དྲོད་མ་ཡལ་བར་ཉར་ཚགས་བྱས་ཡོད་པའི་དགེ་ཆོས་ཀྱི་གསུང༌།

དགེ་ཆོས་ཀྱི་གསུང༌། སྤྱིར་བཏང་ཕྱི་རྒྱལ་གྱི་འགྲོ་སྟངས་བྱས་ན། འདི་ངའི་ལུང་པ་རེད། འདི་ཡང་ངའི་ལུང་པ་རེད་ཟེར་ནས་གང་ག་ཚུར་རུབ་རུབ་བྱེད་ཀྱི་རེད། ང་ཚོའི་མི་འདི་གས་དེས། འདི་ངའི་མིན། འདི་ངའི་མིན་ཟེར་ནས་བསྒང་ག་ཕར་ཕུད་བཞག་གི་རེད། བྱས་ཙང་རྒྱལ་ཁབ་སྟོབས་ཤུགས་གང་འདྲ་བྱས་ནས་ཡོང་གི་རེད། ཡོང་གི་མ་རེད་པ། དཔེར་ན། ཁམས་པ་ཞིག་ལ་ཐུག་ན་ཁམས་པ་རོ་སྦྱོར་དེ་རེད་ཟེར་གྱི་རེད། རོ་སྦྱོར་ཟེར་ནས་ཁམས་པ་དེ་ཚོ་བོད་པའི་ནང་ལ་མ་ཚུད་པའི་བཟོ་འདྲ་པོ་ཞིག་ཡོད་པ་རེད། ཨ་མདོ་སྤྲང་པོ་དེ་ཚོ་ཟེར་ནས་སྤྲང་པོའི་མིང་བཏགས་ནས་བོད་པའི་ནང་ལ་མ་ཚུད་པའི་བཟོ་འདྲ་པོ། དེ་བཞིན་ཨ་པོ་ཧོར་པ་ལ་ཐུག་ཡོང་དུས་ཧོར་ཁོག་དེ་ཚོ་ཟེར་ནས་བོད་པའི་གྲལ་ལ་མེད་བསྡད་པའི་བཟོ་འདྲ་པོ། དེ་ནས་ཡར་འགྲོ་ན་གཙང་དུམ་པ་འདི་ཚོ་ཟེར་ནས་དེ་ཡང་བོད་པའི་གྲལ་ལ་མེད་བསྡད་པ་འདྲ་པོ། དེ་ནས་ལྷོ་ཁ་ལ་སླེབས་དུས་དྭགས་ཀོང་ཨ་དར་རེད་ཟེར་ནས་མི་གྲལ་ལ་མེད་པའི་བཟོ་འདྲ་པོ་ཆགས་ཀྱི་འདུགཕར་བྱས་ཚུར་བྱས་དུས་གམ་པ་ལ་མར་རྒྱབ་རྒོད་དཀར་ལ་ཚུར་རྒྱབ་དེའི་བར་དེ་ལ་ཏོག་ཙམ་ཞིག་མ་གཏོགས་མེད་པའི་བཟོ་འདྲ་པོ་ཞིག་འདུག དེའི་ནང་ལ་ཡང་ཁམས་པ་ཚོང་དཔོན་རེད་ཟེར་བ་འདྲ་པོ་ཡར་ཡར་རེད། མར་མར་རེད་ཟེར་ནས་དེད་འགྲོ་དུས་བོད་པ་དངོས་གནས་དེ་སྐུ་དྲག་མ་གཏོགས་རྩ་བ་ནས་མི་འདུག དེ་འདྲ་བྱས་ནས་བསྒང་ག་ཕུད་ཀྱི་ཡོད་པ་རེད། འུ་ཐུག་དུས་སྟོབས་ཤུགས་ཤིག་དགོས་ཀྱི་རེད་དེ་སྟོབས་ཤུགས་གང་འདྲ་བྱས་ནས་ཡོང་གི་རེད།་་་་་་་གསུངས། དེ་ག་རེད། སྐབས་དེ་དུས་དགེ་ཆོས་ལགས་ཀྱིས་མིག་ཆུ་སྣག་ཚ་ལ་གཡར་ཏེ་དབུས་འགྱུར་ཆོས་ཀྱི་ཞིང་འདིར་འུ་ཐུག་གི་སྐྱོ་འབོད་འདི་བྲིས་པ་རེད། ཐབས་སྐྱོ་བ་ཞིག་ལ་ངེད་ཚོས་ད་ལྟ་ད་དུང་ཁོང་གི་གཏམ་དྲོད་མ་ཡལ་བར