པ་ཀི་སི་ཐན

པཀིསིཊན་ ནས་ཁ་ཕྱོགས་བསྐྱར་དུ་བཟོས་པ།

ཕ་ཀི་སི་ཐན་ནི་ལྷོ་ཨེ་ཤ་ཡའི་ནང་གི་རྒྱལ་ཁབ་ཅིག་ཡིན་པ་དང། དེའི་རྒྱལ་ས་ནི་ཨི་སི་ལམ་བོ་རེད། དེ་ནི་རྒྱ་གར་དང་ཨི་རན། ཨབ་གྷན་སི་ཐན། རྒྱ་ནག་བཅས་ཀྱི་འཁྲིས་སུ་ཡོད་ལ། གཞུང་འབྲེལ་གྱིས་ཕ་ཀི་སི་ཐན་ཨི་སི་ལམ་སྤྱི་མཐུན་རྒྱལ་ཁབ་ཅེས་འབོད་ཀྱིན་ཡོད། ཕ་ཀི་སི་ཐན་ལ་ལྷོ་ཕྱོགས་ཀྱི་ཨ་རབ་རྒྱ་མཚོའི་འགྲམ་བརྒྱུད་དུ་རྒྱ་མཚོའི་ངོགས་མཚམས་རིང་བོ་ཞིག་ཡོད། འཛམ་གླིང་སྟེང་ཕ་ཀི་སི་ཐན་མི་འབོར་མང་ཤོས་ཨང་དྲུག་པར་སླེབས་ཡོད་པ་དང་། ས་ཆ་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༨༨༠༩༤༠(དེའི་ཁོངས་སུ་ཨ་ཙག་ཁ་ཞི་མིར་དང་གྷེལ་ཇིག་བྷལ་སི་ཐན་གྱི་ཕ་ཀི་སི་ཐན་གྱིས་འཛིན་སྐྱོང་བྱས་པའི་མངའ་ཁོངས་རྣམས་ཚུད་ཡོད།)ཡོད་པས། འཛམ་གླིང་སྒང་གི་རྒྱལ་ཁབ་ཆེ་ཤོས་ཨང་༣༤པར་སླེབས་ཡོད་ལ་འཛམ་གླིང་སྟེང་གི་དམག་མི་མང་ཤོས་ཨང་བདུན་པར་སླེབས་ཡོད། ཕ་ཀི་སི་ཐན་གྱི་རྒྱལ་ས་ནི་ཨི་སི་ལམ་པོ་ཡིན།

ཕ་ཀི་སི་ཐན
དར་ཆ། རྒྱལ་རྟགས།
Islamic Republic of Pakistan
اِسلامی جمہوریہ پاكِستان‬
Islāmī Jumhūriyah Pākistān
རྒྱལ་ཁབ་ཀྱི་སྐད་ཡིག
ས་ཁུལ་རིམ་པའི་སྐད་ཡིག།
ཡུར་དྲུ་སྐད་ཡིག་དང་དབྱིན་ཡིག་
ས་རེ་ཁི་དང་ཕུན་ཇབ། ཕུ་ཞི་དོ། སེན་རྡུ། བྷ་ལོ་ཆི། བྷ་ར་ཧུ། ཁོ་ཝར
རྒྱལ་ས། ཨི་སི་ལམ་བོ་
སྲིད་གཞུང་། དམངས་གཙོ་རིང་ལུགས།


མིང་འབྱུང་ཚུལ།

རྩོམ་སྒྲིག

ཕ་ཀི་སི་ཐན་(Pākistān)ཞེས་པའི་མིང་དེ་ནི་ཕིར་ཞི་ཡ་དང་ཡུར་དྲུ་གཉིས་ཀྱི་སྐད་ཡིག་ནང་དྭངས་གཙང་གི་ཡུལ་ཞེས་པའི་དོན་ཡིན། ལྷོ་དབུས་ཨེ་ཤ་ཡའི་རྒྱལ་ཁབ་རྣམས་དང་མངའ་ཁུལ་མང་པོ་ཞིག་གི་མཇུག་ཏུ་སི་ཐན་(stan)ཞེས་པའི་ཡིག་འབྲུ་འདི་ཡོད། དཔེར་ན་ཨབ་གྷན་སི་ཐན་དང་ཕ་ཀི་སི་ཐན། བྷ་ལུ་ཆི་སི་ཐན། ཁུར་དྲི་སི་ཐན། ཏུར་ཀི་སི་ཐན་ལྟ་བུ་ཡིན། ཡིག་འབྲུ་དེ་ནི་སྡོད་པ་དང་གནས་པ་ཡི་དོན་སྟོན་པའི་སི་ཐ་(STA)ཞེས་པའི་ཨི་རག་སྐད་ཡིག་གི་ཡིག་འབྲུ་དེ་རྩ་བ་བྱས་ནས་གྲུབ་པ་ཡིན་ལ། དེ་ནི་ས་ཆ་(མི་སྡོད་སའི་གནས།)དང་ཕ་ཡུལ་དང་རྒྱལ་ཁབ་ཅེས་པའི་དོན་ལ་གོ།

