲེགས། སྲིང་མོ་ཞིང་ཡོད་པའང་ཡུལ་འཁྱར། ཡུམ་སྲས་གཉིས་ཀྱི་ཞིང་སྐལ་ཞིག་ཡོད་པ་སུས་ཀྱང་འདེབས་མ་ནུས་པར་འདུག །ཨ་ནེ་དེ་སྔོན་དགྲ་ཡིན་ཀྱང༌། རྗེ་བཙུན་ལ་ཚིག་འཇམ་པོས་བཏུད་ནས་དགའ་བ་ལྟར་བྱེད་ཅིང༌། ཞིང་དེ་ཨ་ནེས་བཏབ་ནས་སྐྱེལ་བའི་ཆད་བྱས། གྲོང་ལས་ཡ་ཟད་འཕགས་པའི་རི་རྩ་ཞིག་ཏུ་ཟླ་བ་དྲུག་བསྒོམས་པས་དྲོད་ཀྱང་ཆེར་མ་སྐྱེས་པ་ལ། །མཁའ་འགྲོ་མ་ཞིག་གིས་ལུས་གནད་བསླབས་པ་བཞིན་བྱས་པས་དྲོད་ཆེར་འབར། ད་ནི་དཀའ་བ་སྤྱད་ནུས་པར་འདུག་སྙམ་པའི་དགོངས་པ་སྐྱེས་ནས་ཡུལ་ནས་འཐོན་ཏེ། སྐྱི་རོང་གི་རི་རྩེ་རྣམས་ལ་བྱོན། མི་ལའི་རྫོང་དྲུག་ཏུ་གྲགས་པ་ཡང་སྐྱིད་རོང་གི་རི་རྣམས་ལ་ཡོད་པ་ཡིན། དེར་ལོ་དགུའི་བར་དུ་ཟྭ་ལ་གསོལ་བའི་ཐ་སྙད་མཛད་ནས་བརྩོན་འགྲུས་དྲག་པོས་བསྒོམས་པས་རླུང་ལ་རང་དབང་ཐོབ། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཤར། མི་གཞན་གྱིས་ཕྱི་ནས་བལྟས་པ་ལ་འོ་བརྒྱལ་བརྒྱལ་འདྲ་ཡང༌། རྗེ་བཙུན་ཉིད་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ལ་བརྟན་པར་བཞུགས་ཤིང༌། བདེ་བ་དྲུག་གི་མགུར་ཡང་གསུངས། ལོ་དགུ་ལོན་རྗེས་རང་དབང་གི་ཏིང་ངེ་འཛིན་བརྙེས་པས་འབྲོག་པ་མང་པོ་ལ་ཕན་འདོགས་པའི་ཕྱིར་ཏི་སེའི་བར་དུ་བྱོན། དེར་བོན་པོ་ཞིག་རྔ་ལ་ཞོན་ནས་གངས་ཀྱི་རྩེ་མོར་འགྲོ་ཞིང་འདུག་པ་ལ། རྗེ་བཙུན་གྱིས་སྐད་ཅིག་གིས་གངས་ཀྱི་རྩེ་མོར་གཤེགས་ནས་ན་བཟའ་རས་གོས་བརྐྱང་བས་བོན་པོ་རྔ་དང་བཅས་པ་ཐུར་དུ་ལྷུང་བ་ལ་སོགས་པའི་ཆོ་འཕྲུལ་ཡང་བསྟན། དེ་ནས་མར་བྱོན་ནས་རྡོར་མོ་ལ་སོགས་པའི་ཡོན་བདག་མང་པོས་ཞབས་ཏོག་ཀྱང་བྱས་ལ་ཕྱིར་བྱོན་པས། གངས་མོ་ཆེ་བབ་སྟེ་ལོ་གཅིག་ཏུ་ཞུར་མ་ཉན། དེ་ནས་ཅུང་ཟད་ཞུ་བ་དང་ཡོན་བདག་མོ་རྡོར་མོ་ལ་སོགས་པའི་ཡོན་བདག་འགའ་ཞིག་གིས་རྗེ་བཙུན་འཚོ་བ་མེད་པས་གཤེགས་ངེས་མོད། ད་གདུང་བཙལ་སྙམ་ནས་ཕྱིན་པས། རི་ཟུར་ཅིག་ན་གསའ་ཞིག་ཁོང་རྣམས་ལ་བྱ་ར་བྱེད་ཅིང་འདུག །དེ་ལོག་སོང་བ་དང་ཁོང་རྣམས་ཀྱིས་ཀྱང་ཕྱིན་ཏེ། གསའ་སོང་བའི་ལམ་རྣམས་མིའི་རྐང་རྗེས་སུ་འདུག །དེ་ནས་རེ་ཤིག་ན་ཕུག་པ་ཞིག་ན་དུ་བ་ཅུང་ཟད་ཕྱུར་ཞིང༌། མགུར་གྱི་གསུང་ཞིག་ཀྱང་གྲགས་ནས་ཞབས་དྲུང་དུ་སླེབ་པ་ན། གླེན་པ་ཁྱེད་རྣམས་དེ་ཙམ་ཅི་ལ་འགོར། ངས་རི་ཟུར་དེ་ནས་བལྟས་པས་ཁྱེད་རྣམས་ས་འདི་འདྲ་ན་སླེབ་འདུག་པ་ལ། འདིར་ད་ལས་མ་ཕྱིན་གསུང༌། རྗེ་བཙུན་མ་མཐོང་གསའ་ཞིག་འདུག་པ་ལགས་ཞུས་པས། གསའ་དེ་ཁ་ང་ཡིན་གསུང༌། སྔར་གཤེགས་དུས་རྩམ་པ་བྲེ་གསུམ་དང༌། རྣ་པའི་ཤ་རྐང་པ་ཞིག་ལས་མ་བསྣམས་པ་ལ། རྩམ་པ་ཕུལ་བཞི་ཙམ་ལས་མ་གོད་པར་འདུག །རྩམ་ལྷག་དང་ཤ་གཟུག་ཁོང་རྣམས་ལ་བྱིན། ཡུལ་པ་རྣམས་ཀྱིས་ཀྱང་བསྙུན་སྨེད། རྗེ་བཙུན་གྱིས་ཀྱང༌། རྣལ་འབྱོར་དབྱར་ཁམས་བདེ་བར་བྱུང༌། །ཡོན་བདག་སྐུ་ཁམས་བདེ་ལགས་སམ། །བྱ་བ་ལ་སོགས་པའི་མགུར་མང་དུ་གསུངས། དེ་ནས་ཆུ་བར་དུ་བྱོན། ལྷ་འདྲེའི་དམག་བྱུང་བ་ཟིལ་གྱིས་མནན། དེ་རྗེས་ཡུལ་གྲོང་དང་དབེན་པའི་གནས་སྣ་ཚོགས་པ་རྣམས་སུ་བྱོན་ཞིང་བཞུགས་ནས་སློབ་མ་ཡང་སྐྱོང་བ་མཛད། རྒྱ་གར་དྷརྨ་བོ་དྷི་དང་མཇལ་དུ་བྱོན་པ་ལ་ཁོང་གིས་རྗེ་བཙུན་ལ་གུས་པའི་ཕྱག་བཙལ། དམ་པ་སངས་རྒྱས་ཀྱང་དིང་རི་ན་བཞུགས་པའི་སྐབས་ཤེད་དུ་རྗེ་བཙུན་དང་མཇལ་ཞིང་གསུང་གླེངས་བགྱིས། ཆུ་བར་དུ་འདྲེ་དམག་བྱུང་བ་དེ། ངམ་རྫོང་སྟོན་པས་ཆུ་ཕོ་འབྲུག་གི་ལོ་ཡིན་པར་བྱས་འདུག་པས། རྗེ་བཙུན་གྱི་དགུང་ལོ་བདུན་ཅུ་རྩ་གསུམ་པར་འགྱུར། རྗེ་བཙུན་གྱི་སློབ་མ་ཡང་རས་པ་མཆེད་བརྒྱད་དུ་གྲགས་ཏེ། གུང་ཐང་གི་གཉན་ཆུང་རས་པ། ལྕེམ་ལུང་གི་ངམ་རྫོང་རས་པ། རྟ་མོའི་འབྲི་སྒོམ་རས་པ། འོད་ཁྲའི་སེ་བན་རས་པ། སྣི་ཤང་གི་ཁྱི་ར་རས་པ། རས་པ་ཞི་བ་འོད། བདེ་བ་སྐྱོང༌། ར་རྫི་རས་པ་རྣམས་དང༌། ཡང་ཁྱུང་ཚང་བ་ཡེ་ཤེས་བླ་མས་ནི། སྲས་ཀྱི་ཐུ་བོ་ལྟ་བུར་གྱུར་པ་རས་ཆུང་བ་དང༌། སངས་རྒྱས་སྐྱེ་བ་གཅིག་གིས་ཐོགས་པ་བྱང་ཆུབ་སེམས་དཔའི་སྤྲུལ་པ་རྗེ་སྒམ་པོ་བ་ཆེན་པོ་དང༌། སྒོམ་ལ་སྲན་ཚུགས་པ་རོང་ཆུས་རས་པ་དང༌། དྲོད་ལ་དབང་ཐོབ་པ་རྣལ་འབྱོར་པ་ཞི་བ་སྐྱོང་དང༌། དད་པ་དང་དད་མོས་གུས་སུ་ལྡན་པ་འབྲི་སྒོམ་ཡང་ལེགས་དང༌། ཇོ་རྡོར་དང༌། ཞང་ནག་དང༌། སེ་བན་སྟོན་ཆུང་དང༌། ལུ་སྐམ་རས་པ་དང༌། ཡོན་བདག་མོ་ལེགས་སེ་དང༌། རྣལ་འབྱོར་མ་ལྕམ་མེ་དང༌། སྒྲོན་ནེ་ལ་སོགས་པ་ཆོས་ཉིད་ཀྱི་དོན་རྟོགས་པ་མང་དུ་བྱུང་ངོ་ཞེས་འདྲེན། རས་པ་ཞི་བ་འོད། སངས་རྒྱས་སྐྱབས། རོང་ཆུང་རས་པ་གསུམ་མཁའ་སྤྱོད་དུ་བཞུད་ཅིང༌། ལྕམ་མོ་བི་ཏ། མཛེས་སེ། ཆོས་ཀྱི་བྱང་ཆུབ། འབྲིང་མཚམས་མ་སྤ་ཚབ་གཟའ་རྣམས་ཀྱང་མཁའ་སྤྱོད་དུ་བཞུད་དོ། །དེ་ཡང་མིའི་འགྲོ་བ་འདུལ་བའི་མཆོག་རྗེ་སྒམ་པོ་བ། མི་མ་ཡིན་རྣམས་འདུལ་བའི་མཆོག་བཀྲ་ཤིས་ཚེ་རིང༌། ཊཱ་ཀི་མ་རྣམས་འདུལ་བའི་མཆོག་སྔགས་སྐྱེས་ལྷན་ཅིག་སྐྱེས་པའི་སྒྲོན་མེའོ་ཞེས་ཀྱང་གསུང་ངོ༌། །དེ་ཙམ་ཞིག་ནི་རགས་པ་བསྡུས་པ་སྟེ། ཡུལ་གཅིག་ཏུའང་སྐུ་སྣ་ཚོགས་སུ་སྟོན་ཞིང༌། ཡུལ་དུ་མར་སྐད་ཅིག་གིས་གཤེགས་ཏེ་སེམས་ཅན་གྱི་དོན་མཛད་པའི་རྗེ་བཙུན་ཆེན་པོ་འདིའི་སློབ་མ་ཚང་བར་ནི་སུ་ཞིག་གིས་བགྲང་བར་ནུས། རྗེ་བཙུན་ཆེན་པོ་འདི་ནི་སློབ་དཔོན་འཇམ་དཔལ་བཤེས་གཉེན་ཡིན་ནོ་ཞེས་གྲུབ་པའི་སྐྱེས་བུ་ཆེན་པོ་དག་གསུང་ངོ༌། །རྗེ་བཙུན་འདི་ནི་དགུང་ལོ་བརྒྱད་ཅུ་རྩ་བཞིའི་བར་དུ་བཞུགས་ནས། ཆུ་མོ་ཡོས་བུའི་ལོ་ལ་བྲིན་དུ་སྐུ་གཤེགས་པའི་ཚུལ་བསྟན། གདུང་བཞུ་བས་གདུང་དང་རིལ་བསྲེལ་ལ་སོགས་པ་ནི་ཅུང་ཟད་ཀྱང་མ་བྱུང་ངོ༌། །རྗེ་བཙུན་མ་ཉིད་ཀྱི་སྤྲུལ་པ་མ་གཅིག་ཞ་མ་ལ་འཁོར་འགའ་ཞིག་གིས་མི་ལ་དེ་སངས་རྒྱས་སམ་མ་རྒྱས་ཞུས་པས། ཁོང་གི་བརྩོན་འགྲུས་དེ་གཞན་དང་མི་མཉམ་པས་སངས་རྒྱས་པར་ངེས་སོ་ཞིག་གསུང་ངོ༌། ། དེ་ལ་རྗེ་རས་ཆུང་པ་ནི། རྗེ་བཙུན་སྒྲུབ་པ་ལ་ཐོག་མ་བཞུགས་པའི་ཤིང་ཕོ་བྱི་བ་ལ་ཁབ་གུང་ཐང་གི་ས་ཆར་འཁྲུངས། མཚན་རྡོ་རྗེ་གྲགས་ཞེས་ཟེར། ཕ་སྔ་མོ་ནས་ཤི། ཁུ་བོ་དང༌། མ་འདུས་ནས། ཁུ་བོའི་གཡོག་བྱེད་ཅིང༌། གཞོན་པའི་ཚེ་ཉིད་ནས་ཀློག་ལེགས་པར་མཁྱེན། གྲོང་ཀློག་བྱས་པའི་སྐྱོས་མས་ཁུ་བོ་དང་མ་མགུ་བར་བྱེད་ཅིང་ཡོད། རས་ཆུང་པས་ལོ་བཅུ་གཅིག་ལོན་ཞིང༌། རྗེ་བཙུན་མི་ལའི་མཚམས་ལོ་དགུ་པོ་ཚར་རྗེས་ཀྱི་ཤིང་ཕོ་ཁྱིའི་ལོ་ལ། རྗེ་བཙུན་གུང་ཐང་གི་གྲོག་པོ་ཞིག་ན་བཞུགས་པ་དང་མཇལ། དེ་ནས་སྐྱོས་མ་རྣམས་རྗེ་བཙུན་ལ་བསྐྱལ་བས། མ་དང་ཁུ་བོས་རྗེ་བཙུན་དང་གཉིས་ལ་འབར་བས། དེར་རྗེ་བཙུན་གྱིས་གཏུམ་མོ་བསྒོམ་དུ་བཅུག་པས་ལེགས་རབ་བྱུང་ཞིང༌། རྗེ་བཙུན་གྱི་དྲུང་དུ་བསྡད་པའི་ཚེ། སྔར་ཁུ་བོས་ཕྲུ་རློག་བྱེད་དུ་བཅུག་པ་ཀླུ་དང་ཐུག་ནས་ལོ་བཅོ་ལྔ་ལོན་པའི་ཚེ་མཛེ་ནད་ཀྱིས་ཟིན་ནས། དེ་ནས་རྗེ་བཙུན་གྱི་དྲུང་དུ་མ་བསྡད་པར་ཁང་སྟོང་རྣམས་སུ་ཉལ་ཞིང་བསྡད། དེའི་ཚེ་ཨ་ཙ་ར་གསུམ་བྱུང་ནས་དེ་རྣམས་ཀྱིས་སྙིང་རྗེ་བྱས། རྒྱ་གར་དུ་ཁྲིད་ནས་བླ་མ་བ་ལ་ཙནྡྲ་ལ་གཏུགས། བ་ལ་ཙནྡྲས་གཏུམ་པོ་ཁྱུང་ཤམ་ཅན་གནང་ནས་བཟླས་པ་བྱས་པས། རིང་པོ་མ་ལོན་པར་མཛེ་ལྷག་མ་མེད་པར་སོས། སླར་བལ་པོར་འོངས་ནས་ཨ་ཏུ་ལ་ད་ཤ་ལ་སོགས་པ་ལ་བདེ་མཆོག་ལ་སོགས་པའི་རྒྱུད་འགའ་རེ་ཡང་མཉན། སླར་ཡང་རྗེ་བཙུན་གྱི་དྲུང་དུ་འཁོར་བ་ན། རྗེ་བཙུན་གྱི་ཞལ་ནས། རྒྱ་གར་ན་ལུས་མེད་མཁའ་འགྲོའི་ཆོས་དེ་ལ་ཆོས་སྐོར་དགུ་ཡོད་པ་ལ། རྗེ་མར་པའི་གསུང་གིས་ངས་ཆོས་སྐོར་དགུ་པོ་ལས་ལྔ་ལས་མ་ཐོབ། ད་ཁྱོད་ཀྱིས་ཚང་བར་རྒྱ་གར་ནས་ལོང་ཞིག་གསུང་བའི་ཞལ་བརྡ་ཡོད་པས། ད་རས་ཆུང་པ་ཁྱོད་ཀྱིས་རྒྱ་གར་དུ་སོང་ལ་ཆོས་དེ་རྣམས་ཚང་བར་ལོང་ཞིག་ཅེས་གསུང་བས། རས་ཆུང་པས་བླ་མའི་གསུང་ལ་མཉན་ཏེ་རྒྱ་གར་དུ་ཕྱིན་ནས་ནཱ་རོ་དང་མཻ་ཏྲི་གཉིས་ཀའི་དངོས་སློབ་ཏི་ཕུ་བ་ལ་ཚང་བར་ཞུས། གཞན་ཡང་གདམས་པ་མང་དུ་བཙལ་ནས་བླ་མའི་དྲུང་དུ་བྱོན། ཆོས་སྐོར་དགུ་པོ་རྣམས་བླ་མ་ལ་ཕུལ། བླ་མས་ངམ་རྫོང་སྟོན་པ་ལ་གནང༌། ངམ་རྫོང་བས་དེ་ལ་ཡིག་སྣ་ཡང་བརྩམས་ཤིང༌། དེ་ནས་མཆེད་པ་ལ་བདེ་མཆོག་སྙན་བརྒྱུད་ཟེར། རས་ཆུང་པ་ཉིད་ནས་གཞན་ལ་མཆེད་པ་ལ་རས་ཆུང་སྙན་བརྒྱུད་དུ་གྲགས། དེ་ལྟར་རས་ཆུང་པས་རྗེ་བཙུན་མི་ལ་ལ་བརྟེན་ནས་རྟོགས་པ་ཁྱད་པར་ཅན་བརྙེས། རང་ཉིད་ཀྱིས་རྒྱ་གར་ནས་བླངས་པའི་གདམས་ངག་ཀྱང་མང་དུ་ཡོད། རྗེ་བཙུན་གྱི་དྲུང་དུ་དབུས་སུ་འགྲོ་བར་ཞུས་པས། རྗེ་བཙུན་གྱིས་ཀྱང་གཞན་ལ་ཕན་པ་ཆེན་པོ་འབྱུང་བར་དགོངས་ནས་གནང༌། དྲུང་ནས་འབྱོན་པའི་ཚེ་རྗེ་བཙུན་གྱིས་ས་ཐག་རིང་རབ་ཞིག་ཏུ་བསྐྱལ་ནས། ད་ཕྱིན་ཆད་འདི་ལྟར་གྱིས་ཀྱི་ཞལ་བཀོད་རྣམས་ཀྱང་ལེགས་པར་གསུངས། དེ་ནས་རས་ཆུང་པས་ཅུང་མཆོག་དཀར་དུ་སློབ་མ་འགའ་ཞིག་གི་དོན་མཛད་ཅིང་ལོ་ལྔ་བཞུགས། དེ་ནས་དབུས་སུ་ཕྱིན་ནས་དབུ་རུ་བྱང་ཕྱོགས་སུ་ཕེབས། བལ་པོ་ཨ་སུ་དང་མཇལ་ནས་གདམས་པ་ཞུས་པས། ཨ་སུའི་ཞལ་ནས། གདམས་པ་བྱིན་གྱི་བུ་སྨད་གསོ་དགོས་པས་ཁྱོད་ཀྱིས་བསོད་སྙོམས་གྱིས་ལ་ནས་གང་བྱུང་ང་ལ་ཕུལ་གསུང་བས། རས་ཆུང་པས་སྐྱི་སྨད་ཡན་ཆད་དུ་བསོད་སྙོམས་མཛད་པས་ནས་ཀྱང་ཤིན་ཏུ་མང་བར་རྙེད་ནས། ཨ་སུ་ལ་ཕུལ། དེའི་སྐབས་ཤེད་དུ་བྱ་ཡུལ་དུ་བྱ་ཡུལ་བའི་མང་ཇ་ལ་སྐྲུར་བྱོན་པས་སྒོ་བཙིར་བྱུང༌། དེར་དབྱངས་བླངས་ཏེ། བླ་མའི་གདམས་ངག་མེད་པར་ཁ་ཆུས་བཤལ་བ་ལ་བྱང་ཆུབ་རེ་བར་འདུག་ཅེས་བྱ་བའི་གླུ་བླངས་པས། བྱ་ཡུལ་བ་སྤྱན་ཆབ་ཤོར་བ་ལ། ཇ་མ་ལ་དུ་བ་ཚའོ་གསུང་སྐད་དོ། །དེ་ནས་ལྷོར་བྱོན་ཏེ་མཁར་ཆུར་ཐོགས་ཤིག་བཞུགས་ནས། ནཱ་རོ་པའི་རོ་སྙོམས་སྐོར་དྲུག་གི་ཆོས་རྣམས་གཏེར་དུ་སྦས། སླར་ངམས་ཤོད་དུ་ཕེབས་པ་ན། གཞན་གྱི་སྲོག་འཕྲོག་པའི་མཐུའི་མན་ངག་ཟབ་མོ་ཞིག་ཡོད་པ་གཞན་ལ་མཆེད་ན་མི་རུང་དགོངས་ནས་རྫོང་རིའི་བྲག་གསེབ་ཏུ་སྦས། འཕྱོས་ཀྱི་སྐྱི་ཚང་དུ་ཡང་ཐོགས་ཤིག་བཞུགས། དེ་ནས་ཡར་ཀླུངས་སུ་བཞུགས་པ་ལ་ཕྱག་རྒྱ་མོ་ལྷ་གཅིག་ཅིག་ཡོད་པ། དེས་སྐྱེས་པ་གཞན་དང་ལྷན་ཅིག་ཉལ་བས་ཐུགས་སྐྱོ་སྟེ་བྲོས་ནས་ཤམྦུའི་གངས་ལ་ཐོགས་ཤིག་བཞུགས། དེ་ནས་གཉལ་དུ་བྱོན་ཏེ། གཉལ་བྱར་ལོ་རོ་གསུམ་དུ་བྱོན་ཞིང་ལོ་རོར་ཤས་ཆེ་བར་བཞུགས། ཕྱིས་བྱར་དུ་བཞུགས་པའི་ཚེ་ཁྱུང་ཚང་པས་མཇལ་ཞིང༌། ལོ་རོར་བཞུགས་པའི་ཚེ་ཆོས་རྒྱལ་རིན་ཆེན་གླིང་པས་མཇལ་ནས་སྙན་བརྒྱུད་ཀྱི་གདམས་པ་རྣམས་ཐོབ། དེ་ལ་སྤྱིར་སློབ་མ་མང་ཡང་ཐུགས་ཀྱི་སྲས་བཅུ་གསུམ་བྱོན་ནས། ལོ་བྱི་མགོ་བ། གཙང་པ་སུམ་པ། བྱར་བོ་པར་ཤེར་སྣང༌། ལོ་རོ་གླན་བྱི་མགོ་བ་བླ་མ་སྒོམ་ཆོས། ལོ་རོ་མི་སྣ་བ་སུམ་སྟོན་ཆོས་དར། བུར་སྒོམ་ནག་པོ། ལ་སྟོད་པ་ཟངས་རི་རས་པ། གཡེ་ཆེན་མོ་བ་འབྲི་སྒོམ་དོན་གྲུབ། གྲ་ཕྱི་བ་གཉལ་རྡོ་རྗེ་འོད། གཉལ་སྨད་པ་ཅུང་སྟོན་རྒྱན་ནི། གཉལ་སྨད་པ་ཅུང་སྟོན་རྒྱས་པ། གཡེ་ཆུང་བ་དགེ་བཤེས་ཁྱུང་པོ་དང་བཅུ་གཉིས་ཀྱིས་དབང་ཡང་རྫོགས་ལ། ཡེ་ཤེས་ཀྱང་ངོས་ཟིན། ཡར་ཀླུངས་པ་ལྷ་རྗེ་འབར་གྱིས་ནི་དབང་རྫོགས་ཀྱང་ཡེ་ཤེས་ངོས་མ་ཟིན་ཟེར། གཞན་ཡང་ཉེ་གནས་རིན་ཆེན་གྲགས། གཉགས་གཅེར་བུ་ལ་རྟ་ཤོད་རས་པ་ཡང་ཟེར། སྒོམ་ཆེན་སྨོན་ལམ། མལ་ཡེར་པ་བ། མངའ་རིས་པ་གསལ་མཆོག །ཇོ་མོ་སྒྲེ་མོ། ལྷོ་པ་བྱང་སྟོན། འཚུར་སྟོན་དབང་ངེ་། དུས་གསུམ་མཁྱེན་པ། ཙ་རི་སྒོམ་ཆུང་ལ་སོགས་པ་རྣམསསོ། །སྔོན་མཚོ་སྣ་དྲིལ་ཆུང་དུ་བུ་མོ་ལྔ་དང་མཇལ་ཞིང་གླུ་བླངས་པའི་དབུས་ན་མོ་དེས་ཕྱིས་རས་ཆུང་བ་ལ་བརྟེན་ནས་བསྒོམས་པས། སེ་མོ་དོ་ནས་མཁའ་སྤྱོད་དུ་གཤེགས་པར་གྲགསསོ། །དེ་ལྟར་གཞན་གྱི་དོན་མང་དུ་མཛད་དེ། དགུང་ལོ་བདུན་ཅུ་རྩ་བརྒྱད་པ་ལྕགས་མོ་སྦྲུལ་ལ་གཤེགསསོ། །རས་ཆུང་པ་ནས་བྱུང་བའི་གྲུབ་རྒྱལ་མའི་ཚེ་སྒྲུབ་ཀྱི་ལོ་རྒྱུས་ལ། རས་ཆུང་བས་བརྒྱད་ཅུ་རྩ་གཉིས་བཞུགས་ཟེར་བ་ཡོད་ནའང༌། དངོས་ཀྱི་སློབ་མ་མཆོག་རྣམས་ཀྱིས་བསྟན་རྩིས་ཞིབ་ཡང་དག་པ་མཛད་པ་ལས་བདུན་ཅུ་རྩ་བརྒྱད་དུ་གསལ་བ་ཡིན་ནོ། ། ལོ་བྱི་མགོ་བ་ནི། ཡུལ་གཉལ་སྟོད་པ། རས་ཆུང་པ་ལ་གསེར་གྱི་མཎྜལ་ཕུལ་ནས་དབང་གདམས་ངག་ཐམས་ཅད་རྫོགས་པར་ཞུས། རླུང་ཨ་བ་དྷཱུ་ཏཱིར་ཚུད་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་ཞལ་གཟིགས། བདེ་མཆོག་དཔའ་བོ་གཅིག་པའི་ཞལ་ཡང་གཟིགས། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་བཞུགས། མ་གཅིག་གཡང་དགོས་ཀྱི་སྲས་མོ་ཞིག་གིས་ཞབས་ཏོག་མཛད་ནས་རྗེ་རས་ཆུང་པའི་སྤྱན་སྔར་ལོ་ཉི་ཤུ་རྩ་ལྔར་གྲལ་དཔོན་མཛད་དེ་འཁོར་ཐམས་ཅད་སྐྱོང་ཞིང་བཞུགས་པ་ཡིན་ནོ། །རྗེ་བཙུན་གཙང་པ་ནི། ལས་སྟོད་ཅུང་པའི་སྨད་ཀྱི་སུམ་པ་ཉེའུ་མཁར་ཞེས་བྱ་བ་ན། ཡབ་སུམ་པ་དབང་ཕྱུག་ཅེས་བྱ་བ་དང༌། ཡུམ་རྨ་མོ་ཁྱེ་མཁར་ཞེས་བྱ་བའི་སྲས་ལྔའི་ཆེ་དག་ཏུ་འཁྲུངས། ཁྱིམ་ཐབ་བྱེད་ཁར་གཡུ་རྡོག་ཁྱེར་ནས་མྱང་སྟོད་སྟག་ཚལ་དུ་སྟོད་ལུང་པ་རྒྱ་དམར་བ་དང༌། རོག་མངོན་པ་གཉིས་ཀྱི་གྲྭ་སར་བྱོན་ནས་རབ་ཏུ་བྱུང་སྟེ་ལོ་གཅིག་བཞུགས། དེ་ནས་རྗེ་རས་ཆུང་བའི་སྤྱན་སྔར་བྱོན་པས་ཤིན་ཏུ་མོས་པར་གྱུར་ནས། ཕྱག་གཡས་པའི་སྲིན་ལག་བཅད་དེ་མར་མེ་བྱས་ནས་ཕུལ། དགུང་ལོ་ཉི་ཤུ་རྩ་གཅིག་གཉིས་ལ་མཇལ་ནས་གཟིམས་གཡོག་མཛད་དེ། ཞལ་མཇལ་ཚད་ལ་མཐོང་ཕྱག་གསུམ་གསུམ་མཛད་པ་དང༌། ཞག་རེ་ལ་ཕྱག་བརྒྱ་བརྒྱ་མཛད་པར་དམ་བཅས་ཏེ་བཞུགས། དང་པོ་ནས་ཡབ་ཡུམ་གཉིས་རྗེ་བཙུན་གྱི་ཡོན་བདག་ཏུ་གྱུར་པ་དང༌། ཐག་རིངས་སུ་ཆོས་ལ་བྱོན་པས། ཁོང་གིས་ཉེ་གནས་མཛད་ཕན་ཆད་ཁོང་མེད་པའི་ཆོས་དང་གདམས་ངག་ཐུན་ཅིག་ཀྱང་གསུངས་པ་མེད་སྐད། རས་ཆུང་པ་གཤེགས་རྗེས་གདན་ས་གཟུང༌། དེའི་དུས་ན་ཆུ་བོ་གངྒཱ་ཚུན་ལ་བཟང་བར་གྲགས། གདམས་ངག་ནི་རྒྱ་བོད་གཉིས་ཀ་ན་ཆེ། ཐུགས་རྗེས་ནི་སེམས་ཅན་ཐམས་ཅད་རྗེས་སུ་འཛིན་པ་ཞིག་བཞུགས། ཡང་སྡེ་སྣོད་འཛིན་པ་ནས་མ་དེ་བུད་མེད་དང་བྱིས་པ་ཡན་ཆོད་མི་དད་པ་དང་སྐུར་བ་འདེབས་པ་ནི་གཅིག་ཀྱང་མེད། ཁོང་གི་མཛད་སྤྱོད་སྣ་རེ་མཐོང་བས་སེམས་ལ་ཕན་ཞིང༌། སློབ་དཔོན་གཞན་ལ་ཆོས་དང་གདམས་ངག་ཚར་མང་པོ་ཉན་པ་བས། ནད་ཀ་འདི་ཡིན་གྱི་ཚིག་རེ་གསུངས་པས་དོན་མང་པོ་ཁྲོལ་ནས་འགྲོ་བ། ཐུགས་ལ་ཡོན་ཏན་རྒྱ་ཆེན་མངའ་ཡང་ཞལ་ནས་ཁེངས་སྐྱུང་འབའ་ཞིག་མཛད་པ་ཞིག་བཞུགས། རྗེ་ཕག་མོ་གྲུ་པའི་ཞལ་ནས་ཀྱང་རྒྱ་གར་གྱི་གྲུབ་ཐོབ་ཆེན་པོ་ཞིག་ཡིན་ཏེ། རྟེན་འབྲེལ་ཨེན་ཙམ་ཞིག་གིས་ཕན་ཐོགས་ཆེ་བ་མ་བྱུང་བ་ཡིན་གསུང༌། འདི་ལ་རས་ཆུང་པ་དང་སློབ་མ་ཐུན་མོང་བ་འགའ་རེ་ཡང་ཡོད་དོ། ། བུར་སྒོམ་ནི། རྗེ་ཕག་མོ་གྲུ་པ་དང་རྨོག་ཙོག་པ་གཉིས་ཀའི་བླ་མ་ཡིན། ཁྱད་པར་ཕག་མོ་གྲུ་པ་ལ་མཁའ་འགྲོ་མ་བཞི་རྗེས་སུ་འབྲང་གི་འདུག་པ་དང༌། གདན་ས་ཡང་འདི་འདྲ་བར་འབྱུང་ཞེས་བྱ་བའི་ལུང་བསྟན་པ་རྣམས་ཇི་ལྟ་བ་བཞིན་དུ་བྱུང་ཟེར། ཁྱུང་ཚང་བ་ཡུལ་སྟོད་ལུངས་སུ། ཤིང་མོ་ལུག་གི་ལོ་ལ་འཁྲུངས། བྱ་འདུལ་ལ་རབ་ཏུ་བྱུང༌། རྒྱ་དམར་ལ་བསྙེན་པར་རྫོགས། སྤ་ཚབ་ལོ་ཙཱ་ལ་དབུ་མ་གསན་པས་བསྟེན་ལོང་མ་བྱུང་བར་དར་ཡོན་ཏན་གྲགས་ལ་རིགས་ཚོགས་གསན། བཟད་པ་དབང་རྡོར་ལ་སྤྱོད་ཕྱོགས་རྣམས་ཞུས། རྒྱ་དམར་པ་ལ་དབུ་ཚད་ཉན། སེ་ལ་ཕར་ཕྱིན་དང་འཇམ་དཔལ། ཕུག་པ་བ་ལ་ར་ལི་དང་འཕགས་སྐོར། ཇོ་བསོད་ལ་བདེ་མཆོག་དང་ཀྲྀ་ཡ། ལྷོ་བ་ལ་ཁ་རག་སྐོར། ནད་པ་དང་རྭ་ལོ་ལ་དུས་འཁོར་དང་ནག་འཇིགས། གནམ་འཕར་བ་ལ་བཀའ་གདམས། འཁོན་ཕུ་བ་ལྕམ་སྲིང་ལ་ལམ་འབྲས། གླིང་ཁ་བ་ལ་གཟེར་ལྔ། དགེ་བཤེས་རྒྱ་ལ་རིམ་ལྔ། རྔོག་ལ་དགྱེས་རྡོར་རྣམས་གསན་ཏེ། དེའི་ཚེ་གདམས་ངག་མ་བྱུང་ནས་འབྲི་སྒོམ་གླིང་ཁ་བའི་སར་ཕྱིན་པས་འདག་འབྱར་ཐོན་ནས་ཞག་བདུན་སོང་བ་ཞིག་དང་མཇལ། གདམས་ངག་ཞུས་པས་གཏུམ་མོ་སྒྱུ་ལུས་རྨི་ལམ་རྣམས་ཁྲིད་བྱར་བཏུབ་པ་ཞིག་བྱུང༌། གཞན་རྣམས་ལུང་དུ་གསན། ཁོང་གི་ཞལ་ནས། རས་ཆུང་པའི་སར་བྱོན་མཇལ་བ་ཞུས་པས། མི་རྣམས་ན་རེ། བཙུན་པས་སུན་ནས་ཡོད་པས་མི་མཇལ་ལ་ཆེ་ཟེར་བ་ཞིག་ལ་མཇལ། ངའི་རྨི་ལམ་དུ་ཟླ་བ་རང་གསལ་ཙམ་ཞིག་ན་རེ། ཉི་མ་འོད་དང་ལྡན་པ་འོང་བར་ཡོད་ཟེར་བ་རྨིས། ཟླ་བ་དེ་ཁྱོད་ཀྱི་སློབ་མར་འདུག །ཉི་མ་དེ་ཁྱོད་དུ་འདུག་པས་གདམས་ངག་སྦྱིན་ནོ་གསུང་ནས། ཞག་དགུ་བཅུ་ཐམ་པ་ལ་སྙན་བརྒྱུད་ཚང་བར་གནང༌། ཚོགས་འཁོར་ཀྱང་དགུ་བཏང༌། ད་འདིར་མ་སྡོད་པར་སོང༌། ང་མ་ཤི་བའི་བར་དུ་བླ་མ་དང་གདམས་ངག་གསང༌། དེ་ནས་རྒྱལ་པོ་ནས་མཛེ་བོའི་བར་སྣོད་དུ་གྱུར་ཚད་ལ་ཤོད་ལ། གདམས་པ་ཟོང་དུ་མ་བསྒྱུར་གསུང་ངོ༌། །དེ་ནས་ལན་གྲོར་ཁྱུང་ཚང་བྲག་ལ་ལོ་བདུན་བཞུགས། གཞན་གྱིས་བསྙེན་བཀུར་བྱེད་པ་གཅིག་ཀྱང་མ་བྱུང༌། ཧ་བོའི་གངས་ལའང་བཞུགས། ཁྱུང་ཚང་དུ་ཕུག་རོན་ལ་གྲོང་འཇུག་ཀྱང་མཛད། སྣང་བ་འདི་ལ་ཐོགས་པ་མེད་གསུང༌། གཞན་ཡང་ཡི་དམ་དུ་མའི་ཞལ་གཟིགས་པ་དང༌། སྐུ་འཚལ་འོ་མར་འབབ་པ་དང༌། ཟག་པ་རྒྱུན་ཆད་པ་དང༌། ཐུགས་དམ་མཉམ་རྗེས་མེད་པ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་མངའ། དགུང་ལོ་དྲུག་ཅུ་རྩ་གཉིས་པ་མེ་ཕོ་སྤྲེའུ་ལ་སྒ་གོང་དུ་གཤེགས་ནས་སྤུར་སྦྱངས་པས་རིང་བསྲེལ་དཔག་ཏུ་མེད་པ་བྱོན་ནོ། །ཁྱུང་ཚང་བའི་སློབ་མ་མ་ཅིག་ཨོང་ཇོ་ནི། འོ་ཡུག་ཏུ་འཁྲུངས། གདུང་རུས་རྒྱ་ཡིན། སྤྱིར་གདམས་ངག་ལ་གཞོན་དུས་ནས་ཐོས་བསམ་མང་པོ་མཛད། བྱེ་བྲག་ཏུ་ཁྱུང་ཚང་བ་དང་མཇལ་ནས། སྙན་བརྒྱུད་ཀྱི་གདམས་ངག་རྫོགས་པར་ཐོབ། གནས་ལུགས་རྟོགས་པའི་རྟོགས་པ་ཁྱད་པར་ཅན་བརྙེས། དངོས་པོ་ཐམས་ཅད་བླ་མ་ལ་འབུལ་བའི་སྦྱིན་པ་དང༌། སྒ་གོང་དུ་དབང་གི་ཤེས་རབ་མ་བྱས་པས་ཉམས་སྐྱེས་ཏེ་སྡོམ་པ་གསུམ་ལྡན་དུ་གྱུར་བའི་ཚུལ་ཁྲིམས་ཅན་དང༌། རིམ་པ་གཉིས་ཆུ་བོའི་རྒྱུན་བཞིན་དུ་གྱུར་བའི་བརྩོན་འགྲུས་དང༌། རང་སེམས་ཀྱི་མེ་ལོང་དག་པ་ལ་ལྷ་དང་བླ་མ་དབྱེར་མེད་དུ་ཤེས་པའི་བསམ་གཏན་དང༌། ཆོས་ཐམས་ཅད་སྐྱེ་བ་མེད་ཅིང་མཚན་མ་མེད་པར་བླ་མའི་དྲིན་གྱིས་རྟོགས་པའི་ཤེས་རབ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཡོན་ཏན་དང་ལྡན་པའོ། ། ཡང་ཁྱུང་ཚང་བའི་སློབ་མ་དགེ་སྡིངས་པ་ནི། ཤངས་ཀྱི་ལྷ་ཕུར་ཟི་སྟོན་མ་རི་རྩེའི་སྲས་སུ་འཁྲུངས། ཇོ་སྲས་ཨ་སེང་ཞེས་བྱ། གཞོན་ནུ་ནས་རབ་ཏུ་བྱུང༌། གངས་པ་ཤེའུ་ལ་སོགས་པའི་མཁས་པ་མང་པོ་ལ་དབུ་མ་དང་སྤྱོད་ཕྱོགས་གསན། སློབ་དཔོན་རྒྱ་མ་བ་ལ་སོགས་པ་ལ་ཡོ་ག་ལ་སོགས་པའི་གསང་སྔགས་མང་དུ་གསན། དེ་ནས་ཁྱུང་ཚང་པའི་སྤྱན་སྔར་སྙན་བརྒྱུད་ཞུས། ཆོས་ཉིད་ཀྱི་རྟོགས་པ་དང་ལྡན་པ། རྟག་ཏུ་མཉམ་པར་གཞག་པའི་ངང་ཚུལ་ཅན་ཞིག་གོ། ། ཡང་མར་སྟོན་ཚུལ་ཁྲིམས་འབྱུང་གནས་ནི། ཤངས་ཀྱི་བྲུད་ཀྱི་དད་མོ་སྟེངས་སུ་ཡབ་མར་པ་འབར་བ་རྒྱལ་མཚན་བྱ་བའི་སྲས་སུ་སྦྲུལ་གྱི་ལོ་ལ་འཁྲུངས། གཞོན་ནུ་ནས་རབ་ཏུ་བྱུང༌། ལོ་ལོན་པ་དང་བསྙེན་པར་རྫོགས། བཀའ་གདམས་དང་འདུལ་བ་གསན་ཞིང༌། འཇང་པ་བྱང་སྐྱབས་ལ་བསླབ་བཏུས་ལ་སོགས་པའི་སྤྱོད་ཕྱོགས་ཉན། སུམ་སྟོན་དགེ་འདུན་ལ་གསང་སྔགས་མང་དུ་གསན། ཁྱུང་ཚང་པ་ལ་སྙན་བརྒྱུད་རྣམས་ཚང་བར་གསན་ཞིང༌། ཆོས་ཉིད་ཀྱི་རྟོགས་པ་དང་བར་དོ་ལ་རྩལ་འབྱོངས་ཤིང༌། འོད་གསལ་གྱི་ངང་ནས་བླ་མ་རྣམས་གཤེགས་པའི་དུས་མཁྱེན་པ་ལ་སོགས་པ་ཡོན་ཏན་མང་པོ་མངའ། བྱང་ཆུབ་ཀྱི་སེམས་ཀྱིས་གཞན་དོན་ལྷུར་མཛད་ཅིང༌། བྱེ་བྲག་ཏུ་སྙན་བརྒྱུད་ཤིན་ཏུ་མང་བར་གསུངས་པས་དར་ཞིང་རྒྱས་པར་མཛད་དོ། །ཤངས་པ་མང་སྟོན་དང་དགེ་སྡིངས་པའི་སློབ་མ་ཞང་ལོ་རྩཱ་བ་ནི། དབུས་སྡེར། ཞང་མདོ་སྡེ་གྲགས་བྱ་བའི་སྲས་སུ་འཁྲུངས། མཚན་ཕུར་བ་སྐྱབས་སུ་བཏགས། ལོ་བཅུ་བཞི་པ་ལ་སློབ་དཔོན་རྒྱ་སྒོམ་བྱ་བ་ལ་ཀློག་བསླབས་ཤིང་ཆོས་སྒོར་ཞུགས། ནཱ་རོ་ཆོས་དྲུག་ལ་སོགས་ཀྱང་གསན། སློབ་དཔོན་མྱང་ལ་ཐུགས་རྗེ་ཆེན་པོ་མར་ལུགས་ཞུས། མངའ་བདག་མྱང་རལ་ལ་གཏེར་མའི་ཟབ་ཆོས་ཞུས། རྭ་སངས་རྒྱས་ཀུན་དགའ་ལ་ཀྱེ་རྡོར་རྔོག་ལུགས་དང༌། སྣུབས་ཀྱི་བསྟན་སྲུང་གསན། ཞང་འཚལ་པ་ལ་སེམས་བསྐྱེད་དང་ཏིང་ངེ་འཛིན་གྱི་དབང༌། རས་པ་དབང་ངེ་ལ་ཡན་ལག་བདུན་ལྡན་ལ་སོགས་པའི་རས་ཆུང་པའི་གདམས་པ་མང་པོ་ཞུས། བང་སོ་བ་ལ་སྤུངས་པ་སྐོར་གསུམ། ལྷོ་བ་རྟ་སྒོམ་དང་དབོན་པོ་ཇོ་བསོད་ལ་མར་དོའི་བདེ་མཆོག །རྭ་ཇོ་དར་ལ་དུས་འཁོར་དང་འཇིགས་བྱེད། དབུ་མའི་སློབ་དཔོན་བསོད་རྒྱལ་ལ་དགྱེས་རྡོར་རམ་ལུགས་དང་གསང་ལྡན། བླ་མ་རྡོ་རྗེ་སྐྱབས་ལ་རྨོག་ཅོག་པའི་ཆོས་སྐོར། ཤངས་པ་མར་སྟོན་དང་དགེ་སྡིངས་པ་ལ་སྙན་བརྒྱུད། རྟ་སྒོམ་ལ་སྙན་བརྒྱུད་ཡབ་སྐོར་གྱི་གྲོལ་ལམ་དབང་དང་བཅས་པ། ལུས་མེད་ལ་སོགས་གཉལ་པ་གསུང་གཅད་ཀྱི་སློབ་མ་ཞིག་ལའང་ངམ་རྫོང་ལུགས་ཀྱི་སྙན་བརྒྱུད། མ་ཅིག་ཨོང་ཇོ་ལ་སྙན་བརྒྱུད་ཀྱི་གདམས་པ་དབང་དང་བཅས་པ་ཡོད་པར་རིག་ནས་ཞུས་པས་མ་གནང༌། པཎ་ཆེན་ཤཱཀྱ་ཤྲཱི་དང་དཔྱལ་ལོ་ལ་བསྙེན་པར་རྫོགས་ནས། མཚན་གྲུབ་པ་དཔལ་བཟང་པོར་བཏགས། པཎ་ཆེན་གྱི་ཕྱགས་ཕྱིར་ལོ་གཅིག་བཞུགས་ཏེ་ཆོས་ཞུས། སློབ་དཔོན་རྒྱང་རོ་གཞོན་རིང་ལ་འདུལ་བ་དང་སྤྱོད་ཕྱོགས་གསན། མ་གཅིག་ཨོང་ཇོའི་དྲུང་དུ་ལན་གསུམ་བྱོན་པའི་ཐ་མ་ལ་སྙན་བརྒྱུད་ཚང་བར་གནང༌། ཁྱུང་ཚང་པའི་ཕྱག་དཔེ་དང༌། དམ་རྫས་ཀྱི་རིལ་བུ། རྒྱན་དྲུག་ལ་སོགས་པ་གནང་ཞིང་ལུང་བསྟན་ཡང་མཛད་དོ། །ཤངས་པ་མར་སྟོན་གྱི་སློབ་མ་གཉོས་སྒོམ་ལ་ཐབས་ལམ་གྱི་ཁྲིད་ཞུས། བ་རི་བ་ལ་བློ་འཕེལ་ལ་སོགས། དགྱེར་ཕུའི་ཀློག་སྐྱ་བ་ལ་ཇོ་བོ་རྗེའི་ལུགས་ཀྱི་བདེ་མཆོག་དང༌། འཕགས་སྐོར། བླ་མ་ཀོ་བྲག་པ་ལ་ལམ་འབྲས་ཞམ་ལུགས། ཁྲོ་ཕུ་ལོ་ཙཱ་བ་ལ་རྣམ་སྲས་ལ་སོགས་ཏེ། ཆོས་ཞུས་པའི་བླ་མ་བདུན་ཅུ་ཡོད་དོ། །དེ་ནས་ལྷོ་བལ་དུ་བྱོན་ནས་བལ་ཡུལ་ཡེ་རང་དུ་པཎ་ཆེན་རཏྣ་རཀྵི་ཏ་ལ་སྒྲ་ཚད་བསླབས། རྒྱུད་འགྲེལ་པ་དང་བཅས་པ་ཉིས་བརྒྱ་ལྷག་པ་ཞིག་དང༌། དབང་ཡོངས་སུ་རྫོགས་པ་བརྒྱད་ཅུ་རྩ་བཞི་ཐོབ་གསུང༌། པཎྚི་ཏ་ཤྲཱི་བི་མ་ལ་ཀཱིརྟི་ལ་རྗེ་བཙུན་མ་སྒྲོལ་མའི་དབང་དང་དཀྱིལ་ཆོག་ལ་སོགས་མང་དུ་ཞུས། ཐང་སྟོན་ལ་རྒྱུད་འགྲེལ་གསུང་དུས་འགྲེལ་ཊཱིཀ་གཞན་དུ་ལུས་ནས་མ་ལོན་པ་ལ། བླ་མ་ལ་གསོལ་བ་བཏབ་པས་གསན་པའི་རྒྱུད་འགྲེལ་ཐམས་ཅད་ཀྱི་རྡོ་རྗེའི་ཚིག་གི་མདུད་པ་དུས་གཅིག་ལ་གྲོལ་བ་དང༌། ཁྱུང་ཚང་པ་ལ་གསོལ་བ་བཏབ་པས་མནལ་ལམ་དུ་དབང་བསྐུར་བས་རྩོམ་པ་ལ་མཆོག་ཏུ་གྱུར། པཎ་ཆེན་ལ་བདེ་མཆོག་གི་དབང་ཞུས་དུས་ས་གཡོས། གསང་འདུས་གསན་དུས་བདེ་མཆོག་གིས་རྒྱུད་གསུངས། གཤིན་རྗེ་གསན་དུས་ཐུགས་རྗེ་ཆེན་པོ་སེར་བོ་གཡོ་བ་དང་བཅས་པས་ཆོས་གསུངས། བདེ་མཆོག་གསན་དུས་ཊཱི་ཀི་མས་གནང་བ་བྱིན། ཁྲིད་མཛད་དུས་ཤིག་ཏུ་རོལ་མོ་རང་འཁྲོལ། བྷ་རོ་ལ་དབང་མཛད་དུས་གཏོར་མས་མཁའ་འགྲོ་མ་བཏུལ། སྟོད་འགྲེལ་གྱི་དབང་གི་དུས་སུ་ལྕེ་སྤྱང་དངོས་སུ་བྱུང༌། ཕྲེང་བའི་འགྱུར་མཛད་དུས་ལྟས་ངོ་མཚར་ཅན་བྱུང༌། མནལ་ལམ་དུ་བྲམ་ཟེ་ཆེན་པོ་དང་མཇལ་ནས་ཆོས་གསུངས། ས་གདོན་གྱི་ཆོ་འཕྲུལ་བདུད་སྐོར་བཟློག་གིས་བཟློགས། དཔེ་དཀར་གྱིས་གནོད་པ་རྩོམ་པ་དྲག་པོའི་བརྟུལ་ཞུགས་ཀྱིས་བཅོས། བལ་ཡུལ་དུ་མུ་སྟེགས་ཀྱི་ངན་སྔགས་མ་ཞུམ་པའི་སྤྱོད་པས་བཟློགས་པ་ལ་སོགས་པ་མང་ངོ༌། །རྡོ་རྗེ་ཕྲེང་བ་ལ་སོགས་པའི་འགྱུར་ཡང་མང་དུ་མཛད། མན་ངག་ སྙེ་མའི་ཊཱི་ཀ་རིན་པོ་ཆེའི་གཏེར་མཛོད། བརྟག་གཉིས་ཀྱི་མཐའ་གཉིས་རྣམ་སེལ། རབ་གནས། བདུན་ཚིགས་གཟེར་ལྔའི་མན་ངག་ལ་སོགས་པ་མང་དུ་མཛད། ཚོང་དུས་འགུར་མོའི་དབེན་གནས་བོན་གྲོང་གི་དགོན་པར་དམ་བཅའ་མཛད། འདག་འབྱར་གྱི་ཚེ་མཁའ་འགྲོ་མས་དངོས་སུ་བསྟོད་པ་བྱུང༌། བོན་གྲོང་དུ་འཁོར་ལོ་སྡོམ་པའི་ཞལ་གཟིགས། ཆོས་ཐམས་ཅད་དབྱིངས་རིག་དབྱེར་མེད་པའི་རྟོགས་པ་འདུ་འབྲལ་མེད་པ་ལ་མངའ་བརྙེས། མེ་མོ་བྱའི་ལོ་ལ་ཧེ་རུ་ཀ་བཀོད་པའི་ཞིང་ཁམས་སུ་གཤེགསསོ། ། ཞང་སྟོད་དང་གཉོས་སྒོམ་གཉིས་ཀྱི་སློབ་མ་སེ་སྟོན་ཇོ་ཁྲོ་ནི། གཙང་གི་རྒྱང་རོང་འཁྲུངས། མིང་རྡོ་གཅིག་པོར་སྡོད་པ་ཡང་བྱས། བཅུ་གཉིས་པ་ལ་ཀློག་ཤེས། བཅོ་བརྒྱད་པ་ལ་བླ་མ་གཤེན་སྟོན་གྱི་དྲུང་དུ་སྒྱུ་འཕྲུལ་དང་ཡང་དག་བསླབས་ཤིང༌། རྫོགས་ཆེན་སེམས་ཕྱོགས་སྐོར་གྱི་ལུགས་ཀྱི་ནམ་མཁའ་ཆེ་གསན་པས། སེམས་ཀྱི་གནས་ལུགས་ཤེས། བརྡ་རྩའི་ཁྲིད་མཛད་པས་ཕྱག་རྒྱ་ཆེན་པོ་ལ་འཕྲིག་ཚུད། ལམ་འབྲས་ལ་སོགས་པའི་གདམས་པ་ཡང་གསན། ཕ་ཇོ་སྣུབས་སྟོན་ལ་ཕུར་པའི་ཕྲིན་ལས་དབང་སྒྲུབ་ཐབས་དང༌། སྒྱུ་འཕྲུལ་གྱི་ཕྲན་འགའ་ཡང་ཞུས། ལོ་སུམ་ཅུ་པ་ལ་གཤེན་སྒོམ་ཞིག་པོ་ལ་ལྷན་ཅིག་སྐྱེས་པའི་དབང་བཞི་ཞུས། སུམ་ཅུ་རྩ་གཉིས་པ་ལ་གཉོས་སྒོམ་ལ་སྙན་བརྒྱུད་ཞུས། བདེ་མཆོག་དང་ཇོ་མོའི་བྱིན་རླབས་ཀྱང་ཞུས། ནཱ་རོ་ཆོས་དྲུག །སྤྱོད་ཡུལ། བློ་སྦྱོང་རྣམས་ཞུས། སུམ་ཅུ་རྩ་བདུན་པ་ལ་ཅོག་རོ་ལྷ་སྡིངས་སུ་ཞང་ལོ་ཙཱ་བའི་དྲུང་དུ་སྙན་བརྒྱུད་ཞུས། ཁྱུང་ཚང་བ་ནས་བྱུང་བའི་གདམས་པ་རྣམས་ཀྱི་སྒྲོ་འདོགས་བཅད། རྡོ་རྗེ་ཕྲེང་བའང་གསན། ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་རྟོགས་ཤིང༌། གཞན་ལུས་ལ་མངའ་བརྙེས་པར་གཉེན་པོ་ཆེད་དུ་འཛིན་པའི་རྟོག་པ་བཅོམ། མཛད་པ་ཐམས་ཅད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལས་མ་གཡོས་པ་ཞིག་གོ ། ཡང་ངམ་རྫོང་སྟོན་པ་བོ་དྷི་རཱ་ཛ་ནི། ཡུམ་མདོ་ཁྲ་ལྕིམ་ལུང༌། གདུང་རུས་ངམ་རྫོང་ཡིན། བྱམས་ཆོས་ལ་མཁས་པར་སྦྱངས་པས་སྟོན་པ་ཞེས་ཟེར། རྗེ་བཙུན་ལ་གདམས་པ་རྣམས་རྫོགས་པར་ཐོབ། རྗེ་བཙུན་གྱི་བཀའ་ལ་བསྡུ་བ་ཡང་མཛད། དེས་གུང་ཐང་རས་པ་ལ་བདེ་མཆོག་སྙན་བརྒྱུད་རྫོགས་པར་གནང༌། དེས་རྒྱ་ཕོ་བ་ལུང་བ་ལ་གནང༌། དེས་ཆོས་སྐོར་དེའི་རྩོམ་པ་ཡང་མང་དུ་མཛད། གསང་མཚན་རོལ་པའི་རྡོ་རྗེ་ཞེས་ཟེར། ། ཡང་ངམ་རྫོང་བའི་སློབ་མ་གཉལ་པ་གསུང་བཅད་པ་ནི། ཡུལ་གཉལ་རོང་བ། དགུང་ལོ་བཅུ་དགུ་ལ་གོག་དོར་ཆོས་ལ་བྲོས། བླ་མ་མགོན་ལ་ཁམས་གསུམ་ཡོངས་གྲོལ་རྟེན་འབྲེལ་དང་བཅས་པ་ཞུས། དེ་ནས་ལ་སྟོད་དུ་ལྡོམ་བུ་ལ་བྱོན་པས་བྲིན་གྱི་ལ་སོ་ན་ངམ་རྫོང་པ་བཞུགས་པ་དང་མཇལ། གསེར་སྲང་ཕྱེད་ཕུལ་ནས། འཁོར་བ་ལ་བློ་ལོག །སྐྱེ་འཆིས་འཇིགས་ནས་ཆོས་བྱེད་པ་ཡིན་པས། དབང་གདམས་ངག་དང་བཅས་པ་ཞུ་འཚལ་ཞུས་པས། ངམ་རྫོང་པའི་ཞལ་ནས། རྗེ་མི་ལའི་གདམས་ངག་ཐམས་ཅད་རྒྱུད་དང་འབྲེལ་བ་ཐབས་ལམ་གྱི་གདམས་ངག་དང༌། བྱིན་རླབས་དང་འབུལ་བ་སྙན་བརྒྱུད་ཀྱི་གདམས་ངག་གཉིས་སུ་འདུས། དེ་ལ་སྙན་བརྒྱུད་ཀྱི་གདམས་ངག་འདི་གཞན་ལ་བྱིན་པ་མེད། རྗེ་བཙུན་རས་ཆུང་པ་ལ་བྱིན་པ་སྐད་ཟེར་གྱི་འདུག །ཁོ་བོ་ལ་རྗེ་ནཱ་རོ་པའི་ཆོས་བརྒྱད་ཚང་བར་གནང་བ་ཡིན་གསུང་ནས། ཁྱད་པར་གྱི་ཆོས་བརྒྱད་གདམས་ངག་དང་བཅས་པ་ཚང་བར་གནང༌། ལྷན་ཅིག་སྐྱེས་པའི་རྟོགས་པ་ལ་ངོ་སྤྲད་ནས། ཁྱོད་ཀྱིས་གསང་སྤྱོད་ཀྱི་ཚུལ་དུ་ཉམས་སུ་ལོང་ཞིག །གསང་སྔགས་ཀྱི་སྣོད་དུ་རུང་བ་ཤིན་ཏུ་དཀོན་པར་འདུག་པས། བརྒྱུད་པ་ཟིན་པའི་སྣོད་ལྡན་གཅིག་གི་རྒྱུད་སྨིན་པར་གྱིས་ལ་གདམས་ངག་ཚང་བར་བྱིན་གསུང༌། སྤྱིར་སྤྱན་སྔར་སྔ་ཕྱི་དྲིལ་བས་ཟླ་བ་བཅོ་ལྔ་བཞུགས། དེ་ནས་དབུས་སུ་ལྷ་ས་དང་སྲིན་པོ་རི་ལ་སོགས་པར་ཡུག་རེ་བྱོན། དེ་ནས་འཆིད་རུའི་འཆད་པོ་ཆེའི་དགོན་པར་ཞབས་ཀྱིས་འབྱོན་པ་འོང་ཡང་གོང་བར་བརྫུས། གསུང་སྨྲ་བ་བཅད་ནས་ལྐུགས་བརྫུ་མཛད་དེ་ལོ་བཅོ་བརྒྱད་དུ་ཕྱིར་མ་བྱོན་པར་སྒྲུབ་པ་རྩེ་གཅིག་ཏུ་མཛད། དེའི་ཕ་ཟད་ཅིག་ཏུ་ལོ་གཅིག་དང༌། ལྕང་སར་སེར་མ་བྲག་གདོང་དུ་ལོ་འགའ་བཞུགས། དེར་མཆོག་ཐུན་མོང་གི་དངོས་གྲུབ་ལ་མངའ་བརྙེས། མངོན་པར་མཁྱེན་པ་མངའ། དགུང་ལོ་བདུན་ཅུ་ལོན་པ་ལ་གཤེགས། གཉལ་བ་གསུང་བཅད་པ་ཉི་མ་སེང་གེས་དམར་བུ་བྲག་པ་གཞོན་ནུ་ཤེས་རབ་ལ་གསུངས། དེས་འབྲོམ་སྟོན་རིན་ཆེན་ཤེས་རབ། དགྱེར་སྒོམ་རི་བ་རིན་ཆེན་ཚུལ་ཁྲིམས། གཡང་སྐྱོང་བ་རྒྱལ་བ་དོན་གྲུབ། གསེར་གླིང་པ་བཀྲ་ཤིས་དཔལ། ཆོས་རྗེ་དཀོན་མཆོག་རྡོ་རྗེ། མཁས་གྲུབ་ཨ་ཧཱུཾ་བཛྲ། སྤྲེའུ་ཞིང་རིན་པོ་ཆེ་བྱང་ཆུབ་དཔལ། དེས་བདག་ལ་བདེ་མཆོག་སྙན་བརྒྱུད་ཀྱི་དབང་དང་གདམས་པ་མང་པོ་མཁན་ཆེན་སེང་གེ་དཔལ་བ་དང་ལྷན་ཅིག་ཏུ་གནང་བ་ལགས། རྒྱ་ཕོ་ལུང་བས་གཙང་འཕྲང་བ་ཆེན་པོ། དགེ་བ་སྤང་ཁ་བ། མཐའ་བཞི་བྱ་བྲལ་བ། བླ་མ་གཟི་བརྗིད་པ། བླ་མ་དཀོན་མཆོག་བཟང་པོ། མཁན་ཆེན་ཤེས་རྡོར་བ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། རྒོད་ཕྲུག་གྲགས་པ་འབྱུང་གནས་ཀྱི་བར་དུ་བརྒྱུད་དེ་གདམས་པ་རྣམས་ད་ལྟའི་བར་དུ་མ་ཆད་པར་ཡོད་པའོ། གཞན་ཡང་སྔོན་བྱོན་པའི་བླ་མ་རྣམས་ཀྱི་རྣམ་ཐར་དུ་སྙན་བརྒྱུད་གསན་པའི་ཡི་གེ་འདུག་ན་འང༌། དེ་དག་གང་ལས་བརྒྱུད་མ་འཚལ་བས། བདག་ཉིད་ལ་བརྒྱུད་པའི་རྒྱུས་འཚལ་བ་ཙམ་ཞིག་བྲིས་པའོ། །སངས་རྒྱས་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་ན་བྲམ་ཟེ་ཆེན་པོ་བྱོན། དེས་ལོ་སུམ་བརྒྱ་ལོན་པ་ལ་རྗེ་རི་ཁྲོད་པས་མཇལ། དེ་ནས་ལོ་ཉིས་སྟོང་བཞི་བརྒྱ་རྫོགས་པ་ན་མཻ་ཏྲི་བས་མཇལ། དེ་ནས་གླིང་རས་གཤེགས་པ་ཡན་ཆོད་དུ་ལོ་བརྒྱ་དང་བརྒྱད་ཅུ་རྩ་བརྒྱད་སོང༌། སྤྱིར་སྟོན་པ་འདས་ནས་ལོ་སུམ་སྟོང་བཞི་བརྒྱ་དང་ལྔ་བཅུ་རྩ་བརྒྱད་མེ་ཕོ་སྤྲེའུ་ཡན་ལ་སོང་བ་རས་ཆུང་ལུགས་ཀྱི་བསྟན་རྩིས་ཡིན་ནོ། །བདེ་མཆོག་སྙན་བརྒྱུད་དང་རས་ཆུང་སྙན་བརྒྱུད་ཀྱི་སྐབསསོ། ། ། ། ༨.༤ སྒམ་པོ་བ་གདན་ས་དང་བཅས་པའི་སྐབས། རྗེ་བཙུན་མི་ལའི་བུ་སློབ་རྣམས་ཀྱི་མཆོག་ཏུ་གྲགས་པའི་རྗེ་སྒམ་པོ་བ་ནི། རྒྱལ་བ་ཡང་དགོན་པས། སྤྲུལ་པས་སྤྲུལ་པའི་བརྒྱུད་འཛིན་སྒམ་པོ་བ། །ཞེས་གསུངས་པ་ལྟར། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་ཁྱིམ་བདག་ཆེན་པོ་ཕྱུག་ཅིང་རིགས་མཐོ་བའི་སྲས་ཟླ་འོད་གཞོན་ནུར་གྱུར་པའི་ཚེ། བྱ་རྒོད་ཕུང་པོའི་རི་ལ་ཐུབ་པའི་དབང་པོ་ལ་མདོ་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞུས་ཤིང༌། དེ་ཉིད་ཀྱི་ཚེ་རང་གི་ཁྱིམ་དུ་སྟོན་པ་འཁོར་དང་བཅས་པ་སྤྱན་དྲངས་ནས་ལེགས་པར་བསྙེན་བཀུར། སྟོན་པར་ཀྱང་ཁྱོད་ཀྱིས་སྙིགས་མའི་དུས་སུ་མདོ་སྡེ་འདི་ཟུང་ཅིག་ཅེས་བཀའ་སྩལ། ཟླ་འོད་གཞོན་ནུར་གྱུར་པས་ཀྱང་སྲོག་དང་བསྡོས་ཏེ་མདོ་སྡེ་འཛིན་པར་ཞལ་གྱིས་བཞེས། སྟོན་པས་ཀྱང་ཁྱོད་མདོ་སྡེ་འཛིན་པའི་ཚེ་རང་ཉིད་ཀྱིས་གྲོགས་བྱེད་དོ་ཞེས་བཀའ་སྩལ་བའི་བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུ་དེ་ནི་རྗེ་སྒམ་པོ་བ་དང༌། གྲོགས་མཛད་པར་ཞལ་གྱིས་བཞེས་པའི་ཐུབ་པ་ནི་སློབ་དཔོན་ཕག་མོ་གྲུབ་ལེགས་པར་གདའ། ཟླ་འོད་གཞོན་ནུར་གྱུར་པ་དེ་ཡང་བསྐལ་པ་གྲངས་མེད་པའི་སྔོན་རོལ་ཏུ། དེ་བཞིན་གཤེགས་པ་རིན་པོ་ཆེ་པདྨའི་ཟླ་བ་རྣམ་པར་དག་པ་མངོན་པར་འཕགས་པའི་རྒྱལ་པོའི་བསྟན་པ་འགྲིབས་པ་ན། བྱང་ཆུབ་སེམས་དཔའ་མེ་ཏོག་ཟླ་མཛེས་ཞེས་བྱ་བར་གྱུར་ནས། ཀུན་ཏུ་བཟང་པོ་ཞེས་བྱ་བའི་ནགས་སུ་བྱང་ཆུབ་སེམས་དཔའ་མང་པོ་ལ་ཆོས་བསྟན་ཞིང༌། ཕྱིས་རྒྱལ་པོའི་ཕོ་བྲང་འཁོར་དུ་སྐྱེ་བོ་མང་པོ་ལ་ཆོས་བསྟན་པས། རྒྱལ་པོ་དཔའ་བས་བྱིན་གྱིས་གཤེད་མ་ལ་བསྒོས་ནས་མེ་ཏོག་ཟླ་མཛེས་བསད་ཅིང་དུམ་བུར་གཏུབས་པ་ལས། དུམ་བུ་རྣམས་ཀྱང་ཁ་དོག་མ་ཉམས་པར་ཡུན་རིང་དུ་འདུག་པ་མཐོང་ནས། རྒྱལ་པོ་ཆེར་འགྱོད་དེ་བཤགས་པ་བྱས་པ་ལ་སོགས་པའི་གཏམ་རྒྱ་ཆེར་མདོ་ཉིད་ནས་གསལ་བ་ལ། རྒྱལ་པོ་དཔའ་བས་བྱིན་ནི་སྟོན་པ་ཐུབ་པའི་དབང་པོ་ཡིན་པ་དང༌། མེ་ཏོག་ཟླ་མཛེས་ཟླ་འོད་གཞོན་ནུར་གྱུར་པ་ཉིད་ཡིན་པ་དང༌། ཟླ་འོད་གཞོན་ནུ་ཆོས་རྗེ་སྒམ་པོ་བར་གྱུར་པ་ལ་སོགས་པ་ལ་སྐལ་པ་དང་ལྡན་པའི་སྐྱེ་བོ་རབ་ཏུ་མང་པོ་ཡིད་ཆེས་པར་གྱུར་ཏེ། དེའི་བཀའ་བརྒྱུད་འཛིན་པ་རྣམས་ཀྱིས་ཀྱང་མདོ་སྡེ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལ་གཅེས་པར་འཛིན་ཞིང་མཆོད་པར་མཛད་པ་ཡིན་ནོ། །དོན་འདི་ནི་དགེ་བའི་བཤེས་གཉེན་པོ་ཏོ་བའི་ཞལ་ནས། ད་ལྟར་གྱི་ཕྱག་རྒྱ་ཆེན་པོ་སྐད་པ་ཅིག་ཡོད་དེ། དེ་མདོ་སྡེ་ཏིང་ངེ་འཛིན་གྱི་རྒྱལ་པོའི་དོན་ཡིན། འོ་སྐོལ་ནི་དེ་ལ་དམད་པར་ཡང་མི་བྱ་ལ། འཇུག་པར་ཡང་མི་བྱ་གསུང་བའི་དོན་དེ་ཡང༌། སྒམ་པོ་བ་ཟླ་འོད་གཞོན་ནུ་ཡིན་པ་ལ་དགོངས་པ་ཡིན། དེ་ལྟ་བས་ན་སྒམ་པོ་བའི་ཆེ་བའི་ཡོན་ཏན་ནི་གསུང་རབ་ཐམས་ཅད་ལས་བཤད་པའི་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཉིད་ཡིན་པས་ན། ཡོན་ཏན་གྱི་ཚད་སྨོས་སུ་ལྟ་ཅི་ཡོད་མོད། དེ་ལྟ་ན་ཡང་སྐྱེ་བོ་ཕལ་པ་དང་མཐུན་པར་སྐྱེ་བ་གཟུང་བ་ལ་སོགས་པའི་ཚུལ་ཤས་ཤིག་བསྙད་པར་བྱ་སྟེ། དེ་ནི་ཡུལ་གཉལ་སྙི། གདུང་སྙི་བ། ཡབ་སྙི་བ་རྒྱལ་པོ། ཡུམ་ཤོ་མོ་གཟའ་ཆེ་ལྕམ་གཉིས་ལ་སྲས་པོ་གསུམ་འཁྲུངས་པའི་བར་པ། ས་མོ་ལུག་གི་ལོ་ལ་འཁྲུངས། གཞོན་ནུའི་དུས་སུ་སྨན་བསླབས་པས་མཁས་པར་མཁྱེན། ཇོ་མོ་ཞིག་ཀྱང་བཞེས་པ་ལ། ལྷ་རྗེ་ཉིད་ཉི་ཤུ་རྩ་ལྷག་བཞེས་པའི་དུས་ཇོ་མོ་དེ་འདས་པས་ཐུགས་སྐྱོ་སྟེ། ཉི་ཤུ་རྩ་དྲུག་པ་ལ་དགེ་བའི་བཤེས་གཉེན་ཤབ་པ་གླིང་པ་ལ་ཚིག་རྫོགས་མཛད། དྭགས་པོ་སྨད་དུ་མར་ཡུལ་བློ་ལྡན་ལ་བདེ་མཆོག་དང་རིན་ཆེན་རྒྱན་དྲུག་མ་ལ་སོགས་པའི་དབང་མང་པོ་ཡང་གསན། དེ་ནས་དབུ་རུ་བྱང་ཕྱོགས་སུ་བྱོན་ནས། བྱ་ཡུལ་བ་དང༌། སྙུག་རུམ་པ། ལྕགས་རི་གོང་ཁ་བ་རྣམས་ལ་བཀའ་གདམས་ཀྱི་ཆོས་མང་དུ་གསན། དེ་ནས་སློབ་དཔོན་བྱང་ཆུབ་སེམས་དཔའ་ལ་སྒོམ་པའི་མན་ངག་ཞུས་ནས་བསྒོམས་པས་ཞག་བཅུ་གསུམ་ཙམ་དུ་མི་འཆོར་བའི་ཏིང་ངེ་འཛིན་ཡང་འཁྲུངས། དེ་ནས་རང་གི་ཡུལ་དུ་བྱོན་ནས་བསྒོམ་ཞིང་བཞུགས་པའི་ཚེ། ཉེ་ལོགས་ན་སྤྲང་པོ་གསུམ་འདུག་པའི་གཅིག་ན་རེ། ཟན་རྡོག་ཆེས་པ་རེ་དང་ཚོད་མ་ཕོར་པ་རེ་བཟར་ཡོད་ན་དགའ་བ་ལ་ཟེར། གཅིག་ན་རེ། སྨོན་ནེ་བྱེད་ན་མངའ་བདག་རྩེ་ལྡེ་ལྟ་བུ་ལ་སྨོན་མོད་ཟེར། རྒན་པ་གཅིག་ན་རེ། སྨོན་ནེ་རང་ཡིན་ན་མི་ལ་རས་པ་བྱ་བ་ཟས་གོས་ཀྱི་ཞེན་པ་མེད་པ། ནམ་མཁའ་ལ་འཕུར་ནས་ཕར་འབྱོན་ཚུར་འབྱོན་བྱེད་པ་ཅིག་ཡོད་པར་འདུག །དེ་འདྲ་བ་ལ་སྨོན་མོད་ཟེར། དེར་མཚན་ཐོས་པས་ཤིན་ཏུ་དད་པར་གྱུར་ཏེ། སྤྲང་པོ་དེ་རྣམས་འདོད་པའི་བཟའ་བཏུང་བྱིན་ནས། དེ་འདྲ་བའི་རྣལ་འབྱོར་པ་དེ་གང་ན་ཡོད་པ་ཡིན་དྲིས་པས། སྤྲང་པོ་དེ་ན་རེ། བྲིན་སྙེ་ནམ་གྱི་རི་ལ་བཞུགས་པ་ཡིན། ལ་ལས་ཁོང་མཇལ་དུ་ཕྱིན་ཡང་མི་མཐོང༌། ལ་ལས་མཆོད་རྟེན་དུ་མཐོང་བ་ཡིན་ཟེར། དེ་ནས་དེ་རྒོངས་བསྒོམ་ཞིང་བཞུགས་པའི་རྨི་ལམ་དུ་རྔ་ཆེན་པོ་ཅིག་བརྡུངས་པས་ཡུལ་རྒྱ་ཆེན་པོར་ཐོས་པ་དང༌། རག་དུང་ཅིག་བུས་པས་ཀྱང་སྐད་ཤིན་ཏུ་ཆེ་བར་བྱུང༌། བོད་ན་འདི་ལས་ཆེ་བའི་རག་དུང་མེད་ཟེར་བ་རྨིས་པས། བླ་མ་རྗེ་བཙུན་དེ་དང་མཇལ་བའི་ལྟས་ཡིན་ནམ་སྙམ་པ་བྱུང༌། དེར་ལམ་དུ་ཆས་ཏེ་དབུ་རུའི་བླ་མ་རྣམས་ལ་ཕྱག་སྐྱེལ་དུ་བྱོན་ནས། ད་བླ་མ་འདི་འདྲ་བ་ཞིག་གི་བསྔགས་པ་ཐོས་པས། དེ་མཇལ་དུ་འགྲོ་ཞུས་པས། ལ་ལ་ན་རེ། ངེད་རང་གི་གདམས་ངག་གིས་ཆོད་མོད་གསུང༌། དེ་ཡང་བཏུད་དེ་ཞུས་པས་སོང་ཞིག་པའི་གནང་བ་དང༌། ངེད་ཀྱི་རྟགས་མ་བོར་བྱ་བ་གསུང༌། དེར་འགོངས་སྟོན་བྱ་བ་ཞིག་དང་འགྲོགས་བྱོན་པས། གཙང་ཚོང་འདུས་སུ་སླེབ་པ་ན་འགོངས་སྟོན་ན་པས་དེར་ལུས། ཁོང་རང་གིས་བྱོན་པས། རྗེ་བཙུན་དང་ཉི་མ་ཕྱེད་དང་གཉིས་ཙམ་ན་མཇལ་བའི་སར་བསྙུན་དྲག་པོ་འགྲོངས་སུ་ཆ་བ་ཅིག་བྱུང་བ་ལ། རྗེ་བཙུན་ཉིད་ལ་གསོལ་བ་བཏབ་པས་མྱུར་དུ་སོས། དེ་ནས་བྲིན་དུ་ཕེབས་པའི་ཚེ། བཙུན་པ་ཅིག་བསུར་བྱུང་ནས་ཁྱེད་རེ་བསོད་ནམས་ཆེ་ན་ཟེར། དེ་ཅི་ཡིན་བྱས་པས། བླ་མས་ཁྱེད་འབྱོན་པར་ན་ནིང་ནས་ལུང་བསྟན། ད་ལྟ་བསུས་ཤོག་གསུང་བའི་བཀའ་བྱུང་བས་འོངས་པ་ཡིན་ཟེར། འོ་ན་ང་རང་ཡང་སྐལ་ལྡན་དུ་འདུག་སྙམ་པའི་ཁེངས་པ་ཅུང་ཞིག་བྱུང་བས། དེ་བླ་མས་མཁྱེན་ནས་ཟླ་བ་ཕྱེད་དུ་མ་མཇལ། དེ་ནས་ཉིན་ཅིག་ཤོག་གསུང་ནས་བྱོན་པ་ན། རྗེ་བཙུན་ཕ་བོང་ཅིག་གི་སྟེང་ན་བཞུགས་འདུག་པས། གསེར་དུམ་ཅིག་ཇ་ཐུམ་བུ་ཅིག་ཡོད་པ་ཕུལ་བས། གསེར་ལ་འདི་དང་ང་ལོ་མི་མཐུན་གསུང་ནས་མ་བཞེས། ཇ་ལ་ཡང་ང་ལ་སྐོལ་པའི་ཐབ་ཆ་མེད་གསུང་ནས་ཕྱིར་གནང༌། ཆང་ཀ་པཱ་ལ་གང་འདུག་པ་གནང་བ། དགེ་སློང་ཡིན་པས་བཏུང་དུ་མི་རུང་སྙམ་བྱུང་བ་ན། བླ་མས་མཁྱེན་ནས་ནན་གྱིས་བཀའ་སྩལ་བྱུང་བས། ལྷག་མ་ལུས་པར་གསོལ། ཁྱོད་ཀྱི་མིང་ཅི་ཡིན་གསུང༌། བསོད་ནམས་རིན་ཆེན་བྱ་བ་ལགས་ཞུས་པས། བསོད་ནམས་བསོད་ནམས་བྱ་བ་ལན་གསུམ་གསུངས་ནས། བསོད་ནམས་ཚོགས་གཉིས་བསགས་ལས་བྱུང༌། །སེམས་ཅན་ཀུན་གྱི་རིན་པོ་ཆེ། །བྱ་བ་དེ་མགུར་དུ་བཞེངས་ནས། དེ་ལ་དབུས་པ་སྟོན་པའི་སྣ་ལེན་གྱིས་གསུང༌། དེ་ནས་གདམས་པ་ཟབ་མོ་རྣམས་བདག་ལ་གནང་བར་ཞུས་པས། ཁྱོད་ཀྱིས་དབང་ཐོབ་བམ་གསུང༌། མར་ཡུལ་བློ་ལྡན་ལ་རིན་ཆེན་རྒྱན་དྲུག་དང་བདེ་མཆོག་ལ་སོགས་པའི་དབང་མང་པོ་ཐོབ། དབུ་རུ་བྱང་ཕྱོགས་སུ་བཀའ་གདམས་ཀྱི་གདམས་ངག་ཀྱང་མང་དུ་མཉན། ཞན་བཅུ་གསུམ་དུ་མི་འཆོར་བའི་ཏིང་ངེ་འཛིན་ཞིག་ཀྱང་ཡོད་ཞུས་པས། ཧ་ཧ་ཞེས་བཞད་མོ་ཆེན་པོ་ཞིག་མཛད། དེ་འདྲ་བའི་ཏིང་ངེ་འཛིན་པས་གཟུགས་དང་གཟུགས་མེད་པའི་ལྷ་ལ་བསྐལ་པའི་བར་དུ་མི་ འཆོར་བའི་ཏིང་ངེ་འཛིན་ཡོད་དེ། འཚང་རྒྱ་བ་ལ་མི་ཕན། བྱེ་མ་བཙིར་བས་མར་ཁུ་མི་འོང་བ་དང་འདྲ། བཀའ་གདམས་པ་ལ་ཡང་གདམས་ངག་ཡོད་དེ། མན་ངག་མེད། བོད་ཀྱི་སྙིང་ལ་འདྲེ་ཞུགས་པས། ཇོ་བོ་རྗེ་གསང་སྔགས་འཆད་དུ་མ་བཅུག །དེ་བཅུག་ན་ད་ལྟ་བོད་གྲུབ་ཐོབ་ཀྱིས་གང་འོང་བ་ཡིན། བཀའ་གདམས་པ་ལ་བསྐྱེད་རིམ་ལྔ་ཕོ་རེད་པོ་རེ་དང༌། རྫོགས་རིམ་སྣོད་བཅུད་འོད་གསལ་དུ་བསྡུད་པ་རེ་ལས་མེད། ད་ཁྱོད་རང་ངའི་གཏུམ་མོ་ཨ་ཐུང་བསྒོམས་དང་གསུང༌། དེར་གསེར་ཞོ་གཉིས་བྲིན་དུ་གནས་པོ་ཅིག་ལ་གཏད་ནས་རྒྱགས་སྐྱལ་བར་ཁས་བླངས། ཕ་བོང་ཅིག་གི་རྩར་ཤིང་དང་བལ་བོ་ལ་བསྡུས་པའི་ཁང་ཆུང་ཅིག་བྱས་ནས། གཟོད་གདམས་ངག་ཞུས་པ་ན། ཁྱོད་ཀྱིས་སྔར་དབང་ཐོབ་པ་དེས་གོ་མ་ཆོད་པ་མ་ཡིན་ཀྱང། ང་རང་གི་ལུགས་ཤིག་ཀྱང་བྱེད་དགོས་གསུང་ནས། ཕག་མོའི་བྱིན་རླབས་ཀྱི་བཀའ་ཅིག་གནང༌། དེར་བླ་མས་གནང་བའི་གདམས་ངག་བསྒོམས་པས་རྟགས་མཐའ་ཡས་པ་རིམ་པར་བྱུང་བ་བླ་མ་ལ་ཞུས་པས། ཐམས་ཅད་ལ་ལུས་ཀྱི་གནས་འདིར་རླུང་དང་ཁམས་ཟིན་པའི་རྟགས་ཡིན། སྐྱོན་ཡང་མིན་ཡོན་ཏན་ཡང་མིན་ད་དུང་བསྒོམས་ཤིག་གསུང་ནས། བསྐྱངས་པས། ཞག་རེ་ལ་རླུང་ཐེངས་རེས་ཆོག་པ་དང༌། རླུང་ལག་སོར་གྱི་རྩེ་མོར་འདྲོངས་པ་བྱུང་བ་ཞུས་པས། དེ་ཡང་རླུང་ལ་དབང་ཐོབ་པ་ནི་མིན་ལས་སུ་རུང་བ་ནི་ཡིན་གསུང༌། ཉི་ཟླ་གཟས་གཟུང་བའི་སྣང་བ་བྱུང་ནས། ང་ནི་ང་ནི་བྱ་བ་ལན་གསུམ་གསུང་ཞིང་མཆོག་གི་གཏུམ་མོ་གནང༌། དེའི་རྟགས་ཁྱད་པར་ཅན་བྱུང་བ་ན་ཁྱོད་ཕོ་རྒོད་རབ་ཏུ་འདུག་གསུང༌། དེ་ལྟར་ཞབས་དྲུང་དེར་ཟླ་བ་བཅུ་གསུམ་སོང༌། ད་དབུས་པ་སྟོན་པ་རང་དབུས་སུ་བཞུད་གསུང་ནས་ཟམ་སྣ་ཅིག་གི་བར་དུ་སྐྱལ་ནས། དེར་ད་འཇིག་རྟེན་བློས་ཐོང་ལ་སྒྲུབ་པ་འབའ་ཞིག་གྱིས། དུག་གསུམ་རྒྱས་པའི་མི་དང་མ་འགྲོགས། དེ་རྣམས་ཀྱི་ཁ་རླངས་ཀྱིས་རང་གི་དགེ་སྦྱོར་འགྲིབ་པ་ཡིན་པས། གནས་རི་ཁྲོད་དང་དགོན་པ་འབའ་ཞིག་བསྟེན། ད་སྟེ་ལོ་གསུམ་ན་ཁྱོད་ལ་དགེ་སྦྱོར་གཤའ་མ་ཅིག་སྐྱེ། དེའི་དུས་དུ་ང་ལའང་མཐོང་སྣང་འདི་མིན་པ་ཅིག་འོང་གསུང་བ་ལ་སོགས་པའི་ཞལ་བཀོད་མང་པོ་གནང་སྟེ། གཉལ་དུ་ཕེབས། སེ་བ་ལུང་བྱ་བའི་དགོན་པར་བཞུགས། དེར་བཀའ་གདམས་པའི་དགེ་འདུན་མང་པོ་ཡོད་པས༌། འདི་རྣམས་ཀྱི་ཆོས་སྤྱོད་ཀྱི་རམ་མ་བཏེག་ན་སྡིག་སོག་དགོངས་ནས་རམ་བཏེག་ཅིང༌། དེ་རྣམས་དང་སྤྱོད་ལམ་བསྟུན་པས་ཏིང་ངེ་འཛིན་ཅུང་ཞིག་འགྲིབས། ད་འདིས་མི་འོང་བར་འདུག་དགོངས་ནས་ལོ་གསུམ་སྟན་དང་མ་བྲལ་བར་བསྒོམ་པའི་བརྩོན་འགྲུས་བསྐྱེད་པས་གཟོད་སེམས་ཀྱི་ངོ་བོ་མཐོང༌། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མཁྱེན། བླ་མས་གསུངས་པའི་དགེ་སྦྱོར་གཤའ་མ་དེ་འདི་ཡིན་པར་འདུག་སྙམ་པ་དང༌། བླ་མ་རྗེ་བཙུན་དེའང་ཆོས་ཀྱི་སྐུ་ཉིད་དུ་འདུག་པ་ལ། རང་རེས་གྲུབ་ཐོབ་ཆེན་པོ་ཅིག་ཏུ་གཟུང་འདུག་སྙམ་པའང་བྱུང༌། དེ་ནས་བླ་མ་རྗེ་བཙུན་གྱི་གསུང་བཞིན་དུ་མི་དང་འགྲོགས་ལུགས་སྤངས་ཏེ། དབེན་པའི་གནས་མང་པོར་ཐོགས་རེ་ཐོགས་རེ་བཞུགས། མཐར་འོ་དེ་གུང་རྒྱལ་གྱི་གངས་ལ་བཞུགས་ནས་ལོ་མང་རབ་སོང་བ་ན། ཉིན་གཅིག་མི་རྒན་ལ་ཐོད་ཅན་གོས་བཟང་པོ་གྱོན་པ་ཞིག་བྱུང་ནས། ངས་འདིར་ཁྱེད་ཀྱི་ཞབས་ཏོག་བྱ་སྙམ་པ་ཡིན་ཏེ། ད་ངའི་བུ་དྭགས་ལྷ་སྒམ་པོས་གདན་འདྲེན་པར་འདུག་པས་དེར་གཤེགས་ཤིག་ཟེར་ནས་མི་སྣང་བར་གྱུར། དེ་ལ་རྗེ་བཙུན་གྱི་དྲུང་དུ་མཇལ་བའི་ལོ་དེ་རྗེ་བཙུན་གྱི་བདུན་ཅུ་རྩ་གཅིག་པ། རང་ལོ་སུམ་ཅུ་རྩ་གཉིས་པ་ལྕགས་ཕོ་སྟག་གི་ལོ་ཡིན། ཕྱིར་འབྱོན་པའི་དུས་སུ་ལྕགས་མོ་ཡོས་བུའི་ལོ། འབྱོན་ཁར་རྗེ་བཙུན་གྱི་གསུང་གིས་ལོ་བཅུ་གཉིས་ན་བྲིན་གྱི་རི་ལ་ཤོག་ཅིག་གསུང་བ་ཡོད་པ། དེ་དབེན་པ་བསྟེན་པའི་སྐབས་སུ་དྲན་ནས་འབྱོན་པར་དགོངས་ཏེ་ལམ་དུ་ཞུགས་ནས་ཡར་ཀླུངས་སུ་ཕེབས་པ་ན། རྗེ་བཙུན་གཤེགས་པའི་སྐད་ཐོས་ཤིང༌། ཁྱོད་ཀྱི་སྐལ་པ་ཡིན་ཟེར་བའི་རྟེན་སྣ་འདྲ་བ་ཡང་སྤྲད་བྱུང་བས། དེ་ནས་ཕྱིར་ལོག་པས་མཁའ་འགྲོ་མས་ཁ་ཟས་ཁྱད་པར་ཅན་སྤྲུལ་ནས་གཤོས་དྲངས། གསོལ་ཚར་བ་དང་གནས་ལ་སོགས་པ་གང་ཡང་མི་སྣང༌། དེ་ནས་ཡང་དབེན་པ་བསྟེན་ནས་བསྒོམས། འོ་དེ་གུང་རྒྱལ་ནས་སྒམ་པོར་ཐེགསསོ། །འོ་དེ་གུང་དུ་མ་བཞུགས་པའི་སྔ་རོལ་གྱི་སྐབས་ཤེད་དུ་ནི། དབུ་རུའི་བླ་མ་རྣམས་དང་མཇལ་ནས་འགྲོ་དོན་གྱིས་ཤིག་པའི་ཞལ་བཀོད་གནང་བྱུང་བ་ན། འགྲོ་དོན་གྱི་རྣམ་པར་རྟོག་པ་མེད། ཚེ་ལོ་གསུམ་ལས་མེད་ཞུས་པས། སྙུག་རུམ་པས་འདི་ལ་སྒྲུབ་པ་གྱིས་དང་རོ་ཁུང་བྲུས་ཀྱང་ཨའུ་ཙི་བ་ཡིན་གསུང་ནས། སྒྲོལ་མ་དཀར་མོ་གནང་བས་སྐུ་ཚེ་རིང་དུ་འཕེལ། གཡེར་དགེ་བཤེས་སྒྲེ་བ་ཅན་དུ་བྱོན་པའི་ཚེ། སྒྲེ་བའི་ཞལ་ནས། ཁྱེད་རང་ད་ལན་ངའི་ཆོས་སྐྱོང་འདི་ཁྱེར་ན་ཁྱེད་རང་ལ་ཤིན་ཏུ་དགའ་བ་ཅིག་འདུག་གསུང་པ་ལ། དེ་རེས་ཆོས་སྐྱོང་ཡང་མ་བསྣམས། ཕྱིས་སྒམ་པོར་བྱོན་ནས་དགོན་པ་དར་རྒྱས་བྱུང་བ་ན། སློབ་མ་གཉིས་ཞུར་བཏང་བས། སྒྲེ་བའི་ཞལ་ནས། སྔར་བསྣོམས་ཞུས་པའི་ཚེ་བསྣམས་ན་ཐལ་བ་ཡང་འཆག་པ་ཅིག་འོང་བར་འདུག་སྟེ་མ་བསྣམས། ད་མར་ཚུད་འདི་དགེ་བཤེས་པ་རང་གིས་ཕྱག་ཚུད་ལ་གསོལ་ཅིག་གསུང་་ནས་མར་ཅིག་གནང་བྱུང་བ་ལ། གསུང་བ་བཞིན་བྱས་པས་མར་ཚུད་ནས་མགོན་པོའི་སྒྲུབ་སྐོར་རྒྱས་པར་བྱུང༌། ཉིད་ཀྱིས་ཡིག་ཆ་འགའ་རེ་ཡང་མཛད། ཕྱིས་མགོན་པོ་འདི་ཧ་ཅང་བརྩུབ་དྲགས་འདུག་དགོངས་ནས། ངའི་ཡི་གེ་དེ་རྣམས་ཅུང་ཟད་ནོར་འདུག་པས་སོ་སོ་ནས་ཁྱེར་ཤོག་གསུང་ནས་བསྡུས་ཏེ། ཡི་གེ་རྣམས་གཞན་ལ་མ་གནང་ཞིང་མགོན་པོ་འཇམ་པར་འགྱུར་བའི་ཐབས་མཛད། དགེ་བཤེས་ཉན་པ་བྱ་བ་ཅིག་ལ་ཡོད་པ་དེ་མ་འདུས་ཤིང༌། དེ་ལས་མཆེད་པ་ཡང་འགའ་རེ་བྱུང་གསུང་ངོ༌། །སྒམ་པོར་ཕེབས་པའི་ཚེ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོའི་གླེང་གཞིར། བཅོམ་ལྡན་འདས་ཐོག་མར་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་འབྱུང་བ་བཞིན། རང་ཉིད་ཀྱི་ཕྱག་རྒྱ་ཆེན་པོའི་རྟོགས་པ་ནི་མཆོག་ཏུ་གྱུར། ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བ་ཞེས་གསུངས་པ་བཞིན། གདམས་ངག་རྒྱ་ཆེན་པོའི་འཁོར་ལོ་ནི་ཉིན་དང་མཚན་དུ་ཆད་པ་མེད་པར་བསྐོར། དེ་ལ་རྗེ་བཙུན་མི་ལ་ནི་ཐབས་ལམ་དང་ཕྱག་རྒྱ་ཆེན་པོ་ལོགས་ལོགས་སུ་མི་མཛད་པ་ལ། སྔགས་ཀྱི་སྣོད་དུ་རུང་བ་རྣམས་ལ་ཐབས་ལམ་གྱི་གདམས་ངག་བསྟན། དབང་བསྐུར་མེད་ཀྱང་ཕ་རོལ་ཏུ་ཕྱིན་པའི་སྣོད་དུ་རུང་བ་རྣམས་ལ་ཕྱག་རྒྱ་ཆེན་པོའི་གདམས་པ་བཏབ་སྟེ། ལྷན་ཅིག་སྐྱེས་སྦྱོར་ཞེས་བྱ་བའི་ཁྲིད་རིམ་ཡང་མཛད། དེ་ལ་དྭགས་པོའི་རྟོགས་ཆོས་ཀྱང་ཟེར། གསུང་རབ་རྣམས་ནས་བླ་མ་དང་སློབ་མའི་མཚན་ཉིད་མང་བར་གསུངས་ནའང༌། སློབ་མ་ལ་མཚན་ཉིད་མང་པོ་མི་དགོས། མོས་གུས་ཡོང་བ་གཅིག་པུས་ཆོག་གསུང་ཞིང༌། བླུན་པོ་དང་དབུལ་ཕོངས་དང་སྡིག་ཅན་དུ་གྱུར་བ་འགའ་ལ་ཡང་ཕྱག་རྒྱ་ཆེན་པོའི་རྟོགས་པ་ཡུན་མི་རིང་བར་བསྐྱེད། བཀའ་གདམས་ཀྱི་བསྟན་པའི་རིམ་པའི་བསྟན་བཅོས་ཀྱང་མཛད། གདམས་ངག་ཀྱང་མང་དུ་གསུངས་པས། འདི་ནས་བཀའ་ཕྱག་ཆུ་བོ་གཉིས་འདྲེས་སུ་གྲགས་ཏེ། དགེ་བའི་བཤེས་གཉེན་གཞན་དང་མི་མཉམ་པའི་སྙན་པས་ཕྱོགས་ཐམས་ཅད་དུ་ཁྱབ། སློབ་མའི་ཚོགས་ཤིན་ཏུ་དུལ་བ་མཐའ་ཡས་པ་མངའ་ཞེས་གསུངས་པ་བཞིན། སྦྱངས་པའི་ཡོན་ཏན་དང་ལྡན་ཞིང་བླ་མ་ལ་མོས་པ་ཐོབ། འཇིག་རྟེན་འདིའི་འཁྲི་བ་བཅད་ནས་གངས་ཁྲོད་དང༌། རྫ་རི་དང༌། གཡའ་རི་དང༌། ནགས་ཁྲོད་དང༌། དབེན་པའི་ས་གང་ཡང་རུང་བར་སྒྲུབ་པ་སྙིང་པོར་བྱེད་པའི་སློབ་མ་ཡང་བསམ་གྱིས་མི་ཁྱབ། རབ་ཏུ་བྱུང་བའང་ཐོས་བསམ་སྔོན་དུ་མ་སོང་བའི་བཙུན་ཆུང་མང་པོ་ཡང་རྟོགས་པ་ལ་བཀོད་པས། མཚན་ཉིད་པའི་དགེ་བའི་བཤེས་གཉེན་ཆེན་པོ་འགའ་ཞིག་གིས། བློ་གསལ་མང་པོ་སྒམ་པོ་བས་ཆུད་ཟོས་སུ་བཅུག་གཅེས་འབར་བ་ལ། གསུང་གིས། མཚན་ཉིད་པ་རྣམས་ང་ལ་བཀའ་བཀྱོན་ཏེ། ངའི་བཙུན་ཆུང་འདི་རྣམས་ཀྱིས་འགྲོ་དོན་ཕེར་བ་རེ་འོང་བ་ཡིན་གསུང༌། སྒམ་པོར་བཞུགས་པའི་ཚེ་སྐུ་མཚམས་ཉིད་དུ་བཞུགས་ཀྱང༌། འགའ་ཞིག་གི་རབ་གནས། འགའ་ཞིག་གི་སྟོན་མོའི་གྲལ་དབུ། གནས་གཞན་དང་གཞན་འགའ་ཞིག་ཏུ་ཆོས་གསུང་བ་ལ་སོགས་པ་དུས་གཅིག་ཉིད་ལ་མཛད་པ་མང་དུ་སྟོན་པ་དང༌། བཞུགས་པའི་སར་ཡང་ལ་ལས་ཐུབ་པ་དང་སྤྱན་རས་གཟིགས་ལ་སོགས་སུ་མཐོང་བ་དང༌། ལ་ལས་གཟིམས་མལ་ན་ཅི་ཡང་མ་མཐོང་བ་ལ། དེ་མ་ཐག་བླ་མའི་སྐུར་མཐོང་བ་ལ་སོགས་པའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་དག་ཀྱང་བསྟན། གྲོལ་སྒོམ་སེ་མོ་དོའི་མཚོ་འགྲམ་དུ་རླུང་ལོག་བྱུང་སྟེ་འགྱེལ། དེའི་ཚེ་གྲོལ་སྒོམ་ལ་རླུང་ལོག་བྱུང༌། ངའི་ཇ་ལ་ཛ་ཏི་ཐོབ་གསུང་ནས་ཛ་ཏི་བཏབ་པ་བཞེས་པས། གྲོལ་སྒོམ་རླུང་བརྒྱལ་སངས་ཏེ་ཛ་ཏིའི་སྒྲེགས་པ་བྱུང༌། ཕྱིས་གྲོལ་སྒོམ་ཕྱག་འབུལ་དུ་བྱུང་བའི་ཚེ། རྒྱུས་ཡོད་འགའ་ཞིག་གིས། སློབ་དཔོན་ཁྱེད་ལ་ན་ནིང་ཟླ་བ་འདིའི་ཉི་མ་འདི་ལ་ཅི་བྱུང་བ་ཡིན་དྲིས་པས། དེའི་ཉིན་ཁོ་བོ་ལ་རླུང་ལོག་བྱུང་བ་ཡིན་ཟེར་བས། མི་དེ་ན་རེ། དཔོན་སློབ་རྒྱུད་གཅིག་པར་འདུག་པ་ངོ་མཚར་ཆེ་ཟེར། དེ་ལ་སོགས་པའི་སློབ་མ་ཡང་ཆོ་འཕྲུལ་ཅན་མང་སྟེ། སེ་མོ་དོར་དཔལ་ཆེན་རྒྭ་ལོས་མཐེ་བོང་གིས་ལུས་བྱིན་ཐེག་པར་མཛད་པ་ལ། གྲོལ་སྒོམ་གྱིས། འདི་ཆོས་རྗེ་སྒམ་པོ་བ་གཉེན་ལྕུག་འབྲིང་པོ་ཞེས་བཞེད་པ་ཡིན་ཟེར་བ་བྱས། ཁོང་ང་ཟིལ་གྱིས་གནོན་འདོད་འདུག་སྟེ། ངས་ཕར་ཟིལ་གྱིས་མནན་དགོས་དགོངས་ནས་ངང་བ་ཤི་བའི་རོ་ལ་གྲོང་འཇུག་བྱས་ཏེ། སེ་མོ་དོའི་མཐའ་ལན་གསུམ་བསྐོར། དཔལ་རྒྭ་ལོའི་གདོང་དུ་སྒྲ་མང་དུ་བསྒྲགས། སྔར་གྱི་གནས་དེ་ཉིད་དུ་ངང་བའི་རོ་བཞག་ནས་གྲོལ་སྒོམ་ཉིད་དུ་བྱས་ཏེ། དཔལ་ཆེན་པོ་དང་གསུང་གླེང་མང་དུ་མཛད་དོ། །གཞན་ཡང་རྣལ་འབྱོར་ཆོས་གཡུང་གིས་རང་གི་ཚོགས་ཀྱི་རེས་ལ་སུམ་ཅུ་རྩ་གསུམ་ནས་ལྷའི་བདུད་རྩི་བླངས་ཏེ་དྲངས་པ་ལ་སོགས་པའི་ཆོ་འཕྲུལ་མང་པོ་ཡོད་དེ། དེ་ཙམ་གྱིས་མཚོན་ནོ། །ཚོགས་པ་ཡང་ཡུན་རིང་དུ་བསྐྱངས་ནས། མཐར་ཆུ་མོ་བྱའི་ལོ་ལ་མྱ་ངན་ལས་འདའ་ཁར། བཙུན་པ་གཉིས་ཀྱིས་ལག་ཏུ་གཏོར་མ་རེ་ཐོགས་ཏེ། ངེད་གཉིས་ཐབས་ལམ་ཞུ་བ་ཡིན་པས་ཐུགས་རྗེས་འཛིན་པར་ཞུ་ཟེར་བའི་སྐད་བཏང་བས། ཐོ་ཕྱིར་མ་གཏོང་གསུང༌། དེར་ཉེ་གནས་ཤིག་གིས་ཕྱག་རྒྱ་ཆེན་པོ་ཞུ་བ་ཡིན་གྱིས་ལ་སྐད་ཐོང་བྱས་པས། དེ་གཉིས་ཀྱིས་ཀྱང་ཕྱག་རྒྱ་ཆེན་པོ་ཞུ་བ་ལགས་ན་བྱས་ཏེ་སྐད་རིང་པོ་བཏང་བས། ད་ལྟ་ཐོང་གསུང་ནས་ནང་དུ་བཏང༌། ཕྱག་རྒྱ་ཆེན་པོའི་གདམས་པ་ཡང་གནང་ངོ༌། །དེ་ལྟར་ཉིད་ཀྱི་ཆོས་རྣམས་ལས་ཕྱག་རྒྱ་ཆེན་པོ་འབའ་ཞིག་མགོ་འདོན་པ་མཛད་དེ། དགུང་ལོ་བདུན་ཅུ་རྩ་ལྔ་པ་ཆུ་མོ་བྱའི་ལོའི་སྟོན་ཟླ་འབྲིང་པོའི་ཚེས་བཅོ་ལྔའི་སྔ་དྲོའི་ཆ་ལ་གཤེགས། གདུང་སྦྱངས་བས་ཐུགས་མ་ཉམས་པར་བྱོན། མཁའ་འགྲོ་འདུ་བ་དང༌། མི་མ་ཡིན་རྣམས་འདུ་བ་དང༌། ལུང་པ་འཇའ་འོད་ཀྱིས་གང་བ་ལ་སོགས་པའི་ལྟས་སྣང་ཡང་བསམ་གྱིས་མི་ཁྱབ་པ་བྱུང༌། སྡེ་བ་རྣམས་སོ་སོ་ནས་གདུང་སྐལ་སྙེག་ཏུ་བྱུང་བ་ལ། སློབ་དཔོན་སྒོམ་ཚུལ་གྱིས་གདུང་ཞོལ་གཞལ་ནས་བྱིན་པས་ཐམས་ཅད་བསམ་པ་ཚིམ་པར་གྱུར་ཏོ། །གསུང་ལས་སྐྱེས་པའི་བུ་ཆེན་ཡང་ཤོ་རོམ་འཕགས་པ། ཟིམ་ཤིང་ཡེ་ཤེས་སྙིང་པོ། གསེར་སྒོམ་ཡེ་ཤེས་སྙིང་པོ། རམ་ཉི་བ་ཆོས་ཀྱི་གཡུང་དྲུང་སྟེ་གྲུབ་པ་ཐོབ་པ་བཞི། དྭགས་པོ་སྒོམ་ཚུལ། ཕག་མོ་གྲུ་པ། འབའ་རོམ་པ། དུས་གསུམ་མཁྱེན་པ་སྟེ་བརྒྱུད་པ་འཛིན་པ་བཞི། དྭགས་པོ་འདུལ་འཛིན། འགར་སྒོམ་དཀར་པོ། ལ་ཡག་ཇོ་སྲས། སྐྱེ་བོ་ཡི་རྡོར་ཏེ་དེ་དང་ཉེ་བ་བཞི། ཇོ་སྟོན། ལེགས་མཛེས། གསལ་བྱང༌། གསལ་ཡེས་ཏེ་ཉེ་གནས་བཞི་སྟེ། དེ་དག་ལ་སྒམ་པོ་བའི་བུ་ཆེན་བཅུ་དྲུག་ཅེས་གྲགས། གཞན་ཡང་རྨོག་ཅོག་པ། ཁྱུང་ཚང་བ། གཉགས་ནག །གཉགས་དམར་པོ། གསལ་ལྡོང་ཤོར་རེ། ཞང་སུམ་ཐོག་པ། བླ་མ་འོལ་ཁ་བ་གྲོལ་སྒོམ། ལྷོ་པ་དར་སྒོམ། རྫི་སྒོམ་སྐྱེས་སེ། བྱ་སྒོམ་རྡོ་རྗེ་སེངྒེ། འབྲོ་དམར་ཡུ། ནམ་པ་འཕན་ནེ། བཙད་པོ་ལྷ་སྒོམ། སློབ་དཔོན་སྒོམ་ཆུང་ལ་སོགས་པ་མང་དུ་བྱོན་ནོ། །དེ་ལ་ཁམས་པ་དབུས་སེ་ནས་གྲུབ་པའི་སྐྱེས་བུ་སྐྱེ་བ་རྒྱུན་མི་འཆད་པར་བྱུང་བ་བཞིན་དུ། རྗེ་སྒམ་པོ་བའི་སློབ་མ་དགེ་སློང་ཚུལ་ཁྲིམས་དཔལ་ཞེས་བྱ་བ་དབུ་སའི་ཡང་སློབ་མར་གྱུར་པ་ཞིག །རང་ལོ་སུམ་ཅུ་རྩ་བདུན་པ་ལ་གཤེགས་ནས། ཕྱིས་དགེ་སློང་ནམ་མཁའ་འོད་དུ་གྱུར་ནས་སྐྱེ་བ་རྒྱུན་མི་འཆད་དུ་བྱུང་བ་ཡིན་ཏེ། དེ་ནི་ཕྱིས་སླར་ཡང་རྗེ་སྒམ་པོ་བའི་སློབ་མར་གྱུར་ཏེ། དེའི་ཚུལ་ནི་ཕྱི་ནས་བརྗོད་པར་བྱའོ། །རྗེ་དྭགས་པོ་རིན་པོ་ཆེ་དེའི་དབོན་པོ་སློབ་དཔོན་སྒོམ་པར་མཚན་གསོལ་བ་དེ་ནི། རྗེ་སྒམ་པོ་བའི་གཅེན་པོ་རྒྱ་བ་སེ་རེ་དང༌། ཡུམ་ཚེ་ལྕམ་གཉིས་ལ་སློབ་དཔོན་སྒོམ་པ། སྒོམ་པ་གྲགས་མཛེས། སྒོམ་ཆུང་སྟེ་སྲས་གསུམ་བྱུང་བ་ལས། བར་བ་གྲགས་མཛེས་ནི་ཏིང་ངེ་འཛིན་གྱི་ཡོན་ཏན་དུ་མ་དང་ལྡན་པ་ཞིག་བྱུང་སྟེ། སྔ་མོ་ནས་གཤེགས། ཆེ་བ་སློབ་དཔོན་སྒོམ་པ་ཡུམ་ལ་རྨི་ལྟས་ཁྱད་པར་ཅན་དང་བཅས་ཏེ་མེ་ཕོ་སྤྲེའུའི་ལོ་ལ་གཉལ་བོང་སྙིར་འཁྲུངས། ལོ་བཅུ་གཅིག་ལོན་པའི་ཚེ་རྗེ་སྒམ་པོ་བ་དང་མཇལ། རྗེ་སྒམ་པོ་བའི་ཞལ་ནས། འདི་རྒྱ་གར་གྱི་པཎྚི་ཏ་ཆེན་པོ་ཞིག་ཡིན་གསུང༌། ཞལ་མཇལ་བ་ཙམ་གྱིས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་འཁྲུངས། བཅུ་བདུན་པ་ལ་དགེ་བཤེས་མངའ་རིས་པ་ལ་རབ་ཏུ་བྱུང༌། ལོ་དེ་ཉིད་ལ་རྗེ་སྒམ་པོ་བས་སིན་དྷཱུ་རའི་དཀྱིལ་འཁོར་དུ་དབང་བསྐུར་ནས། བསྐྱེད་རྫོགས་ཀྱི་གདམས་པ་ལེགས་པར་གནང་བ་བསྒོམས་པས། ལོ་བཅོ་བརྒྱད་པ་ལ་ཕྱག་རྒྱ་ཆེན་པོ་སྒོམ་དུ་མེད་པའི་རྟོགས་པ་འཁྲུངས། ཐབས་ལམ་ལ་ཡང་མངའ་བརྙེས་ཏེ། ལོ་ཉི་ཤུ་བཞེས་པའི་ཚེ་གཉགས་ལྷ་བྱར་མའི་གངས་ལ་བཞུགས་པའི་ཚེ། གངས་རྩེར་བཞུགས་ཀྱང་ཐེར་ཆམ་རེས་དྲོས་པ་དང༌། འབྱུང་བཞིའི་རླུང་གི་ཁ་དོག་གསལ་པོར་གཟིགས་ཤིང༌། སྟེང་འོག་སྤོབ་དང་གཡས་གཡོན་སྤོབ་ལ་ཚེགས་མེད་པ་བྱུང༌། རླུང་ཕྱག་སོར་དང་བ་སྤུའི་བུ་ག་གང་འདོད་དུ་འདྲོངས། དེ་རྣམས་འཕར་ཚད་དུ་རྗེའི་དྲུང་དུ་ཞུས་པས། རྗེ་སྒམ་པོ་བས་ཆོས་གོས་ཉི་ཟེར་ལ་བཀལ། ལོ་དེ་ཉིད་ལ་ཤབ་པ་གླིང་དུ་བསྙེན་པར་རྫོགས། མཚན་ཚུལ་ཁྲིམས་སྙིང་པོར་གསོལ། རྗེ་སྒམ་པོ་བས་གདམས་ངག་ཐམས་ཅད་རྫོགས་པར་གནང་ནས་ལམ་ཕུག་དང་ཤ་འུག་སྟག་སྒོ་ལ་སོགས་པར་བྱོན། དེར་ལོ་གཉིས་བཞུགས་ནས་སྒམ་པོར་བྱོན། ཟངས་ལུང་དུ་བླ་མས་སྣ་ལེན་གྱི་ཚོགས་འཁོར་མཛད་པའི་ཚེ། ཤོ་སྒོམ་འཕགས་པ་ལ་ཉམས་ཀྱི་འཆར་ལུགས་གོ་ལགས་སམ་གསུངས་པས། ལན་དུ། ཉམས་རྟོགས་ངོ་བོ་གཅིག་ཏུ་འདྲེས། །ཆོས་ཀྱི་སྐུ་ལ་འདུ་འབྲལ་མེད། །ཉམས་རྟོགས་ཅན་ལ་ང་མི་སྨོན། །ཞེས་པ་ལ་སོགས་པའི་མགུར་གསུངས་པས། འཕགས་པས་བཤུམས། སྒམ་པོ་བའི་ཞལ་ནས། འོ་སྐོལ་གྱིས་ད་ཁོ་མི་ཐུབ་ཉལ་དུ་འགྲོ་གསུང་སྐད། གཅན་ཆེན་སྲངས་དང་གསེར་ལེན་དུ་ལོ་གསུམ་བཞུགས། དགུང་ལོ་སུམ་ཅུ་རྩ་ལྔ་པ་ལྕགས་ཕོ་རྟའི་ལོ་ལ་གདན་སར་དབང་བསྐུར། ང་རྒས་པས་ད་ཁྱེད་རང་རྣམས་ཚུལ་ཁྲིམས་སྙིང་པོ་ལ་བཏུད་ཅིག་གསུང༌། དེ་ནས་ལྕགས་མོ་ལུག་གི་ལོ་ལ་གདམས་པ་དུ་མ་རེ་གསུངས༌། དེ་ནས་ལོ་གཉིས་ལོན་པ་ཆུ་མོབྱ་ལ་སྒམ་པོ་སྐུ་གཤེགས། གདུང་བཞུ་བས་ཐུགས་ཕྱག་ཏུ་བྱོན་ནས། དེ་བ་ཞུགས་པའི་རྟེན་གསེར་གྱི་བཀྲ་ཤིས་སྒོ་མངའ་བཞེངས་ཤིང༌། མཆོད་ཁང་རྙིང་མ་དང་སྒོམ་སྡེའི་མཁར་ལས་ཀྱང་མཛད། དེ་ནས་གསང་ཕུར་བྱོན་ནས་དེར་གྲྭ་པ་བརྒྱ་ཙམ་འདུས། དེར་དགྱེས་རྡོར་ལྷ་དགུའི་ཞལ་གཟིགས། དེ་གཉལ་སྟོན་ལ་བསྙད་པས། གཉལ་སྟོན་གྱིས་ང་ལ་ཡང་བསྟན་པར་ཞུ་བྱས་པས། ཁོང་གིས་ཀྱང་མཐོང༌། དེ་ནས་སྟོད་ལུངས་སུ་གནས་བརྟན་ཤེས་རབ་གྲགས་ཀྱིས་སྤྱན་དྲངས་ནས། འཚུར་ལྷ་ལུང་གི་དགོན་པ་བཏབ་པས། དབུས་གཙང་ཁམས་གསུམ་གྱི་གྲྭ་པ་ཚན་ཆེ་བར་འདུས། ལྷ་སར་ཕེབས་པའི་ཚེ། ལྷ་ས་སྡེ་འཁྲུག་གི་རྐྱེན་གྱིས་རེ་ཧྲུལ་དུ་སོང་བ་འདི་གསོ་བར་མི་ནུས་སམ་སྙམ་པ་བྱུང་བའི་ཚེ། མནལ་ལམ་དུ་རྗེ་སྒམ་པོ་བས་ཁྱོད་ཀྱིས་ང་འཇོག་ཕོད་དམ་གསུང་བ་དང༌། ཇོ་བོ་ཤཱཀྱའི་སྐུ་ལ་དངོས་སུ་སྤྱན་ཆབ་བྱུང་བས་དེ་ཉིད་དུ་བཞུགས་ནས་གསོ་ནམ་རྒྱན་ཕུན་སུམ་ཚོགས་པ་དང་བཅས་པ་ལེགས་པར་གྲུབ། དེ་ནས་ཡར་འབྲོག་ལ་སོགས་པ་གནས་གང་ན་འཁྲུག་པ་དར་བ་རྣམས་སུ་བྱོན་ནས་གཉའ་དང་གདུམས་ལེགས་པར་གནང༌། འདིའི་ནང་གི་ལྷ་གཟིགས་ཚུལ་དང༌། དེ་སློབ་མ་ལ་ཡང་བསྟན་པ་ལ་སོགས་པ་ནི་གྲངས་མེད། ཕྱག་རྒྱ་ཆེན་པོ་རྟོགས་པས་ཐུགས་ཀྱི་སྒྲིབ་པ་བྲལ་ཏེ། གསུང་རབ་ཐམས་ཅད་ལ་ཐོགས་པ་མེད་པའི་སྨྲ་བ་པོ་ཆེན་པོར་གྱུར་པས། ཕྱག་སོར་བ་ལ་སོགས་པའི་མང་དུ་ཐོས་པ་རྣམས་ཀྱིས་ནི་གུས་པས་བཏུད། མཁས་པ་ཆེན་པོ་གཙང་ནག་པས། སྐལ་མེད་སྐྱེ་བོ་རིང་ནས་ངན་བརྗོད་ཀྱང༌། །མཐོང་དང་འདྲིས་པའི་སྐྱེ་བོ་དད་གྱུར་ལ། །མངོན་རློམ་དྲེགས་པ་བརྒྱ་དག་ཟིལ་གནོན་པའི། །བསོད་ནམས་གཟི་ལྡན་སྐུ་ལ་སྐྱབས་སུ་མཆི། །ཞེས་བྱ་བས་བསྟོད་པར་ཡང་མཛད་དོ། །འོལ་ཁའི་མགར་ཕུག་ཏུ་ལོ་གཅིག་ཆོས་ཤིན་ཏུ་དམར་བར་གསུངས། སྟོན་སྒམ་པོར་ཐེགས་ནས་གྲྭ་པ་རྣམས་ལ་ང་སུ་དང་ཡང་མི་མཇལ་བའི་མཚམས་བྱེད་པས། ཁྱེད་རང་དགེ་བཤེས་ཁམས་པ་དང་མངའ་རིས་པ་ལ་སོགས་གང་མོས་ལ་བརྟེན་གསུངས་ནས། ས་མོ་གླང་གི་ལྔ་བཅུ་རྩ་བཞི་པ་དབྱུག་གུ་ཟླ་བའི་ཚེས་ཉི་ཤུ་ལ་གཤེགས། ལོ་འདི་ལ་སློབ་དཔོན་ཕྱྭ་པ་ཡང་གཤེགས། གཡམ་བཟང་ཆོས་རྗེ་འཁྲུངས་པ་ཡིན། དེ་ནས་ཞག་བདུན་ན་གདུང་བཞུ་བས་ཐུགས་ལྗགས་མ་ཚིག་པར་བྱོན་པ་ལ་སོགས་པའི་མཛད་པས་ཀྱང་སེམས་ཅན་སྨིན་པར་མཛད་དོ། ། དེའི་རྗེས་སུ་སློབ་དཔོན་སྒོམ་ཆུང་གིས་གདན་ས་བསྐྱངས་པ་ཡིན་ཏེ། དེ་ནི་རྗེ་སྒམ་པོ་བ་ཉིད་ལ་གདམས་ངག་ཚང་བར་མནོས་ནས། མཐའ་ཡས་པའི་ཡོན་ཏན་མངའ་བ་ཞིག་སྟེ། གདན་ས་ལོ་གཉིས་བསྐྱངས། མཚན་ནི་ཤེས་རབ་བྱང་ཆུབ་ཅེས་བྱ། དགུང་ལོ་བཞི་བཅུ་རྩ་བཞི་ལ་གཤེགས། གདུང་སྦྱངས་པས་ཐུགས་ལྗགས་བྱོན་ནོ། །དེའི་རྗེས་རྗེ་ཁུ་དབོན་གསུམ་གའི་སྲས་སུ་གྱུར་པ་དྭགས་པོ་འདུལ་འཛིན་གྱིས་གདན་ས་བསྐྱངས་པ་ཡིན་ཏེ། དེ་ནི་ཡུལ་དྭགས་པོ་ཟེས་དཀར་དུ་བོན་པོའི་རིགས་སུ་འཁྲུངས། སྐུ་མཆེད་གསུམ་གྱི་ཆེ་བ་གཉལ་སྡེ། དེ་འོག་ཤེར་འབྱུང༌། ཆུང་བ་མཁན་པོའོ། །གཅེན་པོ་གཉིས་ཆོས་རྗེ་སྒམ་པོ་བའི་སློབ་མ་ཡིན་པས། ཁོང་གི་རྒྱགས་སྐྱེལ་དུ་མཁན་པོས་བྱོན་པས་སྒམ་པོ་བ་དང་མཇལ། དེར་སྒམ་པོ་པས་སྒྲོལ་མ་དཀར་མོ། མགོན་པོའི་རྗེས་གནང༌། ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་རྣམས་གནང༌། དེ་ནས་གནས་མཁར་དུ་སྣུབས་སྒོམ་ཆུང་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། དེའི་ནུབ་མོ་རྨི་ལམ་དུ་གཙང་པོ་ལ་མི་མང་པོ་བསྒྲལ་བ་རྨིས་པས། ཕྱིས་དེ་ཁོ་ན་བཞིན་དུ་དྭགས་པོ་འདུལ་འཛིན་ལ་སྡོམ་པ་ཐོབ་བམ་མ་ཐོབ་ཅེས་ཟེར་བ་བྱུང་ཞིང༌། མཁན་བུ་ཤིན་ཏུ་མང་བར་བྱུང༌། མདོས་ཁར་བ་ལ་ཕར་ཕྱིན་ཉན། དེར་རྣམ་གཡེང་ཆེ་བས་ཤ་མི་འདུལ་འཛིན་ཅན་དུ་བྱོན་པས། ཆོས་གསུང་བ་དང་མཇལ་ནས་འདུལ་བ་མཐའ་དག་མཁས་པར་བསླབས་ཏེ། ཟུར་ཆོས་ཀྱང་ཐོགས་རེ་བཤད། དེ་ནས་བསྙུན་དྲག་པོ་ཅིག་གིས་རྐྱེན་བྱས་ནས་བཤད་པ་འཕྲོ་ཤོལ་ནས། སློབ་དཔོན་སྒོམ་པའི་དྲུང་དུ་བྱོན་པས། སྒམ་པོ་བའི་ཆོས་མ་ལུས་པ་གནང༌། ཡུན་རིང་དུ་ཕྱགས་ཕྱི་བྱས། དེ་ནས་ཉ་མོ་ཁར་སློབ་དཔོན་སྒོམ་པས་ཚོགས་ཤིག་མཛད་པའི་ཚེ། མདོ་སྡེ་དཀར་པོ་དང་སྲད་མ་དཀར་པོ་བྱ་བའི་ཡོན་བདག་གཉིས་འཐབས་ནས་ཀུ་ཅོ་ཆེན་པོ་བྱས་པས། སློབ་དཔོན་སྒོམ་པ་ཐུགས་སྐྱོ་སྟེ། འདུལ་བ་འཛིན་པ་ལ་ཤོག་གསུང་ནས། ད་ཕྱིན་ཆད་ཚོགས་མི་བྱེད། སྔར་བྱས་པ་རྣམས་ཀྱང་ཁྱོད་ཀྱི་མདུན་དུ་བཤགས། ངའི་གདན་ས་ཡང་ཁྱོད་ཀྱིས་གྱིས་གསུང་བ་ལས། ཚོགས་མི་ཤོལ་བར་གསོལ་བ་བཏབ་པས་ཀྱང་མ་གནང༌། གདན་ས་དང་ག་ལ་འོང་སྙམ་ཡོད་པའི་ལོ་མང་པོ་མ་ལོན་པར་སློབ་དཔོན་སྒོམ་པ་གཤེགས། དེའི་གདན་སར་སྒོམ་ཆུང་བཞུགས་པས་ཀྱང་ལོ་གཉིས་ལས་མ་ཐུབ། གཞན་ཤོ་སྒོམ་ལ་སོགས་པའི་ཆེན་པོ་མང་དུ་ཡོད་ཀྱང་གདན་ས་འདུལ་བ་འཛིན་པ་ལ་གཏད། དེར་གདན་སར་བཞུགས་པས་བྱ་དཀའ་སེ་བྱུང༌། གྲྭ་པ་རྣམས་ཀྱང་ཕྱོགས་གཞན་དུ་འགྲོ་བ་ལ། འདི་ང་རང་གིས་དགེ་སྦྱོར་མ་བྱས་པས་ལན་སྙམ་ནས། ལོ་བརྒྱད་ཀྱི་བར་མཚམས་བསྡམས་ནས་ཐུགས་དམ་རྩེ་གཅིག་ཏུ་མཛད་པས། གྲྭ་པ་རྣམས་ཡང་འདུས་བྱུང༌། དེ་ནས་གཉལ་བ་བྱང་ཆུབ་འབུམ་བྱ་བས་དུག་དྲངས་པས་བསྙུང་བས། འཚུར་ཕུར་བྱོན་ནས་སྨན་པ་མཁས་པ་ཅིག་གིས་བཅོས་པས་ལེགས་པར་དྭངས། དེ་ནས་བྱང་ཐང་སོགས་སུ་བཞུགས་པ་ན་ཡང་ཚོགས་པ་ཆེར་འདུས། དེ་འགྲོལ་དུ་བཞུགས་པའི་ཚེ། རྗེ་འབྲི་ཁུང་པས་འབུལ་ཚན་པོ་ཆེ་དང༌། གདན་ས་དེ་ཁྱེད་མིན་པས་མི་འཁྱོངས་པས། ཁྱེད་ཀྱིས་ཅིས་ཀྱང་སྐྱོང་བར་ཞུ་བྱ་བའི་གསུང་བྱུང་བས། སླར་ཡང་སྒམ་པོར་བཞུགས། ཕྱིས་རྗེས་སུ་འབྲི་ཁུང་པ་སྒམ་པོར་བྱོན་པའི་དུས་སུ། ཁུ་དབོན་གསུམ་གྱི་ཐུགས་ཀྱི་སྲས། །བསླབ་པ་གསུམ་ལྡན་རྡོ་རྗེ་འཛིན། །སྐྱེ་མེད་དོན་རྟོགས་རྣལ་འབྱོར་པ། །མཁན་པོ་དགེ་བའི་བཤེས་ལ་འདུད། །ཅེས་བསྟོད་པ་ཡང་མཛད། དེ་ནས་ཁྲིད་རྣམས་ཀྱང་བསྐྱངས་ཤིང་འདུལ་བ་ཡང་གསུངས། དེ་ནས་གྲྭ་པ་རྒན་པ་རྣམས་དང་གྲོས་བྱས་ནས། གཙུག་ལག་ཁང་ཀ་བ་བཅུ་དྲུག་པ་ཅིག་བྱེད་པར་གྲོས་བཅད་པ་ལ། མཁན་པོ་བས་ཀ་བ་བཞི་བཅུ་ཐམ་པའི་རྨང་བཏིང༌། ལོ་གསུམ་ན་ཚར་བར་བྱས། རྗེ་འབྲི་ཁུང་པས་ཀྱང་རྟ་ཕོ་བྱ་དམར་རླུང་ཞགས་ལ་སོགས་པ་གཙུག་ལག་ཁང་རྩིག་པའི་ཆ་རྐྱེན་མང་དུ་གནང༌། ལན་ཅིག་མནལ་ལམ་དུ་བཏུབ་པར་བྱུང་ནས། གཙུག་ལག་ཁང་རྙིང་མའི་རྟེན་རྣམས་ཀྱང་མཆོད་ཁང་གསར་མར་གདན་དྲངས། རྗེ་འབྲི་ཁུང་པས་ཕག་མོ་གྲུའི་ཆོས་རྣམས་སྤྱན་དྲངས་བྱུང་བས་ལོགས་ཅིག་ཁེངས། རིན་པོ་ཆེ་འགྲོལ་བ་ལ་སོགས་པའི་སློབ་མ་ཡང་མང་དུ་བྱུང༌། འཇིག་རྟེན་གྱི་གཉའ་དང་འདུན་མ་ལ་སོགས་པའི་གཞན་དོན་ཡང་མང་དུ་མཛད། མཐར་དགུང་ལོ་བདུན་ཅུ་རྩ་ལྔ་བཞེས་པའི་ཚེ་སྐུ་གཤེགས། གདུང་སྦྱངས་པས་ཐུགས་ལྗགས་དང་ཕྱག་གཡོན་པ་མ་ཚིག་པར་བྱོན། དེ་རྣམས་ན་ཀྲའི་གདུང་ཁང་ན་བཞུགསསོ། །དེའི་གདན་ས་འབྲི་ཁུང་གླིང་བར་གྲགས་པ་དབོན་ཤེས་རབ་འབྱུང་གནས་ཀྱིས་མཛད། དེ་ནས་དམ་ཆོས་གླིང་བ། སྤྱན་སྔ་ཆོས་ཚུལ་བ། རིན་པོ་ཆེ་ལྷ་ལུང་བ། རིན་པོ་ཆེ་བོན་གནས་པ། རིན་པོ་ཆེ་ཆོས་དབང་བ་ལ་སོགས་པ་རྣམས་བྱོན་ནོ། །སྒམ་པོ་བ་གདན་ས་དང་བཅས་པའི་སྐབསསོ། །

༨.༥ སྒམ་པོ་བའི་དངོས་སློབ་ཀྱི་སྐབས། རྗེ་སྒམ་པོ་བའི་བུ་ཆེན་རྣལ་འབྱོར་ཆོས་གཡུང་ནི། ཀླུངས་ཤོད་རོང་གི་ངལ་མདར་ཡོ་མི་ཀླུ་ཕྱུག་བྱ་བའི་སྲས་སུ། ལྕགས་ཕོ་འབྲུག་ལ་འཁྲུངས། བཅུ་དགུ་ལ་བྱ་ཡུལ་བ་ལ་རབ་ཏུ་བྱུང༌། ཉི་ཤུ་རྩ་གཉིས་པ་ལ་སྒམ་པོ་བ་དང་མཇལ། ཡོན་ཏན་ཁྱད་པར་ཅན་བརྙེས། སྒམ་པོ་སྐུ་མཆེད་བཞུགས་རིང་ལ་ཚོགས་པ་མ་བསྐྱངས། དེ་རྗེས་ལོ་བདུན་དུ་ཚོགས་པ་བསྐྱངས་ནས། དོན་བརྒྱད་པ་མེ་མོ་བྱ་ལ་གཤེགས། ། ཡང་དྭགས་པོའི་སློབ་མ་གྲུབ་རྟགས་མཆོག་ཏུ་གྱུར་པ་གྲོལ་སྒོམ་ཆོས་གཡུང་ནི། ཡུལ་འོལ་ཁ་བ། ཡབ་ལྷ་རྗེ་སྨོན་ལམ་འབར་དང༌། ཡུམ་རྣམ་ཤེས་སྐྱིད་གཉིས་ཀྱི་སྲས་སུ་ཆུ་མོ་ལུག་གི་ལོ་ལ་འཁྲུངས། རྗེ་སྒམ་པོ་བས་ཉི་ཤུ་རྩ་ལྔ་བཞེས་པའི་ལོ་དེ་ཡིན། བཅུ་བཞེས་པའི་ཚེ་ཡབ་ཀྱིས་ཆོས་སྔགས་དང་སྨན་བསླབས། བཅོ་ལྔ་ལ་ཇོ་མོ་ཞིག་བླངས་པ་དེ་ལོ་རང་འདས་རེ་སྐྱོ་བ་སྐྱེས་ནས་དགེ་བཤེས་བྲག་རྩ་བ་ལ་སྡོམ་པ་བླངས། དེ་མ་ཁད་འདུལ་གྲོར་བྱོན་ནས་ཞང་སྟོན་ཤེས་རབ་འབར་ལ་འདུལ་བ་མཁྱེན་པར་བསླབས། དེ་ནས་སྒམ་པོ་བ་ལ་དད་པ་དཔག་ཏུ་མེད་པ་སྐྱེས་ནས་སྤོང་ཐག་མཛད་དེ་གདམས་པ་རྣམས་ཞུས། ཞག་གཅིག་གི་བར་དུ་འོད་གསལ་ཐུན་གཅིག་ལ་བཞུགས་པ་ལ་སོགས་པའི་ཐུགས་དམ་མཆོག་ཏུ་གྱུར། འཇིག་རྟེན་གྱི་མཁའ་འགྲོ་མ་དབང་དུ་འདུས། ཡོ་བྱད་རྣམས་གྲོགས་ལ་བྱིན་ནས་ལོ་རོ་རས་ཆུང་པ་ལ་སྙན་བརྒྱུད་ཞུས། འཇམ་དཔལ་ཞལ་གཟིགས་ནས་དབུ་རུ་ཕྱོགས་སུ་ལུང་བསྟན། ཕྱྭ་ཡུལ་དུ་ལོ་གཉིས་བཞུགས། དེའི་ཚེ་རྟ་མགྲིན་ཞལ་གཟིགས་ནས་ལས་ཅན་གྱི་སློབ་མ་འབྱུང་བར་ལུང་བསྟན་པ་བཞིན་འགྲོ་མགོན་ཞང་བྱོན། རྒྭ་ལོས་སློབ་མར་བསྡུ་དགོས་དགོངས་ནས་འདུག་པ་ལ། ངང་པའི་རོ་ལ་གྲོང་འཇུག་མཛད་ནས་ལྟད་མོ་བསྟན་པས། རྒྭ་ལོ་དད་དེ་བར་དོའི་གདམས་པ་ཞུས། དེའི་ཚེ་གསང་གསོ་དང་ལྟ་སྟངས་ཀྱིས་དགུག་པ་ལ་སོགས་པའི་ནུས་པ་ཆེན་པོ་བརྙེས། བ་རི་ལོ་ཙཱ་བ་ལ་སྒྲུབ་ཐབས་བརྒྱ་རྩ་ལ་སོགས་པ་གསན། དགུ་བཅུ་རྩ་བདུན་པ་ས་མོ་ལུག་གི་ལོ་ལ་ངོ་མཚར་བའི་ལྟས་དང་བཅས་ཏེ་གཤེགས། ། ། ཆོས་རྗེ་འབབ་རོམ་པ་དར་མ་དབང་ཕྱུག་ནི། འཕན་ཡུལ་མདར་ཀ་བའི་རིགས་སུ་འཁྲུངས། གཞོན་པའི་དུས་སུ་སྔགས་ཆུང་གཞོན་པ་ཅིག་རྩར་བྱུང་ནས། ཆོས་རྗེ་སྒམ་པོ་བའི་བསྔགས་པ་མང་དུ་བརྗོད་ཅིང༌། ཁྱོད་རང་ཡང་ཁོང་གི་ཐད་དུ་ཕྱིན་པ་འཐད་ཟེར་བས། ད་འོ་ན་ཁྱོད་ཀྱིས་འགྲོ་བའི་གྲོགས་བྱེད་དམ་བྱས་པས་བྱེད་པར་ཁས་བླངས་ཏེ། ཁོ་དང་བསྡོངས་ནས་སྒམ་པོར་བྱོན། སྒམ་པོར་སླེབ་མ་ཐག་ནས་སྔགས་ཆུང་དེ་གར་སོང་ཆ་མེད་དེ། དེ་རྗེ་སྒམ་པོ་བའི་སྤྲུལ་པར་གྲགས། དེ་ནས་སྒམ་པོ་བ་དང་མཇལ་ནས་ཐུགས་ཀྱིས་གཟུང་ཞིང་དམར་ཁྲིད་ཀྱིས་བསྐྱངས་པས་རྟོགས་པ་མཆོག་ཏུ་གྱུར་ཏེ། བྱང་དུ་འབབ་རོམ་གྱི་དགོན་པ་དེ་བཏབ། སྐུ་ཚེ་ཡང་རིང་བར་བཞུགས་ནས་སློབ་མ་མང་དུ་འདུས། གནས་དེར་མཁའ་འགྲོ་འདུ་བར་གྲགས་ཤིང་བྱ་མང་པོ་འདུ་ཞིག་ཡོད། དེའི་བརྒྱུད་པ་ཁོང་རང་གི་གདུང་བརྒྱུད་ཀྱིས་འཛིན་ཞིང༌། དུས་ཕྱིས་གདུང་བརྒྱུད་ནང་མ་འཆམ་པར་གདན་ས་རེ་མོས་བྱེད་པ་ལ་སོགས་པ་ཡང་བྱུང༌། ཏི་ཤྲཱི་རས་པ་ཡང་འབབ་རོམ་པའི་སློབ་མ་ཡིན་པས། དེས་བདག་རྐྱེན་མཛད་དེ་ནང་རྟེན་གྱི་དངུལ་གདུང་ཆེན་པོ་ཞིག་ཡོད་པ་ཡང་མ་ཉམས་པར་བཞུགསསོ། ། ཡང་རྗེ་སྒམ་པོ་བའི་སློབ་མ་ལྟོ་ལ་ཡག་པ་བྱང་ཆུབ་དངོས་གྲུབ་ནི། མེས་པོ་ལྟར་ཀ་བོ་དྷི་རཱ་ཛ་ཞེས་བྱ་བ་སྔགས་རྙིང་མའི་ཡོན་ཏན་དང་ལྡན་ཞིང་གྲུབ་པ་བརྙེས་པ། ལོ་བརྒྱ་དང་བཅུ་གཉིས་བཞུགས་པ་ཅིག་གིས་སྲས། སྟར་ཀ་དཔལ་སྐྱིད་ཅེས་པ་མངོན་པ་དང་གསར་རྙིང་མང་པོ་ལ་སྦྱངས་པ་ཅིག་དང༌། ཡུམ་སྟག་ལོ་ཟླ་སྒྲོན་ཞེས་བྱ་བ་ཡེ་ཤེས་ཀྱི་མཁའ་འགྲོ་མར་གྲགས་པ་གཉིས་ཀྱི་སྲས་སུ་འཁྲུངས། མཚན་ཆོས་ཀྱི་དངོས་གྲུབ་ཏུ་བཏགས། བུ་ཆུང་གི་དུས་སུ་མི་གཞན་མེད་པའི་ཚེ། ལག་པ་དཀར་པོ་རྒྱན་ཅན་ཅིག་གིས་བུ་རྫི་བྱེད་པ་ཅིག་བྱུང༌། ལོ་གསུམ་ལོན་པའི་ཚེ་ཡབ་ཀྱིས་ར་ཀློག་སློབ་པ་བྱུང་བ་ན། ཕ་ཇོ་འདི་ཚོ་ངས་ཀྱང་ཤེས་ཟེར་ནས་ཅུང་ཟད་ཀྱང་སློབ་མ་དགོས་པར་ཤེས། ལོ་ལྔ་ལོན་པའི་ཚེ་བྱིས་པ་ཟླ་བོས་ཤིག་མེ་ལ་བསྲེགས་པས་རང་དབང་མེད་པར་བརྒྱལ་བ་ལྟར་གྱུར། སྐྱེ་བས་ཐོབ་པའི་སྙིང་རྗེ་ཆེན་པོ་མངའ་ཞིང་མི་དགེ་བ་ཕྲ་ཞིང་ཕྲ་བ་ལ་ཡང་འཛེམ། ལོ་བཅུ་ཙམ་ལོན་ནས། དགེ་བཤེས་སྨོན་མདའ་བའི་སར་སྒྱུ་འཕྲུལ་ཞི་ཁྲོ་དང་ཡང་དག་གསན་ནས་སྒྲུབ་པ་ཡང་བག་རེ་མཛད། ཁུ་བོ་ཅིག་ཆུ་ཁྱེར་མདའ་ན་བཞུགས་པ་ལ་བྱམས་ཆོས་དང་མངོན་པ་དང་སྤྱོད་ཕྱོགས་ཕྲན་དང་བཅས་པ་ཡང་གསན། མདོ་སྡེ་རྒྱན་ཚར་གཉིས་ཀྱིས་ཐུགས་སུ་ཆུད་ནས་བྱམས་ཆོས་སྔོན་ལ་ཚར་བར་བྱས། བཅུ་བདུན་ལོན་པའི་ཚེ་གཙང་དུ་བྱོན་ནས་དགེ་བཤེས་ལྕང་ར་བ་ལྡུམ་སྟོན་དང༌། མདར་སྐྱོགས་མེ་ལ་སོགས་པའི་སར་བྱམས་ཆོས་དང་སྤྱོད་ཕྱོགས་ཚར་རེ་མཇལ། ཧོར་དར་བཟང་པོ་ཤམ་བུ་ཅིག་གནང་ནས། ཁྱེད་ཉི་མ་ཤར་ཕྱོགས་སུ་སོང་དང་སྐྱིད་ཀྱི་ཉི་མ་ཤར་འོང་གི་ངོ་མ་ནག་ཅེས་པའི་ལུང་བསྟན་ཡང་བྱུང༌། དེ་ནས་ཡུལ་དུ་བྱོན་པས། དགེ་བཤེས་ཆབ་བྱ་བ་ཅིག་གྲོངས་པའི་འདད་ཀྱི་ཆོས་འཁོར་ལ་ལ་སྟོད་དཀོན་མཆོག་མཁར་དང་བསམ་ཡས་པ་སྤྱན་དྲངས་པའི་སར་བྱོན་ནས་ཕ་རོལ་དུ་ཕྱིན་པའི་དཀའ་འགྲེལ་གསན། དེར་བགྲོ་གླེང་བྱས་པས་སྔགས་པ་རྒན་ཐུང་ཆོས་མང་དུ་ཐོས་པ་ཅིག་འདུག་ཟེར། དགེ་བཤེས་ལ་སྟོད་པས་ངའི་ཕྱིར་འདེང༌། ལོ་གཅིག་ན་ཕར་ཕྱིན་མཁས་པ་ཅིག་བྱ་ཟེར་ནས་འགྲོ་བར་ཆས་པ་ལ། ཡུལ་ན་སྒམ་པོ་བའི་སློབ་མ་སྒོམ་ཆེན་ཞིག་ཡོད་པས་ངས་སྒམ་པོར་བསྐྱལ་ཟེར། དེ་ནས་ཡུལ་དུ་ཡུན་མི་རིང་བ་ཅིག་བཞུགས། སྒོམ་ཆེན་དེས་ཁྲིད་ནས་སྒམ་པོར་བྱོན། ཁོང་ཁྲིད་མཁན་དེ་ལ་སྒོམ་པ་ཞི་མཛེས་ཟེར། རྗེ་སྒམ་པོ་བའི་གསུང་ནས། ཉི་མ་ནུབ་ཁའི་སྦང་ཐན་དང་འདྲ་སྟེ། འོན་ཀྱང་ལྷོ་བ་འདི་དངང་ལ། ང་དང་རྗེ་བཙུན་འདྲ་བའི་ལས་འབྲེལ་ཞིག་ཡོད་པས། སྒོམ་ཚུལ་ལ་འདིའི་ཆོས་སྒོ་མྱུར་དུ་ཕྱེ་གསུང༌། དེ་ནས་ཆོས་རྗེའི་མཚམས་ཁོངས་སུ་བཅུག་ནས་དབང་དང་གདམས་པ་གནང༌། ཇོ་སྲས་ཁྱོད་ངའི་ཚེ་སྟོད་ཀྱི་སློབ་མ་ཅིག་རྐྱེན་གྱིས་ཤི་བས་ཁྱོད་དུ་སྐྱེས། ད་རེས་ཚེ་མཐར་ཕྱིན་པར་འདུག་ཅིག་གསུང༌། དེར་བླ་མའི་བྱིན་རླབས་ཀྱིས་སྔར་འདྲིས་ཀྱི་མི་དང་ཕྲད་པ་ལྟ་བུའི་ཕྱག་རྒྱ་ཆེན་པོའི་རྟོགས་པ་འཁྲུངས། བླ་མས་གཏུམ་མོ་རིགས་མི་འདྲ་བ་མང་པོ་གནང་ནས། འདི་ཚོ་ལ་ཟིན་བྲིས་ཀྱིས་གསུང་བས། ང་ཉམས་ལེན་འབའ་ཞིག་བྱེད་པས་སྣ་ཁ་མང་པོ་འདི་མི་དགོས་ཞུས་པ་ལ། བླ་མའི་གསུང་ནས། དེས་མི་འོང༌། ཁྱོད་ཚེ་མཐར་འཁྱོལ་ཞིང་སྒོམ་ཆེན་མགོ་སེ་ཡང་དེ་བ་བརྒྱ་ཙམ་གྱི་སློབ་དཔོན་བྱ་དགོས་པར་འོང་གསུང་ནས་ལུང་བསྟན། ཡང་ཞལ་ནས། ངས་དང་པོ་བ་རི་ལུགས་ཀྱི་བདེ་མཆོག་བསླབས་པ་ཡིན་ཏེ། དཔེ་ཡང་མེད་བཤད་པ་ཡང་མ་བྱུང་བས། ཇོ་སྲས་ཀྱིས་དཔལ་ནཱ་རོ་པའི་བརྒྱུད་པ་ཅིག་ལ་བདེ་མཆོག་ཞུས་ཤིག་གསུང་ནས། ལཱུ་ཡི་པ་ཇོ་བོ་ལུགས་ཀྱི་འགྲེལ་པ་ལོ་ཙཱ་བ་རིན་ཆེན་བཟང་པོས་མཛད་པ་དེའི་དཔེ་དང་ལུང་ཡང་གནང༌། སྒམ་པོ་བ་སྐུ་མཚམས་མཛད་པས་སྤྱན་སྔར་འགྲོ་མ་ནུས་པ་ལ། ཉེ་གནས་འབོད་དུ་བྱུང་ནས་སྤྱན་སྔར་ཕྱིན་དུས། ངའི་མཚམས་འདི་ཁྱོད་ཀྱི་ཆེད་དུ་བྱས་པ་ཡིན་པས་ནམ་ཡིན་དུ་ཤོག་གསུང༌། སྒྱུ་ལུས་ལ་སོགས་པའི་ཉམས་བྱུང་བ་རྣམས་ཞུས་པས། དེ་ཀུན་ཞོར་འབྱུང་ཡིན། ད་ཁྱོད་ཀྱི་དོན་གྲུབ་ཟིན་གསུང༌། སླད་ཀྱིས་ཡུལ་དུ་བྱོན་ནས་འབུལ་བ་མང་པོ་བླངས། ཁྱད་པར་དུ་ཁྲབ་མང་པོ་ཕུལ་བས་མཉེས་མཉེས་ལྟར་མཛད། དེ་རེས་ལོ་གཅིག་སྟེ་སྤྱིར་ལོ་བཞི་བཞུགས་ནས། གདམས་ངག་དང་ཏིང་ངེ་འཛིན་དང་རྟོགས་པས་ཐུགས་ཁེངས་པར་མཛད། དགུང་ལོ་ཉི་ཤུ་རྩ་གཉིས་པ་ལ་བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་པའི་ཐད་དུ་བསྙེན་རྫོགས་མཛད། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། མཁན་པོའི་གསུང་གིས། ད་ལྟ་ནས་སེམས་ཅན་ལ་ཅི་ཕན་བྱེད་དགོས་གསུང༌། སྔར་ནས་ཀྱང་སེམས་ཅན་བློ་ཕུགས་སུ་བཅུག་སྟེ་རང་འདོད་ཀྱི་རྟོག་པ་སྐྱེ་མ་མྱོང༌། དེ་ནས་གྲོ་བོ་ལུང་དང་གྲུབ་པའི་གནས་བདུན་དང་ཕོ་མ་ལྷ་ཁབ་ལ་སོགས་པར་སྒྲུབ་པ་རྒྱུན་རིང་དུ་མཛད། ཕོ་མ་དང་ཉེ་བའི་བྲག་ཅིག་ལ་བཞུགས་དུས། ལྷ་འདྲེ་མང་པོ་འཚོགས་ནས་སྐྱོགས་གཉིས་ཀྱིས་འཚག་ཏུ་བྱུང་བ་དང༌། བླ་མ་བཞུགས་པའི་བྲག་ལོགས་ལ་མེ་འབར་བར་མཐོང་ནས་ལྷ་འདྲེས་ཉེ་སར་འོང་མ་ནུས། ཡུལ་དེ་ན་ལྷ་འདྲེ་གདུག་པ་ཅན་འདུག་པའང་བཏུལ། དེ་ནས་ནཱ་རོ་ཆོས་དྲུག་གི་རྒྱབ་ཏུ་དགྱེས་པ་རྡོ་རྗེའི་རྒྱུད་གསན་པར་རི་བོར་རྔོག་གི་སར་བྱོན་ནས། རྒྱུད་གདམས་ངག་མང་དུ་གསན། དེ་ནས་བླ་མ་དོ་བའི་སར་བྱོན་ནས་བདེ་མཆོག་གི་དབང་དང་རྒྱུད་རྣམས་ལེགས་པར་གསན། དེ་ནས་རྟ་གཉིས་ཀྱིས་སྣ་དྲངས་པའི་འབུལ་བ་མང་པོ་ཁྱེར་ནས་ལྷ་སར་བྱོན་པས། སློབ་དཔོན་སྒོམ་པ་མ་ཕེབས་པ་ལ་རྨི་ལམ་བརྟགས་པས་མྱུར་དུ་འབྱོན་པར་ཤེས་ཤིང༌། མཇལ་མ་ཐག་འབུལ་བ་རྣམས་ཕུལ། སློབ་དཔོན་སྒོམ་པའི་ཞལ་ནས། ཁྱོད་ངའི་རྩར་སྡོད་ཅིག །མི་འདི་རྣམས་ཀྱི་ནང་ན་ཁྱོད་བསོད་ནམས་ཆེ་བ་ཅིག་འོང་གསུང༌། སྤྱིར་ན་བླ་མ་འདིས་ཡི་དམ་གྱི་ལྷ་གཟིགས་པ་དང༌། མཚན་ཐོས་པ་ཙམ་གྱིས་རྟོགས་པ་སྐྱེས་པ་དང༌། སྨྱོ་བ་བཏུལ་བ་ལ་སོགས་པའི་ཕྲིན་ལས་དཔག་ཏུ་མེད་པ་བྱུང་སྟེ། འདིར་ཕྱོགས་ཙམ་ཞིག་བརྗོད་པ་ཡིན་ནོ། །སྒམ་པོ་བའི་དངོས་སློབ་ཀྱི་སྐབསསོ། ། ། ། ༨.༦ སྤྲུལ་པའི་སྐུའི་རིམ་པ་དང་པོའི་སྐབས། རྗེ་སྒམ་པོ་བའི་བུ་ཆེན་དུས་གསུམ་མཁྱེན་པ་དེ་ནི། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་བྱམས་པའི་རྗེས་ལ། དེ་བཞིན་གཤེགས་པ་སེང་གེ་ཞེས་བྱ་བར་འགྱུར་བ་ཡིན་ལ། བསྐལ་བཟངས་ཀྱི་སངས་རྒྱས་ཐམས་ཅད་ཀྱང་མངོན་པར་རྫོགས་པར་སངས་རྒྱས་ནས། གཟོད་བྱང་ཆུབ་སེམས་དཔའི་ཚུལ་བསྟན་པར་དམ་པའི་ཆོས་པདྨ་དཀར་པོ་ལས་འབྱུང་བའི་ཕྱིར། དེ་དག་གི་སྐྱེས་པའི་རབས་ཀྱི་གྲངས་ནི་ས་བཅུ་པ་བ་རྣམས་ཀྱིས་ཀྱང་རྟོགས་པར་དཀའོ། །དེ་ལ་གྲགས་པའི་ཆ་འགའ་ཞིག་བརྗོད་དེ། སྔོན་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་པྲ་ཛྙཱ་ཨ་ལངྐཱ་ཞེས་བྱ་བ་དང༌། མཚོ་སྐྱེས་ཀྱི་སློབ་མ་ཀཱ་མ་དྷ་ནུ་དང༌། ཛམྦུའི་གླིང་གི་ལྷོ་ནུབ་ཀྱི་ཕྱོགས་སུ་དྷརྨ་བོ་དྷི་ཞེས་བྱ་བ་སྤྱན་རས་གཟིགས་ཀྱི་གྲུབ་པ་བརྙེས་པ་ཞིག་དང༌། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བཀའ་བློན་སློབ་དཔོན་པདྨས་དབང་བསྐུར་བས་དཔལ་རྟ་མགྲིན་གྱི་གྲུབ་པ་བརྙེས་པའི་རྒྱལ་བ་མཆོག་དབྱངས་དང༌། ཕྱིས་དགེ་བའི་བཤེས་གཉེན་པོ་ཏ་པ་རིན་ཆེན་གསལ་དང༌། དེ་གཤེགས་ནས་དུས་གསུམ་མཁྱེན་པར་གྱུར་པ་ཡིན་ཏེ། དེ་ཡང་མདོ་ཁམས་ཡུལ་གྱི་ཏྲེ་ཤོད་གངས་ཀྱི་ར་བར། ཡབ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་སྒོམ་པ་རྡོ་རྗེ་མགོན་དང༌། ཡུམ་རང་བཞིན་གྱི་རྣལ་འབྱོར་མ་ལྷ་ཐོག་གཟའ་སྒང་ལྕམ་མིང་འདྲེན་ཞེས་བྱ་བ་གཉིས་ཀྱི་སྲས་སུ་ལྕགས་ཕོ་སྟག་ལ་བལྟམས། དཔལ་ཕག་མོ་གྲུ་པ་དང་འཁྲུངས་ལོ་གཅིག །དགེ་འཕེལ་ཞེས་བྱ་བར་མཚན་གསོལ། ཡབ་ལ་རང་འབྱུང་རྒྱལ་མོའི་ཐུགས་ཀྱི་སྲོག་སྙིང་ཞུས་ནས་བསྒྲུབས་པས་རིང་པོར་མི་ཐོགས་པར་གྲུབ་པ་བརྙེས། བླ་མ་རྒྱ་གར་བཻ་རོ་དང༌། དཔལ་འཛིན་དང་ཞལ་མཇལ་ནས་གདམས་ངག་མང་དུ་གསན། བྲམ་ཟེ་མཆོག་སྲེད་ཀྱི་མགོན་པོ་ཞུས་ནས་བསྒྲུབས། བྲག་ལ་ཕྱག་ཞབས་ཀྱི་རྗེས་གསལ་བར་མཛད། བཅུ་དྲུག་བཞེས་པའི་ཚེ་རྔོག་ལེགས་ཤེའི་མཁན་དུ། རྔོག་ལོའི་སློབ་མ་ཏྲེ་བོ་མཆོག་གི་བླ་མ་དགུང་ལོ་བདུན་ཅུ་བཞེས་པ་ཞིག་ལ་མཁན་པོ་ཞུས། ཆག་སེང་གི་གྲགས་ཀྱིས་སློབ་དཔོན་མཛད་ནས་རབ་ཏུ་བྱུང༌། མཚན་ཆོས་ཀྱི་གྲགས་པར་གསོལ། ལོ་གཉིས་སུ་དགེ་འདུན་གྱི་གནས་གཞི་འཛུགས་པའི་ཕྱག་ལེན་མཛད། ཇོ་བོའི་སློབ་མ་ཡོལ་ཆོས་དབང༌། དེའི་སློབ་མ་ཀྲ་ར་བ་མཆེད་གཉིས་ལ་ཇོ་བོའི་ལུགས་ཀྱི་བདེ་མཆོག་གི་དབང་དང༌། གསང་སྔགས་ཀྱི་སྒྲུབ་ཐབས་མང་པོ་དང༌། མི་གཡོ་བ་ལ་སོགས་པ་ཇོ་བོ་ལུགས་མང་དུ་གསན། སྒྲུབ་པ་མཛད་པས་རང་རང་སོ་སོའི་གཞུང་ལྟར་གྲུབ་རྟགས་མང་དུ་བྱུང༌། དེ་ནས་བཅུ་དགུ་པ་ལ་དབུས་སུ་བྱོན། ཉི་ཤུ་པ་ལ་སྟོད་ལུངས་སེ་ཐང་དུ་ཕེབས། སྟོད་ལུངས་རྒྱད་མར་པ་དང༌། དེའི་སློབ་མ་བོད་སྐད་རིགས་གཅིག་པ་ལ་མཁས་པ་སློབ་དཔོན་ཕྱྭ་བ་གཉིས་ལ་བྱམས་ཆོས་དང་དབུ་མ་ཤེར་གསུམ་གསན་ཞིང་མཁས་པར་བསླབས། དེ་རྗེས་ཤར་པ་བ་དང༌། དེའི་སློབ་མ་རྣལ་འབྱོར་པ་ཤེས་རབ་རྡོ་རྗེ་གཉིས་ལ་ལོ་དྲུག་བརྟེན་ནས་བཀའ་གདམས་ཀྱི་ཆོས་མང་དུ་གསན་ཞིང༌། སྤ་ཚབ་ལོ་ཙཱ་བ་ལ་རིགས་ཚོགས་གསན། མཁན་པོ་མལ་འདུལ་འཛིན་པ་དང༌། ལས་སློབ་ཡེ་ཤེས་བློ་གྲོས་དང༌། གསང་སྟོན་མལ་གྱི་གཅུང་པོས་མཛད་དེ་བསྙེན་པར་རྫོགས་ནས་འདུལ་བ་མཁས་པར་བསླབས་ཏེ། གཞན་ལ་བཤད་པ་མཛད། བླ་མ་རྒྭ་ལོ་དང་ཁམས་པ་ཨ་སེང་གཉིས་རྒྱལ་ལྷ་ཁང་དུ་བཞུགས་པ་ལ་སྦྱོར་དྲུག་དང་མགོན་པོ་བྱ་གདོང་ཞུས། དགུང་ལོ་སུམ་ཅུ་པ་ལ་སྒམ་པོ་མཇལ་བཞེད་ནས་བྱོན་པས། དྭགས་པོ་བྲག་ཁ་ན་སློབ་དཔོན་སྒོམ་ཚུལ་དང་ཤ་བ་གླིང་པ་བཞུགས་པ་དང་མཇལ། སློབ་དཔོན་སྒོམ་པ་ལ་གདན་བཞི་གསན་ཞིང་སྒྲོལ་མ་དཀར་མོ་ཞལ་གཟིགས། དེ་ནས་སྒམ་པོར་བྱོན་ནས་ཆོས་རྗེ་ཁུ་དབོན་དང་མཇལ། དར་ལ་སོགས་པའི་མེ་ཏོག་ཕུལ་ནས་གདམས་པ་ཞུས་པས། བཀའ་གདམས་ཀྱི་ལམ་རིམ་ཅིག་གསུངས་ནས། ངས་ཀྱང་འདི་བསྒོམས་པས་ཁྱོད་རང་ཡང་འདི་བསྒོམས་གསུང༌། ཞུ་སྣ་དང་བདག་གཉེར་ཐམས་ཅད་སློབ་དཔོན་སྒོམ་པས་མཛད། དེ་ནས་རེ་ཞིག་ན་ཆོས་རྗེ་ལ་དབང་བསྐུར་ཞུས། ཐབས་ལམ་གྱི་གདམས་ངག་གནང་ནས་བསྒོམས་པས་ཞག་དགུ་ནས་བཙན་ཐབས་སུ་བདེ་དྲོད་འབར་ཏེ། རས་གོས་རྐྱང་ཅིག་གསོལ་ཞིང་བསྒོམས། ཟླ་བ་དགུར་ལག་པ་རྡུལ་དང་མ་བྲལ་བར་བསྒོམས་པས། སྒོམ་ཆེན་བརྒྱད་བརྒྱའི་ནང་ན་སྒོམ་སྲན་ཆེ་བར་གྲགས། ཏིང་ངེ་འཛིན་གྱི་ཡོན་ཏན་དཔག་ཏུ་མེད་པ་འཁྲུངས། ཆོས་རྗེས་ལུང་བསྟན་ནས་ཟངས་རི་ལ་སྒོམ་དུ་བྱོན་ཏེ། ཏིལ་ཕུག་ཏུ་ཟླ་བ་བཞི། ཕག་མོ་གྲུར་ཟླ་བ་གཅིག་དང་ཞག་ལྔ་བསྒོམས་པས་སེམས་ཀྱི་གནས་པ་ལ་རང་དབང་ཐོབ་པ་དང་རླུང་ཉམས་དཔག་ཏུ་མེད་པ་བྱུང༌། ལྷག་མཐོང་སྤྲིན་བར་གྱི་ཉི་མ་ལྟ་བུ་ཡང་བྱུང༌། སླར་བླ་མའི་སྤྱན་སྔར་བྱོན་ནས་དཀའ་ཐུབ་མཛད་ཅིང་ལོ་གསུམ་བཞུགས། ལོ་རེར་རས་ཆུང་པ་དང་མཇལ་ནས། ཆོས་དྲུག་དང་ཐུན་འཇོག་ལ་སོགས་ནཱ་རོ་མེ་ཏྲིའི་གདམས་པ་ཇི་སྙེད་པ་གསན། ཐབས་ལམ་དམར་ཁྲིད་དུ་མཛད་པས་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་འཕྲོད་པ་མེ་ལོང་ལ་བཞིན་མཐོང་བ་བཞིན་བྱུང༌། རྩི་མོ་ནམ་མཁའ་ལ་ཟབ་མོའི་གདམས་པ་ཞུས་པས་ཡོན་ཏན་འཁྲུངས། རོང་བ་འགར་དགེ་བའི་སློབ་མ་སྤེན་ཕུག་པ་སྟོན་རྒྱལ་ལ་རྡོ་རྗེ་ཕག་མོ། ཆོས་སྤྱོད། འགྲེལ་བ་རིན་ཆེན་རྒྱན་དྲུག་དང༌། དབང་བཞིའི་ཉམས་སྒོམ་ལ་སོགས་ཞུས། མེས་ཚོན་པོའི་སློབ་མ་རྐྱང་མོ་སྦང་ཁབ་ལ་དགྱེས་རྡོར་གདམས་བཤད་ཞུས། ཡར་ཀླུངས་ཕུག་མོ་ཆེར་གཤེན་པ་རྡོ་རྗེ་སེང་གེ་ལ་ལམ་འབྲས་ཞུས། བྲག་དཀར་མོ་བ་ལ་ཨ་རོ་སྙན་བརྒྱུད་ཞུས། དར་ཡུལ་བ་རལ་ལྕགས་སྟོན་ཚུལ་ལ་བདེ་མཆོག །དགྱེས་རྡོར། མ་ཧཱ་མཱ་ཡཱ་ལ་སོགས་རྒྱུད་ཀྱི་བཤད་པ་དང་གདམས་པ་མང་དུ་གསན་ནོ། །སྒམ་པོ་བས་ལུང་བསྟན་ནས་འོལ་ཁའི་བྲག་གུ་རི་བོ་ཆེའི་བྲག་ཕུག་ཅིག་ཏུ་བཞུགས་པས། བུད་མེད་གཅིག་ན་རེ། ངའི་མ་ཇོ་འོང་ངོ་ཁྱོད་མ་བཞུགས་ཟེར་བས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་གནད་དུ་བསྣུན་ཟླ་བ་བཅུ་བཞིར་བཞུགས་པས་དྲོད་ཀླུངས་སུ་ཚུད། རྟགས་ངོ་མཚར་ཅན་མང་དུ་བྱུང༌། ངེས་ཤེས་ཁྱད་པར་ཅན་སྐྱེས། དེ་ནས་ཆོས་རྗེ་བྱ་ལྐོག་དགོན་པ་ན་བཞུགས་སར་བྱོན་ནས་རྟོགས་པ་ཕུལ་བས། ཁྱོད་ཀྱི་དེ་ནོར་འདུག །ང་ཁྱོད་ལ་རེ་ཆེ་བ་ཡིན་པ་ལ་ད་དུང་བསྒོམས་གསུང་ནས་ཟླ་བ་དྲུག་བསྒོམས་པས་སྔར་གྱི་དེ་ལས་མ་འགྱུར་ནས། ཡང་ཞུས་པས། ཕྱག་སྤྱི་བོར་བཞག་ནས། བུ་འཁོར་བ་དང་འབྲེལ་ཆོད་པ་ཡིན་ནོ་གསུང་ནས། གནས་ལུགས་དོན་གྱི་ངོ་སྤྲོད་སེམས་ཉིད་ཡིད་བཞིན་ནོར་བུ་ངོས་གཟུང་བའི་གདམས་ངག་གནང༌། དེར་མུ་དཔོན་ལ་མཐོང་སྣང་བཟང་པོ་མང་དུ་བྱུང༌། སྒམ་པོ་བས་ལུང་བསྟན་ནས་ཚ་བྲེ་ལྔ་བསྣམས་ནས་མོན་གྱི་རྒྱལ་པོ་ག་ཐུང་གི་སར་བྱོན། དེས་ཡོན་བདག་བྱས་ནས་ཤ་འུག་སྟག་སྒོར་བྱོན་ནས་བཞུགས། འཁོར་འདས་དབྱེར་མེད་ཀྱི་རྟོགས་པ་བརྙེས། དེ་ནས་སྒམ་པོར་བྱོན་ནས་ལོ་གཅིག་བཞུགས། དེ་ནས་གནང་བ་ཞུས་ནས་རྒྱལ་ཁམས་སྐོར་དུ་བྱོན་ཏེ་སྦ་གྲོར་བྱོན། དེ་ནས་ལས་སྟོད་ན་ས་ཕུག་ཅིག་ན་མི་ལའི་དངོས་སློབ་དགེ་ཚུལ་སྐུ་མཆེད་གཉིས་འདུག་པ་ལའང་གདམས་པ་ཞུས། དེ་ནས་འཕན་ཡུལ་བྱ་བཟང་གི་བྲག་ལ་དབྱར་དགུན་གསུམ་བཞུགས། བྲག་ལ་ཐོགས་པ་མེད་པའི་མངོན་ཤེས་རྫུ་འཕྲུལ་བསྟན་པས་བླ་མ་བྲག་པར་གྲགས། ཡང་གངས་དཀར་ལ་སོང་གསུང་ནས་གངས་དཀར་དུ་བྱོན། པདྨའི་བཞུགས་གནས་ཕ་བོང་དཀར་ལེབ་ཏུ་ཟླ་བ་བཞི་བཞུགས་ཏེ་མཁའ་འགྲོ་མས་འཚོ་བ་དྲངས། དེ་ནས་སྙེ་མོའི་འཕྲང་ན་མར་བྱོན་པས་མཁའ་འགྲོ་མས་ནང་དུ་ཁྲིད་འཚོ་བ་དྲངས། དེ་ལ་བརྟེན་ནས་ཏིང་ངེ་འཛིན་དཔག་ཏུ་མེད་པ་སྐྱེས། དེ་ནས་གཞུ་སྙེའི་བར་རྫོང་བྱ་བའི་དགོན་པ་ན། ནཱ་རོ་བའི་དངོས་སློབ་ཅིག་བཞུགས་པ་དང་མཇལ། མངོན་པར་ཤེས་པ་མང་དུ་གསུངས། ཕྱག་ཆེན་ཐོག་བབས་དང་ཐབས་ལམ་གྱི་མན་ངག་མང་དུ་ཞུས། བླ་མ་ལྷ་རྗེ་ཅི་གསུང་གྱིས་གསུང་པའི་ཞལ་བརྡའང་མང་དུ་གནང༌། དེ་ནས་ལྷ་རི་རྒྱན་པོ་དང་ཇུག་པོར་ཡང་བྱོན། གཡག་སྡེ་དང་འཕན་ཡུལ་རྣམས་སུ་བྱོན། དེ་ནས་གྲུ་བཞི་དགོན་དུ་བཞུགས། དེ་ནས་སྒམ་པོར་བྱོན་པས་རྫོང་བའི་སྤྱན་སྔར་བྱོན་པ་སོགས་ཐམས་ཅད་ཚུར་ལ་གསུང༌། དེར་དབྱར་ཐོག་གཅིག་བཞུགས། དེ་ནས་ཀམ་པོ་གནས་ནང་དུ་སྒྲུབ་པ་གྱིས། འགྲོ་དོན་ཆེན་པོ་འོང་གསུང་པ་གནང༌། དེ་ནས་ཆུ་བོ་རི་དང་གྲུ་བཞི་མར་བཞུགས། དེར་སྒམ་པོ་བ་གཤེགས་པའི་གཏམ་གསན་ནས་བྱོན་པས། སློབ་དཔོན་སྒོམ་པ་དང་འཕགས་པ་དང་མཇལ། ཆོས་རྗེའི་ན་བཟའ་ལ་འཇུས་ནས་གསོལ་བ་བཏབ་ཅིང་ངུས་པས། ཆོས་རྗེ་ནམ་མཁའ་ལ་མངོན་སུམ་དུ་བྱོན་པ་དཔོན་སློབ་གསུམ་གས་མཐོང༌། དེ་ནས་གྲུ་བཞི་དགོན་དུ་བྱོན་པའི་ཚེ། ཀམ་པོ་གནས་ནང་དུ་འབྱོན་དགོངས་ཙ་ན། ཀམ་པོ་རྡོ་རྗེ་དཔལ་རྩེགས་ཀྱིས་ཀྱང་བསུ་བ་ལ་སླེབ། དེ་ནས་རྟ་ཁྲབ་འགའ་བསྣམས་ནས་སློབ་དཔོན་སྒོམ་པ་ལྷ་ལུང་ན་བཞུགས་པ་ལ་ཕྱི་ཕྱག་ལ་བྱོན། འཚུར་ངོས་བཟངས་སུ་ཅུང་ཟད་བཞུགས། སྤྱིར་དབུས་གཙང་དུ་ལོ་སུམ་ཅུ་བཞུགས་ནས་ཐོས་བསམ་དང་སྒྲུབ་པ་མཛད། ལྔ་བཅུ་པ་ལ་ཁམས་སུ་བྱོན་ནས་ཀམ་པོ་གནས་ནང་དུ་བཞུགས། དེ་ནས་ཏྲིར་བྱོན་དགེ་འདུན་སྟོང་ཙམ་འདུས། ཡུལ་དེར་འཁྲུག་པ་རང་ཞིར་མཛད། སྒམ་པོར་གཡུ་ཆེན་བདུན་དང་ཇ་མཛོ་བདུན་ཅུ་ལ་སོགས་པའི་འབུལ་བ་བསྐུར། དེ་ནས་ལྷོ་རྒྱུད་ལ་བྱོན་ཏེ། དབུ་སུ་བྱོན་ནས་སྒམ་པོར་གསེར་འབུལ་ཚར་བཞི། མདོ་མངས་ཚར་གཅིག །གླེགས་བམ་བརྒྱ་དང་བཅུ། གཡུ་ཆེན་བཅུ། མཛོ་རྟ་ལྔ་བཅུ་ལ་སོགས་པ་ཕུལ། དབུས་གཙང་གི་སྡེ་དགོན་རྣམས་སུའང་ཚོགས་གསོག་རྒྱ་ཆེན་པོ་མཛད། ཁོ་བོ་དབུས་སུ་འོངས་པའི་དགོས་པ། སྒོམ་ཚུལ་གྱི་ཞལ་ནས་ཁྱོད་ཁམས་སུ་སྐྱིད་སྡུག་ཅི་བྱུང་ཡང་ཡར་ཤོག་གསུང་བའི་བཀའ་སྒྲུབ་པ་དང༌། གཞུ་འཚུར་གྱི་བར་འདི་དགོན་པ་འདེབས་པ་དང༌། དྭགས་ལྷ་སྒམ་པོར་གསེར་གྱི་གླེགས་བམ་བརྒྱ་འབུལ་བ་དང༌། བླ་མ་ཞང་གི་འཁྲུག་པ་ལ་མི་རྣམས་མི་དགའ་བར་འདུག་པས། ཁོང་ལ་འཁྲུག་པ་མི་མཛད་པའི་ཞུ་བ་འབུལ་བ་རྣམས་ལ་འོངས་པ་ཡིན་གསུང༌། ཞང་ལ་འཁྲུག་པ་མི་མཛད་པར་ཞུས་པས། ཞང་གིས་ཕྱག་མཛུབ་ལ་འཇུས་ནས་བྲོ་མང་དུ་བརྡུངས་ནས་དེ་ཕྱིན་ཆད་འཁྲུག་པ་མ་མཛད། འཚུར་ཕུར་དགོན་པ་ཡང་བཏབ། དེ་ནས་སྐུ་འདའ་ཁར་འཁོར་བ་བགྲེས་པ་རྣམས་ལ་དངོས་པོ་མང་དུ་ཡོད་པ་རྣམས་ཀྱིས་དཀོན་མཆོག་གི་རྟེན་དང་དགེ་འདུན་ལ་བསྙེན་བཀུར་གྱིས་གསུང་བའི་ཞལ་བཀོད་གནང་ནས། ཆུ་མོ་གླང་གི་ལོ་བརྒྱད་ཅུ་རྩ་བཞི་བཞེས་པ་ལ་མཁའ་འགྲོ་མ་མང་པོས་བསུ་བ་མཛད་དེ་གཤེགས། ངོ་མཚར་བའི་ལྟས་ཀྱང་དུ་མ་ཞིག་བྱུང་སྟེ་རྒྱས་པར་མ་སྤྲོསསོ། ། དེའི་སློབ་མ་སངས་རྒྱས་རས་ཆེན་ནི། གདུང་རུས་གྲུ་གུ། ཡུལ་ཡར་ཀླུངས་སུ་ཡབ་གཙང་བ་དཔལ་གྲགས་དང༌། ཡུམ་བཙུན་ཆུང་མ་བྱ་བའི་སྲས་སུ་འཁྲུངས་ནས། བྱིས་པའི་དུས་ནས་གར་འབྱོན་དུ་འཇའི་གུར་འོང་བ་དང༌། མཁའ་འགྲོ་མ་གསེར་གྱི་རྒྱན་ཅན་བཞི་རྗེས་སུ་འབྲང་བ་ཡོད། ལོ་དགུ་བཞེས་པའི་ཚེ་ཟངས་རི་རས་པའི་སར་བྱོན་ནས་རས་ཆུང་པ་ལས་བྱུང་བའི་གདམས་པ་རྣམས་གསན་པས། བདེ་གསལ་མི་རྟོག་པའི་ཉམས་ཁོར་ཡུག་ཏུ་ཤར། ན་བཟའ་རས་རྐྱང་དུ་མཛད་པའི་རས་ཆེན་དུ་གྲགས། བཅོ་ལྔ་བཞེས་པ་གདམས་པ་ཅུང་མ་ཚར་བ་ལ་ཟངས་རི་པ་སྐུ་གཤེགས། དེར་ངའི་གདམས་ངག་མ་རྫོགས་པར་ཆོས་རྗེ་སྐུ་འདའ་བར་འདུག་བྱས་ནས་བཤུམས་པས། ད་རྒྱ་སྒོམ་ལ་གཏུགས། ཇི་ལྟར་བྱས་ཀྱང་བདེ་བར་འོང་གིས་གསུང༌། དེ་ནས་ཕག་མོ་གྲུ་པ་དང་མཇལ་ཞིང་ཆོས་ཞུས། དེ་ནས་དོལ་དུ་འཚུར་དབང་ངེ་ལ་གསར་རྙིང་གི་གདམས་པ་མང་དུ་ཞུས །རྡོ་རྒྱུས་བྲག་ལ་བསྒོམས་པས་རྗེ་བཙུན་མ་ཞལ་གཉིས་མའི་ཞལ་གཟིགས། ཐུགསས་གཏད་པ་ཙམ་གྱིས་ནད་གདོན་ཞི་བ་ཡང་བྱུང༌། དེ་ནས་གཉལ་དུ་གཙང་སྟོན་དཀོན་ནེ་ཡབ་སྲས་ལ་ཆོས་མང་གསན། དེའི་ཚེ་སུ་ཁ་སིདྡྷི་ཞལ་གཟིགས། ཟ་ཆུ་འདུས་སུ་སྒམ་པོ་བའི་སློབ་མ་དང་མ་ཤེས་རབ་བྱས་བ་འོད་གསལ་རྒྱུན་ཆད་མེད་པ་ཅིག་བཞུགས་པ་ལ་དབང་དང་གདམས་པ་མང་དུ་ཞུས། གཉལ་གྱི་གྲོག་ཕུགས་ཤེད་དུ་བསྒོམས་པས་སྤྱན་དང་མངོན་པར་ཤེས་པ་ཤར། དེ་ནས་ཡར་ཀླུངས་སུ་བྱོན་ནས་རྗེ་སྒོམ་ཞིག་པོ་ལ་བི་མ་ལའི་གདམས་པ་མ་ལུས་པ་ཞུས། དེར་ཡུལ་གྱིས་ཐུགས་དམ་ལ་གནོད་པར་དགོངས་ནས། གཡེར་ཐོད་པ་བསམ་གྲུབ་ལ་ཇོ་མོའི་གདམས་པ་གཅོད་རྣམས་ཞུས། དེ་ནས་ཀོང་པོར་བྱོན་བླ་མ་མངའ་རིས་པ་དང་མཇལ། གདམས་པ་མང་དུ་གསན། སྤོ་བོར་གཉལ་པ་ཇོ་སྲས་ལ་ཕག་མོ། ཆོས་དྲུག་ལ་སོགས་པ་དང༌། ཁྱད་པར་མགོན་པོ་བེར་ནག་ཅན་ཞུས་ཤིང་ཞལ་ཡང་གཟིགས། ཡར་ཀླུངས་ནས་ཡུམ་གྱིས་རོ་ཟན་ནག་པོ་བྱ་བ་ཞིག་འབོད་དུ་བཏང་བྱུང་བ་ལ་མ་བྱོན་པར། ཚ་བ་སྒང་དང་དམར་ཁམས་སུ་བྱོན་པས་དེ་རྣམས་སུ་་སྐུ་བསོད་སྐྱེས། སྔགས་གྲྭ་བཙུགས་ནས་འཁྲུག་གདུམས་མང་དུ་མཛད། དེ་ནས་ཀམ་པོ་གནས་ནང་ན་དུས་གསུམ་མཁྱེན་པ་བཞུགས་པ་ཐོས་ནས། ཞལ་བལྟ་བ་དང་བྱིན་རླབས་ཞུ་བ་ཙམ་བྱ། ཆོས་ཞུ་རྒྱུ་ནི་མེད་བསམ་ནས་བྱོན་པའི་ཚེ། དགེ་བསྙེན་རྡོ་རྗེ་དཔལ་རྩེགས་ཀྱིས་བསུ་བ་བྱས། དུས་གསུམ་མཁྱེན་པ་དང་མཇལ། དེའི་ཚེ་དུས་གསུམ་མཁྱེན་པའི་ཞལ་ནས། ཁྱོད་སྔགས་ཆུང་ཤེས་རབ་ཅན་ཅིག་འདུག་པས་ངའི་སློབ་མ་བྱས་ན་འོང་གསུང༌། ཁྱེད་ལ་སློབ་མ་ཅི་འདྲ་ཡོད་ཞུས་པས། འབའ་ཚ་སྟག་ངེལ་བ་དང༌། འདེ་ཆུང་སངས་རྒྱས་ལ་སོགས་པ་ཡོད། ཁྱོད་རང་དེའི་རྩར་སོང་གསུང་བས། འདེ་ཆུང་སངས་རྒྱས་ཀྱི་སར་ཕྱིན་པས། ཁྱོད་སྔགས་ཆུང་ཤེས་རབ་ཅན་ཅིག་འདུག་པས་ངའི་བླ་མའི་སློབ་མ་བྱས་ན་འོང་གསུང་ཞིང༌། ད་འབལ་ཚ་སྟག་ངེལ་བའི་སར་སོང་གསུང༌། བྱོན་པས་ཕུག་པ་ཅིག་ན་སྟག་ཆེན་པོ་ཅིག་འདུག་པས་སྐྲག་སྟེ་བྲོས་བྱོན་པས། ཡང་སོང་དང་ཟེར་ནས་ཕྱིན་པས། མཚོ་ཅིག་འདུག་པ་ལ་བསྐོར་ཞིང་རྡེའུ་འགའ་ཡར་སྐྱུར་ནས་བྱོན། ཡང་ད་དུང་སོང་དང་ཟེར་ནས་ཕྱིན་པས། སྒོམ་ཆེན་ཅིག་འདུག་པ་དེའི་པང་ན་སྔར་སྐྱུར་བའི་རྡེའུ་རྣམས་འདུག །དེ་ན་རེ། ཡང་ཁྱོད་སྔགས་ཆུང་ཤེས་རབ་ཅན་ཅིག་འདུག་པས་ངའི་བླ་མའི་སློབ་མ་བྱས་ན་འོང་བ་ལ་གསུང་པས། སློབ་མའི་ཡོན་ཏན་ཡང་འདི་འདྲ་ན་བསམ་ནས། སླར་དུས་གསུམ་མཁྱེན་པའི་དྲུང་དུ་བྱོན་ནས་གདམས་པ་རྣམས་གསན་ཏེ། ལོ་བདུན་དུ་དབུ་སྔས་ལ་མི་འཇོག་པའི་དམ་བཅའ་མཛད། གདམས་པའི་ཕུ་ཐག་ཆོད། ཆོས་རྗེ་རིན་པོ་ཆེའི་ཞལ་ནས། དབུས་བརྙེད་པ་ཚོལ་བ་ཅིག་ལ་ཁྱོད་དང་སློབ་དཔོན་བཀའ་གདམས་པ་གཉིས་རྙེད་པ་ཆེ་གསུང་བ་བཞིན་དུ། གཅིག་པུར་བཞུགས་དབང་མེད་པར་ཕྲིན་ལས་ཀྱི་མཐའ་རྒྱས་པར་གྱུར། སློབ་དཔོན་བཀའ་གདམས་པའི་དྲུང་དུ་ཡང་ལོ་གསུམ་བསྒོམས། སྔར་དུས་གསུམ་མཁྱེན་པའི་ཡང་རབ་ཏུ་འབྱུང་བར་འོས་པའི་བཀའ་ཡོད་པ་དང༌། སློབ་དཔོན་བཀའ་གདམས་པས་བསྐུལ་བ་ལ་བརྟེན་ནས། ལོ་སོ་བདུན་པ་ལ་མཁན་པོ་མ་དྲེལ་བ་དང་སློབ་དཔོན་བཀའ་གདམས་པ་ལ་ཆིག་རྫོགས་མཛད། མཚན་བསོད་ནམས་གྲགས་པར་བཏགས། དེ་ནས་ཀར་མ་རིན་པོ་ཆེ་དང་མཇལ་ནས་ལོ་གསུམ་བཞུགས། དུས་གསུམ་མཁྱེན་པ་དབུས་སུ་བཞུད་པ་ལ་ཏྲེ་ཤོད་རྣ་རྒྱང་བར་དུ་སྐྱེལ་ཐུང་མཛད། དེ་ནས་དམར་ཁམས་སུ་བྱོན་ནས་འགྲོ་དོན་རྒྱ་ཆེན་པོ་མཛད་པའི་སྐབས་ཞིག་ཏུ་ཆོས་རྗེ་དུས་གསུམ་མཁྱེན་པ་སྐུ་གཤེགས་པ་ཡང་མཁྱེན། ཕྱིས་གདན་སའི་ཞབས་ཏོག་ཀྱང་ཆེར་མཛད། བླ་མ་དང་གྲུབ་ཐོབ་དང་ཡི་དམ་གྱི་ཞལ་གཟིགས་པ་རྣམས་ནི་བརྗོད་ཀྱིས་མི་ལང༌། འགྲོ་དོན་ཕུན་སུམ་ཚོགས་པའི་མཐར་དགུང་ལོ་བདུན་ཅུ་བཞེས་པ་དབྱར་ཟླ་ར་བའི་ཉི་ཤུ་ལྔ་ལ་ཞིང་དག་པར་གཤེགས། དེའི་རྗེས་སུ་ཡང་སློབ་མ་རྣམས་ལ་སྐུའི་བཀོད་པ་སྣ་ཚོགས་སུ་བསྟན་ཏོ། །གདུང་སྦྱངས་པས་ལྷ་སྐུ་དང་རིང་བསྲེལ་ཡང་མང་དུ་བྱོན་ནོ། ། དེའི་སློབ་མ་ནི་ཆོས་རྗེ་སྦོམ་བྲག་པ་ཡིན་ཏེ། དེ་ནི་སྐྱེ་བ་སྔ་མ་ལ་བྱ་རྒོད་ཕུང་པོའི་རི་དང་རྡོ་རྗེ་གདན་གྱི་བར་དུ་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་ཡེ་ཤེས་བློ་གྲོས་བྱ་བར་སྐྱེ་བ་བཞེས། དེ་ནས་འདིར་འབྲི་རྒྱལ་དམ་པ་ཆོས་ཕྱུག་ཅེས་བྱ་བར་འཁྲུངས། ལོ་ལྔ་ནས་བྲི་ཀློག་མཁས་པར་མཁྱེན། དགུང་ལོ་དགུའི་སྐོར་དུ་བླ་མ་གཉན་ལྷ་ཁང་སྒང་བ་ཡབ་སྲས་ལ་བདེ་དགྱེས་ལ་སོགས་པ་གསང་སྔགས་ཀྱི་ཆོས་མང་དུ་གསན། བཅུ་བཞི་བཞེས་པ་ལ་རས་ཆེན་པོའི་ཡོན་ཏན་དུ་མ་ཐོས་ནས་དད་པ་སྐྱེས་པ་ཙམ་གྱིས་ཏིང་ངེ་འཛིན་གྱི་སྒོ་དུ་མ་འཁྲུངས། ལན་ཅིག་མནལ་ལམ་དུ་བུད་མེད་དམར་མོ་གཟུགས་རིང་བ་བུ་མོ་མང་པོས་བསྐོར་བ་ཞིག་ན་རེ། ཁྱོད་ཀྱི་བླ་མ་སངས་རྒྱས་རས་ཆེན་ནི་དྭགས་པོ་སྒོམ་ཆུང་གི་སྐྱེ་བ་ཡིན་ཞེས་ལུང་སྟོན་པ་བྱུང༌། དེ་ནས་ཞག་བཅུ་ཙམ་ན་འབོབས་དཀར་སྒང་དུ་སངས་རྒྱས་རས་ཆེན་དང་མཇལ་བས། ཕྱག་ན་རྡོ་རྗེ་དངོས་ཡིན་པའི་སྣང་བ་ཤར། སྣུབས་སྟོན་ཚུལ་གྱི་ཞོར་ལ་རྗེ་བཙུན་མའི་དབང་ཞུ་བས། བྱིན་རླབས་ཕབ་པའི་དུས་སུ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྗེ་བཙུན་མའི་དཀྱིལ་འཁོར་དུ་གསལ་བ་ཅིག་བྱུང༌། བླ་མའི་ཞལ་ནས། མཆོད་ཆུང་འདིས་ངའི་དབང་བསྐུར་ཐོབ་པ་ཡིན་གསུང་ནས་དེ་ཕྱིན་ཆད་ཕ་དང་བུ་བཞིན་དུ་ཐུགས་ལ་གཏགས། དེ་ནས་ཀུངས་དགོན་པར་བཞུགས་པའི་ཚེ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གཟིགས་པ་དེ་ལ་ཡེངས་ཐབས་སུ་གྱུར་པ་ལ། སེམས་ཀྱི་གནས་ལུགས་རྟོགས་པའི་རྟོགས་པ་འཁྲུངས། དེ་ནས་མྱུར་པོར་སྒོམ་མེད་ཀྱི་རྟོགས་པ་འཁྲུངས། ས་གཞན་དུ་འགྲོ་བར་ཞུས་པས་མ་གནང༌། གནས་སྐབས་དག་ཏུ་ལྷ་དང་ཆོས་སྐྱོང་གི་གཟིགས་སྣང་ལ་སོགས་པ་གྲངས་མེད་པ་བྱུང༌། རས་ཆེན་མྱ་ངན་ལས་འདའ་ཁར་ཁྱེད་ཀྱི་བསྟན་པ་སུས་འཛིན་ཞུས་པས། ངའི་སློབ་མ་རྣམས་རང་མགོ་ཐོན་ཙམ་རེ་ནི་ཡོད། དེའི་ནང་ནས་ཀྱང་ཁྱོད་དང་བློ་གྲོས་རིན་ཆེན་གཉིས་ལ་རེ་ཆེ་བ་ཡིན། དེའི་ནང་ནས་ཀྱང་ཁྱོད་ལ་ཕྲིན་ལས་རྒྱ་ཆེན་པོ་འོང་བ་ཡིན། ཁྱོད་ཀྱི་བུ་སློབ་དང་ཡང་སློབ་ཀྱི་བར་དུ་ཡང་ཕྲིན་ལས་རྒྱ་ཆེན་པོ་འོང་བ་ཡིན་གསུང་བ་བཞིན་དུ་ཕྲིན་ལས་དཔག་ཏུ་མེད་པ་བྱུང་བ་ཡིན་ནོ། །ས་གཞན་དུ་འགྲོ་འདོད་བྱུང་བའི་ཚེ་དུས་གསུམ་མཁྱེན་པ་བྱོན་ནས། གར་ཡང་མ་འགྲོ་ས་འདི་ཉིད་དུ་བསྒོམས་དང༌། རང་དོན་གཞན་དོན་གཉིས་ཀ་འབྱུང་ཞེས་ལུང་བསྟན་པ་བཞིན་དུ། སྤེལ་སྒོ་དགོན་པར་ཕྱགས་ཕབ་ནས་ལོ་བཅུ་དྲུག་ཏུ་སྒྲུབ་པ་མཛད་པས་དག་པའི་སྣང་བ་བསམ་གྱིས་མི་ཁྱབ་པ་ཤར། སྙན་པས་ཕྱོགས་ཐམས་ཅད་དུ་ཁྱབ་བོ། །ཀ་ཐོག་གི་གཙང་སྟོན་དེ་སྙན་པ་ཆེ་བས་འདི་ཇི་འདྲ་བ་ཞིག་ཡིན་ནམ་དགོངས་པ་ལ། ཐུགས་འདུན་བཏང་བས་ཁོང་ནམ་མཁའ་དག་པའི་དབྱིངས་ན་ལོངས་སྤྱོད་རྫོགས་པའི་སྐུར་འདུག་པ་གཟིགས་ནས། གཙང་སྟོན་ལ་ཆོས་གསན་པས་མཁྱེན་པ་རྒྱས་པར་གྱུར། དེ་ནས་ཁྲ་ཤོད་སྤོམ་བྲག་ཏུ་དགོན་པ་གཟུང༌། དེར་སངས་རྒྱས་མི་འཁྲུགས་པ་དཔག་ཏུ་མེད་པ་གཟིགས་ཤིང་ལྟས་ངོ་མཚར་ཅན་མང་པོ་བྱུང༌། དེ་ནས་སངས་རྒྱས་རས་ཆེན་གྱི་ཞལ་ནས། དམར་ཁམས་སྒང་དུ་མ་འགྲོ་གསུང་བ་ལ། དེར་བྱོན་པས་སྐུ་ཁམས་ཅུང་ཞིག་མ་བདེ་བའི་ཚེ་བླ་མ་ཀར་མ་པ་ཞབས་ཏོག་ཏུ་ཡོད་པ་ལ། ད་ལན་གྱི་ནད་འདིས་ཁོ་བོ་འགྲོ་དགོས་པར་འདུག །སངས་རྒྱས་རས་ཆེན་གྱི་ཞལ་ནས་དམར་ཁམས་སྒང་དུ་མ་འགྲོ་གསུང་བའི་གསུང་བཅག་པས་ལན། འོན་ཀྱང་ང་ལ་ཤི་བ་དང་མ་ཤི་བ་ཁྱད་མེད་གསུང༌། མྱ་ངན་ལས་འདའ་ཁར་རྗེ་ཀར་མ་པ་ལ། རྗེ་དུས་གསུམ་མཁྱེན་པའི་བསྟན་པ་དར་རྒྱས་སུ་བྱའོ་སྙམ་ནས་ཅི་ནུས་བྱས། ད་དུས་གསུམ་མཁྱེན་པའི་བསྟན་པ་འདི་འཚུར་ཕུ་མན་ཆད་དུ་ཁྱོད་ཀྱིས་སྐྱོངས་ཤིག་ཅེས་ཞལ་བརྡ་མཛད། གང་དུ་གཤེགས་ཞུས་པས། དགའ་ལྡན་དུ་འགྲོ་བས་དེར་ཁྱེད་རང་རྣམས་གསོལ་བ་ཐོབ། འོན་ཀྱང་ཀརྟི་ཀའི་ཡུལ་ན་དུས་གསུམ་མཁྱེན་པའི་རྣམ་འཕྲུལ་ཞིག་བཞུགས་པས། དེའི་གདན་ས་ཡང་ཡུན་རིང་དུ་བྱེད་གསུང༌། ཀར་མ་པས་ཁོ་བོ་ལ་ཁྱེད་ཀྱི་ཕྲིན་ལས་ཙམ་འོང་ངམ་ཞུས་པས། བཀའ་བརྒྱུད་འདི་བླ་མ་བས་སློབ་མ་ཕྲིན་ལས་ཆེ་བས། ཁོ་བོ་ཡན་ཆད་ཀྱི་བཀའ་བརྒྱུད་ཀྱི་ཕྲིན་ལས་ཐམས་ཅད་བས་ཁྱོད་ཕྲིན་ལས་ཆེ་བ་འོང་གསུང༌། དེར་ས་ག་ཟླ་བ་ལ་གཤེགས། ས་གཡོ་བ་དང་འུར་འུར་གྱི་སྒྲ་ཆེན་པོ་འབྱུང་བ་ལ་སོགས་པའི་ལྟས་དང༌། ཐུགས་ལྗགས་ལ་སོགས་པའི་རྟེན་ཡང་མང་དུ་བྱོན་ནོ། ། དེའི་སློབ་མ་རིན་པོ་ཆེ་ཀར་མ་པ་དེ་ནི་འབྲི་ལུང་དམ་ཆོས་ཕྱུག་ཏུ་བཙད་པོ་ཨུའི་རིགས། ཡབ་རྒྱ་དབང་ཚུར་ཚ་སྤྲད་དར་དང༌། ཡུམ་སེང་གཟའ་མང་སྐྱིད་གཉིས་ཀྱི་སྲས་སུ། དུས་གསུམ་མཁྱེན་པ་གཤེགས་ནས་ལོ་བཅུ་སོང་བ་ཤིང་ཕོ་བྱི་བའི་ལོ་ལ་སྐུ་བལྟམས། ལོ་འདི་ལ་ཁ་ཆེ་པཎ་ཆེན་བོད་དུ་བྱོན། མཚན་ཆོས་འཛིན་ཏུ་བཏགས། ལོ་ལྔ་དྲུག་ནས་ཡིག་ཀློག་མཁས་པར་མཁྱེན། ལོ་དགུ་དང་བཅུ་པ་ལ་སངས་རྒྱས་ཀྱི་གསུང་རབ་མཐའ་དག་ལ་ཀློག་པ་ཙམ་གྱིས་ཐུགས་སུ་ཆུད། སེམས་ཉིད་གཤིས་འགྱུར་བ་མེད་པ་ལ་རང་བཞིན་དུ་གནས་པ་རྒྱ་མཚོ་ལྟ་བུ་བྱུང་ཡང༌། ངོ་ཅུང་ཟད་མ་མཁྱེན་པ་ན་རིན་པོ་ཆེ་སྦོམ་བྲག་པས་ངོ་སྤྲད་དེ། སྤོམ་བྲག་པ་དང་མཇལ་བའི་དུས་སུ། བླ་མའི་ཞལ་ནས། དེ་རིང་ནམ་མཁའ་ལ་དཔའ་བོ་མཁའ་འགྲོ་སྤྲིན་གཏིབས་པ་བཞིན་སྣང༌། ཁྱོད་མཁའ་འགྲོས་བྱིན་གྱིས་བརླབས་པ་ཅིག་འདུག་གསུང༌། དེ་ནུབ་དབང་མཛད་པས་ཁྱོད་ལས་ཅན་ཅིག་འདུག །དུས་གསུམ་མཁྱེན་པ་ལ་སོགས་པའི་བཀའ་བརྒྱུད་ཀྱི་བླ་མ་རྣམས་གསལ་བར་བྱོན། ད་ངའི་ཆོས་འདི་ཚོ་ཉམས་སུ་ལོང་གསུང༌། དེ་ནས་ཀ་ཐོག་པ་བྱམས་པ་འབུམ་དང༌། ལྕང་མང་ཕུ་བ་ལ་སོ་སོར་ཐར་པའི་བསླབ་པ་མནོས། མཚན་ཆོས་ཀྱི་བླ་མར་གསོལ། རིན་པོ་ཆེ་ལ་ཁྲིད་ཞུས་པའི་ཚེ་འབུམ་ཚར་གཅིག་གི་ཀློག་ཡོན་ཕུལ་བས། ཁྲ་ཤོད་སྤོམ་རག་སྣ་འདི་ནོར་གྱིས་བཀོད་ནས་ཕུལ་བས། སྒོམ་ཆེན་སེམས་ངོ་ཤེས་པ་ཅིག་དགའ་གསུང༌། ལོ་བཅུ་བར་མེད་པར་ཉམས་ལེན་བསྐྱངས། ལྷ་དང་འཇིག་རྟེན་གྱི་ལྷ་འདྲེ་དུ་མས་ཞབས་ཏོག་བྱེད་པ་གཟིགས། ཁམས་སུ་གྲྭ་པ་ལྔ་བརྒྱ་ཙམ་བསྡུས་ནས་ཆོས་གསུངས། ལྗང་ཡུལ་གྱི་བར་དུ་དྲག་པོའི་ལས་ཀྱི་ནུས་པ་བསྟན་ནས་ལམ་རྒྱ་བཙུགས། འཚུར་ཕུར་བྱོན་ནས་ལོ་དྲུག་ཏུ་བཞུགས། གངས་དཀར་མ་དང་ཐང་ལྷ་ལ་སོགས་པའི་ལྷ་ཆེན་པོ་རྣམས་ཀྱིས་ཀྱང་བྲན་གྱི་ལས་བྱས། སྙན་པའི་གྲགས་པ་ཤིན་ཏུ་ཆེ་བའི་ཚེ་ཧོར་རྒྱལ་པོས་གསེར་ཡིག་པ་བཏང་ནས་གདན་འདྲེན་བྱུང་བས། རྒྱ་ཡུལ་དུ་བྱོན། ལམ་དུའང་དགེ་འདུན་གྱི་ཞབས་ཏོག་དང༌། གཙུག་ལག་ཁང་ཞིག་པ་འཆོས་པ་ལ་སོགས་པའི་བྱ་བ་མང་པོ་མཛད། རྒྱལ་པོ་འཁོར་དང་བཅས་པ་ལ་སེམས་བསྐྱེད་གནང་ནས་བླ་ན་མེད་པའི་བྱང་ཆུབ་ལ་བཙུད། རྒྱ་དང་ཧོར་གྱི་ས་ཆ་རྣམས་སུ་བྱོན། ཁྱད་པར་མི་ཉག་འགའི་ཡུལ་དུ་གཙུག་ལག་ཁང་ཆེན་པོ་ཞིག་བརྩིགས། ཆོ་འཕྲུལ་བསྟན་པ་ཡང་མང་དུ་མཛད། མུ་སྟེགས་དང་མུན་པར་གནས་པའི་ལྟ་བ་ངན་པ་འཛིན་པ་མང་པོའང་ཡང་དག་པའི་ལམ་ལ་བཀོད། དེ་ནས་ཡང་ཕྱིས་རྒྱའི་ཡུལ་དུ་རྒྱལ་ཁམས་འཁྲུགས་པའི་ཚེ་བྱོན་པས། རྒྱ་མཚོའི་མཐར་སྐྲོད་པ་ལ་སོགས་པའི་ཚུལ་མ་ཡིན་པ་མངཔོ་བྱུང་བ་རྣམས་བཟློག་སྟེ་ཟིལ་གྱིས་མནན་པས། ཀར་མ་པའི་སྙན་པ་ཇེ་ཆེར་སོང༌། ཁྱད་པར་མཁར་ཅིག་གི་ནང་དུ་བཅུག་ཁྲོ་ཆུས་སྒོ་བསྡམས་ནས་གསོལ་ཟས་མེད་པར་བཞག་ཀྱང་ཉམ་ང་བ་མེད་པའི་ཆོ་འཕྲུལ་བསྟན་པས། གོ་བོ་ལས་ཀྱང་ཞབས་ལ་གཏུགས། བོད་ཡུལ་ལ་སོགས་གར་བདེ་བར་ཆོས་སྤྱོད་ཅིང༌། ངེད་ལ་སྨོན་ལམ་བཟང་པོ་ཐོབ་ཟེར་ནས་འཇྭ་ས་བཟང་པོ་བསྒྲགས། ཅོད་ཏོ་མཁར་ནས་འཚུར་ཕུར་ཕེབས་ཀྱི་བར་ལམ་དུ་ལོ་བརྒྱད་སོང༌། འཚུར་ཕུར་ཕེབས་ནས་ལྷ་ཆེན་གྱིས་ཐོགས་དྲངས་ལྷ་མང་དུ་བཞེངས་པ་རྣམས་ཀྱང་ཆོས་རྒྱལ་སྲོང་བཙན་སྒམ་པོ་ལྟར་ཏིང་ངེ་འཛིན་གྱི་མཐུས་བསྒྲུབས། ཕྲིན་ལས་རྒྱ་ཆེན་པོ་མཛད་དེ། རྒྱལ་བ་གངས་པ་ཞེས་བྱ་བའི་སྤྱོད་པ་ལ་ཅུང་ཟད་མ་དགྱེས་པས་རྐྱེན་བྱས་ཏེ། བརྒྱད་ཅུ་བཞེས་པ་ཆུ་མོ་ལུག་གི་ལོ་ཟླ་བ་གསུམ་པ་ལ་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། །དེ་ནས་ཚེས་དགུ་ཉིན་པར་གདུང་སྦྱངས་པས། ཐུགས་ལྗགས་སྤྱན་གསུམ་མ་ཚིག་པར་བྱོན་ཞིང༌། རིང་བསྲེལ་དཀར་པོ་ཤས་ཆེ་བའི་ཁ་དོག་སྣ་ཚོགས་པ་དང༌། དུང་གཡས་འཁྱིལ་སུམ་འབྲེལ་དང༌། སྐུ་གཟུགས་དང་ཡིག་འབྲུ་དང་ཕྱག་མཚན་སོགས་གྲངས་མེད་པ་བྱོན། དེ་རྣམས་ཕལ་ཆེར་གདན་ས་གོག་འོག་གི་གདུང་རྟེན་རྣམས་སུ་བཞུགས་སུ་གསོལ། ན་བཟའ་དང་ཕྱགས་ལ་སོགས་པའི་དུམ་བུས་མོས་པ་དང་ལྡན་པ་ཐམས་ཅད་ཀྱི་ལག་བཀང་སྟེ། འཇིག་རྟེན་ཐམས་ཅད་བཀྲ་ཤིས་པར་མཛད་དོ། ། དེའི་སློབ་མ་ནི་གྲུབ་ཐོབ་ཆེན་པོ་ཨུ་རྒྱན་པ་ཡིན་ཏེ། འཚུར་ཕུར་བྱོན་ནས་ཆོས་རྗེ་ཀརྨ་པའི་ཞབས་ལ་གཏུགས། གདམས་པའང་མང་དུ་གསན། ཕྱི་ནས་སྐུའི་སྐྱེ་བ་ཕྱི་མའི་འདྲེན་པ་ཡང་མཛད་དེ། དེའི་ཆེ་བ་ནི་འབྲུག་པའི་སྐབས་སུ་བརྗོད་པར་བྱའོ། ། དེའི་སློབ་མ་ཆོས་རྗེ་རང་བྱུང་བ་ནི། དེ་ཡང་ཆོས་རྗེ་ཀར་མ་པ་ཤི་ཆུ་མོ་ལུག་གི་ཟླ་བ་གསུམ་པའི་ཚེས་གསུམ་ལ་གཤེགས། སྟོད་ལུངས་འཕར་ཚང་དུ་གྲོང་འཇུག་མཛད་པས་ཤི་ནས་ལོག་པ་འདི་མི་རུང་སྙམ་ནས། སྔར་གྱི་ཕ་མས་སྤྱན་ལ་ཁབ་ཀྱིས་བཙགས་པས་དེར་རྟེན་འབྲེལ་མ་འགྲིག །རྗེ་བཙུན་མི་ལའི་འཁྲུངས་ཡུལ་ཙའི་ཕུ་གངས་ཞུར་མོའི་འགྲམ་དུ། ཆོས་རྗེས་སྲིད་པ་བར་མའི་གཟུགས་ཀྱིས་བྱོན་པ་ན། དཔལ་བདེ་མཆོག་གི་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར། དེ་ནས་ཡུམ་གྱི་མངལ་ཤེལ་གྱི་ཕོ་བྲང་དུ་གཟིགས་ནས། དྲན་ཤེས་བཞིན་དང་ལྡན་པས་དེར་བཞུགས་ཞིང་སྡུག་བསྔལ་བའི་སྣང་བ་མེད། དེ་ནས་ཤིང་ཕོ་སྤྲེའུའི་ལོའི་ཡར་ངོའི་ཚེས་བརྒྱད་ལ་སྐུ་བལྟམས། སྨྲ་མཁྱེན་ཡང་མི་མཁྱེན་པ་ལྟར་མཛད། དེ་ནས་ཡབ་ཡུམ་སྲས་གསུམ་རིམ་གྱིས་དིང་རིར་བྱོན་པས། དམ་པའི་སྐུ་དེ་འཇའ་ཚོན་ལྟ་བུར་འདུག་པ་ལས་རང་ལ་ཐིམ་པའི་སྣང་བ་བྱུང༌། དེ་ནས་ཡབ་ཀྱིས་ཞི་བྱེད་ཀྱི་ཆོས་རྣམས་ཀྱང་གནང༌། སྔགས་འཆང་ངོ་ནག་དང་དབུ་རྩེ་བ་གཉིས་ལ་ཡང་ཕུར་གྱི་བཀའ་གསན། ཡི་གེ་འབྲི་ཀློག་རྣམས་སུས་ཀྱང་སློབ་མ་དགོས་པར་མཁྱེན། མནལ་ལམ་དུ་དག་སྣང་མང་པོ་ཤར། སྐྱིད་གྲོང་འཕགས་པའི་དྲུང་དུ་བྱོན་པས་སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས། འགྲོ་དོན་འབྱུང་བར་དགོངས། མཁས་བཙུན་གསེར་ཁང་བས། བདག་ལ་གུས་པ་དང་བཅས་པས་དྲིས་པ་ན་བར་དོའི་རྣམ་ཐར་ལ་སོགས་མང་པོ་བཤད། དེ་ནས་ལོ་ལྔ་ལོན་པ་ན་གྲུབ་ཆེན་ཨུ་རྒྱན་པའི་གསུང་གིས། སང་ངའི་བླ་མ་ཀར་མ་པ་འབྱོན་པར་ཡོད་གསུང་ནས་སྟན་མཐོན་པོ་བཤམས། དེར་གྲུབ་ཆེན་པའི་དྲུང་དུ་ཕྱིན་པ་ན་སྟན་དེ་ལ་ཐོགས་པ་མེད་པར་འཛེགས་ཏེ་བཞུགས། གྲུབ་ཆེན་པའི་གསུང་གིས། བྱིས་པ་ཁྱོད་ངའི་བླ་མའི་གདན་ལ་གདོད་པ་ཅི་ཡིན་གསུང་བས། བླ་མ་དང་ང་ཡིན་ཏེ། ད་ཁྱེད་ལ་རེ་དགོས་པར་འདུག་བྱས་ནས་ཐོལ་གྱིས་བབས། དེ་ནས་ཨུ་རྒྱན་པས་བྱང་ཆུབ་དུ་མཆོག་ཏུ་སེམས་བསྐྱེད་པ་དང༌། འཁོར་ལོ་སྡོམ་པ་དྲིལ་བུ་ལུགས་ཀྱི་དབང་དང༌། མ་ཕུར་གྱི་དབང་རྣམས་གནང༌། དགྱེས་མཛད་དང༌། སྒྱུ་འཕྲུལ་དྲ་བ་དང༌། དུས་ཀྱི་འཁོར་ལོ་དང༌། འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་རྣམས་གསུངས། གཞན་ཡང་རོ་སྙོམས་སྐོར་དྲུག་དང༌། བསྲེ་འཕོ་དང༌། སྐུ་གསུམ་ངོ་སྤྲོད། ཁྲིད་ཆེན་བརྒྱད་དང༌། རྒྱལ་བ་རྒྱ་མཚོ། དོ་ཧ་དང༌། ལྷན་ཅིག་སྐྱེས་སྦྱོར་དང༌། གཞན་ཡང་ཆོས་ཕྲན་མང་དུ་གནང༌། ལོ་བདུན་པ་ལ་མཁན་པོ་ཀུན་ལྡན་ཤེས་རབ་ལ་རབ་ཏུ་བྱུང་ནས་བསླབ་ཚིགས་རྣམས་ལེགས་པར་བསླབས། དེའི་ཚེ་བཤེས་གཉེན་འགའ་ཞིག་གི་དག་སྣང་ལ་སྤྱན་རས་གཟིགས་ཀྱིས་བདག་གི་ཡོན་ཏན་བསྔགས་པ་འདི་ལྟར་བྱུང་གི་ཕོ་ཉ་བས་བསླབས། ལ་སྟོད་གྲོ་ལུང་དུ་ཨུ་རྒྱན་གུ་རུས་དབང་བསྐུར་བས་བླ་མ་བདེ་མཆོག་ཏུ་གཟིགས། ལ་སྟོད་སྦུ་ཧྲར་བཞུགས་པའི་ཚེ། མགོན་པོ་དང་སྔགས་བདག་གཉིས་བྱུང་ནས་འཚུར་ཕུར་མྱུར་དུ་འབྱོན་དགོས་ཟེར། དེ་ནས་གདན་ས་འཚུར་ཕུར་ཕེབས། གཉན་རས་ལ་ཆོས་གསན་པས་བརྒྱུད་པའི་བླ་མ་མང་པོས་བསྐོར་འདུག་པའི་སྣང་བ་ཤར། དེར་སྔགས་བདག་གིས་ཆུ་མིག་གསར་དུ་ཕུལ། ཤིང་སྐམ་ཅིག་བཙུགས་པས་སྐྱེས་ཏེ་སྡོང་པོ་ཆེན་པོར་གྱུར། བཀྲ་ཤིས་གསར་མར་དར་མ་སྒང་བས་བྱིན་རླབས་ཞུས་པའི་ཚེ། བཀའ་བརྒྱུད་ཀྱི་བླ་མ་རྣམས་བྱོན། གཞན་ཡང་ཆོས་གསན་པའི་རིམ་པ་ནི། བླ་མ་ཤེས་རབ་དཔལ་ལ་སྡུད་པའི་དཀའ་འགྲེལ་དང་པཉྩ་ཀ་པདྨ་ཅན་ཞུས། དགེ་བའི་བཤེས་གཉེན་རྒྱལ་བ་ལ་དགྱེས་རྡོར་ལ་སོགས་ཞུས། ཡང་གཉན་རས་དགེ་འདུན་འབུམ་ལ་གསར་རྙིང་གི་རྒྱུད་སྒྲུབ་ཐབས་མན་ངག་ཤིན་ཏུ་མང་བར་གསན། གནམ་མཚོ་བ་མི་བསྐྱོད་རྡོ་རྗེ་ལ་མ་གཅིག་གི་སྤྱོད་ཡུལ་ལ་སོགས་མང་དུ་ཞུས། དགུང་ལོ་བཅོ་བརྒྱད་པ་ལ་མཁན་པོ་གཞོན་ནུ་བྱང་ཆུབ་དང༌། སློབ་དཔོན་དགེ་འདུན་རིན་ཆེན་པ་ལས་བསྙེན་པར་རྫོགས་ཞིང༌། ལུང་སྡེ་བཞི་ལ་སོགས་པ་འདུལ་བའི་སྐོར་མང་དུ་གསན། སྒྲོལ་མའི་སྒྲུབ་ཐབས་ལ་སོགས་ཕྲན་འགའ་ཡང་ཞུས། དེ་ནས་གསང་ཕུ་གླིང་སྨད་ཀྱི་གདན་ས་ཤཱཀྱ་གཞོན་ནུ་ལ་དབུ་མའི་སྐོར་མང་པོ་དང༌། བྱམས་ཆོས་ལྔ། མངོན་པ་གོང་འོག་དང་ས་སྡེ། ཚད་མ་ལ་སོགས་མང་དུ་གསན། དེ་ནས་ཁམས་སུ་ཀར་མར་ཐེགས་ལྷ་སྟེངས་ཀྱི་དབེན་གནས་བཏབ། ཚ་བ་སྒང་དུ་ཡང་བྱོན་པས་ཡུལ་ལྷ་རྣམས་ཀྱིས་བསུ་བ་རྒྱ་ཆེན་པོ་བྱས། མི་མ་ཡིན་བཀའ་ལ་བཏགས་པས་ཀོལ་ཏིའི་འཁྲུག་པ་ཆེན་པོ་ཡང་ཞི་བར་མཛད། དེ་ནས་དབུས་ཕྱོགས་སུ་བྱོན་པ་ན་ཐང་ལྷས་བསུ་བ་བྱས། དེ་ནས་འཚུར་ཕུར་ཕེབས་པས་ཆོས་སྐྱོང་རྣམས་དགྱེས་པའི་སྣང་བ་བྱུང༌། ལྷ་སར་ཇོ་བོ་ལ་གདུགས་ཕུལ་ཚེ། ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་དྲུང་དུ་ཡང་མཆོད་པ་འབུལ་བཞིན་པའི་སྣང་བ་ཤར། དཔལ་ཨུ་རྒྱན་པའི་དགོངས་པ་རྫོགས་པའི་ཕྱིར། སྙེ་མདོ་བ་ཀུན་དགའ་དོན་གྲུབ་པ་ལ་དུས་འཁོར་གྱི་བཤད་པ་ཞིབ་ཏུ་གསན་ཞིང༌། གཞན་ཡང་རྒྱུད་དང་འགྲེལ་པ་གསར་རྙིང་དབང་དང་གདམས་པ་མང་དུ་གསན། དཀོན་མཆོག་རྩེགས་པ་དང་དམ་ཆོས་པད་དཀར་སོགས་མདོའི་ལུང་མང་པོ་དང༌། མངོན་པ་གོང་འོག་སོགས་རྒྱ་ཆེར་གསན། སྦ་རས་ལ་གསོ་བ་རིག་པའི་གཞུང་གསན། ཚུལ་ཁྲིམས་རིན་ཆེན་ལ་གསང་འདུས་འཕགས་སྐོར་ལ་སོགས་གསར་རྙིང་མང་དུ་གསན། གཞོན་ནུ་འབུམ་ལ་བསྟན་བསྲུངས་ཀྱི་བཀའ་མང་པོ་དང༌། རོ་སྙོམས་དང་ཐུབ་ལྔ་ལ་སོགས་གསན། ཛྙཱ་ན་ཤྲཱི་ལ་འགྲེལ་པ་མཐའ་དྲུག་ལ་སོགས་གསན། རིག་འཛིན་ཀུ་མཱ་ར་རཱ་ཛ་ལ་རྫོགས་ཆེན་སྙིང་ཐིག་ཕྲན་དང་བཅས་པ་དང་ནེ་གུ་ལ་སོགས་པ་གསན་ཞིང༌། རི་ཁོང་རས་པ་ལས་ཀྱང་གསན། དེ་ནས་སྒམ་པོ་དང་ཀོང་པོར་བྱོན་ནས་གཞན་དོན་དུ་མ་མཛད། ཙཱ་རི་གཡུ་མཚོ་ར་ཡང་ཐེགས། སྤྱིར་ཀོང་པོར་ལོ་གསུམ་བཞུགས། ཤམྦུའི་གངས་ཀྱི་མདུན་དུ་ཕྱི་ནང་གི་རྟེན་འབྲེལ་དུ་མ་ཤར། དེ་ནས་ཇོ་མོ་གངས་སུ་བཞུགས་པ་ན་སློབ་དཔོན་པདྨའི་སྣང་བ་ཤར་ཞིང་བྱིན་གྱིས་བརླབས། འཚུར་ཕུའི་ཀུངས་ན་བཞུགས་པའི་ཚེ་ཕྱི་ནང་གི་གཟའ་སྐར་མཐུན་པར་གཟིགས་པས་རྩིས་ཀྱི་བསྟན་བཅོས་མཛད། དེ་ནས་ཡང་བདེ་ཆེན་སྟེངས་ཀྱི་དགོན་པ་བཏབ། དེར་དག་སྣང་མང་དུ་ཤར། ཁ་རག་ཤར་གྱི་རི་ཁྲོད་སྙིང་ཁུང་ལ་སོགས་སུ་བྱོན་སར་ཡང་དག་སྣང་མང་དུ་ཤར། སླར་ཡང་བདེ་ཆེན་སྟེངས་སུ་ཕྱི་ནང་གི་རྟེན་འབྲེལ་དག་པར་གཟིགས་པས་ཟབ་མོ་ནང་དོན་གྱི་བསྟན་བཅོས་མཛད། ས་སྐྱ་དང༌། བཙན་བྲག་དང༌། མྱང་སྟོད་ལ་སོགས་པ་གཙང་གི་ས་ཕྱོགས་མང་དུ་ཐེགས་ནས་གཞན་དོན་རྒྱ་ཆེར་མཛད། སླར་ཡང་ཀོང་པོར་བྱོན་ནས་དགོན་གནས་མང་པོ་མཛད་ཅིང༌། གདུལ་བྱ་མང་པོ་ཐར་པ་ལ་བཀོད་ཅིང་ནགས་ཕུ་ལ་སོགས་པར་བཞུགས། ལྐོག་ཕྲེང་དུ་བཞུགས་པའི་ཚེ་ཟབ་མོ་ནང་དོན་གྱི་འགྲེལ་པ་བརྩམས། སྟག་གི་ལོ་ལ་ལྷ་སར་ཕེབས། དེ་ནས་ཀར་མར་བྱོན་ནས་གཙུག་ལག་ཁང་གསོ་བ་དང་ཆོས་མང་དུ་གསུངས། ཆོས་དབྱིངས་བསྟོད་པའི་ཊཱི་ཀ་བརྩམས། འབྲུག་ལོ་ལ་སོག་ཟམ་བཙུགས། དེ་ནས་ནགས་ཕུར་བྱོན་པས་ཧོར་ཡུལ་དུ་ཐེགས་དགོས་པར་དགོངས་པར་གྱུར། དེ་ནས་ལྷུན་གྲུབ་སྟེངས་ཀྱི་རི་ཁྲོད་བཏབ། ལུག་ལོ་ལ་དབུས་སུ་བྱོན། སྤྲེའུ་ལོ་ལ་ཧོར་ཡུལ་ནས་ཧོར་རྒྱལ་པོའི་སྤྱན་འདྲེན་བྱུང་ནས་ཐེགས། ཟླ་བ་བཅུ་པ་ལ་རྒྱལ་པོའི་ཕོ་བྲང་དུ་ཕེབས། རྒྱལ་པོ་བཙུན་མོ་དང་བཅས་པ་ལ་དབང་བསྐུར། རིན་ཆེན་དཔལ་རྒྱལ་པོ་ལ་བར་ཆད་འབྱུང་བར་ལུང་བསྟན། གཞན་དོན་དཔག་ཏུ་མེད་པ་མཛད་ནས་བོད་ལ་ཕེབས་ཁར། ཁྱི་ལོ་ལ་རི་བོ་རྩེ་ལྔར་ཐེགས། དེ་ནས་མི་ཉག་འགར་ཕེབས་པ་ན་ཆོས་མང་དུ་བཤད། དེ་ནས་ཁམས་སུ་ཕེབས་ནས་ཁམས་ཀྱི་འཁྲུག་རྩོད་མང་པོ་ཞི་བར་མཛད། དེ་ནས་ཡང་དབུས་སུ་ཕེབས་པས་ཐང་ལྷ་དང་གངས་དཀར་ལ་སོགས་པས་བསུས། དེ་ནས་བསམ་ཡས་འཆིམས་ཕུར་ཏིང་ངེ་འཛིན་ལ་བཞུགས། དེ་རྗེས་བཀའ་འགྱུར་དང་བསྟན་འགྱུར་བཞེངས་པའི་ཚེ་རབ་ཏུ་གནས་པ་མཛད་པས་བྱང་ཆུབ་སེམས་དཔའ་མང་པོ་དམ་ཆོས་སྒྲོག་པའི་སྣང་བ་ཤར། སླར་ཡང་རྒྱའི་ཡུལ་དུ་ཐེགས་ནས་དེར་སྐུ་ཚེའི་འདུ་བྱེད་བཏང་སྟེ། ཆོས་ཀྱི་རྗེ་ཉིད་ཟླ་བའི་དཀྱིལ་འཁོར་གྱི་ནང་དུ་བཞུགས་པར་བསྟན་པས། རྒྱལ་པོ་འཁོར་དང་བཅས་པ་ཤིན་ཏུ་དད་པ་མཛད་དེ། དེ་ནི་དགུང་ལོ་ལྔ་བཅུ་རྩ་དྲུག་བཞེས་པ་ས་མོ་ཡོས་ཀྱི་ལོ་ཡིན་ནོ། །དེ་ལ་འཁྲུངས་པ་ནས་གཟུང་སྟེ་ཆོས་མང་དུ་གསན་པའི་ཚེ་དང༌། ཏིང་ངེ་འཛིན་ལ་བཞུགས་པའི་ཚེ་དག་པའི་སྣང་བ་མང་དུ་ཤར་བ་རྣམས་ནི་རྣམ་པར་ཐར་པ་ཉིད་ལས་བལྟ་བར་བྱ་བ་ཡིན་གྱི། འདིར་ཕྱོགས་ཙམ་ལས་མ་བྲིསསོ། །ཆོས་རྗེ་རང་བྱུང་བས་མཛད་པའི་བསྟན་རྩིས་ནི་དུས་འཁོར་བ་གཞན་རྣམས་ཀྱི་ལོ་གྲངས་ཀྱི་འདོད་པ་ལས། ལག་པ་གདེངས་ཅན་ཟླ་བས་དམན་པ་ཡིན་ཏེ། གྲུབ་ཆེན་ཨུ་རྒྱན་པའི་བསྟན་རྩིས་དང་མཐུན་ནོ། ། ། ཆོས་རྗེ་རང་བྱུང་བའི་སློབ་མ་ནི་གཡུང་སྟོན་རྡོ་རྗེ་དཔལ་བ་ཡིན་ཏེ། དེས་རང་གིས་ཆོས་རྗེ་རང་འབྱུང་བ་ལ་གསན་པ་རྣམས། ཆོས་རྗེ་རོལ་པའི་རྡོ་རྗེ་གཞོན་ནུར་བཞུགས་པ་ལ་སྐུ་སྐྱེ་བ་སྔ་མའི་ཆོས་རྣམས་སྐྱེལ་དུ་བྱོན་ཏེ། གཡུང་སྟོན་པའི་རྣམ་པར་ཐར་པ་རགས་པ་ཞིག་ནི། སྒྱུ་འཕྲུལ་གྱི་སྐབས་སུ་བཤད་ཟིན་ཏོ། ། ཆོས་ཇེ་རོལ་པའི་རྡོ་རྗེ་ནི། ཆོས་རྗེ་རང་བྱུང་རྡོ་རྗེ་ཉིད་ཀྱིས་སྐྱེ་བ་གསར་དུ་བཞེས་པ་ལྟར་མཛད་པ་སྟེ། ཏ་དབེན་གུ་ཤྲཱིས་དྲུང་ནས་ད་གཟོད་གང་དུ་སྐྱེ་བ་བཞེས་པར་ཁོ་བོ་ཡང་དེར་འོང་འདོད་པས་ངེས་པ་ཅིག་གསུང་བར་ཞུས་པ་ལ། ཁྱོད་དེ་ཙམ་དུ་མོས་ན་ང་ཀོང་པོར་འོང་གསུང་བ་ལྟར་སྐུ་ཕྲ་བའི་དུས་ནས་ཀོང་པོར་ཕེབས་པ་ཡིན་ཏེ། དེ་ཡང་ཡུལ་རྡོད་ཀྱི་ཨ་ལ་རོང་གོ་ཆེན་སྤང་དཀར་གྱི་གནམ་རྫོང་དུ། ཡབ་ལྷ་མདོང་བསོད་ནམས་དོན་གྲུབ་དང༌། ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་འཛོ་བ་གཟའ་བརྩོན་འགྲུས་རྒྱན་གཉིས་ལྷན་ཅིག་ཏུ་གནས་པ་ན། རྗེ་བཙུན་འདི་དགའ་ལྡན་དུ་བཞུགས་པ། བཅོམ་ལྡན་འདས་བྱམས་པས་ཡང་དག་པར་བསྐུལ་ནས་ཡུམ་གྱི་ལྷུམས་སུ་གཤེགས། དེའི་ཚེ་མངལ་དག་པའི་ཕོ་བྲང་དུ་གྱུར་པ་སོགས་ནི་ད་གདོད་སྨོས་ཅི་དགོས། མངལ་ཉིད་ན་བཞུགས་པའི་ཚེ་མ་ཎིའི་སྒྲ་གྲགས་པ་དང༌། འཁྲུལ་འཁོར་མཛད་པས་ཡུམ་ཡང་ལུས་འཕར་ཞིག་གཡོ་བ་ལ་སོགས་པར་གྱུར། ལྕགས་ཕོ་འབྲུག་གི་ལོ་ཟླ་བ་གསུམ་པའི་ཚེས་བརྒྱད་ལ་སྐུ་བལྟམས། དེ་མ་ཐག་མ་ཎི་དང་དབྱངས་གསལ་གྱི་གསུང་བྱུང་བས་ཡབ་དོགས་པ་སྐྱེས་པ་ལ། ཡུམ་གྱིས་ང་ལ་རྨི་ལམ་བཟང་པོ་མང་པོ་ཡོད་པས་ཐེ་ཚོམ་མི་དགོས་ཞེས་དོགས་པ་བསལ་བར་གྱུར་ཏོ། །དགུང་ལོ་གསུམ་པ་ལ་མྱང་པོར་བྱོན། དེའི་ཚེ་ཡུམ་ལ་ང་ཀར་མ་པ་ཤིའི་སྐྱེ་བ་ཡིན། ཛམ་བུའི་གླིང་འདིར་ངའི་གདུལ་བྱ་མང་དུ་ཡོད་པས་འོངས། ཁྱོད་ལྟོས་ཤིག་གསུང་ནས་འཆི་མེད་འཁྲུལ་འཁོར་མཛད། འདི་རྣམས་ད་དུང་མ་སྨྲ་ཅིག་གསུང༌། ད་ལྷ་སར་འབྱོན་དགོས་ཞུས་པས། ད་ལན་རང་ཨེ་ཐོན་ནམ། སྔོན་ལ་ཀོང་པོའི་ཞོ་ཁ་དང་བྲག་ཕྱི་དང་ནགས་ཕུ་རྣམས་སུ་ཕྱིན་ནས་བལྟ་དགོས་པར་ཡོད། ཀོང་ཡུལ་གཤིན་རྗེ་དོང་ཁའི་འོག་ན་དམྱལ་བའི་ཟངས་ཁ་ཡོད་པས། དེ་ནས་སེམས་ཅན་རྣམས་འདྲེན་དགོས། ངའི་ཞལ་མཐོང་བས་ངན་སོངདུ་མི་འགྲོ་བ་ཡིན། འཚུར་ཕུ་དང་ཀར་མ་དང་རྒྱལ་པོའི་ཕོ་བྲང་རྣམས་སུ་ཡང་རིམ་གྱིས་འགྲོ། །རྒྱལ་པོའི་ཕོ་བྲང་ན་ངའི་གདུལ་བྱ་དཔག་ཏུ་མེད་པ་ཡོད་པ་ཡིན་གསུང༌། དྲུང་ཉིད་ཀར་མ་པ་ཤིའི་སྐྱེ་བ་ལགས་ན་ཆོས་རྗེ་རང་བྱུང་རྡོ་རྗེ་མ་ལགས་སམ་ཞུས་པས། དེ་གཉིས་ཁྱད་པར་མེད་ད་དུང་ཕལ་པ་རྣམས་ལ་མ་སྨྲ་ཞེས་གདམས། ཡུམ་གྱི་མིག་ལ་ལིང་ཐོག་བྱུང་བས་སྨྲེ་སྔགས་བཏོན་པས། ཁྱེད་སེམས་ཕམ་མི་དགོས་ཡེ་ཤེས་མཁའ་འགྲོ་བརྒྱ་རྩ་བརྒྱད་ཀྱི་གཅིག་ཁྱོད་ཡིན། སང་ཕོད་ད་ཙམ་ཁྱོད་ལ་ཕྱག་འཚལ་བ་མང་པོ་འོང༌། ཀོང་བུ་ཆུ་གསེར་གྱི་ལྷ་ཁང་གི་རྒྱབ་ཏུ་གནས་གསར་པ་ཅིག་བཏབ་ནས་དེར་འདུག་པ་ཡིན། བྱི་བ་ལོ་ནས་ཁོ་བོ་ལ་གདུལ་བྱ་ཆེན་པོ་འོང་བ་ཡིན་གསུང༌། དེ་ནས་མྱང་བོ་དང་ཀོང་ཡུལ་གྱི་ས་ཐ་དད་པ་རྣམས་སུ་བྱོན་ནས་སྐྱེ་བོ་མངཔོ་ལ་ཁྱོད་འདི་དང་འདི་ཡིན། ཁྱོད་ཀྱི་ཁང་པ་འདི་ལྟ་བུ་ཞིག་ཡོད། ཁྱོད་ཀྱིས་ང་ལ་འདི་ལྟ་བུ་འབུལ་མྱོང་ཞེས་བྱ་བ་ལ་སོགས་པའི་སྔ་ཕྱི་དྲན་པ་མང་དུ་གསུངས་པས་མི་རྣམས་ཤིན་ཏུ་དད་པར་མཛད་ཅིང་ཆོས་ཀྱང་མང་དུ་གསུས། ཁྱེད་གྲུབ་ཐོབ་ཡིན་ན་གྲུབ་རྟགས་སྟོན་ཟེར་དུ་བྱུང་ནས་མཆོད་ཁང་གི་བྱ་རྒྱའི་སྟེང་དུ་བཞུགས་པ་སོགས་ཀྱང་བསྟན། དོམ་གྱི་ཁར་འཕངས་པས་དོམ་གྱིས་གུས་པའི་རྣམ་འགྱུར་ཀྱང་བྱས། རྟ་བར་རྒྱལ་འཛིན་དུ་ཕེབས་པའི་ཚེ་ལ་སྟོད་པ་རྟོགས་ལྡན་མགོན་རྒྱལ་བས་དྲུང་དུ་སླེབ། ཚོགས་གྲལ་ཅིག་ཏུ་མེ་བུས་གསུང་བྱས་པས། ཚད་པ་ཚ་བསིལ་གཡབ་ད་ཁྱེར་ལ་ཤོག་གསུང༌། བསིལ་གཡབ་ཕུལ་བས་དེ་གཡོབ་ཅིང་རྒྱ་ཡུལ་དང་འདྲ་བར་འདུག །རྒྱ་ཡུལ་དུ་བསིལ་གཡབ་གཡབས་ཀྱང་ཚ་འུབ་འུབ་བྱེད། དེ་བཞིན་དུ་འདིར་ཡང་ཚ་འུབ་འུབ་བྱེད་གསུང༌། ཡང་དྲུང་ནས་ལོ་བརྒྱད་ཅུ་རྩ་བཞིར་བཞུགས་པར་ཞལ་གྱིས་བཞེས་པ་ལ། ལྔ་བཅུ་རྩ་དྲུག་ལས་མི་བཞུགས་པ་ཅི་ཡིན་ཞུས་པས། བླ་མ་དེ་སྡིག་སྤྱོད་མང་བས་ལན་པ་ཡིན་གསུང༌། དྲུང་ནས་བདེ་བར་གཤེགས་པའི་དུས་སུ་ཟླ་བའི་ནང་ན་བཞུགས་པ་མི་མང་པོས་མཐོང་ཟེར་བ། ཟླ་བ་ལ་བཞུགས་པ་ལགས་སམ་ཞུས་པས། དེ་ཁོང་རང་རྣམས་ཀྱི་དད་པ་དང་ངའི་སྙིང་རྗེ་ལ་བརྟེན་ནས་མཐོང་བ་ཡིན། ང་ལ་ཁོང་རྣམས་བལྟས་ནས་འདི་ཙུག་བྱེད་ཅིང་འདུག་གསུང་ནས་ཧོར་རྣམས་ཀྱི་ལུས་ཀྱི་རྣམ་འགྱུར་གྱི་ལད་མོ་ཡང་མཛད། དེ་ནས་བཞུགས་སྟན་ལ་བཞུགས་ནས། ཟླ་བ་དང་གླང་པོ་ཆེ་དང་སེང་གེ་ལ་སོགས་པ་ལ་འདུག་པ་ཡང་ང་ཡིན་གསུང༌། དྲུང་ནས་ཞི་བར་གཤེགས་པའི་བཅུ་བཞིའི་ཐོ་རངས་རྟོགས་ལྡན་གྲགས་སེང་བའི་གཟིགས་སྣང་ལ། དྲུང་ནས་རས་དཀར་པོའི་ཨང་རག་བསྣམས་ནས་འཇའ་འོད་ཀྱི་ནང་ན་ནམ་མཁའ་ལ་བཞུགས་པ་མཐོང་བ་ལ། ཁོང་གིས་དྲུང་ནས་ངེད་བུ་སློབ་ལ་མི་གཟིགས་པར་བདེ་བར་གཤེགས་པ་ཇི་ལྟར་ལ་བཞུགས་པས། ང་ལ་བསམ་པ་བཟང་པོ་ཡོད་ཀྱང་སྙིགས་དུས་སེམས་ཅན་གྱི་བསོད་ནམས་ལ་མི་འགྲུབ་པར་འདུག །སྡིག་སྤྱོད་གྲངས་མང་བས་སྐྱོ་བ་སྐྱེས་པ་ཡིན། ང་དགའ་ལྡན་དུ་འགྲོ་གསུང་བ་ཅིག་ཁོང་གི་དག་སྣང་ལ་བྱུང་འདུག་པ། དྲུང་ནས་དེ་སྐད་གསུངས་པ་ལགས་སམ་ཞུས་པས། དེ་ལྟར་ཡིན་མོད་དེ་སྐྱོ་བ་སྐྱེས་ནས་ཕྱིན་པ་ཡིན། གཞན་ཡང་ཅང་ཤེས་ཀྱི་རྟ་དང་བྱ་རྒོད་ལ་སོགས་པའི་སྤྲུལ་སྒྱུར་མང་པོ་བྱེད་ཅིང་ཕྱིན། ལར་དགའ་ལྡན་དེ་ཐག་རིང་པ་ན་མེད་གསུང༌། དེ་ནས་གཞན་དག་ཡིད་ཆེས་པར་བྱ་བའི་ཕྱིར་ཅོ་འདྲི་བ་འགའ་ཞིག་ཞུས་ཏེ། ཆད་ཞུས་ནས་བཞེས་པར་ཞུ། དགའ་ལྡན་ན་འདི་འདྲ་ཡོད་དམ་ཞུས་པས། མྱོས་བྱེད་འདི་འདྲ་བ་མེད། བདུད་རྩི་ཡོད་པ་ཡིན་གསུང༌། བདུད་རྩི་ཁ་དོག་ནག་པོ་དེ་བཟང་ཟེར་བ་བདེན་ནམ་ཞུས་པས། བདུད་རྩི་ཁ་དོག་ནག་པོ་ངས་མ་མཐོང༌། ཁ་དོག་དཀར་བ་ལ་རོ་སྣ་ཚོགས་པ་ཡོད་པ་ཡོད་གསུང༌། དགའ་ལྡན་དེ་ན་གུང་ཐང་གི་དར་གདུགས་དང་འདྲ་བའི་མཆོད་རྫས་མང་བ་ཡང་མེད་པ་འདྲ་ཞུས་པས། བླ་མ་བ་མི་ཡུལ་གྱི་ཡོ་བྱད་འདྲ་བ་གཡས་ཆུང༌། མེ་ཏོག་རེ་རེ་ལ་ཡང་ཀོག་ཕྲེད་ཙམ་ཡོད་གསུང༌། ཡང་དགའ་ལྡན་དེ་ན་ཡར་ཆབ་གཙང་པོ་འདྲ་བའི་ཆུ་ཡང་མེད། ཀོང་པོ་སྲང་དར་རྟ་མྱོག་གི་མཁར་ཁང་འདྲ་བ་ཡང་མེད་ཟེར། རང་རེ་མི་ཡུལ་གྱི་སྒྱེད་རྡོ་རི་མོ་ཅན་འདི་འདྲ་ཡང་མེད་པ་འདྲ་ཞུས་པས། དྲུང་གི་ཞལ་ནས་བླ་མ་པ་དགའ་ལྡན་གྱི་ཆུ་ཐམས་ཅད་བདུད་རྩི་ཡིན། མི་ཡུལ་གྱི་ཡར་ཆབ་གཙང་པོ་འདྲ་བ་མིན། དགའ་ལྡན་ན་མི་ཡུལ་གྱི་ས་རྡོ་འདྲ་བའང་མེད། ས་རྡོ་ཐམས་ཅད་རིན་པོ་ཆེ་ལས་གྲུབ་པ་ཡིན། བཅོམ་ལྡན་འདས་བྱམས་པའི་གཞལ་ཡས་ཁང་ངམ་བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་གྱི་གཞལ་མེད་ཁང་ངམ། སུམ་ཅུ་རྩ་གསུམ་རྣམ་པར་རྒྱལ་བའི་ཁང་བཟང་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ཡིན། མི་ཡུལ་གྱི་མཁར་ཁང་འདྲ་བ་གཡས་ཆུང་གསུང༌། ཡང་རྟ་མྱོག་གི་རྟ་བཟང་པོ་འདྲ་བ་དགའ་ལྡན་ན་ཡོད་དམ་ཞུས་པས། ཆོས་ལ་དུས་ཚོད་མེད་ན་བན་རྒན་འཆོལ་བ་ཡིན་གསུང༌། ཆོས་ཐམས་ཅད་ཐུགས་སུ་ཆུད་དུ་ཟིན་ཀྱང་དཔོན་སློབ་ཀྱི་འབྲེལ་བ་བསྟན་པའི་ཕྱིར། རྟོགས་ལྡན་མགོན་རྒྱལ་བ་ལ་ནཱ་རོའི་ཆོས་དྲུག་དང༌། སྦྱོར་དྲུག་ལ་སོགས་པ་བསྐྱེད་རྫོགས་ཀྱི་གདམས་པ་ཕྲན་དང་བཅས་པ་མང་བར་གསན་ཞིང་དབང་ཡང་མང་དུ་གསན། དེ་ལྟ་བུའི་སྐབས་དང་ཕྱིས་ཀྱི་སྐབས་གཞན་དག་ཏུ་ཡང་ལྷ་དང་ཆོས་སྐྱོང་ལ་སོགས་པ་མང་དུ་གཟིགས་པ། རྣམ་ཐར་མཛད་པ་པོ་དག་གིས་བཀོད་སྣང་ཡང་སངས་རྒྱས་ཀྱིས་ཤེས་བྱ་ཐམས་ཅད་གཟིགས་པའི་ཕྱིར་གཟིགས་སྣང་རྣམས་འོས་མེད་དུ་བྱས་ནས། སེམས་ཅན་གྱི་དོན་མཛད་ཚུལ་འགའ་ཞིག་བརྗོད་པར་འོས་སོ་སྙམ་མོ། །སྔོན་ཆོས་རྗེ་རང་བྱུང་རྡོ་རྗེ་ཆོས་ཁྲིའི་རྒྱབ་ཏུ་ཤུག་པའི་ཡལ་ག་སྐམ་པོ་ཞིག་བཙུགས་ནས། འདི་ཆོས་ཁྲིའི་རྒྱབ་ཡོལ་དང་མཉམ་པའི་ཚེ་ཁོ་བོ་འདིར་འོང་བ་ཡིན་གསུང་བ་བཞིན། རྣམ་ཐོས་ཚལ་གྱི་གནས་སུ་བྱོན། ཆོས་ཁྲི་ལ་བཞུགས་ནས་ཆོས་མང་པོ་གསུངས་ཤིང་སྐྱེ་འགྲོ་མང་པོའི་དོན་མཛད། ནགས་ཕུ་གཟིམས་ཁང་དུ་རྟོགས་ལྡན་ཡེ་རྒྱལ་བ་ལ་མཁའ་འགྲོ་རྒྱ་མཚོའི་རྒྱུད་འགྲེལ་ལ་སོགས་སྔགས་གསར་མའི་སྐོར་དང༌། མཁའ་འགྲོ་སྙིང་ཐིག་དང་བི་མ་ལ་ལ་སོགས་པའི་རྙིང་མའི་གདམས་པ་མང་དུ་གསན། བླ་མ་རྫ་གཤོངས་པ་ཤེས་རབ་དཔལ་ལ་བཀའ་འགྱུར་རོ་ཅོག་དང་བསྟན་བཅོས་མང་པོའི་ལུང་གསན། དེ་ནས་སྙེ་བོར་ཕེབས་ནས་ཞལ་བརྡ་ལ་ཆུ་ཕར་ཁར་མི་འགྲོ་བར་ཆད་འོང་གསུང་བཞིན་དུ་ནན་མ་ཐེག་པར་བྱོན་པས། བར་ཆད་ཅུང་ཟད་བྱུང་ཡང་སྐྱོན་པར་མ་གྱུར། དེ་ནས་ཁེ་ནང་དུ་བྱོན་པ་ན་ཡང་བར་ཆད་ཀྱིས་མ་བསྡིགས། དེ་ནས་ཙ་རིར་བྱོན། བཀའ་བརྒྱུད་ཀྱི་བླ་མ་དང་ལྷའི་གཟིགས་སྣང་མང་ཞིང་རྟོགས་ལྡན་མགོན་རྒྱལ་བ་ལ་སོགས་པའི་དོན་དུ་མགུར་མང་དུ་གསུངས། ཙ་རི་སྟོན་སྔོན་བྱ་བ་ལ་ཀུ་རུ་ཀུལླེའི་སྒྲུབ་ཐབས་གསན། དེ་ནས་འཚུར་ཕུ་བའི་གདན་འདྲེན་བྱུང་བས། ལམ་དྭགས་པོ་ལ་བཏོད་ནས་སྒམ་པོར་ཕེབས་དུས་ཀྱང་དག་སྣང་མང་དུ་ཤར། དེ་ནས་ཕག་མོ་གྲུར་བྱོན་གཉིས་མེད་ཀྱི་ཡེ་ཤེས་མངོན་དུ་གྱུར་ཚུལ་བསྟན། དེ་ནས་འོན་ཚོང་འདུས་སུ་ཕེབས། བསམ་ཡས་པ་མཁས་གྲུབ་པས་དྲི་བ་ཞུས་པ་ལ། འདི་རྣམས་ལྷས་རྐྱང་ཐང་དུ་ལན་བཏབ་ཟིན་གསུངས་པས་ཁོང་ལྷག་པར་དད་པར་གྱུར། ཏའི་སི་ཏུ་བྱང་རྒྱལ་བས་བཀུར་སྟི་རྒྱ་ཆེན་པོ་བགྱིས་ཤིང༌། ལྷག་པར་དད་པ་མཛད། དེ་ནས་ལྷ་སར་ཕེབས་གཟིགས་སྣང་གྲངས་མེད་པ་བྱུང༌། གུང་ཐང་དུ་སི་ཏུ་དགེ་བློ་བས