་ཉར་ཚགས་བྱས་ཡོད། ལྷ་ས་འདི་གདོང་དམར་བོད་པའི་མཁར་རེད། གདོང་དམར་བོད་པའི་སྒེའུ་ཁུང་རེད། མཐོ་སར་གནས་ཡོད། ང་ཚོས་སྐྱུག་བྲོ་བའི་ངག་སྤྱོད་མཐོང་ན་ལྷ་སའི་མང་ཚོགས་ཀྱི་གོ་རྟོགས་དམན་ཟེར་ནས་གཡོལ། འགག་གནད་ཀྱི་དོན་ལ་ཐུག་དུས་མགོ་བོ་བསྐུངས་ནས་ལྷ་སའི་ཆབ་སྲིད་ཀྱི་མཁའ་དབུགས་མཐུག་ཟེར་ནས་འགན་འཁྲི་བྱོལ། རང་དགོས་ཀྱི་འོས་འགན་མ་འགྲུབ་ན་ཆབ་སྲིད་ཀྱི་བྲན་གཡོག་ཡིན་པས་ཅི་ཁག་ཟེར་བའི་གཏམ་ལ་ཉན་སྤྲོ། གང་ལྟར་ང་ཚོས་ཕོག་ཐུག་འགྲོ་མི་འོས་པའི་ལྕམ་ཆུང་སྐུ་ཞབས་ཤིག་གི་བརྟུལ་ཞུགས་བཟུང་ནས་ཁ་ཡག་ངོ་དགའི་གཏམ་ལ་དགའ། བསྲེགས་སྦྱོར་ཆེན་མོའི་ལས་འགུལ་ཡིན་ནའི་འདྲ། སྐྱ་སེར་གྱི་རྩོད་གླེང་བྱས་ནའི་ཆོག ཕོ་མོའི་ཁེ་དབང་གླེང་ཡང་རུང༌། ང་ཚོ་དབུས་འདིས། ལྟད་མོ་བལྟས་ནས་སྡོད་ཨང་ཟེར་གྱིན་ཟུར་ཞུགས་ལྟད་མོ་བའི་རྣམ་ཐར་ཞིག་སྐྱོང་ཚུལ་འདི་གཡོ་སྒྱུའི་གཡའ་ཞིག་མཆིས་སྙམ། ཆོལ་གསུམ་གྱི་མིག་ཟུང་དབུས་འགྱུར་འདི་ལ་གཏོད་དགོས་མོད། ཀ་བ་མི་འདྲོངས་ན་ཀ་རྡོ་འགྱུར་བ་ཆོས་ཉིད་ཡིན་པས་ངེད་དབུས་འགྱུར་འདིས་ད་ལྟ་ད་དུང་རང་འགན་མ་འཁྱོངས་པར་ལུས་འདུག་སྙམ། ད་ལྟ་བོད་མིའི་གནད་འགག་ཅིག་ནི་ཆོལ་གསུམ་མཐུན་ལམ་མེད་པའི་སྐྱོ་འབོད་རེད། མཐུན་ལམ་ལ་གནོད་པའི་གནས་ཚུལ་ཐོན་ན་ཐག་གཅོད་དང་ངོས་འཛིན་བྱ་རྒྱུ་འགག་གནད་ཡིན་པས། མང་ཚོགས་ཡིན་པས་གོ་རྟོགས་དམན་ཞེས་བཏང་སྙོམས་ལ་འཇོག་མི་འོས་ལ། ཆབ་སྲིད་ཀྱི་བྲན་ གཡོག་ཡིན་པས་ཅི་ཁག་ཟེར་ནས་གུ་ཡངས་ཡོང་ཐབས་ལའང་འབད་མི་དགོས། གང་ལྟར་ནམ་ཡང་ཕོག་ཐུག་འགྲོ་མི་འོས་པའི་ལྕམ་སྐུ་ཞབས་ཀྱི་གནས་བབས་ཤིག་བཟུང་ལུགས་འདི་མི་འོས་པར་འདོད། དགེ་ཆོས་ལགས་ཀྱིས་ཆོལ་གསུམ་མཐུན་ལམ་མེད་པའི་འོ་དོད་དེ་ང་ཚོས་ད་དུང་གཏམ་དྲོད་མ་ཡལ་བར་ཉར་འདུག་པའི་ཚུལ་འདི་གནད་ཆུང་ཆུང་ཞིག་ལ་མི་མཐོང་ངོ་། བསྒྲིག་པ་པོ། ཧོར་མོ།