ལོ་རྒྱུས།

རྩོམ་སྒྲིག

སྤྱི་ལོ་༡༩༤༦ལོར་ཕ་ཀི་སི་ཐན་གྱིས་དབྱིན་ཇི་ར་ཇིའི་རྒྱ་གར་གོང་མའི་རྒྱལ་ཁབ་ལས་རང་བཙན་ཐོབ། གནའ་བོའི་ཕ་ཀི་སི་ཐན་ནང་གི་ཐོག་མའི་མི་རིགས་རྣམས་ལོ་ངོ་༩༠༠༠སྔོན་ནས་འཚོ་སྡོད་བྱས་ཡོད་པ་དང་། མི་རིགས་དེ་རྣམས་ཀྱིས་ཨན་ཌ་སི་ལུང་པའི་དཔལ་ཡོན་དར་དུ་བཅུག་ཅིང་། དེ་ནི་གོ་ལའི་སྟེང་གི་ཆེས་རྙིང་བའི་དཔལ་ཡོན་གཅིག་ཏུ་གྱུར་ཡོད། དེའི་རྗེས་སུ་བི་ཌ་བའི་དུས་སྐབས་(Vedic period)སླེབས་པ་རེད་ལ་དེའི་ཁོངས་སུ་རྒྱ་གར་གྱི་ནུབ་བྱང་ས་ཆ་མང་པོ་ཡང་འདུས་ཡོད་པ་དང་། སྤྱི་ལོ་༡༩༧༡ལོའི་བར་དུ་ཕ་ཀི་སི་ཐན་གྱི་ཁོངས་སུ་བྱང་ཤར་རྒྱ་གར་མངའ་ཁུལ་གྱི་ས་ཁུལ་ཞིག་ཀྱང་ཚུད་ཡོད་ལ། དེ་ནི་དེང་སང་བྷང་ག་ལ་ཞེས་པ་དེ་ཡིན། རྒྱ་གར་རྐང་དམག་དང་ནུབ་བྷན་གྷལ་གྱི་མེ་ཐྲོ་བྷ་ཧི་ནིའི་རྒྱ་གར་དང་བྷང་ག་ལ་མནའ་འབྲེལ་གྱི་དམག་མི་མཉམ་འབྲེལ་ཚོགས་པ་དང་ལྷན་དུ་དམག་འཁྲུག་ཅིག་བྱུང་རྗེས་ས་ཁུལ་དེ་གཞན་ལག་ཏུ་ཤོར། ཉེ་བའི་དུས་སྐབས་སུ་ཕ་ཀི་སི་ཐན་ནི་འཛམ་གླིང་ཆབ་སྲིད་རྣམས་ཀྱི་གཙོ་བོ་རུ་གྱུར་ཡོད་དེ། ཐོག་མར་སྤྱི་ལོ་༡༩༧༩ལོའི་ཨུ་རུ་སུའི་བཙན་འཛུལ་གྱི་རྗེས་སུ་ཨབ་གྷན་སི་ཐན་ནང་གྷུ་རི་ལ་སི་ལ་རྒྱབ་སྐྱོར་བྱས་པའི་རྒྱུ་མཚན་གྱིས་ཡིན་ལ། ཕྱིས་སུ་སྤྱི་ལོ་༡༩༩༠ཡི་ལོ་དག་གི་སྐབས་ཨབ་གྷན་སི་ཐན་ནང་ད་ལེ་བྷན་སྲིད་ལུགས་ལ་མཉམ་འབྲེལ་དང་རྒྱབ་སྐྱོར་བྱས་པས་ཡིན། ཅི་ལྟར་ཡང་སྤྱི་ལོ་༢༠༠༠ནས་བཟུང་། ཕ་ཀི་སི་ཐན་གྱིས་རྩ་བའི་ཆ་ནས་ཨབ་གྷན་སི་ཐན་ནང་གི་ད་ལེ་བྷན་སྲིད་ལུགས་མེད་པར་བཟོ་རྒྱུ་དང་། ཐོག་མའི་གྲུབ་མཐར་དད་མཁན་གྱི་དྲག་སྤྱོད་རིང་ལུགས་ལ་ངོ་རྒོལ་དམག་འཁྲུག་བྱེད་པའི་ནང་ནུབ་ཕྱོགས་རྒྱལ་ཁབ་རྣམས་ཞུགས་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད།