་སྤྱན་དྲངས་བསྙེན་བཀུར། སྔོན་གྱི་སྐྱེས་རབས་རྣམས་གསུངས་པས་དད་པར་གྱུར། དེ་ནས་གནས་ནང་དུ་ཕེབས། དང་པོར་གནས་ནང་དུ་བྱོན་དུས་བླ་མ་དར་རྒྱལ་བ་ལ། ད་ནང་སྤྱན་རས་གཟིགས་སྤྲིན་གྱི་དབུས་ན་བཞུགས་འདུག་བསམ་ཙ་ན། སངས་རྒྱས་དང་བྱང་སེམས་མང་པོས་བསྐོར་བར་འདུག་གསུང་བ་ལ་སོགས་པ་དང༌། སྤྱིལ་བོ་སོ་སོའི་བཀོད་པ་སྔར་འདི་བཞིན་ཡོད་ཅེས་བྱ་བ་ལ་སོགས་པ་གསུངས་པས་ངེས་པ་སྐྱེས་པར་གྱུར། དེ་ནས་འཚུར་ཕུར་ཕེབས། དེར་མཁན་ཆེན་དོན་གྲུབ་དཔལ་དང་སློབ་དཔོན་བསོད་ནམས་འབུལ་ལ་སྦྲུལ་ལོ་ལ་རབ་ཏུ་འབྱུང་བའི་ཚུལ་མཛད། མཚན་དཔལ་དྷརྨ་ཀཱིརྟིར་གསོལ། མཁན་པོ་ལ་འདུལ་བའི་སྐོར་མང་དུ་གསན། ཆོས་རྗེ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་ལ་ཡང་འཇམ་དབྱངས་དམར་པོའི་ཆོས་འབྲེལ་ཞུས། དེ་ནས་བདེ་ཆེན་དུ་ཡང་བྱོན། རྒྱལ་བ་གཡུང་སྟོན་པ་དང་མཇལ་བར་ཉེ་བའི་ཚེ་ཞི་ཁྲོའི་དཀྱིལ་འཁོར་མང་པོ་གཟིགས། གཡུང་སྟོན་པ་དང་མཇལ་ནས། ང་བླ་མ་གོང་མ་ལ་མོས་གུས་ཡོད་པས་འོངས་པ་ཡིན། དྲུང་པ་གོང་མ་རྣམས་ཡིན་ལུགས་ཤིག་གསུང་བར་ཞུ་གསུངས་པས། ཀར་མ་པ་ཤིར་འཁྲུངས་པའི་ཚེ་རྒྱ་མཚོའི་མཐར་ཐུག་པར་བྱོན་ནས་ཧོར་སོགས་བཏུ་བའི་ལོ་རྒྱུས་གསུངས་པས་ཁོང་རབ་ཏུ་དད་ནས་མང་དུ་བཤུམས། དེར་གཡུང་སྟོན་པ་ལ་རྡོ་རྗེ་ཕྲེང་བ། མཁའ་འགྲོ་རྒྱ་མཚོ། མདོ་སེམས། སྒྱུ་འཕྲུལ་གྱི་དབང་ལ་སོགས་པ་གསང་སྔགས་གསར་རྙིང་གི་དབང་དང་རྒྱུད་དང་མན་ངག་རྣམས་མང་དུ་གསན། དེ་ནས་མེ་མོ་བྱའི་ལོ་དགུང་ལོ་བཅོ་བརྒྱད་པ་ལ་སྔར་གྱི་མཁན་སློབ་དང༌། དུས་བསྒོ་བ་སློབ་དཔོན་གཞོན་ནུ་དཔལ་གྱིས་གསང་སྟོན་མཛད་ནས་བསྙེན་པར་རྫོགས། འདུལ་བའི་བཅས་པ་ཕྲ་མོ་རྣམས་ཀྱང་བསྲུང་ཞིང༌། ཤ་དང་ཆང་སྤུ་རྩེ་ཙམ་ཡང་སྤྱན་ལམ་དུ་མི་འགྲིམ། ཉེ་འཁོར་དུ་གླེགས་བམ་རྣམས་མང་དུ་བཀོད་ནས་མནལ་ལམ་དུ་གཟིགས་པས་དེ་ཐམས་ཅད་ཀྱི་ཚིག་དོན་ཐུགས་སུ་ཆུད་ཅིང༌། ཡི་གེའི་རིགས་མི་འདྲ་བ་ཡང་དྲུག་ཅུ་ཙམ་མཁྱེན། དེ་ནས་སེ་མོ་དོར་བྱོན་ཞིང་མཚོ་མོ་རུ་ཁྱུང་ལ་སོགས་པ་བྱང་རྣམས་སུ་བྱོན། དེ་ནས་བདེ་ཆེན་དུ་སློབ་དཔོན་ཆེན་པོ་ལ་ཕོ་བྲང་ཏའི་ཏུའི་བཀོད་པ་དང༌། མིའི་གྲངས་ལ་སོགས་པ་འདི་ཡོད་གསུང་ནས། ཡིད་ལ་ཟུང་དང་ཕྱིས་ཕྱིན་དུས་ངེས་པར་འགྱུར་གསུང༌། དེ་ནས་རྒྱལ་པོ་ཆེན་པོ་ཐོག་ན་ཐེ་མུར་སྲས་དང་བཅས་པས་ཆོས་རྗེའི་སྙན་པ་གསན་པའི་སྟོབས་ཀྱིས། དིང་ཧུ་དབེན་དཔོན་དང་སྡེ་དཔོན་དཀོན་མཆོག་རྒྱལ་མཚན་ལ་སོགས་པ་ཧོར་བོད་ཀྱི་གསེར་ཡིག་པ་མང་པོ་ལ་རྒྱལ་པོའི་ལུང་དང༌། རྒྱལ་བུའི་ལི་ཇི་ལག་རྟགས་གནང་སྦྱིན་རྒྱ་ཆེན་པོ་དང་བཅས་པ་བསྐུར་ནས་སྤྱན་འདྲེན་དུ་བྱུང་བས། སེམས་ཅན་གྱི་དོན་རྒྱ་ཆེན་པོ་ལ་དགོངས་ནས་དགུང་ལོ་བཅུ་དགུ་པ་ས་ཕོ་ཁྱིའི་ཟླ་བ་ལྔ་པའི་ཚེས་ཉི་ཤུ་ལ་འཚུར་ཕུ་ནས་བཏེག །གནམ་དང་སྙིང་དྲུང་སོགས་སུ་ཐོག་བབས་ཀྱང་མི་ཕྱུགས་ལ་གནོད་པ་མེད་པས་རྟེན་འབྲེལ་བཟང་པོར་དགོངས། དེ་ནས་གོང་དང་བྱང་རྣམས་སུ་གཞན་དོན་རྒྱ་ཆེན་པོ་མཛད་ཅིང་བསྟན་བཅོས་དཔག་ཏུ་མེད་པ་མཛད་དེ་ཀར་མར་ཕེབས། དེར་ཡང་ཐུགས་དམ་ཁྲིགས་སུ་གནས་པ་ལ་སོགས་པའི་མཛད་པ་བསྟན་ཞིང༌། ཁམས་ཀྱི་སྡེ་དཔོན་རྣམས་ཀྱིས་ཀྱང་བསུ་སྐྱེལ་ཞབས་ཏོག་ལེགས་པར་བྱས། ཆག་པའི་གནོད་པ་བྱུང་བ་བཟློག་པར་ཞུས་པས་ཀྱང་དེ་མ་ཐག་བཟློགས། དེ་ནས་ཏྲེར་ཕེབས་ནས་ཆོས་ཀྱི་གཏམ་དམ་པ་དགྱེས་པའི་སྒྲོན་མའི་བསྟན་བཅོས་མཛད། དེ་ནས་ཀ་ཆུ་གླིང་ཕུགས་སུ་ཕེབས་པའི་ཚེ་ཆོས་ཁྲིའི་སར་སྔོན་ཆད་ས་ཕྱོགས་དེར་སྐྱེ་མ་མྱོང་བའི་མེ་ཏོག་རྩ་བ་གཅིག་ལ་སྡོང་བུ་བརྒྱ། སྡོང་བུ་རེ་རེ་ལ་ཡང་མེ་ཏོག་བརྒྱ་བརྒྱ། མེ་ཏོག་རེ་རེ་ལ་ཡང་འདབ་མ་སེར་པོ་སྟོང་སྟོང་ཡོད་པ། ལྟེ་བར་དམར་པོ། གེ་སར་སེར་པོ་ཅིག་སྐྱེས་པ་དེ་མཐོང་ཞིང་ཐོས་པ་ཐམས་ཅད་ངོ་མཚར་དུ་གྱུར། ས་ཕྱོགས་དེ་ལྷོག་ནད་དར་བ་ལ་དེ་ནས་ལོ་མང་པོར་ལྷོག་ནད་ཞི་བར་མཛད། དེ་ནས་ག་ཆུར་ཕེབས་པའི་ཚེ་ཡང་གོང་མའི་གདན་འདྲེན་བྱུང་ནའང་དུས་ཁམས་ཀྱི་འགྱུར་བཟློག་འོང་བར་དགོངས་ནས། ཚ་འཕྲང་ནག་པོའི་ཡུལ་བརྒྱུད་དེ་མི་ཉག་རབ་སྒང་དུ་བྱོན། སྒོ་ལྡོང་གི་འཁྲུག་གདུམས་ལོ་ཉི་ཤུ་རྩ་ལྔའི་བར་དུ་མཛད། འང་འགའ་བོའི་རི་ལ་བཞུགས་པའི་དུས་སུ་གོང་ནས་ལོང་དང་གནང་སྦྱིན་རྒྱ་ཆེན་པོ་ཤེས་རབ་ཧུ་ཤྲི་ལ་སོགས་པའི་མི་དཔོན་མང་པོས་གདན་དྲངས་ཏེ་མདོ་སྨད་དུ་ཕེབས་པ་ལ། འཇམ་དབྱངས་གུ་ཤྲིས་འཇའ་ས་ཕུལ་བའི་འཇའ་སའི་ནང་དུ། ངེད་དང་སེམས་ཅན་མང་པོ་ལ་ཕན་པའི་ཕྱིར་ཅི་ནས་ཀྱང་འབྱོན་པ་སློབ་དཔོན་ཆེན་པོ་རོལ་པའི་རྡོ་རྗེ་མཁྱེན། ཞེས་པ་ལ་སོགས་བྱུང་མ་ཐག་ཏུ་རབ་སྒང་ནས་བཏེག །དེ་ནས་ཤིང་ཀུན་མཁར་དུ་ཕེབས། དེའི་མཁན་པོ་དཔལ་ལྡན་མཆོག་གིས་ཐོག་དྲངས་སྐྱེ་བོ་གྲངས་མེད་པ་ཐར་པ་ལ་བཙུད། དེ་ནས་ས་པཎ་གྱི་བཞུགས་གནས་སྤྲུལ་པའི་སྡེར་ཕེབས། སྐད་རིགས་མི་གཅིག་པའི་མི་མང་དུ་འདུས་པ་ལ། བཞུགས་ཁྲིའི་གཡས་སུ་ཧོར་དང་ཡུ་གུར་གྱི་ལོ་ཙཱ་བ་དང༌། གཡོན་དུ་མི་ཉག་དང་རྒྱའི་ལོ་ཙཱ་བ་བཀོད་ནས། ལོ་ཙཱ་རྣམས་སོ་སོར་བསྒྱུར་ཏེ། གདུལ་བྱ་རྣམས་ཀྱིས་གསུང་གཅིག་ཐམས་ཅད་དུ་གོ་བར་མཛད། དེ་ནས་ལྕགས་ཕོ་བྱི་བ་ལོ་ལ་ཏའི་ཏུར་ཕེབས། རྒྱལ་པོ་འཁོར་དང་བཅས་པ་ཞལ་མཐོང་གསུང་ཐོས་པ་ཙམ་གྱིས་རབ་ཏུ་དད་པར་མཛད། ཁྱད་པར་རྒྱལ་པོ་ཡབ་སྲས་ལ་རྣལ་འབྱོར་མའི་དབང་དང༌། ཐབས་ལམ་ནཱ་རོའི་ཆོས་དྲུག་ལ་སོགས་པ་གནང༌། རྒྱལ་བུ་ཆེན་པོ་ལ་སྐྱེས་རབས་བརྒྱ་རྩ། རྒྱུད་བླ་རྩ་འགྲེལ། མདོ་སྡེ་རྒྱན་རྩ་འགྲེལ། དུས་འཁོར་རྩ་འགྲེལ། དེའི་ཆ་ལག་རྒྱ་གཞུང་དང་བཅས་པ་ཐམས་ཅད་ཀྱི་བཤད་པ་གནང༌། རྒྱལ་བ་རྒྱ་མཚོའི་དབང་ཡང་གནང༌། གཞན་ཡང་རྒྱལ་བརྒྱུད་དང་ཞིང་ཐོས་ཀྱི་མི་དཔོན་གྱིས་ཐོག་གྲངས་རྒྱ་ཧོར་དང༌། ཡུ་གུར་དང༌། མི་ཉག་དང༌། ཀའུ་ལི་ལ་སོགས་ཀྱི་མི་ཆེན་དང་སྡེ་དཔོན་དཔག་ཏུ་མེད་པ་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པ་མཛད། ཆོས་རྗེ་མ་ཕེབས་གོང་དུ་སྨན་ཙེའི་འདབ་སྒོ་ལོ་དགུའི་བར་དུ་ཆད་པས་དངུལ་བྲེ་ཆེན་རེ་ལ་འབྲས་ལྗག་ལྔ་རེ་ལས་མེད་པའི་མུ་གེ་དང༌། ནད་ཡམས་དང་ངོ་ལོག་མང་པོ་ཕྱི་ནང་ལངས་ནས་རྒྱལ་ཁམས་མ་བདེ་བ་ལས། དྲུང་གིས་མི་མ་ཡིན་རྣམས་དུལ་བར་མཛད་པས་ངོ་ལོག་རྣམས་ཀྱང་སོ་སོ་ནས་འདུད། སྨན་གྱི་བླའི་ཐུགས་རྗེ་བསྐུལ་བས་ནད་ཡམས་རྣམས་ཀྱང་ཆད། རྣམ་ཐོས་ཀྱི་བུས་ཕྲིན་ལས་བསྒྲུབས་པས་ཕྱོགས་ཀྱི་འདབ་སྒོ་རྣམས་ཀྱང་བྱུང་བས། དངུལ་བྲེ་ཆེན་རེ་ལ་འབྲུ་ལྗག་ལྔ་བཅུར་འཕེལ་བས་མུ་གེ་རྒྱུན་ཆད། རྒྱལ་བུ་མཻ་ཏྲི་པཱ་ལ་འཁྲུངས་པས་རྒྱལ་ཁམས་ཐམས་ཅད་བདེ་བར་གྱུར། ཐན་པ་བྱུང་བས་ཆར་འབབ་པའི་ཕྱིར་ཉི་མ་ཤར་མཚམས་ལ་བྱོན་པས་ཉིན་གུང་ལ་ཆར་ཆེན་པོ་བབ། དེར་སྐྱེ་བོ་ཐམས་ཅད་ཡིད་ཚིམ་ཡང་སློབ་དཔོན་ཆེན་པོ་གུའི་གུང་པ་ལ་རྒྱལ་པོའི་སྐུ་ཚེ་ཡང་མི་བརྟན། རྒྱལ་སྲིད་ལའང་གནོད་པ་འོང་བར་འདུག་པས། ད་ནུབ་ཕྱོགས་སུ་འདེགས་གསུང་བ་གནང་ནས། རྒྱལ་པོ་སྲས་བཅས་ལ་ཡང་དོན་དེའི་ཞུ་བ་ཡང་ཡང་བྱས། རྒྱལ་བུ་ཆེན་པོས་སྤྱན་ཆབ་ཕྱུང་ཞིང་ནན་གྱིས་བཞུགས་པར་ཞུས་ཀྱང་མ་གནང༌། ཡང་ལའོ་བྱང་ཆིང་སང་དང་ཞི་ར་མུ་ཆིང་སང་གཉིས་ཀྱིས་སྔར་བླ་མ་མ་བྱོན་གོང་དུ་ཕྱོགས་རྣམས་ངོ་ལོག་པས་འདབ་སྒོ་མེད། ནད་ཡམས་ཀྱང་མང་དུ་ཡོད་པ་ལ། བླ་མ་ཕེབས་པས་ཐམས་ཅད་ཀྱིས་ངོ་བཏུད། འདབ་སྒོས་སླེབ་པས་འབྲུ་ལྗག་བརྒྱད་ཅུར་འཕེལ། ཐམས་ཅད་ཀྱི་འབྲུ་འཕེལ་ཞིང་བཀྲ་ཤིས་པའི་བླ་མ་ཞེས་ཟེར་བའི་སྐབས་འདིར་བཞུགས་པར་ཞུས་པ་ལ། ཆོས་རྗེའི་ཞལ་ནས། ཁྲོམ་ཆེ་བའི་དུས་སུ་རྩེད་མོ་འཕྲོར་བཞག་ན་ངོ་མཚར་བ་ཡིན། ངེད་ལ་རྒྱལ་སྲིད་ཀྱི་བྱ་བ་ལ་གཏོགས་པའི་ཤེས་སྒོ་གང་ཡང་མེད། བན་དེ་བྱ་བ་གར་བདེ་སར་འགྲོ་ཞིང་བསྟན་པ་དང་སེམས་ཅན་ལ་གང་ཕན་བྱེད་དགོས་པ་ཡིན། ཞེས་གསུངས་པས་མི་དཔོན་དེ་གཉིས་གསུང་དེ་རྣམས་ཡི་གེར་བཏབ་ནས་མོས་གུས་ཀྱི་རྟེན་དུ་གཟུང༌། དེ་ནས་ནན་གྱིས་ཞུས་པས་ཐེགས་ཆོག་པའི་ལུང་དང་འུ་ལག་སོགས་གནང་ནས། མི་ཉག་གི་ཡུལ་ཐ་ཐལ་བྱ་བ་ལ་ལམབརྒྱུད་ནས་བྱང་ངོས་སུ་ཕེབས། དེར་རྒྱལ་བུ་རཏྣ་དང་བཙུན་མོ་བུ་ཎྱ་དྷ་རི་དང་མཇལ་ནས་ཐེག་པ་ཆེན་པོ་བརྩིགས། དེའི་དབེན་ས་ཞིག་ཏུའང་བཞུགས། ཀམ་ཆུའི་ཉེ་ལོགས་སུ་ས་ཐག་རིངས་ཀྱི་སྐྱེ་བོ་དཔག་ཏུ་མེད་པ་འདུས། དེ་རིང་བྱིན་རླབས་གནང་བ་རྣམས་སང་མི་འོང་བའི་ཁྲིམས་བཅས་ནས། ཉི་ཤར་ནས་དགུང་མོའི་བར་དུ་བྱིན་རླབས་རྒྱུན་མ་ཆད་པ་གནང་བ་ཞག་བཅུ་དགུའི་བར་དུ་རྒྱུན་མ་ཆད་པར་མཛད། དེའི་ཚེ་སྟོད་ཧོར་གྱི་རྒྱལ་པོ་ཐོ་ལུག་ཐེ་མུར་གྱི་གདན་འདྲེན་བྱུང་བ་ལ་འབྱོན་པར་མ་གནང༌། ཀམ་ཆུའི་ཞིང་དུ་ནད་ཡམས་ཆེན་པོ་བྱུང་བས་གཞན་རྣམས་སུ་བྱུང་གིས་དོགས་ནས་བྲེད་པ་ལ། གུའི་གུང་བས་ནད་ཡམས་བཟློགས་པར་ཞུས་པས། འོ་ན་ངའི་གཉིད་མ་སྐྲོག་ཅིག་གསུང་ནས་རེ་ཤིག་མནལ་བ་ལྟར་མཛད། དེ་ནས་ཁང་པའི་སྟེང་དུ་བབས་པས་སྡིགས་ཆོམ་དེ་བྱུང་བ་ཡིན། ད་ནད་རྙིང་པ་ཞི་ཞིག་སར་པ་མི་འོང་གསུང༌། དེ་ནས་བཙོང་ཁ་དང་བེ་རིའི་ས་ཆར་ཕེབས། དེ་རྣམས་སུ་འབུལ་བ་བྱུང་བ་ཐམས་ཅད་དབུས་གཙང་གི་ཆོས་སྡེ་དགེ་འདུན་བཅུར་ལོངས་ཡོད་པ་ཡན་ཆད་དུ་མང་ཇ་བདུན་བདུན། འབུལ་བ་རྣམ་བཞག་དང་བཅས་པ་སྒྲུབ་པ་ལ་བླ་མ་རི་བོ་སྒང་བ་བཏང་ནས། བསྟན་པ་ལ་ཞབས་ཏོག་མཛད། ཇོ་བོའི་དྲུང་དུ་དངུལ་བྲེ་ཆེན་བཅུ་གཅིག་ལས་རྡུངས་པའི་སྐོང་བུ། འཚུར་ཕུའི་ལྷ་ཆེན་ལ་གསེར་བྲེ་ཆེན་ལྔ་ལ་བརྡུངས་པའི་གསེར་ཤོག་དང༌། དངུལ་བྲེ་སུམ་ཅུ་རྩ་གཅིག་ལ་བརྡུངས་པའི་སྐོང་བུ་ལྔ། དགེ་འདུན་སྒང་པ་ལ་དངུལ་བྲེ་གསུམ་གྱི་སྐོང་བུ། བདེ་ཆེན་དུ་དངུལ་བྲེ་གསུམ་གྱི་སྐོང་བུ་ལ་སོགས་པ་དང༌། གཞན་ཡང་ཀར་མའི་གདན་ས་ལ་སོགས་པའི་མདོ་ཁམས་ཀྱི་གཙུག་ལག་ཁང་རྣམས་སུ་དངུལ་སྐོང་དང༌། རྒྱུན་འབར་གྱི་སྐོང་རྒྱགས་ལ་སོགས་པ་དཔག་ཏུ་མེད་པ་བཙུགས། བཙུན་མོ་པུ་ཎྱདྷ་རིས་རྒྱལ་བུ་རཏྣའི་ཆེད་དུ་བ་དན་ཡང་དབེན་གྱི་རི་འདི་དང་མཉམ་པའི་སངས་རྒྱས་ཀྱི་སྐུ་ཞིག་བཞེངས་ན་འགྲུབ་པར་འགྱུར་བའི་རྨི་ལམ་བྱུང་ཞུས་པས། དེ་བསྒྲུབས་ཤིག་ཁོ་བོས་ཀྱང་གྲོགས་བྱའོ་གསུང་ནས་སྲང་སྟོང་དང་དགུ་བཅུའི་ནོར་རྫས་འཐུད། བཟོ་བོ་རྣམས་ཀྱིས་ཇི་ལྟར་བྱེད་མི་ཤེས་པ་ལ། དྲུང་པ་ཉིད་ཀྱིས་རི་དེའི་ངོས་ལ་རྡོ་དཀར་པོའི་བཅད་མཛད་ནས། ཐུབ་པའི་སྐུ་ཆེན་པོ་ཞིག་བཞེངས། དེ་ལ་དཔེ་བླངས་ཏེ་བཟོ་བོ་བདུན་བརྒྱས་ཟླ་བ་བཅུ་གསུམ་དུ་བསྒྲུབས་པས་གྲུབ། དེའི་སྙན་གཡས་ནས་གཡོན་གྱི་བར་དུ་འདོམ་བཅུ་གཅིག །ཚད་དེས་དཔགས་པའི་ཐུབ་པའི་སྐུ་ཡོངས་རྫོགས། གཡས་གཡོན་ན་འཇམ་དཔལ་དང་བྱམས་པ། སྟེང་ན་ལྷའི་བུ་དང་བུ་མོས་མཆོད་པ་འབུལ་བ། པད་གདན་གྱི་འོག་ནས་བྱེའུ་ཕྲུག་ཁ་མཛེས་པ་དང་བཅས་པ་བསྒྲུབས་ནས། རབ་གནས་གནང་ཞིང་མཚན་མ་བཟང་པོ་ཡང་བྱུང༌། འཕན་དེ་ཆོས་རྗེ་ཉིད་ལ་ཕུལ་ཏེ་ད་ལྟ་མྱང་པོ་ན་བཞུགསསོ། །དེ་ནས་པུ་ཎྱདྷ་རིས་ལུ་བེ་ཤན་དུ་གདན་དྲངས་པ་ན། ལི་ཙི་ཙིའི་དམག་འོང་བའི་སྐད་ཆེན་པོ་བྱུང་བས། ཞལ་བརྡས་ངས་སེམས་ཅན་ལ་གནོད་པ་མ་བྱས་པའི་བདེན་པས་དམག་མི་འོང་གསུང་ནས་དབུགས་ཕྱུང༌། དེ་ནས་བོད་ཡུལ་དུ་ཆས་པ་ལ་འཁོར་རྣམས་ཀྱིས་ལམ་རྒྱུས་མ་ཤེས་པ་ལ། ཆོས་རྗེ་ཉིད་ཀྱི་གསུང་གིས་ལམ་མ་ནོར་བར་ལྡན་དུ་ཕྱགས་ཕབ། དེ་ནས་ཀར་མར་ཕེབས་ཏེ་ཆོས་མང་དུ་གསུངས། དེ་ནས་ཁམས་ཀྱི་ས་ཆ་སྟོད་སྨད་མང་པོར་བྱོན་ཞིང་བཞུགས་ནས། སླར་ཀོང་པོར་ཕེབས་ནས་གཞན་དོན་རྒྱ་ཆེན་པོ་མཛད་དེ་སྤོ་བོར་ཕེབས། སླར་ཡང་ཀོར་པོར་ཕེབས་ལམ་དུ་འབྲི་ཁུང་གི་སྤྱན་སྔ་ཆོས་ཀྱི་རྒྱལ་པོ་དང་མཇལ་ནས། ནཱ་རོ་ཆོས་དྲུག་དང༌། སྐྱེས་རབས་དཔག་བསམ་འཁྲིལ་ཤིང་ལ་སོགས་པ་གསུངས་པས་ཚིམ་པར་མཛད། རྫ་ཨ་བན་གངས་ཀྱི་མེ་ལོང་གི་ཞོལ་དུ་སྐུ་ཁམས་ཅུང་ཞིག་མཉལ་བ་ལ། ང་ད་ལན་མི་འཆི་བས་ཁྱེད་རྣམས་སྐྲག་མི་དགོས། ད་གཟོད་ཤ་རྐྱང་མང་པོ་འཕྱོ་བས་ས་གཙང་ས་ཅིག་ཏུ་སྐུ་ཁམས་ངན་བྱུང་སྲིད་ན། དཔེ་ཆ་རྣམས་མ་འཐོར་བ་བྱེད་དགོས་གསུང་ནས། འཕན་ཆེན་མོ་དང་དཔེ་ཆ་རྣམས་ལ་དོ་དམ་ཆེར་མཛད། ཆོས་རྗེ་གོང་མའི་གདུང་རྒྱ་ཡུལ་དུ་ཙནྡན་ཨ་ཀ་རུས་སྦྱངས་པ་ཡིན། ངེད་རང་བྱང་དུ་མེ་ཤིང་དཀོན་པོ་བྱུང་དོགས་ཡོད་པས་ཤུག་པ་མང་པོ་ཆོད་ལ་ཁྱེར་གསུང་ནས་བསྣམས། བྱང་ཕྱོགས་ནས་བྱང་ཕྱོགས་ཀྱི་ས་ཤིན་ཏུ་དབེན་པའི་རི་ཞིག་གི་དྲུང་དུ་ཕེབས། དེའི་ཚེ་རི་འདིའི་རྩེར་དགེ་སློང་གཙང་མ་ཞིག་གི་སྤུར་སྦྱངས་ན། བོད་དུ་རྒྱའི་དམག་མི་འོང་བ་འདུག་ཅེས་པའི་གསུང་ཡང་བྱོན་པར་གྲགས། དེར་དགུང་ལོ་བཞི་བཅུ་རྩ་བཞི་བཞེས་པ་ཆུ་མོ་ཕག་གི་ཟླ་བ་བདུན་པའི་ཚེས་གསུམ་ནས་སྐུ་ཅུང་ཟད་མཉེལ་བའི་ཚུལ་བསྟན། ཟླ་བ་དེའི་ཚེས་བཅོ་ལྔའི་མཚན་མོ་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ་སྐོར་བ་ལྔ་བཅུ་རྩ་ལྔ་མཛད་དེ། སྐྱ་རེངས་ཐ་མ་ལ་སྐུའི་བཀོད་པ་བསྡུས་ནས་གཤེགསསོ། །དེར་གདུང་སྦྱངས་པས་འཇའ་དང་འོད་དང་ས་གཡོ་བ་དང་མེ་ཏོག་གི་ཆར་ལ་སོགས་པ་ལྟས་དཔག་ཏུ་མེད་པ་བྱུང༌། དད་པ་དང་ལྡན་པ་རྣམས་ཀྱིས་ཆོས་རྗེ་ནམ་མཁའ་ལ་འཇའ་འོད་ཀྱི་དཀྱིལ་ན་བཞུགས་པ་དང༌། སེང་གེ་ལ་བཅིབས་པ་དང༌། ཉི་ཟླ་སྐར་མའི་སྟེང་ན་བཞུགས་པ་ལ་སོགས་པ་མཐོང་སྣང་མང་པོ་ཡང་ཤར་བར་གྱུར་རོ། །དེ་ནས་སློབ་དཔོན་གུའི་གུང་བས་དངུལ་བྲེ་ཆེན་བརྒྱད་ཅུ་ལ་བརྡུངས་པའི་མཆོད་རྟེན་སྐུ་གཟུགས་དུ་མས་བརྒྱན་པ་ལ་སོགས་པའི་རྟེན་མང་པོ་བསྒྲུབ་པ་ལ་སོགས་པ་འཚུར་ཕུ་དང་ཀར་མའི་གདན་ས་གཉི་གར་མཛད་དེ། བསྟན་པ་རྒྱས་པར་མཛད་དོ། །དེའི་སྐུའི་སྐྱེ་བ་ཆོས་རྗེ་དེ་བཞིན་གཤེགས་པ་ནི། ཤིང་ཕོ་བྱི་བའི་ལོ་ལ། ཡུལ་མྱང་པོ་བྱེ་བྲག་ཨེ་ལ་མྱང་འདི་རུ། ཡབ་སྔགས་པ་གུ་རུ་རིན་ཆེན་དང༌། ཡུམ་ལྷ་མོ་སྐྱིད་ཀྱིས་སྲས་སུ་འཁྲུངས། ལྷུམས་སུ་ཞུགས་པའི་དུས་ཡིག་དྲུག་དང་ཨཱ་ལི་ཀཱ་ལི་གསུངས་པ་མིས་ཐོས་པ་བྱུང༌། ཡུམ་གྱི་རྨི་ལམ་དུ་སྒར་པ་ཡུལ་ཕྱོགས་དེར་ཕེབས་པའི་སྣང་བ་དང༌། མེ་ཏོག་གི་ཆར་འབབ་པ། འཇའ་ཚོན་གྱི་དྲ་བས་འབྲེལ་བ། དྲི་བཟང་གི་ངད་ལྡང་བ་ལ་སོགས་ལྟས་ཁྱད་པར་ཅན་ཡང་མང་དུ་བྱུང༌། ལྷས་ཡིད་བསྐུལ་ནས་ཆོས་རྗེ་རིན་པོ་ཆེ་ཡུལ་ཕྱོགས་འདིར་འབྱོན་པར་ངེས་སོ་ཞེས་སྐྱེ་བོ་ཕལ་པ་རྣམས་ཀྱང་ངེས་པའི་ཤེས་པ་ཡོད་ཡོད་སྐད་དུ་སྒྲོག་པར་བྱེད། བལྟམས་ནས་ཟླ་བ་གཉིས་ཙམ་སོང་བ་དང་མཁན་ཆེན་མགོ་བློན་པས་མཇལ་བས་དགྱེས་པའི་རྣམ་འགྱུར་དུ་མ་བསྟན། ལོ་གཅིག་ཙམ་བཞེས་པ་ན་གསག་མོའི་སྟེང་དུ་ཕེབས་པ་དང༌། ཀ་སྒྲོག་གི་སྟེངས་སུ་འབྱོན་པ་རྣམས་མཛད། ལོ་གཉིས་པ་ལ་སྒར་བ་རྣམས་ཕབས་ནས་སྒར་མཛད་ནས་སྣེ་བོར་ཐེགས། མངོན་པར་མཁྱེན་པ་རྒྱ་ཆེན་པོ་གསུང་པ་དང་ཆོ་འཕྲུལ་དུ་མ་བསྟན་པའི་རིམ་པ་རྣམས་ནི་གྲངས་ལས་འདསསོ། །སྣེ་བོའི་གཞུངས་ཆུའི་འགྲམ་དུ་རྡོའི་སྟེང་དུ་ཐེགས་པའི་ཚེ་ཞབས་རྗེས་གསལ་བར་བྱོན། དགུང་ལོ་བཞི་བཞེས་པའི་ཚེ་ཆོས་རྗེ་མཁའ་སྤྱོད་པ་དང་མཇལ། ཕྱག་ཆེན། སྦྱོར་དྲུག་ལ་སོགས་པ་མང་དུ་གསན། དེ་ནས་དགུང་ལོ་བདུན་པ་རྟའི་ལོ་ལ་རྩེ་ལྷ་སྒང་དུ་མཁན་ཆེན་བསོད་ནམས་བཟང་པོ་དང༌། སློབ་དཔོན་མཁན་ཆེན་ཡོན་བློ་བ་ལས་རབ་ཏུ་བྱུང༌། མཚན་ཆོས་དཔལ་བཟང་པོར་བཏགས། བཅོ་བརྒྱད་བཞེས་པ་སྦྲུལ་ལ་མདོ་ཁམས་སུ་ཐེགས། གོན་གྱོའི་དཔོན་ཆེན་འོད་ཟེར་ནམ་མཁས་འབུལ་བ་རྒྱ་ཆེན་པོ་མཛད། གོན་གྱོའི་ཡུལ་དུ་ཆག་པའི་དམག་གིས། གནོད་པ་ཆེན་པོ་བྱུང་བ་ལ་བཀའ་ཤོག་ཞུས་ནས་བསྒྲགས་པས་དེ་རྣམས་མེད་པར་སོང་སྟེ་གནོད་པ་བཟློག་པར་མཛད་པ་དང༌། དེ་ནས་གླིང་གི་ཡུལ་དུ་བྱོན། ཀར་མ་དང་རི་བོ་ཆེ་ལ་སོགས་པ་རྣམས་སུའང་བྱོན་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། སླར་ཀོང་པོར་ཕེབས། ཉི་ཤུ་པ་རྟའི་ལོ་ལ་རྩེ་ལྷ་སྒང་དུ་མཁན་ཆེན་བསོད་བཟངས་པོ་དང༌། མཁན་ཆེན་ཡོན་བློ་བ་ལ་སོགས་པ་དགེ་འདུན་བརྒྱད་ཅུ་ཙམ་གྱི་དབུས་སུ་བསྙེན་པར་རྫོགས། གཅིག་ལ་ཁྲིད་གནང་བས་ཁོས་དགེ་སྦྱོར་ལ་འབད་པ་མ་བཏོན་པར་ཉལ་བས་ཁོའི་ཁང་ཐོག་ཏུ་བྱོན་ནས་སྐུ་སྟོད་རིབ་ཙམ་དབུ་རིབ་ཙམ་མཛད་དེ་གཟིགས་པའི་རྫུ་འཕྲུལ་བསྟན། དེ་ནས་ཁོ་སྤྱན་སྔར་བྱུང་དུས་ཞལ་འཛུམ་འཛུམ་མང་དུ་མཛད་པས། ཁོ་ཤིན་ཏུ་འཇིགས་ནས་དགེ་སྦྱོར་ལ་འབད་པས་དགེ་སྦྱོར་ཁྱད་པར་དུ་གྱུར་པ་སྐྱེས་པ་སོགས་ངོ་མཚར་བའི་མཛད་པ་གྲངས་མེད་པ་བསྟན། གཞན་ལ་ཆོས་གསུང་བ་དང༌། འབུལ་བ་བཞེས་པ་དང༌། ཞལ་སྟོན་པ་དང༌། ཁྲིམས་ལ་སོགས་པས་ཡང་དག་པའི་ལམ་ལ་བཀོད་དོ། །དེའི་དུས་སུ་གོང་མ་རྒྱལ་པོའི་གདན་འདྲེན་གྱིས་དབུས་སུ་སླེབས་པས་ཉི་མ་དབུས་ཀྱི་རྒྱལ་ཁམས་སུ་རིམ་གྱིས་ཕེབས་ཏེ། ལྷ་ས་དང་འཚུར་ཕུར་ཕེབས་ནས་གསེར་ཡིག་པའི་ཞུ་བ་གོང་མའི་ལུང་ལ་སོགས་པ་བཞེས། དེ་ནས་རིམ་གྱིས་ཁམས་ཀྱི་སའི་ཆ་རྣམས་སུ་གཞན་གྱི་དོན་སྐྱོང་ཞིང་གོང་དུ་ཐེགས། དེའི་དུས་སུ་རྒྱའི་ཡུལ་འོད་ཀྱིས་ཁེངས་པ་དང༌། གཟིམས་ཁང་ལ་འཇའི་ཀ་བ་ཟུག་པ། སྤྲིན་གྱི་གསེབ་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངོན་སུམ་དུ་བྱོན་པ་དང༌། ལྷའི་བུ་དང་བུ་མོ་རྣམས་ཀྱིས་ནམ་མཁའ་ནས་མངོན་སུམ་དུ་མཆོད་པ་འབུལ་བ་ལ་སོགས་པའི་རྫུ་འཕྲུལ་དང་ངོ་མཚར་བའི་ལྟས་དཔག་ཏུ་མེད་པ་བསྟན་པས། རྒྱལ་པོ་ཆེན་པོ་འཁོར་དང་བཅས་པ་དད་པ་ལྷག་པར་སྤེལ་ནས་ཡང་དག་པའི་ལམ་ལ་བཀོད། གོང་ནས་མཚན་དེ་བཞིན་གཤེགས་པར་གསོལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ཡི་དམ། ཆོས་སྐྱོང་གི་སྣང་བ་གྲངས་མེད་པ་གཟིགས་ཤིང༌། དེ་དག་གི་སྒྲུབ་ཐབས་ལ་སོགས་ཀྱང་མང་དུ་གནང༌། སྤྱིར་མཆོག་ཏུ་གྱུར་པའི་མཛད་པ་ངོ་མཚར་ཅན་ཕུལ་དུ་བྱུང་བ་བརྒྱ་རྩ་བརྒྱད་མཛད་ནས། གདུལ་བྱ་རྣམས་ཡང་དག་པའི་ལམ་ལ་བཀོད་ཅེས་ཟེར། གོང་མ་རྒྱལ་པོས་ཀྱང་དངུལ་རྐྱང་པའི་འབུལ་བ་ལའང་དངུལ་བྲེ་བདུན་བརྒྱ་ཙམ་ཕུལ་ནས་བོད་དུ་ཕེབསསོ། །དེ་ནས་ཁམས་ཀྱི་ས་ཆ་རྣམས་སུའང་སེམས་ཅན་རྣམས་ཡང་དག་པའི་ལམ་ལ་བཀོད། དབུས་སུ་སྔ་ཕྱིར་ཕེབས་ནས་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་དང༌། སྒོམ་ཆེན་པ་དང༌། ཐོས་བསམ་པ་དང༌། སྔགས་པ་ལ་སོགས་པའི་ཚོགས་མཐའ་ཡས་པ་རྣམས་དང༌། དབང་གྲགས་པ་རྒྱལ་མཚན་ལ་སོགས་པའི་མི་དཔོན་ཆེ་ཕྲ་དུ་མ་དང༌། སྐྱེ་བོ་ཐ་མལ་བ་རྣམས་ཀྱང་གནང་སྦྱིན་དང༌། གདམས་པ་བསྟན་པ་དང༌། ཞལ་མཐོང་བ་དང༌། ཕྱག་གིས་དབང་བསྐུར་བ་ལ་སོགས་པས་ཐམས་ཅད་བྱང་ཆུབ་ཀྱི་ལམ་ལ་བཀོད། སྤྱིར་མཁན་ཆེན་བསོད་ནམས་བཟང་པོ། སློབ་དཔོན་གུའི་གུང་བ། ཆོས་རྗེ་མཁའ་སྤྱོད་དབང་པོ། མཁན་ཆེན་རྒྱལ་མཚན་དཔལ། མཁན་ཆེན་ཡོན་བློ་བ། བཀའ་བཞི་པ་ནི་རིན་ཆེན་དཔལ། རྒྱ་སངས་རྒྱས་དབང་ཕྱུག་ལ་སོགས་པ་རྣམས་ལས་མདོ་དང་སྔགས་དང་ཟབ་མོའི་གདམས་པ་དཔག་ཏུ་མེད་པ་དང་དབང་ལ་སོགས་པ་གསན་པའི་རྫུ་ཡང་རྒྱ་ཆེར་མཛད། འདས་མ་འོངས་ཀྱི་འདི་དང་འདིའོ་ཞེས་པའི་གསུང་ཡང་མང་དུ་གསུངས། གཞན་ལ་ཆོས་བསྟན་པས་སྨིན་ཅིང་གྲོལ་བར་མཛད་པའི་གང་ཟག་ཀྱང་གྲངས་ཀྱིས་མི་ཆོད། དེ་རྣམས་ཀྱི་ནང་ནང་མཆོག་ཏུ་གྱུར་པ་ནི་གུ་ཤྲཱི་སངས་རྒྱས་རིན་ཆེན། གུ་ཤྲཱི་བློ་གྲོས་རྒྱལ་མཚན། གུ་ཤྲཱི་རིན་ཆེན་དཔལ། གུ་ཤྲཱི་དོན་གྲུབ་འོད་ཟེར། གུ་ཤྲཱི་ཆོས་ཀྱི་རྒྱལ་མཚན། གུ་ཤྲཱི་ཤཱཀྱ་བཟང་པོ། བཀའ་བཞི་པ་རིན་ཆེན་བཟང་པོ། སྤྲུལ་སྐུ་ཆོས་དཔལ་ཡེ་ཤེས། ངོམ་པ་བྱ་བྲལ་བ། རྨ་སེ་རྟོགས་ལྡན་ལ་སོགས་པ་མང་དུ་བྱོན། དེ་ནས་རིམ་གྱིས་ལྷ་ས་པོ་ཏ་ལར་ཕེབས་ན། གནས་འདི་ཏིང་ངེ་འཛིན་ཤིན་ཏུ་འཕེལ། རིང་པོར་མི་ཐོགས་པར་གནས་འདིར་འགྲོ་བ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་འདུག་ཅེས་པ་ལ་སོགས་པའི་ཞལ་བརྡ་མང་དུ་གནང༌། དེ་ནས་མཉེལ་དྲག་པོ་ཅིག་བྱུང་ནས་བརྟན་བཞུགས་ཕུལ་བས། རྟེན་འབྲེལ་ཞིག་གིས་མདོ་ཁམས་ཀར་མའི་ཉེ་ལོགས་ཤིན་ཏུ་འདུན་པ་བཏང་ཚར། དེར་གསོལ་བ་ཐོབ་དང༌། ཐུགས་རྗེས་འཛིན་པ་ཡིན་གསུང་བ་དང༌། གཟིམས་དཔོན་ལ་དཔེ་ཆ་ལྷ་རྟེན་རྣམས་མ་འཐོར་བ་གྱིས་དང༌། བདག་པོ་ཅིག་འོང་བ་ཡིན་གསུངས་ནས། དགུང་ལོ་སུམ་ཅུ་རྩ་གཉིས་བཞེས་པ་ཤིང་མོ་ལུག་གི་ལོ་ལ་གཤེགས། འཇའ་དང་འོད་དང་མེ་ཏོག་གི་ཆར་ལ་སོགས་པ་དཔག་ཏུ་མེད་པ་བབ། སྐུ་གདུང་སྦྱངས་བས་ཐུགས་རྗེ་ཆེན་པོ་དང་བདེ་མཆོག་དགྱེས་རྡོར་ཡབ་ཡུམ་གྱི་སྐུ་རིང་བསྲེལ་ལས་གྲུབ་པ་དང༌། རིང་བསྲེལ་ཁ་དོག་སྣ་ཚོགས་པའང་དཔག་ཏུ་མེད་པ་བྱོན། སྤྱིར་སྐུའི་སྐྱེ་བ་ན་རིམས་སུ་བྱོན་པ་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་གདུལ་བྱ་ཕྲིན་ལས་ལ་མངའ་མཛད་ཀྱང༌། སློབ་མ་རྟོགས་ལྡན་གཞན་ལ་ཕན་པ་བྱོན་པ་ནི་ཆོས་རྗེ་དེ་བཞིན་གཤེགས་པ་འདི་ཁོ་ན་མང་བ་ཡིན་ནོ། །ཁྱད་པར་རྨ་སེ་རྟོགས་ལྡན་ཞེས་པ་འདི་མི་ཉག་གི་ཚང་དུ་འཁྲུངས་ནས། ཡབ་ཡུམ་མ་གཤེགས་བར་དུ་ཡུལ་དུ་བཞུགས་ཤིང༌། བླ་མ་བསྟེན་པ་དང༌། གདམས་པ་ཞུ་བ་དང༌། ཐུགས་དམ་ལ་བརྩོན་པར་མཛད། སྐབས་ཤེད་དུ་ཆོས་རྗེ་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་ཡུལ་ཕྱོགས་དེར་ཕེབས་པས་ཤིན་ཏུ་དད་པས་ཞབས་དྲུང་དུ་མཇལ། དེ་དུས་འབྱོར་པ་ཤིན་ཏུ་ཆེ་བར་ཡོད་པས་འབུལ་བ་ཆེན་པོའང་མཛད། སྒར་པའི་དཔོན་ཆེ་ཆུང་རྣམས་དང་ཡང་ལོངས་སྤྱོད་ཀྱིས་ཤིན་ཏུ་འདྲིས་པར་བྱས། དེ་ནས་སྒར་པ་བོད་དུ་བཞུགས་དུས་ལྷ་སར་མཇལ་དུ་བྱོན་པས། དང་པོར་འདྲིས་པར་ཡོད་པའི་ནང་བསྙེམས་བྱས་ནས་སྐུ་མདུན་དུ་མཇལ་དུ་བྱོན་པས། དཔོན་བཀྲ་ཤིས་འབྱུང་གནས་པས་མདོར་བཏོན། གུར་སྒོ་ནས་ཕྱག་འཚལ་བའི་རལ་པའི་སྟེང་དུ་རྡོག་པས་བརྫི་བ་སོགས་བྱས། དེ་ནས་ཆོས་རྗེ་རིན་པོ་ཆེ་འཚུར་ཕུར་ཕེབས་པའི་སར་སྐུ་མདུན་ཚུད། དེ་དུས་བན་གཟུགས་རལ་པ་ཅན་དུ་ཡོད་པས་དགེ་འདུན་སྒང་བ་ལ་རབ་ཏུ་བྱུང༌། ཆོས་རྗེ་དེ་བཞིན་གཤེགས་པས་ཐུགས་ལ་བཏགས་ནས་སྐུ་མདུན་དུ་ནམ་ཡིན་གྱིས་བྱོན་ཆོག་པ་བྱུང༌། གདམས་པའང་གཞན་ལ་མ་གནང་བ་རྣམས་གནང་སྙན་བརྒྱུད་དུ་མཛད་པས། དིང་སང་ཡང་ཟུར་མངས་པའི་སྙན་བརྒྱུད་ཅེས་གཞན་ལ་ཕན་པ་རྒྱ་ཆེ་བར་ཡོད། དེ་ནས་ཁམས་སུ་བྱོན་ནས་ཕ་ཆེན་མི་ཉག་གི་གཟུང་བའི་ཆམ་ལ་ཁར་བྱོན་ནས་གཞན་དོན་བསྐྱངས་ཤིང༌། དེར་དགོན་པ་མཛད་པར་བཞེད་ནས་ཡབ་ཚན་རྣམས་ལས་བླངས་པས་སྟེར་མ་ཉན་པར། ཉིན་གཅིག་སྨོན་དོར་ཅིག་བཤམས། དེའི་ཐོང་མཁན་ཁོང་རང་གིས་མཛད་ནས་དགོན་པ་འདེབས་པའི་ས་སྐོར་དེར་རོལ་གཅིག་གིས་བསྐོར་ནས། འདིའི་ནང་འདི་ང་དབང་བས་དགོན་པ་འདེབས་པ་ཡིན་གསུངས་པས། གཞན་རྣམས་ཀྱིས་རྒོལ་མ་ནུས། དེའི་ཐོང་མཁན་དེ་གྲྭ་པས་བྱས་ན་སུས་བྱས་ཕ་ཆེན་རྣམས་ཀྱིས་གསོང་བར་བྱས། དེ་ནས་དེར་ཟུར་མང་བཏབ། གདུལ་བྱ་བསྐྱངས་པས་གྲྭ་པ་མང་དུ་འདུས། གླིང་དུ་བསྡོད་པ་དང་རི་ཁྲོད་འཛིན་པའི་གྲྭ་གཉིས་བྱུང༌། དེ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་རྟོགས་ལྡན་ཡ་བརྒྱད། འཇའ་མོ་མི་གསུམ་བྱ་བ་ཕྱུང་སྟེ། དེ་ཐམས་ཅད་ཐུགས་དམ་བཟང་ཞིང་གཞན་དོན་ནུས་པ་འབའ་ཞིག་ཡིན། དེའི་ནང་ནས་ཀུན་རྒྱལ་ཆེ་ཆུང་གིས་ལྡན་སྟོད་དུ་དགོན་པ་བཏབ། བསོད་ཡེས་པས་ཟུམ་མང་གི་ཟུར་ཆོས་མཛད་པས་སློབ་མ་མང་དུ་ཐོན། ཆུ་གསོལ་འོད་ཟེར་བཟང་པོས་ལྡན་སྨད་སྲིབས་སུ་ཆུ་གསོལ་དགོན་བཏབ། ཁུ་དྲོ་རྟོགས་ལྡན་གྱིས་ཀྱང་དགོན་པ་གཟུང༌། གཞན་གཉིས་ཙམ་ཞིག་གིས་གཞན་དོན་ཆེར་མ་བསྐྱངས་པར་སྒྲུབ་པ་ཁོ་ནས་དུས་འདའ་བར་མཛད། སྣག་དཔོན་ཅིག་གིས་གདན་ས་བསྐྱངས་ཏེ། དེ་ཡང་ཐུགས་དམ་ཤིན་ཏུ་མཐོ་ཞིང་ཐབས་ལམ་ལ་གཙོ་བོར་མཛད། མཚན་རིན་པོ་ཆེ་བར་གསོལ་ཏེ། དེ་བཞིན་གཤེགས་པའི་སློབ་མ་རྣམས་ཀྱི་ནང་ནས་ཕྲིན་ལས་རྨ་སེ་ཁོ་ན་ཆེ་བ་ཡིན་ནོ། །ཡང་ངོམ་པ་བྱ་བྲལ་བ་ནམ་མཁའ་རྒྱལ་མཚན་ཞེས་བྱ་བ་ཡང་ཐུགས་དམ་བཟང༌། ཕྲིན་ལས་རྒྱ་ཆེན་པོ་སྐྱོང་བ་ཅིག་བྱུང་སྟེ། དེ་ནི་ཆོས་རྗེ་མཐོང་བ་དོན་ལྡན་པའི་ཡང་སློབ་མ་ཡིན། དང་པོའི་དུས་སུ་ཤ་བ་ཕ་རི་ན་འདུག་པ་ལ་ཚུ་རི་ནས་ཕ་བོང་ཅིག་ལ་པུས་མོ་གཏད་ནས་མདའ་ཕངས་པས་ཤྭ་བ་ཤི། ཕ་བོང་ལ་ཁོང་རང་གི་ཞབས་རྗེས་བྱུང་བ་ཡིན་ཟེར། དུས་ཕྱིས་དགོན་པ་ཅིག་ཏུ་འདག་འབྱར་མཛད་ནས་ཐུགས་དམ་ལ་བཞུགས། དེ་ནས་རྗེ་ཞིག་ན་ནང་ན་མི་བཞུགས་པར་རིག་ནས་གྲྭ་པ་རྣམས་ཀྱིས་སྒོ་བསངས་ནས་བལྟས་པས་ན་གཟའ་ཤུལ་ཧ་རེ་མཁའ་སྤྱོད་དུ་གཤེགས་འདུག །དེ་ནས་མཁའ་སྤྱོད་པར་གྲགསསོ། །གོང་མ་ཡེ་དབང་གིས་ཐའི་སྐྱམ་ཆེན་པོ་གསེར་ཡིག་ཏུ་མངགས་ནས། རྒྱ་གར་ལྷོ་ཕྱོགས་ནས་བི་རཱུ་བ་སྤྱན་དྲངས་པའི་སྐབས་སུ། རྒྱ་ནག་གི་རྒྱལ་པོའི་ཕོ་བྲང་གི་ཐོག་ཏུ་བི་རཱུ་བའི་ཕྱགས་ཕྱིར་ཐུལ་བ་ཅིག་གསོལ་ནས་བྱོན་པ་ཡིན་ཞེས་པའི་གཏམ་ཡང་ཡོད་དེ། ཆོས་རྗེ་མཐོང་བ་དོན་ལྡན་ནི་ཀར་མ་དང་ཉེ་བའི་ས་ཆ་ངོམ་དུ། ཡབ་སྔགས་པ། ཡུམ་རྣལ་འབྱོར་མའི་རིགས་གཉིས་ཀྱི་སྲས་སུ། མེ་ཕོ་སྤྲེའུ་ལོ་ཟླ་བ་གཉིས་པའི་ཚེས་བརྒྱད་ལ་འཁྲུངས། ལྷུམས་སུ་ཞུགས་པའི་ཚེ་ཡབ་ཡུམ་ལ་རྨི་ལྟས་ཀྱང་བཟང་བར་རྨིས། སྐུ་བལྟམས་མ་ཐག་ཙོག་པུར་བཞུགས་ནས་ཡུམ་ལ་གཟིགས་ནས་བཞད་པ་དང༌། ལྟེ་བ་བཅད་པས་དྲི་བཟང་གིས་ཡུལ་ཁམས་ཁྱབ་པའང་བྱུང༌། སྤྲེ་ལོ་ཟླ་བ་གསུམ་པའི་ཚེས་བཅུ་གཉིས་ཀྱི་ཉིན་ངོམ་པ་བྱ་བྲལ་བའི་སར་བསོད་སྙོམས་སློང་དུ་བྱོན་པ་ན། ངོམ་པ་བྱ་བྲལ་བ་གཟིགས་མ་ཐག་དགྱེས་པའི་རྣམ་འགྱུར་དུ་མ་མཛད། ཨ་ཨ་ཞེས་རྒྱུན་དུ་གསུང༌། དེ་ནས་ལྐོག་ཏུ་ཁྱོད་སུ་ཡིན་བྱས་པས་མཛུབ་མོ་ལ་ཕྱག་གིས་འཇུས་ནས། ད་ནི་སྐྱེ་མེད་བརྗོད་པ་ཀུན་དང་བྲལ། །གནས་མེད་གནས་བྲལ་འཁོར་བའི་འགྲོ་བ་རྣམས། །མ་ལུས་ཐར་པའི་གནས་སུ་འདྲེན་པའི་ཕྱིར། །སྐྱེ་འགྲོ་ཀུན་གྱི་དཔལ་ཏུ་བདག་གྱུར་ཏེ། །ན་མ་ཚར་བར་ཡུལ་གཞན་མི་སྤོ་འདུག །ཞེས་གསུངས་ནས། ད་དུང་ཞག་འགའ་གསོངས། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཞེས་གསུངས་པས། ངོམ་པ་བྱ་བྲལ་བ་དད་ནས་ཞབས་ཏོག་བྱས། ཟླ་བ་བཞི་ལོན་དུས་སུ་བྱ་བྲལ་བ་དམར་ཁམས་སུ་བྱོན་པ་དར་མས་གསང་ཟེར་བའི་སྐད་ཆེན་པོ་བྱུང་བས་ཐམས་ཅད་སྡུག་བསྔལ་བ་ལ་ཁོང་མཉེས་པའི་རྣམ་འགྱུར་དང་བྲོ་ཡང་མཛད། ཡུམ་གྱི་བྱ་བྲལ་བ་ལ་ཅི་བྱུང་དགོངས་སམ་ཞུས་པས། ཅི་ཡང་མ་ཉེས་ཕྲད་འོང་གསུང༌། དེ་ལ་སོགས་པ་འདས་མ་འོངས་མང་དུ་གསུངས། ཟླ་བ་བདུན་བཞེས་པ་ནས་སངས་རྒྱས་ཀྱི་མཚན་སྒྲོག་པ་དང་ཡི་གེ་དྲུག་པ་གསུངས། ཁྲི་ཐོག་ཏུ་བཞུགས་ནས་བྱིན་རླབས་མཛད་པའང་བྱུང༌། ཉ་ཁང་དུ་སྤྱན་དྲངས་པའི་ཚེ་རྟེན་རྣམས་ལ་གཟིགས། ཁྱད་པར་ཞྭ་ནག་ཅན་ལ་གཟིགས་ཤིང་བཞེད། འདི་སུ་ཡིན་ཞུས་པས་བདག་ཡིན་གསུང་ནས་ཐུགས་ཀར་ཕྱག་འཛུགས། ཡབ་ཀྱི་བང་ན་ཡོད་པ་ལ་ངོམ་པ་བྱ་བྲལ་བས་ཕྱག་ལ་འཇུས་ནས། ཁྱོད་སུ་ཡིན་གསུངས་པས། ང་དེ་བཞིན་གཤེགས་པའི་སྐྱེ་བ་ཡིན་ཤེས་སམ་གསུང༌། ངོམ་པ་དང་རི་བོ་ཆེ་བ་མ་འཆམ་པ་ལ་འདི་བཞིན་བྱས་ན་འདི་ལྟར་རྒྱལ་བར་འགྱུར་གསུང་བ་བཞིན་དུ་བྱས་པས་ཡུལ་ཁམས་བདེ་བར་གྱུར། བྱ་ལོ་ཟླ་བ་གཉིས་པ་ལ་ལྷ་ཁྱིམ་དུ་ཕེབས་པའི་ཚེ། བླ་མ་གཅོད་པའི་དཔོན་པོས་རེ་ནི་གང་ཡིན་ཞུས་པས། དགོན་པ་ལ་ཕྱག་མཛུབ་གཏད་ནས་འདི་ཡིན་གསུང༌། དགོན་དུ་ཕེབས་ནས་དུས་གསུམ་མཁྱེན་པའི་སྐུ་འབུམ་ངོས་གཟུང༌། ཞྭ་ནག་བླངས་ནས་ང་རང་གི་ཡིན་གསུང་ནས་བསྣམས། གཞན་ཡང་མངོན་མཁྱེན་མང་དུ་གསུངས། དེར་གཅོད་པ་ལ་དག་སྣང་མང་དུ་ཤར། མེ་ཏོག་གི་ཆར་ཉི་མ་གསུམ་དུ་བབས། དེར་གཅོད་དིག་པས་ཕྱོགས་ཐམས་ཅད་དུ་ཆོས་རྗེར་བསྒྲགས། ཀར་མར་ཡང་ཡི་གེ་བསྐུར་བས་གཉེར་བས་ཇ་འདྲེན་ལ་སླེབ་པའི་མིང་ནས་བོས། དེ་ནས་ཀར་མར་ཕེབས་བྱིན་རླབས་གནང་བས་ཐོར་ནད་ཡོད་པའང་ཆད། རྟེན་རྣམས་ལ་ངོས་འཛིན་མཛད་ནས་དེ་བཞིན་གཤེགས་པར་ཡིད་ཆེས་པར་མཛད། ཐངས་སྐུ་ལ་རབ་གནས་མཛད་པས་ནས་འབྲུ་བདུན་ནམ་མཁར་བསྡད་པ་དང༌། ཐན་པ་བྱུང་བའི་དུས་སུ་ཆུ་རྩེད་མཛད་པས་ཆར་བབ། སྐབས་ཤིག་ཏུ་མཁན་ཆེན་པའི་ལད་མོ་མཛད་ནས། ཆེ་གཞིས་ཀྱང་སླེབ་གྱིན་ཡང་གསུང༌། མཁན་ཆེན་མགོ་བློན་པ་ལ་ཡང་ཐུགས་རྗེ་ཆེན་པོས་ལུང་བསྟན་བྱུང་ནས། དེའི་བླ་མ་ཁམས་ན་བྱོན་ཡོད་གསུང་ནས་ཕྱགས་ཕྱི་བ་རྣམས་བསྡུས་ཏེ། དར་ཆེན་ཁ་རེ་བ་ཀྱེ། ཡབ་ཡུམ་གྱི་ཤ་རྟགས་ཚུན་ཀྱང་འདི་ཡོད་གསུང་ནས། ངའི་བླ་མ་ཐུགས་ཆད་ཡོད་ང་འགྲོ་གསུངས་ནས་ཁམས་སུ་བྱོན་ནས་ཀར་མའི་ཡང་དགོན་དུ་མཇལ། མཁན་ཆེན་པས་ཕྱག་རྟེན་བཏང་བའི་དུས་སུ་ཕྱག་ཕྲེང་ངོས་གཟུང༌། ཆང་ཇའི་དུས་སུ་ཀར་མ་ཀུན་སྤངས་པས། ཁྱེད་རང་གི་ཐུགས་ལ་བཏགས་པ་ཅིག་ལ་གསོལ་རས་ཅིག་གནང་བར་ཞུ་ཞུས་པས། སྟོན་པ་གསུང་ནས་གནང་བས་གདོང་མཆི་མས་གང༌། ཐམས་ཅད་ཡིད་ཆེས་པར་མཛད། ཡུམ་འདའ་ཁའི་སྔས་སུ་སྤྱན་དྲངས་ནས། ཡུམ་གྱིས་དྲུང་བ་ཨ་མ་ལ་ཐུགས་རྗེས་གཟུང་ཞུས་པས། ཨ་མ་དང་དགའ་ལྡན་ན་འཕྲད་གསུང་ནས་བསྔོ་བ་མཛད། དེ་ནས་ལྷ་སྟེངས་སུ་སྤྱན་དྲངས་པའི་ཚེ་ཟླ་བ་གཟས་གཟུང་བའི་དུས་སུ་རྒྱ་ནག་གི་རྒྱལ་པོའི་འདྲ་ཚུལ་དང༌། ཞལ་ཚོམས་ཀྱི་རིང་ཐུང་ལ་སོགས་བཀོད་པ་རྒྱས་པར་གསུངས། ཚུར་སྒང་དགོན་དུ་སྐུ་མཚམས་ལ་བཞུགས་དུས་རྒྱལ་བ་རྒྱ་མཚོ། སྒྲོལ་མ། ཆོས་སྐྱོང་ཕྱག་བཞི་པ། བེར་ནག་ཅན་ལ་སོགས་གཟིགས། བཀའ་བཞི་བས་མི་གཡོ་བའི་རྗེས་གནང་ཕུལ་བའི་དུས་སུ་ལྷ་མོ་ལྕགས་ཕུར་མ་གཟིགས། གཞན་ཡང་གཟིགས་པ་གྲངས་མེད། མངོན་པར་མཁྱེན་པའང་མང་དུ་གསུངས། སྐབས་སུ་ཏིང་ངེ་འཛིན་ལ་བཞུགས་པས་དེར་ཡོད་པའི་སྒོམ་ཆེན་པ་རྣམས་ཀྱང་སྒོམ་བཟང་དུ་སོང༌། དེ་ནས་མཚམས་ཁོང་ནས་རྣམ་རྒྱལ་སྒང་དུ་བྱོན། དེ་ནས་ཚུར་ཕེབས་པའི་ཚེ། ཚེས་བཅུའི་ཚོགས་གྲལ་དུ་རྗེ་བཙུན་མ་གཟིགས། གོན་གྱོ་བདག་པོས་ཞྭ་ནག་ལ་བལྟས་པས། འདི་ཧོར་དུས་ཀྱི་ཡིན། རྒྱའི་མིན་ཞེས་ཞིབ་ཏུ་གསུངས། དེར་སངས་རྒྱས་བྱང་སེམས་མང་པོ་དང་གནས་བརྟན་བཅུ་དྲུག་ལ་སོགས་མང་དུ་གཟིགས། སྐྱ་སེར་ཁྲི་ཚོ་གཉིས་ཙམ་ལ་ཐུགས་རྗེ་ཆེན་པོའི་སྒོམ་བཟླས། བླ་མའི་རྣལ་འབྱོར་ལ་སོགས་གསུངས། དེ་དུས་དགུང་ལོ་གསུམ་དུ་མ་རྫོགས་ཙམ་ཡིན་ནའང༌། གཞན་ལ་ཅོ་འདྲི་བའི་བཞད་གད་དང་ཆོས་རྣམས་ཀྱང་ཐོགས་མེད་དུ་གསུང་བར་མཛད། ཐན་པ་བྱུང་བའི་ཚེ་ངོམ་པ་བྱ་བྲལ་བས་སྐུ་མདུན་དུ་ཕྱིན་ནས་ཆར་འབེབས་པར་ཞུ་ཞུས་པས། གནས་པོ་འགའ་ཡ་དགེ་བསྙེན་ཆེན་པོ་ད་ལྟ་ཆར་ཕོབ། གལ་ཏེ་མི་འབེབས་ན་ཙ་ར་དམ་པོ་བྱེད་གསུངས་པས། དེ་མ་ཐག་ཆར་ཆེན་པོ་བབ་པ་དང༌། དགའ་ལྡན་གྱི་བཀོད་པ་གསུང་བར་མཛད་པ་ལ་སོགས་པ་ངོ་མཚར་བའི་མཛད་པའང་མང་ངོ༌། །དེ་ནས་རིམ་གྱིས་ཀོང་པོར་ཕེབས་ནས་གཞན་ཕན་རྒྱ་ཆེན་པོ་བསྐྱངས། དྭགས་པོ་ནས་བརྒྱུད་དེ་འོལ་ཁ་བཀྲ་ཤིས་ཐང་དུ་ཕེབས་ནས། མཁན་ཆེན་བསོད་བཟངས་པོ་དོ་ལི་ལ་སྤྱན་དྲངས་ནས་རབ་ཏུ་གཤེགས་པའི་ཚུལ་ཡང་བསྟན། དབང་གྲགས་པ་རྒྱལ་མཚན་པས་ཇ་ཞུས་ཀྱང་བཏང༌། གཞན་ཡང་སྤྲུལ་སྐུ་ཆོས་དཔལ་ཡེ་ཤེས་པ་དང༌། ཆོས་རྗེ་རོང་པོ་ལ་སོགས་པ་མང་དུ་བརྟེན་ནས་གསན་པ་མཛད་པའི་ཚུལ་ཡང་རྒྱ་ཆེ་བས་མཛད། མདོར་ན་ཁམས་ཀྱི་སའི་ཆ་རྣམས་དང༌། ཀོང་པོ་དང༌། དྭགས་པོ་དང༌། བོད་ཀྱི་ས་ཆ་ཅི་རིགས་པ་རྣམས་དང༌། ཁམས་དབུས་ཀྱི་ས་ཆ་རྣམས་སུ་ཞབས་ཀྱིས་བཅགས་ནས་འགྲོ་བ་རྣམས་སྨིན་ཅིང་གྲོལ་བར་མཛད་པའི་ཚུལ་རྣམས་ནི་གྲངས་ཀྱིས་མི་ལང་ངོ༌། །ཆུ་ཕོ་སྤྲེའུའི་ལོ་ལ་རྩེ་ལྟ་སྒང་དུ་བཞུགས་པའི་དུས་སུ། མོ་མ་རྨི་ལྟས་པ་རྣམས་ཀྱིས་ཤིན་ཏུ་རྩུབ་ཟེར་བས། སློབ་དཔོན་སངས་རྒྱས་སེང་གེ་བས་བརྟན་བཞུགས་ཀྱི་གསོལ་བ་བཏབ་པས། ད་ལོ་ངེས་ལ་སྐྱོནམི་འོང་བ་ཟླ་བ་དགུའི་བར་ངེད་རང་གིས་ཁག་འཁུར་བ་ཡིན་གསུང༌། དེ་ནས་དབེན་གནས་གསང་ཕུར་ཕེབས་ནས་སྐུ་མཚམས་ལ་བཞུགས་དུས་སུ་རྟེན་ཐམས་ཅད་ལ་མཆོད་པ་དང་ན་བཟའ་ཕུལ། ཆོས་སྐྱོང་ལ་མཆོད་གཏོར་མཛད་ནས་བཀའ་བསྒོ་མཛད། ཐ་དད་ཀྱི་རྟེན་སྒམ་དུ་བཞུགས་སུ་གསོལ་ནས་ཕྱག་དམ་མཛད། ཆོས་རྗེ་སྙེ་བོ་བ་ལ་ངེད་མ་སླེབ་བར་དུ་རྒྱ་མ་ཉམས་པར་གྱིས་གསུངས། རྒྱུ་མཚན་ཅི་ལགས་ཞུས་པས། ཤཾ་བྷ་ལ་བ་དང་མ་ཁ་གཉིས་རྩོད་པ་ཡོད་པས་རིགས་ལྡན་གྱི་གྲོགས་ལ་འགྲོ་དགོས་ཡོད་གསུང༌། དེར་ཡུན་དུ་བཞུགས་པར་གསོལ་བ་བཏབ་ཀྱང༌། ས་གཡོ་བ་དང༌། ཉི་མ་ལ་འོད་མེད་པ་དང༌། མེ་ཏོག་གི་ཆར་འབབ་པ་སོགས་གཤེགས་པའི་མཚན་མང་དུ་བྱུང༌། ཉིན་ཅིག་ཁོ་བོ་ཡང་བཀའ་བརྒྱུད་ཀྱི་གྲལ་ལ་འདུག་པ་ཡིན་གསུང་ནས་གསོལ་འདེབས་མཛད། ཁྱེད་རང་ཚོ་ཡང་གསོལ་པ་ཐོབ་གསུང༌། དེའི་སྐབས་སུ་སྐུ་ཆོས་དང་དབུ་ཞྭ་ཞྭ་ནག་དང་བསྲེ་འཕོའི་ཞལ་གདམས་ལ་སོགས་པའི་ཕྱག་དཔེ་རྣམས་གུ་ཤྲཱི་བ་ལ་གནང་ནས་ལུང་བསྟན་བཀའ་རྒྱ་དང་བཅས་པ་མཛད། དེ་ནས་དགོང་ལོ་སུམ་ཅུ་རྩ་བརྒྱད་བཞེས་པ་ཆུ་མོ་བྱའི་ལོ་ལ་གཤེགས། དེའི་སློབ་མའི་མཆོག་ནི་སྤྱིར་བསམ་གྱིས་མི་ཁྱབ་ཀྱང༌། བན་ཀར་བ་འཇམ་དཔལ་བཟང་པོ་བ་དང༌། གུ་ཤྲཱི་དཔལ་འབྱོར་དོན་གྲུབ་པ་རྣམ་པ་གཉིས་གཙོ་བོར་གྱུར་པའོ། །ད་ལྟར་གྱི་སྤྲུལ་པའི་སྐུ་རང་བྱུང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ནི། རྔོད་ཀྱི་སའི་ཆ་ཨུ་རྒྱན་རི་ཁྲོད་དུ། ཡབ་གྲགས་པ་དཔལ་གྲུབ་དང་ཡུམ་ལྷ་མོ་སྐྱིད་གཉིས་ཀྱི་སྲས་སུ། ཤིང་ཕོ་ཁྱིའི་ལོ་ལ་འཁྲུངས་ནས་སའི་ཆ་རྣམས་སུ་སྐྱེ་བོ་དཔག་ཏུ་མེད་པ་སྨིན་ཅིང་གྲོལ་བར་མཛད་པའི་ཚུལ་བསམ་གྱིས་མི་ཁྱབ་པ་མཛད་ཅིང་བཞུགས་པ་འདི་ལགསསོ། །དཔལ་དུས་གསུམ་མཁྱེན་པ་ནས་སྐུའི་སྐྱེ་བ་ན་རིམས་སུ་བྱོན་པ་རྣམས་ཀྱི་སློབ་མ་མཆོག་གི་རིམ་པ་ནི། དུས་གསུམ་མཁྱེན་པའི་སློབ་མ་འོད་བཞི་ནི། མཐའ་མ་ཚུལ་ཁྲིམས་འོད། ནམ་མཁའ་འོད། སྨེའུ་བྱང་ཆུབ་འོད། རྒྱ་སྒོམ་ཡེ་ཤེས་འོད་དོ། །གཞན་ཡང་གང་རིན་པོ་ཆེ། མཁས་པ་དབང་རྡོར། སྟག་དེལ་བ། གཙང་སོ་བ། རྒྱ་ཕོ་བ་ལུང་བ། ཆོས་རྗེ་གངས་པ། རྗེ་རྫོང་བ་རིན་ཆེན་སེང་གེ། སངས་རྒྱས་རས་པ་ཆེན་པོ་ལ་སོགས་པའོ། །ཀར་མ་པ་ཤིའི་སློབ་མ་ནི། ཡེ་ཤེས་དབང་ཕྱུག །རིན་ཆེན་དཔལ། ཧོར་ཡུལ་དུ་རྒྱལ་པོས་ནག་ལ་གཏུགས་ཏེ་མེར་བསྲེག་པ་སོགས་བརྒྱད་བྱས་པའི་དུས་སུ་འདི་གཉིས་ཀྱང་མེར་བསྲེགས་ཟེར། གཡག་རུ་རས་པ། རྟོགས་ལྡན་ཞྭ་སེར་བ། ཞྭ་དམར་བ། ཞྭ་ཁྲ་བ། སྟག་མགོ་བ། གཟིག་མགོ་བ། དོམ་མགོ་བ། སྤྱན་སྔ་སྟག་ཤོད་པ། འཇམ་དབྱངས་བློ་གྲོས་སེང་གེ་འདི་ལ་གྲུབ་མཐའི་ཆ་ནས་ཅུང་མི་དགྱེས་ཟེར། དབོན་རིན་པོ་ཆེ། གནམ་མཚོ་བ་ཆེན་པོ། བྱང་སེམས་རྒྱལ་ཡེས། གྲུབ་ཆེན་ཨུ་རྒྱན་པ། གཉན་རས་ལ་སོགས་པའོ། །ཆོས་རྗེ་རང་བྱུང་རྡོ་རྗེའི་སློབ་མ་ནི། རྟོགས་ལྡན་བསམ་གཏན་རིན་ཆེན། ཤེ་གྲགས་པ་སེང་གེ། རྟོགས་ལྡན་ཏྲཱེ་བོ། རྟོགས་ལྡན་ཁུ་ཡོ་བ། ཁྲག་སྐྱུགས་པ། ཡེ་རྒྱལ་བ། ལྡོད་སྟོན་གཞོན་ནུ་འབུམ། སྤྱན་སྔ་རྡོར་རིན་པ། འདི་བེར་ནག་ཅན་ལ་མངའ་བརྙེས། སྟག་ལུང་ཀུན་སྤངས་རིན་པོ་ཆེ། རྒྱལ་བ་གཡུང་སྟོན་པ། མཁས་གྲུབ་དྷརྨ་རཱ་ཛ། གཡག་སྡེ་པཎ་ཆེན། མཁས་གྲུབ་དར་རྒྱལ་བ། བླ་མ་དར་འབྱུང༌། མཁན་ཆེན་རྩི་བར་བ། སློབ་དཔོན་འཇམ་ཉག །ཀློག་སྐྱ་བཀའ་བཞི་པ་སེང་གེ་རྒྱལ་མཚན། མངོན་པ་བ། སྨན་ཀླུངས་པ། ལ་སྟོད་པ་མགོན་རྒྱལ་བ། དགེ་འདུན་སྒང་བའི་མཁན་པོ་མཁས་བཙུན་པ་ལཊསོ། །ཆོས་རྗེ་རོལ་པའི་རྡོ་རྗེའི་སློབ་མ། སློབ་དཔོན་གུའི་གུང་བ་རིན་ཆེན་དཔལ། ཆོས་རྗེ་རིའུ་སྒང་བ། ཀུན་སྤངས་ཀུན་དགའ་དོན་གྲུབ། ལྷོ་རིན་པོ་ཆེ། རྗེ་བཙུན་ནགས་མགོ་བ། རི་མགོ་བ། ཤ་ར་པ། མཚོ་དཀར་མོ་བ། བྱམས་ཆོས་བ་བྱང་ཆུབ་རྒྱལ་མཚན། ཀར་མ་པ་དཀོན་གཞོན། ཆོས་རྗེ་མཁའ་སྤྱོད་པ་ལ་སོགས་པའོ། །དུས་གསུམ་མཁྱེན་པའི་སློབ་མ་ཆོས་རྗེ་གངས་པར་གྲགས་པ་དེ་ནི། ཡུལ་གྱ་བར། ཡབ་གསང་སྔགས་རྙིང་མ་པ་ཞིག་གི་སྲས་སུ་ཤིང་མོ་ལུགས་ལ་འཁྲུངས། དུས་གསུམ་མཁྱེན་པའི་དྲུག་ཅུ་རྩ་དྲུག་པ་ཡིན། རབ་ཏུ་བྱུང་བའི་མཚན་རིན་ཆེན་འོད་ཟེར། འབྲི་ཁུང་ཆོས་རྗེ། སྟག་ལུང་ཐང་པ། རྨོག་ལྕོགས་པ། ལ་ཡག་པ། དྭགས་པོ་འདུལ་འཛིན། ཉེ་གནས་གསལ་བྱང༌། ཁ་ཆེ་པཎ་ཆེན་ལ་སོགས་པའི་བླ་མ་མང་དུ་བརྟེན། གཙོ་བོ་མདོ་བོ་རས་སྟེ། དེ་ལས་ཕྱག་རྒྱ་ཆེན་པོའི་རྟོགས་པ་བརྙེས། ཇོ་མོ་གངས་ཀྱི་ཕ་བོང་དཀར་ལེབ་ལ་སོགས་པའི་གནས་རྣམས་སུ་སྒྲུབ་པ་མཛད། ཕྱིས་འགྲོ་དོན་རྒྱ་ཆེན་པོ་མཛད། ཁོང་གི་ཚེའི་མཐའ་ལ་ཧོར་དམག་བོད་དུ་ལྷགས། རང་ལོ་བདུན་ཅུ་རྩ་ལྔ་པ་ས་མོ་བྱ་ལ་གཤེགས། དེའི་སློབ་མ་བསམ་གླིང་རིན་པོ་ཆེ་ནི། མྱང་སྨད་ཀྱི་སྒྲོ་ལུང་སེར་ཆུང་བའི་ཁུ་ལུང་དུ། ཨ་མེས་རྔོག་རྡོ་རྗེ་དབང་ཕྱུག་ཅེས་བྱ་བ་ལ། སྲས་ཕུག་པ་མགོན། ཕུག་པ་རྒྱལ། ཕུག་པ་དར་ཏེ་གསུམ་གྱི་ཆེ་བ་ཕུག་པ་མགོན་དང་པོར་རྟ་ནག་ཏུ་མི་གཡོག་བྱས། དེ་ནས་དིང་རིར་ཕྱིན་ནས་རྣལ་འབྱོར་པར་གྱུར། དེ་ནས་ཤབ་ཞོ་ང་བའི་རྣལ་འབྱོར་མ་དར་མ་ལྕམ་ཡང་དིང་རི་ན་ཡོད་པ་དེ་གཉིས་ཀྱི་སྲ་སུ་ས་མོ་བྱ་ལ་འཁྲུངས། ལོ་ཉེར་གཅིག་ལ་དཔྱལ་ཆོས་བཟང་དང་གཙང་པ་སར་སྦོས་གཉིས་ཀྱིས་མཁན་སློབ་མཛད་དེ་རབ་ཏུ་བྱུང༌། བླ་མ་མང་དུ་བསྟེན་ནས་ཐོས་པ་རྒྱ་ཆེན་པོ་མཛད། དཔྱལ་གྱི་ཟུར་ཆོས་པའང་ལོ་མང་དུ་བྱས། མྱང་སྟོད་ཀྱི་སེར་ཕྲེང་དགོན་པ་ན་དྭགས་པོ་བཀའ་བརྒྱུད་པའི་སྒོམ་ཆེན་ཅིག་ཡོད་པ་དེ་ལ་ལྔ་ལྡན་ལ་སོགས་ཞུས་པས་ཕྱག་རྒྱ་ཆེན་པོའི་རྟོགས་པ་བརྙེས། གངས་པ་རིན་ཆེན་འོད་ཟེར་གྱི་ཞབས་ལ་གཏུགས་ནས་ཆོས་མང་དུ་གསན་ཞིང༌། ཀོ་བྲག་པའི་ཡང་སློབ་མ་ཡིན། སྐུ་ཚེའི་སྨད་ལ་མྱང་སྨད་བསམ་གླིང་བཏབ། རྟོགས་པ་མཐོ་ཞིང་འགྲོ་དོན་རྒྱ་ཆེ། རང་ལོ་དོན་གཉིས་པ་ལྕགས་སྤྲེལ་ལ་གཤེགས། འདི་ཆོས་རྗེ་རྒོད་ཚང་བ་དང་འཁྲུངས་ལོ་གཅིག་ཅིང་རྒོད་ཚང་བ་ལས་ལོ་གཉིས་ཀྱིས་སྐུ་ཚེ་རིང༌། སྤྲུལ་པའི་སྐུའི་རིམ་པ་དང་པོའི་སྐབསསོ། ། ། །