ཕ་ཀི་སི་ཐན་ནི་མནའ་འབྲེལ་རྒྱལ་ཁག(Commonwealth)གི་ཁོངས་མི་ཞིག་ཡིན་མོད། ཤར་ཕ་ཀི་སི་ཐན་ནང་གི་དམག་འཁྲུག་དེའི་རྗེས་སུ་མནའ་འབྲེལ་རྒྱལ་ཁག་ཁོངས་ནས་ཕུད་(སྤྱི་ལོ་༡༩༧༢ནས་༡༩༨༩བར།)ཡོད་པ་དང་། སྤྱི་ལོ་༡༩༩༩ནས་༢༠༠༧ལོ་བར་ཡང་བསྐྱར་ཁོངས་མི་རུ་གྱུར། སྤྱི་ལོ་༢༠༠༧ལོ་ནས་ཅུང་ཙམ་ཞིག་གི་རིང་མནའ་འབྲེལ་རྒྱལ་ཁག་ལས་ཕུད་རྗེས། སྤྱི་ལོ་༢༠༠༨ལོ་ནས་སྔར་བཞིན་ཁོངས་མི་རུ་གྱུར་ཡོད།

སྲིད་གཞུང།

རྩོམ་སྒྲིག

ཕ་ཀི་སི་ཐན་ལ་སྤྱི་མཐུན་གྲོས་ཚོགས་ལམ་ལུགས་ཤིག་ཡོད་པ་དང་། རྒྱལ་ཁབ་ཀྱི་དབུ་ཁྲིད་ནི་ཐད་ཀར་འོས་འདེམ་བྱུང་བ་མ་ཡིན་པའི་སྲིད་འཛིན་ཡིིན་ལ། ཁོང་ནི་མཉམ་འབྲེལ་དཔུང་དམག་གི་རྒྱལ་ཡོངས་དམག་སྤྱི་ཆེན་མོ་ཡང་ཡིན། སྲིད་གཞུང་གི་འགོ་གཙོ་སྲིད་བློན་ཡིན་པ་དང་ཁོང་ཡང་ཐད་ཀར་འོས་འདེམ་བྱུང་པ་མིན།

སྲིད་འཛིན་བསྐོར་བཞག་དང་དེའི་དུས་ཡུན་ནི་རྩ་ཁྲིམས་ལྟར་ན་སྲིད་བློན་གྱི་ལས་འགན་དུས་ཡུན་དང་བསྟུན་མི་དགོས་པར་རང་བདག་ཡིན། རྒྱལ་ཁབ་ཀྱི་འོས་བསྡུ་ཚོགས་པ་(དེ་ནི་གྲོས་ཚོགས་གོང་མ་དང་རྒྱལ་ཡོངས་སྤྱི་འཐུས་ལྷན་ཚོགས་དང་མངའ་སྡེ་བཞིའི་སྤྱི་འཐུས་ལྷན་ཚོགས་བཅས་ཀྱིས་མཉམ་དུ་གྲུབ་པ་ཡིན།)ཡིས་དུས་ཡུན་ལོ་ལྔའི་རིང་འགན་འཁུར་བའི་ཕ་ཀི་སི་ཐན་གྱི་སྲིད་འཛིན་གྱི་ངོ་ཚབ་ཏུ་དབུ་ཁྲིད་ཅིག་འདེམ་པ་ཡིན། སྲིད་བློན་ནི་དུས་རྒྱུན་རྒྱལ་ཡོངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཆེས་ཆེ་བའི་ཚོགས་པ་ཡི་དབུ་ཁྲིད་ཡིན་པ་དང་། སྤྱི་མཐུན་ཁྲིམས་བཟོ་ལྷན་ཁང་གི་གྲོས་ཚོགས་གཉིས་ལས་བྱུང་བའི་བློན་ཆེན་རྣམས་ཀྱི་བཀའ་ཤག་གིས་ཁོང་ལ་རོགས་རམ་བྱེད་ཀྱིན་ཡོད།

ཆབ་སྲིད།

རྩོམ་སྒྲིག

ཕ་ཀི་སི་ཐན་ནི་གཞུང་འབྲེལ་གྱིས་སྤྱི་མཐུན་མི་སེར་རྒྱལ་ཁབ་ཅིག་ཡིན་མོད། འོན་ཀྱང་དེའི་ལོ་རྒྱུས་ནང་གི་དུས་ཡུན་རིང་པོ་ཞིག་གི་སྐབས་སུ་དམངས་གཙོའི་རྒྱལ་ཁབ་ཅིག་དང་དམག་མིའི་སྲིད་དབང་སྒེར་འཛིན་ལམ་ལུགས་སུ་འཕོ་འགྱུར་དུ་སོང་ཡོད། དམག་མི་སྲིད་དབང་སྒེར་འཛིན་པའི་གྲས་སུ་སྤྱི་ལོ་༡༩༦༠ལོའི་ཨ་ཡུབ་ཁན་དང་། སྤྱི་ལོ་༡༩༨༠ལོའི་ཙི་ཡུལ་ཧག་ཚུད་ཡོད།

ཕ་ཀི་སི་ཐན་ཀྱི་ཆབ་སྲིད་ཚོགས་པ་ཆེས་ཆེ་ཤོས་གཉིས་ནི། ཕ་ཀི་སི་ཐན་མི་དམངས་ཚོགས་པ་དང་སྲིད་གཞུང་གི་ཚོགས་པ་སྟེ་ཁ་ཆེ་བའི་མཐུན་ཚོགས་(འདི་ལ་དམག་མིའི་རྒྱབ་སྐྱོར་ཡོད།)ཡིན། འདས་པའི་ལོ་དག་གི་ནང་ཕ་ཀི་སི་ཐན་དྲང་བདེན་ལས་འགུལ་ཚོགས་པ་(Pakistan The-reek-Insaf)ཡང་གལ་འགངས་ཅན་དུ་གྱུར་ཡོད།

སྤྱི་ལོ་༢༠༠༧ལོའི་ཟླ་༡༢ཚེས་༢༧ཉིན་ཕ་ཀི་སི་ཐན་མི་དམངས་ཚོགས་པའི་དབུ་ཁྲིད་བྷི་ན་ཙིར་བྷུ་ཐོ་ལྐོག་གསོད་ཐེབས་པ་དང་། རྒྱུ་མཚན་ཅི་ཡིན་ད་དུང་ཐག་གཅོད་ཐུབ་མེད།

འཛིན་སྐྱོང་ས་ཁོངས་ཁག

རྩོམ་སྒྲིག

ཕ་ཀི་སི་ཐན་ནི་ཞིང་ཆེན་བཞི་དང་མངའ་ཁོངས་གཉིས་དང་དམིགས་བསལ་ས་ཁུལ་གཉིས་ཀྱིས་གྲུབ་ཡོད། དམིགས་བསལ་ས་ཁུལ་གཉིས་ནི་ཀ་ཞི་མིར་གྱི་ནང་དུ་ཡོད་པ་དང་། ཞིང་ཆེན་རྣམས་དང་མངའ་ཁོངས་ཁག་ས་ཁོངས་༢༦ལ་དབྱེ་བ་དང་ལྷན་དུ་ད་ལྟ་ཞིང་ཆེན་ཁག་ནས་ཐད་ཀར་དབྱེ་བའི་རྫོང་ཁོངས་༡༤༧ཡོད། རྫོང་ཁོངས་རེ་རེ་དེ་སེལ་(Tehsil)ཁག་ཏུ་བགོས་པ་དང་དེ་སེལ་རེ་རེ་ཡང་མཉམ་འབྲེལ་ལྷན་ཁང་ཁག་ཏུ་བགོས་ཡོད་ལ། ཕ་ཀི་སི་ཐན་ལ་ཁྱོན་དེ་སེལ་༥༩༦དང་མཉམ་འབྲེལ་ལྷན་ཁང་༦༠༠༠ཡོད།

 

རྒྱ་གར་དང་ཕ་གི་སི་ཐན། རྒྱ་ནག་བཅས་ཀྱིས་རང་རང་གི་ཐད་ནས་ལོགས་སུ་ཀ་ཞི་མིར་གྱི་མངའ་ཁུལ་ས་ཆ་རྣམས་སྟངས་འཛིན་བྱེད་ཀྱིན་ཡོད། རྒྱ་གར་དང་ཕ་ཀི་སི་ཐན་གྱི་ས་ཆ་རྣམས་ས་མཚམས་ཀྱི་ཐིག་ཅིག་གིས་ལོགས་སུ་བགོས་ཡོད་པ་དང་། ཕ་ཀི་སི་ཐན་དང་རྒྱ་ནག་གི་ས་མཚམས་ནི་རྒྱལ་སྤྱིའི་སྒང་གྲགས་ཡོད་ལ། རྒྱལ་ཁབ་འདི་གཉིས་བར་ཚོང་ལས་བྱེད་པ་ནི་རྒྱུན་ལྡན་དུ་གྱུར་ཡོད།


ས་ཁུལ་དེར་ས་ཡོམ་མང་པོ་འབྱུང་གིན་ཡོད་ལ་ད་བར་དུ་ས་ཡོམ་ཆེ་ཤོས་ནི་སྤྱི་ལོ་༢༠༠༥ལོར་གཙོ་བོ་ཀ་ཞི་མིར་ནང་ཁེལ་ཡོད་པའི་ས་ཡོམ་དེ་ཡིན་པ་དང། སྤྱི་ལོ་༢༠༠༥ལོའི་ཟླ་༡༠ཚེས་༨ཉིན་མི་༡༠༠༠༠༠ལྷག་ཤི་རྨས་བྱུང་ཡོད། ཕ་ཀི་སི་ཐན་གྱི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༨༨༠༩༤༠ཡོད་པ་དང་། ཧ་ལམ་ཧྥ་རན་སི་དང་དབྱིན་ཇི་གཉིས་མཉམ་སྡེབ་ཀྱི་ས་ཁྱོན་དང་འདྲ་མཉམ་ཡིན་ལ། ཤར་ཕྱོགས་མངའ་ཁུལ་རྣམས་རྒྱ་གར་གླིང་ནང་དང་ནུབ་ཕྱོགས་དང་བྱང་ཕྱོགས་མངའ་ཁུལ་རྣམས་ཨི་རན་མཐོ་སྒང་དང་ཡོ་ཨའི་(ཡོ་རོབ་དང་ཨེ་ཤ་ཡ་གཉིས།)ས་གླིང་སྟེང་དུ་ཡོད། སྤྱི་ལེ་༡༠༤༦ཡོད་པའི་ཨ་རབ་རྒྱ་མཚོའི་ངོགས་མཚམས་ལོགས་སུ་བཀར་བའི་རྗེས་ནས། ཕ་ཀི་སི་ཐན་གྱི་ས་གཞིའི་ས་མཚམས་ལ་ཁྱོན་སྤྱི་ལེ་༦༧༧༤ཡོད་དེ། ནུབ་བྱང་ཕྱོགས་སུ་ཨབ་གྷན་སི་ཐན་ཡོད་པ་དང་ས་མཚམས་ལ་སྤྱི་ལེ་༢༤༣༠དང་། ཤར་ནུབ་ཏུ་རྒྱ་ནག་དང་ས་མཚམས་ལ་སྤྱི་ལེ་༥༢༣། ལྷོ་དང་ཤར་དུ་རྒྱ་གར་དང་ས་མཚམས་ལ་སྤྱི་ལེ་༢༩༡༢། ལྷོ་ནུབ་ཏུ་ཨི་རན་དང་ས་མཚམས་ལ་སྤྱི་ལེ་༩༠༩བཅས་ཡོད།

ཕ་ཀི་སི་ཐན་གྱི་བྱང་ཕྱོགས་དང་ནུབ་ཕྱོགས་ཀྱི་མཐོ་ས་དག་གི་ཁོངས་སུ་ཧ་ཅང་མཐོ་བའི་ཀ་ར་ཀོ་རམ་དང་། ཁེ༢་(K2མཐོ་ཚད་ལ་སྤྱི་ཁྲི་༨༦༡༡ཡོད།)དང་ནན་གྷ་ཕར་བྷ་(མཐོ་ཚད་ལ་སྤྱི་ཁྲི་༨༡༢༦ཡོད།)ལྟ་བུའི་འཛམ་གླིང་གི་རི་བོ་མཐོ་ཤོས་འགའ་མཉམ་དུ་སྦྲེལ་བའི་ཕེ་མིར་རི་རྒྱུད་ཡོད་ལ། ནུབ་ཏུ་བྷ་ལོ་ཆི་སི་ཐན་མཐོ་སྒང་དང་ཤར་དུ་ཐར་བྱེ་ཐང་དང་བྱེ་འདམ་ཆུ་སྙིགས་ཀྱི་ཐང་གཤོངས་འགའི་ས་ཁུལ་ཞིག། ཕུན་ཇབ་དང་སེན་དྲི་བཅས་ཡོད། རིང་ཚད་ལ་སྤྱི་ལེ་༡༦༠༩ཡོད་པའི་ཨན་ཌ་སི་ཆུ་བོ་དང་དེའི་ཆུ་ལག་རྣམས་བདག་བཟུང་བྱས་པའི་ཀ་ཞི་མིར་གྱི་རྩོད་གཞི་རུ་གྱུར་ཡོད་པའི་མངའ་ཁོངས་ནས་ཕ་ཀི་སི་ཐན་བརྒྱུད་དེ་ཨ་རབ་རྒྱ་མཚོར་འབབ་ཀྱིན་ཡོད།

ཕ་ཀི་སི་ཐན་ལ་དུས་ཚིགས་བཞི་ཡོད་དེ། ཟླ་བཅུ་གཉིས་ནས་གཉིས་པ་བར་དགུན་དུས་ཡིན་ལ་གྲང་མོ་དང་སྐམ་པོ་ཡོད་པ་དང། ཟླ་གསུམ་པ་ནས་ལྔ་པ་བར་དཔྱིད་དུས་ཡིན་ལ་ཚ་བ་དང་སྐམ་པོ་ཡོད་པ། ཟླ་བ་དྲུག་པ་ནས་དགུ་བ་བར་དབྱར་དུས་ཡིན་ལ་ཆར་དུས་ཡིན་པ། ཟླ་བཅུ་བ་དང་བཅུ་གཅིག་ནས་ཆར་དུས་རིམ་བཞིན་མཇུག་རྫོགས་འགྲོ་ཡི་ཡོད་པ་རེད། དུས་ཚིག་འདི་དག་གི་རིང་ཐུང་དང་འགོ་འཛུགས་ནི་ས་གནས་དང་བསྟུན་ནས་ཕྲན་ཙམ་མི་འདྲ་བ་ཡིན་པ་དང། རྩ་བའི་ཆ་ནས་ཆར་བའི་འབབ་ཚད་ལོ་རེ་རེར་འགྱུར་བ་འགྲོ་བཞིན་ཡོད་པས་ཆུ་ལོག་དང་ཐན་པ་རིམ་པར་འབྱུང་བ་ཡང་སྤྱིར་བཏང་བར་གྱུར་ཡོད།

དཔལ་འབྱོར།

རྩོམ་སྒྲིག

ཕ་ཀི་སི་ཐན་གྱི་དཔལ་འབྱོར་ནི་ཕྱེད་བཟོ་ལས་ཅན་ཡིན་པ་དང་དཔལ་འབྱོར་འཕེལ་སྐྱེད་ཀྱི་ཀ་རྒྱུག་རྣམས་ཨན་ཌ་སི་ཆུ་བོའི་འགྲམ་རྒྱུད་དུ་གཞི་བཅས་ཡོད། ཁ་ར་ཆི་དང་ཕུན་ཇབ་གྲོང་ཁྱེར་དབུས་རྣམས་ཀྱི་རིགས་སྣ་མང་ཅན་གྱི་དཔལ་འབྱོར་ནི་རྒྱལ་ཁབ་ཀྱི་ས་ཆ་གཞན་ཁག་ཏུ་ཡོད་པའི་དེ་ལས་ཡར་རྒྱས་ཅུང་ཞན་པའི་ས་ཁུལ་རྣམས་དང་ལྷན་དུ་གནས་ཀྱི་ཡོད། སྤྱི་ལོ་༡༩༤༧ལོར་ཕ་ཀི་སི་ཐན་ཧ་ཅང་དབུལ་ཕོངས་ཀྱི་རྒྱལ་ཁབ་ཅིག་ཡིན་པར་མ་ལྟོས་པར། དེའི་རྗེས་ཀྱི་ལོ་བཅུ་ཕྲག་བཞི་ཡི་རིང་དེ་ཡི་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་ནི་འཛམ་གླིང་ཆ་སྙོམས་ལས་ལེགས་པར་གྱུར། ཡིན་ན་ཡང་བག་མེད་ཀྱི་སྲིད་ཇུས་ཀྱི་དབང་གིས་སྤྱི་ལོ་༡༩༩༠པའི་ལོ་མཇུག་དག་གི་ནང་ཇེ་དལ་དུ་སོང་།

ཉེ་བའི་ཆར་དཔལ་འབྱོར་མཐོང་ཕྱོགས་ཤུགས་ཆེན་ཞིག་གི་རྐྱེན་བྱས་ཏེ་དཔལ་འབྱོར་བཅོས་སྒྱུར་འདྲ་མིན་མང་པོ་བྱུང་བ་དང་། ཁྱད་པར་དུ་བཟོ་སྐྲུན་དང་དངུལ་རྩིས་ཞབས་ཞུ་སྡེ་ཁག་རྣམས་ཀྱི་འཕེལ་སྐྱེད་མགྱོགས་ཚད་སྔར་ལས་འཕར་ཡོད། སྤྱི་ལོ་༡༩༩༠ཡི་ལོ་དག་ནས་བཟུང་ཕྱི་རྒྱལ་དངུལ་བརྗེ་ཁྲོམ་རའི་གནས་བབ་ལ་ཡར་རྒྱས་ཆེན་པོ་ཕྱིན་ཞིང་། ཁག་པོ་ཡོད་པའི་ཟུར་འཇོག་དངུལ་རྣམས་ལ་འཕེལ་སྐྱེད་མགྱོགས་པོ་བྱུང་ཡོད།

སྤྱི་ལོ་༢༠༠༥ལོར་ཚོད་དཔག་བྱས་པའི་ཕྱི་རྒྱལ་བུ་ལོན་ནི་ཨ་སྒོར་ཐེར་འབུམ་༤༠ལ་ཉེ་བ་ཡོད་པ་རེད། གང་ལྟར་ཡང་རྒྱལ་སྤྱིའི་དངུལ་རྩའི་ཐེབས་རྩ་ཚོགས་པ་དང་ཨ་རིའི་གལ་གནད་ཅན་གྱི་བུ་ལོན་གདུང་སེལ་གྱི་རོགས་སྐྱོར་འོག་བུ་ལོན་དེ་ཉུང་དུ་གྱུར། དངུལ་ལོར་འདྲ་མཉམ་རང་བཞིན་ཉོ་སྒྲུབ་(Purchasing Power Parity)ཀྱིས་ཚད་འཇལ་བའི་ཕ་ཀི་སི་ཐན་གྱི་རྒྱལ་ནང་ཐོན་སྐྱེད་རྩ་འབོར་ནི་ཚོད་དཔག་བྱས་པ་ལྟར་ན་ཨ་སྒོར་ཐེར་འབུམ་༤༧༥.༤ཡིན་པ་དང་། མི་རེའི་ཆ་སྙོམས་ཡོང་འབབ་ནི་ཨ་སྒོར་༢༩༤༢ཡིན། ཕ་ཀི་སི་ཐན་ནང་དབུལ་ཕོངས་ཀྱི་ཚད་ནི་ཚོད་དཔག་བྱས་པ་ལྟར་ན་བརྒྱ་ཆ་༢༣ནས་༢༨བར་ཡིན་འདུག

ཡུར་དྲུ་སྐད་ཡིག་ནི་ཕ་ཀི་སི་ཐན་གྱི་རྒྱལ་ཡོངས་སྐད་ཡིག་ཏུ་ངོས་བཟུང་ནས་དབྱིན་ཡིག་གི་ཚབ་བྱེད་ཀྱིན་ཡོད་མོད། ཕ་ཀི་སི་ཐན་གྱི་མཐོ་རིམ་སྤྱི་ཚོགས་དང་སྲིད་གཞུང་ལས་ཁུངས་ཕལ་ཆེ་བའི་ནང་ད་དུང་ཡང་དབྱིན་ཡིག་བཀོལ་སྤྱོད་བྱེད་ཀྱིན་ཡོད་ལ། མི་མང་པོ་ཞིག་གིས་ས་རེ་ཁི་དང་ཕུན་ཇབ། ཕུ་ཞི་དོ། སེན་རྡུ། བྷ་ལོ་ཆི། བྷ་ར་ཧུ། ཁོ་ཝར་བཅས་ཀྱི་སྐད་ཀྱང་བཤད་ཀྱིན་ཡོད།

ཞི་ན་(Shina)ནི་ཡང་ཕ་ཀི་སི་ཐན་གྱི་མངའ་ཁུལ་སྐད་ཡིག་རྣམས་ཀྱི་གཅིག་ཡིན་པ་དང་དེ་ནི་གྷེལ་ཇིག་བྷལ་ཐི་སི་ཐན་ནང་བཀོལ་གྱིན་ཡོད།

ཆོས་ལུགས།

རྩོམ་སྒྲིག

མི་དམངས་(བརྒྱ་ཆ་༩༧) ཕལ་ཆེ་བ་ཁ་ཆེ་བ་ཡིན་ལ་ཕ་ཀི་སི་ཐན་ནང་གི་ཁ་ཆེ་བ་མང་ཤོས་ནི་སུ་ནི་ཁ་ཆེ་བ་(བརྒྱ་ཆ་༧༥) དང་ཞི་ཡ་ཁ་ཆེ་བ་(བརྒྱ་ཆ་༢༠) ཡིན། གང་ལྟར་ཡང་གྲངས་ཉུང་ཚོ་ཁག་དུ་མ་ཡོད་པ་དང་། ཕ་ཀི་སི་ཐན་གྱི་བྱང་ཕྱོགས་ས་ཆ་རྣམས་སུ་ཡང་ཡི་ཤུ་པ་དང་ཧིན་རྡུའི་ཆོས་ལུགས་པ། སིག་ཧིའི་ཆོས་ལུགས་པ། རྫོ་རོ་སི་ཐིར་ཆོས་ལུགས་པ། རྣམ་གཙོ་སྨྲ་བ་པ་བཅས་ཀྱི་གྲངས་ཉུང་ཚོ་ཁག་རྣམས་ཡོད།

དབྱིན་ཇིའི་རྒྱ་གར་ལས་སོ་སོར་ཕྱེ་བའི་རྗེས་སུ་གསར་དུ་བཙུགས་པའི་ཕ་ཀི་སི་ཐན་རྒྱལ་ཁབ་ནང་ཧིན་རྡུའི་ཆོས་ལུགས་ཧ་ཅང་གིས་འགངས་ཆུང་དུ་གྱུར་མོད། ཕ་ཀི་སི་ཐན་གྱི་རིག་གཞུང་དང་ཆབ་སྲིད་དེ་བཞིན་མངའ་ཁུལ་གྱི་ལོ་རྒྱུས་བཅས་སུ་སྔར་བཞིན་གལ་ཆེན་གྱི་གནས་བབ་བཟུང་ཡོད། དོན་ངོ་མར་སིང་གྷ་ལའི་འཕྲོ་ནས་ཕ་ཀི་སི་ཐན་ནི་ཧིན་རྡུའི་མི་འབོར་མང་ཤོས་ལྔ་བ་ཡིིན།

ཧིན་རྡུ་ཞེས་པའི་མིང་བརྡ་དེ་ནི་ཕ་ཀི་སི་ཐན་གྱི་སེན་རྡུ་(ཨན་དྲུ་སི་ཆུ་བོ།) ལས་བྱུང་བ་དང་། སེན་རྡུ་ནི་ཧིན་རྡུའི་བྱིན་ཅན་ཆུ་བོ་རྣམས་ཀྱི་གྲས་གཅིག་ཡིན། དེ་བས་དེང་སྐབས་ཁ་ཆེ་བ་ཤིན་ཏུ་མང་བའི་ཕ་ཀི་སི་ཐན་གྱི་ཡུལ་དེ་ནི་ཕྱོགས་མང་པོ་ཞིག་ནས་ཧིན་རྡུའི་ཆོས་ལུགས་འབྱུང་ཁུངས་ཀྱི་ཆ་ཤས་གཙོ་བོ་ཞིག་ཡིན་ལ། ཕ་ཀི་སི་ཐན་ནང་ཁྱོན་ཧིན་རྡུའི་ཆོས་ལུགས་པ་ས་ཡ་༣ལ་ཉེ་བ་གནས་ཀྱིན་ཡོད།

མི་འབོར།

རྩོམ་སྒྲིག

ཕ་ཀི་སི་ཐན་ནང་གི་དབུལ་ཕོངས་ཀྱི་ཐད་ནས་སེམས་ཁྲལ་ཇེ་ཆེར་འགྲོ་བཞིན་ཡོད། སྤྱིར་ཕ་ཀི་སི་ཐན་ནང་འབྱོར་འབྲིང་གྲལ་རིམ་ཇེ་མང་དུ་སོང་ཡོད་ན་ཡང་། སྤྱི་ལོ་༢༠༠༦ལོའི་ཟླ་༡༠པའི་ནང་མི་འབོར་གྱི་བཞི་ཆའི་གཅིག་ཙམ་དབུལ་ཕོངས་གྲལ་རིམ་དུ་དབྱེ་ཡོད།

པར་རིས་བར་འཁྱམས།

རྩོམ་སྒྲིག


ཟིན་ཐོ་འམ་དཔྱད་གཞི།

རྩོམ་སྒྲིག

དཔྱད་གཞིའི་དཀར་ཆག།

རྩོམ་སྒྲིག

ད་དུང་གཟིགས།

རྩོམ་སྒྲིག

ཕྱི་ཕྱོགས་དྲ་མཐུད།

རྩོམ་སྒྲིག